Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྔའི་སྙིང་པོ།
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྔའི་སྙིང་པོ།next

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྔའི་སྙིང་པོ།


CMR025_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྔའི་སྙིང་པོ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR025_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

སློབ་དཔོན་རང་ཉིད་དཀྱིལ་འཁོར་དུ་འཇུག་པའི་དོན་དུ། སྔར་ལྟར་མཎྜལ་ཕུལ་ནས། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དང་དབྱེར་མེད་པས་སློབ་དཔོན་གྱི་བྱ་བ་མཛད་པར་མོས་ལ། འོག་ནས་འབྱུང་བ་ལྟར་དབང་བཞི་རྫོགས་པར་བླངས། རྡོ་རྗེ་དྲིལ་བུ་འཛིན་པས་བདེན་སྟོབས་བརྗོད་པ་ནི། ནམ་མཁའ་ལས་བྱུང་མཚན་ལྡན་ཕྱིར། །ཐོག་མ་ཐ་མ་མེད་པའི་མཆོག །སེམས་དཔའ་རྡོ་རྗེ་ཆེ་རང་བཞིན། །རྡོ་རྗེ་འཛིན་པར་བདག་སྒྲུབས་ཤིག །དངོས་གྲུབ་ཆེན་པོ་ཀུན་གྱི་མཆོག ། དབང་ཕྱུག་ཆེན་པོ་ལྷག་པའི་ལྷ། །རྡོ་རྗེ་འཛིན་པ་ཀུན་གྱི་རྒྱལ། །མི་འགྱུར་མཆོག་ཏུ་བདག་སྒྲུབས་ཤིག །ཉེས་པ་མེད་པ་བརྟག་པ་སྟེ། །


CMR025_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་ཀུན་གྱི་རྗེས་སུ་ཆགས། །འདོད་ཆགས་ཆེན་པོ་དགའ་བ་ཆེ། །བཅོམ་ལྡན་དེ་ཉིད་བདག་སྒྲུབས་ཤིག །ཤིན་ཏུ་དག་པ་ཀུན་གྱི་མཆོག །གདོད་ནས་གྲོལ་བ་དེ་བཞིན་ཉིད། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །བྱང་ཆུབ་སེམས་སུ་བདག་སྒྲུབས་ཤིག ། དངོས་གྲུབ་ཆེན་པོ་མཆོག་གི་མཆོག །དབང་ཕྱུག་ཆེན་པོ་རྒྱལ་བའི་རྒྱལ། །གྲུབ་པའི་རྡོ་རྗེ་ཆེར་གསལ་བའི། །རྡོ་རྗེ་སྙེམས་པར་བདག་སྒྲུབས་ཤིག༔ སེམས་ཅན་ཀུན་གྱི་ཡིད་ཁྱབ་པ། །སེམས་ཅན་ཀུན་གྱི་སྙིང་ལ་གནས། །སེམས་ཅན་ཀུན་གྱི་ཡབ་ཉིད་དེ། །འདོད་ཆགས་མཉམ་


CMR025_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དམ་ཚིག་མཆོག །ཤེས་རབ་ཐབས་དག་དཀྱིལ་འཁོར་གྱི། །བདེན་པའི་བྱིན་རླབས་གང་ཡིན་པ། །མགོན་པོ་ཁྱོད་ཀྱི་བདེན་པ་དེས། །བདག་གི་འདོད་པ་བསྐང་གྱུར་ཅིག །ཅེས་བརྗོད། སློབ་མ་གཞུག་པ་ནི། ཕྱི་རོལ་དུ་ལས་བུམ་གྱི་ཆུས་ཁྲུས་བྱས་ནས་ནང་དུ་འོང་ནས་གྲལ་དུ་འགོད་པ་ལ། བར་ཆད་བསལ་བའི་དོན་དུ་སྔོན་འགྲོའི་གཏོར་མ་བཏང་། ལས་བུམ་ཆུས་བསངས་བའི་གདོང་གཡོགས་དམར་པོ། ཨོཾ་བཛྲ་ཙཀྵ་བྷནྡ་ཝ་ར་མ་ཎ་ཡེ་ཧཱུྃ། ཞེས་བསལ་ཞིང་། ཨོཾ་ཨཱཁཾ་ཝི་ར་ཧཱུྃ། ཞེས་མེ་ཏོག་ཕྲེང་བ་བྱིན། སློབ་མ་སྟ་གོན་གྱི་སྐབས་སུ་འབྱུང་བ་ལྟར་གྱི་མཎྜལ་ལ། སྔོན་དུ་འགྲོ་བ་ལས་སློབ་མ་ལྷག་པར་གནས་པའི་ཆོས་རྣམས་ཞེས་པའི་མལ་དུ། དབང་བཞི་རྫོགས་པར་ཞུ་བའི་དོན་དུ་ཞེས་འདོན་པ་སྤོས་ལ་འབུལ། ཁྱེད་རྣམས་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་དབང་ཞུ་བར་འདོད་པ་ཤིན་ཏུ་བཟང་། སངས་རྒྱས་ཀྱིས་གསུངས་པའི་ཆོས་ཐམས་ཅད་ཐེག་པ་ཆེ་ཆུང་གཉིས་དང་། སྡེ་སྣོད་གསུམ་རྒྱུད་སྡེ་བཞིར་གསུངས་པ་ལས། ཐུགས་རྗེ་ཆེན་པོ་འདི་རྒྱུད་སྡེ་བཞིའི་རྩ་བ་ཞག་བདུན་ཙམ་གྱིས་དངོས་གྲུབ་ཐོབ་པར་བྱེད་པ་ཡིན་ཏེ། བྱ་སྤྱོད་ཀྱི་རྒྱུད་དང་མཐུན་པར་ཨ་མོ་གྷ་པ་ཤའི་རྒྱུད་དང་། ཐུགས་རྗེ་ཆེན་པོའི་གཟུངས་དང་རྟོགས་པ་རྣམས་ཡིན། །


CMR025_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་གྱི་རྒྱུད་དང་མཐུན་པར་ནི། པདྨ་ཅོད་པན་ཅན་གྱི་རྒྱུད་དང་། སྒོ་དྲུག་པ་རྣམས་ཡིན། རྣལ་འབྱོར་བླ་ན་མེད་པའི་རྒྱུད་དང་མཐུན་པ་ནི། ཕ་བླ་ན་མེད་པ་པདྨ་རྒྱལ་པོ་དང་། མ་བླ་ན་མེད་པ་པདྨ་ཟབ་པའི་རྒྱུད་གསུངས་པ་ལས། འདིའི་པདྨ་ཟབ་པའི་རྒྱུད་ལ་བསྟེན་ནས། སློབ་དཔོན་པདྨ་འབྱུང་གནས་ཀྱི་བྷ་ག་ལའི་ཕག་མོ་ལས་བརྒྱུད་དེ་ཤིན་ཏུ་ཟབ་པ་ཡིན་པས། དཀྱིལ་འཁོར་འདིར་འཇུག་པ་ལ་སྔོན་དུ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད་ཅིག །བདག་ནི་འཁོར་བའི་ཆོས་ལ་སྐྱོ་བ་སྐྱེས། །འཇིག་རྟེན་བྱ་བ་ཐམས་ཅད་སྤངས་ནས་ནི། །ཐར་པ་ཆེན་པོའི་གྲོང་མཆོག་དམ་པ་འདིར། །མགོན་པོས་བདག་ནི་འཇུག་པར་མཛད་དུ་གསོལ། །ལན་གསུམ། སངས་རྒྱས་ཀུན་གྱི་རང་བཞིན་སྐུ། །སློབ་དཔོན་ལ་ནི་བདག་སྐྱབས་མཆི། །གཙོ་བོ་ལྷ་མོར་བཅས་པ་ཡིས། །ལྷ་རྣམས་ལ་ཡང་ཕྱག་འཚལ་ལོ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོས་བདག་ནི་གཞུག་པར་འཚལ། །ཞེས་གསོལ་བ་བཏབ། སློབ་དཔོན་གྱི་དཀྱིལ་འཁོར་དུ་གསོལ་བ་གདབ་པ་ནི། དེ་བཞིན་གཤེགས་པ་ཀུན་གྱི་གནས། །ཧེ་རུ་ཀ་དཔལ་


CMR025_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

གྲོང་ཁྱེར་མཆོག་།སྙིང་པོའི་དཀྱིལ་འཁོར་འདི་རུ་ནི། །བདག་གི་སློབ་མ་གཞུག་པར་བགྱི། །ཁྱེད་རང་རྣམས་དཀྱིལ་འཁོར་གྱི་ཤར་གྱི་སྒོ་ནང་དུ་གནས་པས། ལྷ་ཚོགས་རྣམས་ཀྱི་ཞབས་ལ་གུས་པས་ཕྱག་འཚལ་བར་དམིགས་ལ་ཕྱག་མཛོད་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ༔ ཞེས་སྤྱི་བོར་ཐལ་མོ་སྦྱར་ནས། ནི་མ་ཏེ་ཧཱུྃ༔ མགྲིན་པར། ན་མཿམེ་ཧཱུྃ༔ སྙིང་གར། ན་མོ་ན་མ་ཧཱུྃ༔ སྒོ་དེ་ཉིད་ནས་ཐོན་ཏེ་དཀྱིལ་འཁོར་གྱི་ཕྱིར་གཡས་བསྐོར་གྱིས་སོང་ནས། ལྷོ་སྒོའི་ནང་དུ་གནས་པས། དཀྱིལ་འཁོར་གྱི་ལྷ་ལ་ཕྱག་མཛོད་ཅིག །ཨོཾ་མ་ཎི་པདྨེ་ཧཱུྃ། སླར་སྒོ་དེ་ཉིད་ནས་ཐོན་ཏེ། ནུབ་སྒོ་ནས་དང་། ནུབ་སྒོ་ནས་ཐོན་ཏེ། བྱང་སྒོ་ནས་སྔར་བཞིན་ཕྱག་བྱས་ལ། སླར་ཤར་གྱི་སྒོ་ནང་དུ་གནས་པས། དཀྱིལ་འཁོར་གྱི་ལྷའི་དྲུང་དུ་སྔགས་ཀྱི་དམ་ཚིག་དང་སྡོམ་པ་རྣམས་བླངས་ནས་བསྲུང་སྙམ་པ་མཛོད་ཅིག །སངས་རྒྱས་བྱང་ཆུབ་སེམས་དཔའ་རྣམས། །ཐམས་ཅད་བདག་ལ་དགོངས་སུ་གསོལ། །ཇི་ལྟར་དུས་གསུམ་མགོན་པོ་རྣམས། །བྱང་ཆུབ་ཏུ་ནི་ངེས་མཛད་པའི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །སངས་རྒྱས་


CMR025_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

རྣལ་འབྱོར་སྡོམ་པ་ལ། །སྡོམ་པ་ཡི་ནི་ཚུལ་ཁྲིམས་དང་། །དགེ་བའི་ཆོས་ནི་སྡུད་པ་དང་། །སེམས་ཅན་དོན་བྱེད་ཚུལ་ཁྲིམས་རྣམས། །བདག་གིས་བརྟན་པོར་བཟུང་བར་བགྱི། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །བླ་ན་མེད་པའི་དཀོན་མཆོག་གསུམ། །དེང་ནས་བརྩམས་ཏེ་བཟུང་བར་བགྱི། །ནམ་དུ་ཡང་ནི་མི་སྤང་ངོ་། །རྡོ་རྗེའི་རིགས་མཆོག་ཆེན་པོ་ལ། །རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཡང་། །ཡང་དག་ཉིད་དུ་བཟུང་བར་བགྱི། །སློབ་དཔོན་དག་ཀྱང་བཟུང་བར་བགྱི། །རིན་ཆེན་རིགས་མཆོག་ཆེན་པོ་ལ། །ཉིན་རེ་བཞིན་དུ་དུས་དྲུག་ཏུ། །ཟང་ཟིང་ཆོས་དང་མི་འཇིགས་ཟབ། །སྦྱིན་པ་རྣམ་བཞི་རྟག་ཏུ་སྦྱིན། །བྱང་ཆུབ་ཆེན་པོ་ལས་བྱུང་བ། །པདྨའི་རིགས་མཆོག་དག་པ་ལ། །ཕྱི་ནང་གསང་བ་ཐེག་པ་གསུམ། །དམ་ཆོས་སོ་སོར་བཟུང་བར་བགྱི། །ལས་ཀྱི་རིགས་མཆོག་བསྡུས་པ་ལ། །སྡོམ་པ་ཐམས་ཅད་ཡང་དག་ལྡན། །ཀུན་ནས་སོ་སོར་བཟུང་བར་བགྱི། །མཆོད་པའི་ལས་ཀྱང་ཅི་ནུས་བགྱི། །བྱང་ཆུབ་སེམས་ནི་བླ་ན་མེད། །དམ་པ་བདག་གིས་བསྐྱེད་པར་བགྱི། །བདག་གིས་སྡོམ་པ་མ་ལུས་བཟུང་། །


CMR025_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

མ་བརྒལ་བ་རྣམས་བསྒྲལ་བར་བགྱི། །མ་གྲོལ་བ་རྣམས་དགྲོལ་བར་བགྱི། །དབུགས་མ་ཕྱུང་རྣམས་དབུགས་དབྱུང་ཞིང་། །འགྲོ་ཀུན་མྱ་ངན་འདས་ལ་འགོད། །ལན་གསུམ། །དེ་ནས་ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་བཞི་པ་ཕྱག་དང་པོ་གཉིས་ཐུགས་ཀར་ཐལ་མོ་སྦྱར་བ། གཡས་འོག་མས་མེ་ཏོག་པདྨ་དམར་པོའི་ཕྲེང་བ་འཛིན་པ། གཡོན་འོག་མས་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ཡུ་བ་ནས་འཛིན་པ། དབུ་སྐྲ་རལ་པའི་ཐོར་ཚུགས་གྱེན་དུ་བཅིངས་པ་ལ་དར་གྱི་ཅོད་པན་དང་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་པ། རྣམ་བཀྲའི་ལྷའི་དར་གྱི་ན་བཟས་མཛེས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པར་སྒོམས་ཤིག །རྡོ་རྗེ་དང་བཅས་པའི་ཐལ་མོ་དྲི་ཡི་ཆུ་དང་བཅས་པས། སྤྱི་བོ་མགྲིན་པ་སྙིང་གར་རེག་ཅིང་། དེའི་སྤྱིར་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་སངས་རྒྱས་རྣམས་ཀྱི་སྐུ་གསུང་ཐུགས་ཀྱི་རང་བཞིན་དུ་གྱུར། དེ་ནས་སྔགས་ཀྱིས་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་ཕྱིར། ཡི་དམ་ལྷའི་ཐུགས་ཀར་ཀུན་རྫོབ་


CMR025_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བའི་སྟེང་དུ། དོན་དམ་པ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པར་སྒོམས་ཤིག །སྙིང་གར་རྡོ་རྗེ་བཞག །ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤ་ད་ཡ་མི། སུ་ར་ཏི་ས་མ་ཡ་སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། དེ་ནས་དམ་ཚིག་བསྒྲག་པ་ལས། དང་པོ་དཀྱིལ་འཁོར་ལྷའི་དམ་ཚིག་བསྒྲག་པ་ནི། རྡོ་རྗེ་སྤྱི་བོར་བཞག ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས། །ང་ཡིས་ཡེ་ཤེས་རྡོ་རྗེ་སྦྱིན། །བྱིན་པས་དངོས་གྲུབ་ཐོབ་པར་འགྱུར། །གང་གིས་འདི་འདྲ་མ་མཐོང་བའི། །དྲུང་དུ་སྨྲ་བར་མ་བྱེད་ཅིག འགག་མེད་སྨྲས་ན་ཉམས་པར་འགྱུར། །དེ་བས་ང་རྒྱལ་བཅོམ་ནས་ནི། །བདག་ཉིད་མ་འཁྲུལ་ཤེས་པར་གྱིས། །བདུད་རྩི་ལྔ་ཡི་ཆུ་བླུད་ཅིང་། །འདི་ནི་ཁྱོད་ཀྱི་དམ་ཚིག་ཆུ། །དམ་ཚིག་འདས་ན་སྲེག་པར་བྱེད། །དམ་ཚིག་བསྲུངས་ན་དངོས་གྲུབ་ནི། །རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ། །ཨོཾ་སརྦ་པཉྩ་ཨ་མྲྀ་ཏ་ཨུ་དྷ་ཀ་ཋ་ཌ་ཧཱུྃ། དེ་ནས་རྡོ་རྗེ་སློབ་།དཔོན་གྱི་བཀའ་ཉན་པའི་དམ་ཚིག་བསྒྲིག་པ་ནི། སྤྱི་བོར་རྡོ་རྗེ་བཞག །དེང་འདི་ནས་ནི་བུ་ཁྱོད་ཀྱི། །རྡོ་རྗེ་འཛིན་པ་ང་ཡིན་གྱིས། །ང་ཡིས་ཇི་ལྟར་བཀའ་བསྩལ་པ། །ཁྱོད་ཀྱིས་སྐྱོ་བ་མེད་


CMR025_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྒྲུབས། །གང་ཡང་ང་ལ་མ་གུས་མིན། །དེང་ནས་གུས་པར་མ་བྱས་ན། །བདུད་ཀྱིས་བཅོམ་ནས་ངན་འགྲོར་འགྲོ། །དེ་བས་དམ་ཚིག་གནས་པར་གྱིས། །དེ་དག་ནི་དཀྱིལ་འཁོར་དུ་འཇུག་པའོ། །མཎྜལ་ཕུལ་ནས། སློབ་མ་རྣམས་ལངས་ལ་སྤྱི་བོར་བྱ་ཁྱུང་གི་ཕྱག་རྒྱ་བྱེད་དུ་བཅུག །ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་དམིགས་པ་འདི་ལྟར་མཛོད། ཁྱེད་རྣམས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་ཏུ་བསྒོམ་པའི་ལུས་ཀྱི་ནང་སྟོང་ཞིང་གསལ་བའི་ལྟེ་བར་པདྨ་འདབ་བཞིའི་སྟེང་དུ་གཡུང་དྲུང་དམར་པོ་གཡོན་དུ་འཁྱིལ་པ་རེ། དེའི་སྟེང་དུ་ཧྲཱིཿལ་སྔགས་ཀྱིས་བསྐོར་བ་ལ་འོད་ཟེར་འཕྲོས། སངས་རྒྱས་དང་བྱང་ཆུབ་སེམས་དཔའ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལ་ཕོག་ཅིང་། འོད་ཟེར་ཚུར་འདུས་ནས་ལྟེ་བའི་ཧྲཱིཿལ་ཐིམ་པས་ལུས་སེམས་ཐམས་ཅད་བདེ་བ་ཆེན་པོའི་ཁྱབ་པར་བསྒོམས་ལ། གསོལ་བ་འདེབས་པའི་རྗེས་ཟློས་མཛོད་ཅིག །ཇོ་བོ་ཐུགས་རྗེ་ཆེན་པོ་བསྐལ་པ་བཟང་པོའི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། སློབ་དཔོན་པདྨ་གྲུབ་ཐོབ་བརྒྱུད་པའི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། དཔལ་རྟ་མགྲིན་དཔའ་བོ་རྒྱ་མཚོའི་ཚོགས་དང་བཅས་པས་


CMR025_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

བྱིན་གྱིས་བརླབ་ཏུ་གསོལ། གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་མཁའ་འགྲོ་རྒྱ་མཚོའི་ཚོགས་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། དམ་ཅན་ཆོས་སྐྱོང་སྲུང་མ་དང་བཅས་པས་བྱིན་གྱིས་བརླབ་ཏུ་གསོལ། ཞེས་གསོལ་བ་བཏབ་པས་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་དང་བཅས་པ་ཆར་བབ་པ་ལྟར་བྱོན་ནས། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པའི་མོས་པ་རྩེ་གཅིག་ཏུ་མཛོད། གུ་གུལ་གྱིས་བདུག་རོལ་མོ་དང་བཅས་པས། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཨོཾ་བཛྲ་ཝཱ་ར་ཧི། བྷངྒ་ཏྟཀི་ནི་ཡེ། བཛྲ་ཝརྞ་ནི་ཡེ་སོགས་དང་། ཨ་ཝེ་ཤ་ཡཱ། ཨ་ཝེ་ཤ་ཡཱ། ཨཱ་ཨཱ༔ ཞེས་ཡེ་ཤེས་པ་མ་ཕེབས་ཀྱི་བར་དུ་བརྗོད་ལ། ཕེབས་ནས་ངོ་སྤྲད་པའི་ཕྱིར་རྡོ་རྗེའི་གླུ་བླངས་པ་ནི། ལྟོས་ཤིག་རང་གིས་སེམས་ལ་ལྟོས། །སེམས་ཉིད་ཅི་ཡང་གྲུབ་པ་མེད། །གྲུབ་པ་མེད་པའི་སེམས་ཉིད་ལ། །སྣ་ཚོགས་སྣང་བ་ངོ་མཚར་ཆེ། །སྣང་ཙམ་ཉིད་ནས་སེམས་སུ་འདུས། །སེམས་ཅན་ཀུན་གྱི་སེམས་ཉིད་དེ། །བདེ་བ་ཆེན་པོའི་ཡེ་ཤེས་ཡིན། །རྣམ་པར་མི་རྟོག་བསམ་མི་ཁྱབ། །གསལ་བ་དེ་ཡི་ངོ་བོར་སྣང་། །མོས་པ་དུ་མའི་སེམས་ཅན་ལ། །ཐབས་རྣམས་སྣ་


CMR025_Page_0232
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་སྟོན་པ་སྟེ། །སྣ་ཚོགས་སྒྱུ་མའི་སྦྱོར་བ་ཡིས། །དཔའ་བོ་སེང་གེ་བཞིན་དུ་སྤྱོད། །བསམ་གྱིས་མི་ཁྱབ་གོ་འཕང་ཐོབ། །སྤྱན་རས་གཟིགས་ཀྱི་བྱིན་རླབས་ཡིན། །བླ་མ་བརྒྱུད་པའི་རིམ་པ་ནི། །སྣ་ཚོགས་ནོར་བུ་ཇི་བཞིན་དུ། །སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་ཡིན། །སྤྱི་བོར་རྡོ་རྗེ་བཞག་ལ། ཨོཾ་ཏིཥྛ་བཛྲ། མིག་དར་གྱི་འོག་ནས་དཀྱིལ་འཁོར་ལ་ལྟོས་ལ། ཁ་དོག་ཅི་ལྟར་དུ་མཐོང་བར་སྨོས་ཤིག །དེས་ཅི་མཐོང་བཤད་ལ། དཀར་པོ་འདུག་ན་ཞི་བའི་ལས་མཐའ་དག་འགྲུབ་པར་འགྱུར་རོ། །སེར་པོ་ལ་རྒྱས་པ། དམར་པོ་ལ་དབང་། ལྗང་གུའམ་ནག་པོ་ལ་མངོན་སྤྱོད་དྲག་པོ། ཁ་དོག་སྣ་ཚོགས་ལ་ལས་སྣ་ཚོགས་འགྲུབ། ཅེས་བརྗོད། སློབ་དཔོན་གྱིས། ཡང་དག་པདྨའི་དཀྱིལ་འཁོར་འདིར། །བདག་གི་སློབ་མ་གཞུག་པར་བགྱི། །ལྷ་རྣམས་ཀྱིས་ནི་རིགས་ཇི་བཞིན། །ཇི་ལྟར་བསོད་ནམས་དེ་བཞིན་ཤོག །མེ་ཏོག་གི་ཕྲེང་བ་འདི། ཁྱོད་ཀྱི་སྐྱེ་བ་སྔ་མ་ལ། ལས་ཀྱི་འཕྲོ་ཡོད་པའི་ལྷ་གང་ཡིན་པ་ལ་ཕོག་པར་གྱུར་ཅིག །ཅེས་ཡིད་ལ་བྱས་ལ་འདི་སྐད་ཅེས། བདེ་གཤེགས་སྙིང་པོའི་དཀྱིལ་འཁོར་དུ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ཚེ་གང་ལ་སྦྱོང་བའི་ལྷ། །གང་ཡིན་དེ་ལ་ཕོག་


CMR025_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

པར་ཤོག །པྲ་ཏིཙྪ་བཛྲ་ཧོ། ཞེས་བརྗོད་ལ་དཀྱིལ་འཁོར་དུ་དོར་བཅུག །སློབ་དཔོན་གྱིས་ལྷ་གང་ལ་ཕོག་པ་བརྟག་ལ། མེ་ཏོག་བླངས་ནས་རིགས་གང་ཡིན་པའི་སྤྱན་གཟིགས་མེ་ཏོག་དང་དབྱེར་མེད་པར་སློབ་མའི་སྤྱི་བོར་ཐིམ་པར་བསམས་ལ། སེམས་དཔའ་སྟོབས་ཆེན་ཁྱོད་ཀྱིས་ནི། །འདི་ནི་རབ་ཏུ་བཟུང་བར་གྱིས། །པྲ་ཏི་ཤྲཱི་ཙྪ་ཨི་མཾ་བཱ་ལ་མ་ཧཱ་སཏྭ། ཁྱོད་གཙོ་བོ་འཇིག་རྟེན་དབང་ཕྱུག་གི་རིགས་ཡིན་པས། དཔལ་དགྱེས་པའི་པདྨ་ཞེས་བྱ་བའོ། །ཞེས་པའམ། མི་བསྐྱོད་པ་སྤྱན་རས་གཟིགས་ཀྱི་རིགས་ཡིན་ན་དཔལ་པདྨའི་སྨྱུ་གུ་ཞེས་དང་། རིན་འབྱུང་གི་རིགས་ལ་དཔལ་པདྨ་མཛེས་པ། སྣང་མཐའི་རིགས་ལ་པདྨ་དགྱེས་པ། དོན་གྲུབ་ཀྱི་རིགས་ལ་དཔལ་པདྨ་གཟིགས་པ། མཚམས་ཀྱི་མཁའ་འགྲོའི་རིགས་ལ་དཔལ་པདྨའི་དབང་ཕྱུག་ཅེས་བྱའོ། །མིག་དར་བསལ་བ་ནི། སྤྱན་རས་གཟིགས་དབང་དེང་ཁྱོད་ཀྱི། །མིག་འབྱེད་པ་ནི་བརྩོན་པར་མཛད། །ཕྱེ་བས་ཐམས་ཅད་མཐོང་བར་འགྱུར། །རྡོ་རྗེའི་མིག་ནི་བླ་ན་མེད། །ཨོཾ་ཛྙཱ་ན་ཙཀྵ་བྷི་ཤྭ་དྷ་ཡ་སྭཱ་ཧཱ། དེ་ནས་རྡུལ་ཚོན་གྱི་དཀྱིལ་འཁོར་བསྟན་ལ། ལྟོས་ཤིག་ལྟོས་ཤིག་སེམས་དཔའ་ཆེ། །དཀྱིལ་འཁོར་སྙིང་པོ་འདི་ལ་ལྟོས། །ད་ནི་དད་པ་རབ་ཏུ་བསྐྱེད། །ཁྱོད་ནི་རྣལ་འབྱོར་རིགས་སུ་སྐྱེས། །


CMR025_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་དང་ཕྱག་རྒྱས་བྱིན་གྱིས་རློབས། །འགྲོ་བ་ཕུན་ཚོགས་དངོས་གྲུབ་ཀུན། །ཐམས་ཅད་འདི་ལས་འབྱུང་བས་ན། །དམ་ཚིག་ཐམས་ཅད་སྤྱོད་པ་དང་། །དངོས་གྲུབ་ཐོབ། ཕྱིར་དམ་ཚིག་སྐྱོངས། །གསང་སྔགས་ལ་ཡང་བརྩོན་པར་གྱིས། །རྡུལ་ཚོན་གྱི་དཀྱིལ་འཁོར་བྲིས་པ་འདི་དཔེ་ཡིན་ཏེ། སངས་རྒྱས་ཀྱི་ཡོན་ཏན་ཐམས་ཅད་རྫོགས་པའི་གཞལ་མེད་ཁང་པ་ན། རིགས་ལྔའི་སྤྱན་རས་གཟིགས་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས་པ་འདི་ལྟ་བུ་བསྒོམ་པ་ལ་བརྟེན་ནས་སངས་རྒྱས་ཀྱི་གོ་འཕང་ཐོབ་པ་ཡིན་པས། བསྐྱེད་པའི་རིམ་པ་བསྒོམ་པ་ལུ་བརྩོན་པར་གྱིས་ཤིག །མཎྜལ་ཕུལ་ལ། བུམ་པའི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ལན་གསུམ། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་མདོག་དམར་པོ་ཞལ་གཅིག་


CMR025_Page_0235
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞི་པ་སོགས་ནས། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་བར་ལ། བུམ་པའི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རིན་པོ་ཆེའི་བུམ་པ་ཐོགས་པ་རྣམས་ཀྱིས་བུམ་པའི་དབང་བསྐུར་བའི་མོས་པ་མཛོད་ཅིག །བུམ་པ་སྤྱི་བོར་བཞག །སྤྱན་རས་གཟིགས་དབང་འཇིག་རྟེན་གསུམ་གྱི་མགོན། །སངས་རྒྱས་རྣམས་ཀྱི་བུམ་པའི་དབང་། །རྒྱལ་སྲས་རྣམས་ལ་བསྐུར་བ་ལྟར། །དེང་འདིར་ཁྱོད་ལ་བསྐུར་བར་བྱ། །ཆོས་དབྱིངས་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །སྐུ་མཆོག་བུམ་པའི་དབང་འདི་ཡོངས་རྫོགས་ཤོག །ཡི་གེ་བཅུ་པ་དང་། ཨོཾ་བྷུདྡྷ་ཨ་བྷི་ཥིཉྩ་ཨོཾ། བུམ་ཆུས་བཀྲུ་ཞིང་། ཇི་ལྟར་བལྟམས་པ་ཙམ་གྱིས་ནི། །ལྷ་རྣམས་ཀྱིས་ནི་ཁྲུས་གསོལ་ལྟར། །ལྷ་ཡི་ཆུ་ནི་དག་པ་ཡིས། །དེ་བཞིན་བདག་གིས་དབང་བསྐུར་རོ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཊི་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ། དེ་ལྟར་རྣམ་པར་སྣང་མཛད་ཀྱི་ངོ་བོ་བུམ་པའི་དབང་བསྐུར་བས་ཉོན་མོངས་པ་གཏི་མུག་དག །གཟུགས་ཀྱི་ཕུང་པོ་གནས་འགྱུར། ཆོས་དབྱིངས་


CMR025_Page_0236
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་རྡོ་རྗེ་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་རྡོ་རྗེའི་དབང་བསྐུར་བས། རྡོ་རྗེ་འདི་དང་ཐ་དད་མེད་པར་ཐུགས་རྡོ་རྗེ་མི་བསྐྱོད་པའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས་ཁྱེད་རང་རྣམས་ལ་ཐིམ་པའི་མོས་པ་མཛོད་ཅིག །རྡོ་རྗེ་ལག་གཡས་སུ་བྱིན་ལ། མི་བསྐྱོད་རྒྱལ་པོ་རིགས་ཀྱི་གཙོ། །ཞེ་སྡང་རྣམ་དག་རྡོ་རྗེའི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །མེ་ལོང་ཡེ་ཤེས་དབང་འདི་ཡོངས་རྫོགས་ཤོག །ཡི་གེ་བཅུ་པ་དང་། ཨོཾ་བཛྲ་སཏཱ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་མི་བསྐྱོད་པའི་ངོ་བོ་རྡོ་རྗེའི་དབང་བསྐུར་བས། ཉོན་མོངས་པ་ཞེ་སྡང་དག །རྣམ་པར་ཤེས་པའི་ཕུང་པོ་གནས་འགྱུར། མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་གསུང་མཆོག་གླེགས་བམ་གྱི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་གླེགས་བམ་གྱི་དབང་བསྐུར་བས། གླེགས་བམ་འདི་དང་ཐ་དད་མེད་


CMR025_Page_0237
[མ་དཔེ་གཟིགས་ན་འདིར་གནོན།]

པར་སྣང་བ་མཐའ་ཡས་ཀྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས་གསུང་མི་ཟད་པ་བརྒྱན་གྱི་འཁོར་ལོས་དབང་ཐོབ་པའི་མོས་པ་མཛོད་ཅིག །ཡི་གེ་དྲུག་པའི་གླེགས་བམ་ལག་ཏུ་གཏད་ལ། པདྨ་དབང་གི་དཀྱིལ་འཁོར་དུ། །།འདོད་ཆགས་རྣམ་པར་དག་པ་ཡིས། །སངས་རྒྱས་རྣམས་ཀྱི་གསུང་མཆོག་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སོར་རྟོག་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཡི་གེ་བཅུ་པ་དང་། ཨོཾ་པདྨ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་འོད་དཔག་མེད་ཀྱི་ངོ་བོ་གླེགས་བམ་གྱི་དབང་བསྐུར་བས། ཉོན་མོངས་པ་འདོད་ཆགས་དག་་།འདུ་ཤེས་ཀྱི་ཕུང་པོ་གནས་འགྱུར། སོ་སོར་རྟོག་པའི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་དབུ་རྒྱན་གྱི་དབང་བསྐུར་བའི་དོན་དུ། །མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་དབུ་རྒྱན་གྱི་དབང་བསྐུར་བས། དབུ་རྒྱན་འདི་དང་ཐ་དད་མེད་པར་རིན་ཆེན་འབྱུང་ལྡན་གྱི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་རྣམས་ལ་ཐིམ་པས་རང་བྱུང་ཡེ་ཤེས་ཀྱི་དབང་ཐོབ་པའི་མོས་པ་མཛོད་


CMR025_Page_0238
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །དབུ་རྒྱན་དང་ཅོད་པན་རིན་པོ་ཆེའི་ཕྲེང་བ་མགོ་བོར་བཅིངས་ལ། རིན་ཆེན་མཆོག་གི་དཀྱིལ་འཁོར་དུ། །ང་རྒྱལ་རྣམ་པར་དག་པ་ཡི། །སངས་རྒྱས་རྣམས་ཀྱི་ཡོན་ཏན་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །མཉམ་ཉིད་ཡེ་ཤེས་དབང་འདི་ཁྱོད་ཀྱིས་ལོངས། །ཡི་གེ་བཅུ་པ་དང་། ཨོཾ་རཏྟ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་རིན་ཆེན་འབྱུང་ལྡན་གྱི་ངོ་བོ་དབུ་རྒྱན་གྱི་དབང་བསྐུར་བས། ཉོན་མོངས་པ་ང་རྒྱལ་དག །ཚོར་བའི་ཕུང་པོ་གནས་འགྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་དྲིལ་བུའི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་དྲིལ་བུའི་དབང་བསྐུར་བས། དྲིལ་བུ་འདི་དང་ཐ་དད་མེད་པར་དོན་ཡོད་གྲུབ་པའི་ལྷ་ཚོགས་དཔག་ཏུ་མེད་པ་བྱོན་ནས། ཁྱེད་རང་ལ་ཐིམ་པས་ཕྲིན་ལས་རྣམ་བཞིའི་དབང་ཐོབ་པའི་མོས་པ་མཛོད་ཅིག །ཅེས་དྲིལ་བུ་ལག་པ་གཡོན་དུ་གཏད་ལ། ཕྲིན་ལས་ཡོངས་རྫོགས་དཀྱིལ་འཁོར་དུ། །ཕྲག་དོག་རང་སར་དག་པ་ཡི། །སངས་རྒྱས་རྣམས་ཀྱི་ཕྲིན་ལས་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །


CMR025_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་གྲུབ་ཡེ་ཤེས་དབང་འདི་ཡོངས་རྫོགས་ཤོག །ཡི་གེ་བཅུ་པ་དང་། ཨོཾ་ཀརྨ་ཨ་བྷི་ཥིཉྩ་ཨཱཿ དེ་ལྟར་དོན་ཡོད་གྲུབ་པའི་ངོ་བོ་དྲིལ་བུའི་དབང་བསྐུར་བས། ཉོན་མོངས་པ་ཕྲག་དོག་དག །འདུ་བྱེད་ཀྱི་ཕུང་པོ་གནས་འགྱུར། བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་པར་སྒོམས་ཤིག །དེ་ནས་མིང་གི་དབང་བསྐུར་བའི་དོན་དུ། མདུན་གྱི་ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བ་དང་། ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་དང་། མཁའ་འགྲོ་མའི་ཚོགས་རྣམས་ཀྱིས་རྡོ་རྗེ་མིང་གི་དབང་བསྐུར་བའི་མོས་པ་མཛོད་ཅིག །རྡོ་རྗེ་དྲིལ་བུ་མགོ་ཐོག་ཏུ་བཞག །སངས་རྒྱས་རྣམས་ཀྱི་མིང་གི་དབང་། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །སངས་རྒྱས་ཉིད་དུ་རབ་བསྒྲུབ་ཕྱིར། །མིང་གི་དབང་མཆོག་ཆེན་པོ་སྦྱིན། །ཀྱེ་དཔལ་རྡོ་རྗེ་དགྱེས་པའི་པདྨ་ཞེས་བྱའོ། །རྡོ་རྗེའི་བརྟུལ་ཞུགས་ནི། ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱིས་རིགས་དྲུག་པའི་རྡོ་རྗེ་སེམས་དཔའི་ངོ་བོ་རྡོ་རྗེའི་བརྟུལ་ཞུགས་བྱིན་པར་མོས་ཤིག །ཅེས་རྡོ་རྗེ་ལག་ཏུ་གཏད་ལ། འདི་ནི་སངས་རྒྱས་ཐམས་ཅད་ཀྱི། །རྡོ་རྗེ་སེམས་དཔའི་ཕྱག་ན་གནས། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་བཅང་། །རྡོ་རྗེ་སེམས་དཔའི་བརྟུལ་


CMR025_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་བརྟན། །ཨོཾ་ན་མསརྦ་ཏེ་ཐ་གཱ་ཏ་སིདྡྷི་བཛྲ་ས་མ་ཡ་སྟེ། ཨེ་ཥ་དྷ་ར་ཡ་མི་ཧི་ཧི་ཧི་ཧི་ཧཱུྃ། དེ་ལྟར་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བརྟེན་ནས་ལུས་ལ་བུམ་པའི་དབང་བསྐུར་བས། ཉོན་མོངས་པ་ལྔ་དག །ཕུང་པོ་ལྔ་གནས་འགྱུར། ཡེ་ཤེས་ལྔའི་སྤྱན་རས་གཟིགས་བསྒོམ་པ་ལ་དབང་བ་ཡིན་ནོ། །མཎྜལ་ཕུལ་ལ། གསང་བའི་དབང་གི་དོན་དུ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །གསོལ་བ་བཏབ་ལ། སྔོན་དུ་རྣམ་རྒྱལ་བུམ་པའི་སྟེང་དུ་བཞག་པའི་ཀ་པཱ་ལའི་བདུད་རྩི་དང་བྱང་ཆུབ་ཀྱི་སེམས་དཀར་དམར་སྦྱར་བ་མགྲིན་པར་གཏུགས་ལ། སློབ་དཔོན་བདག་ཉིད་ཀྱི་ཕུང་པོ་ཁམས་དང་སྐྱེ་མཆེད་ཐམས་ཅད་དེ་བཞིན་གཤེགས་པ་རིགས་ལྔའི་སྤྱན་རས་གཟིགས་དང་ཡུམ་བཞི་སེམས་དཔའ་བརྒྱད་སོགས་སུ་རྣམ་པར་དག་པའི་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་དང་། ཡུམ་གསང་བ་ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡབ་ཡུམ་གཉིས་སུ་མེད་པར་སྦྱོར་


CMR025_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

བས། བདུད་རྩི་བྱང་སེམས་ཀྱིས་དབང་བསྐུར་བ་ནི། སངས་རྒྱས་རྣམས་ཀྱི་ཐོད་པའི་དབང་། །སངས་རྒྱས་རྣམས་ཀྱིས་རབ་བསྒྲུབ་པ། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །གསང་མཆོག་ཐོད་པའི་དབང་འདི་ཡོངས་རྫོགས་ཤོག །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱིཿ་ཡ་ཧཱུྃ་ཛ༔ ཨ་བྷི་ཥིཉྩ་ཏུ་མཾ། ཞེས་གཡོན་པའི་མཐེབ་སྲིན་གྱིས་བདུད་རྩི་སློབ་མའི་ལྕེ་ལ་བཞག་ལ། དེ་ལྟར་རྡོ་རྗེ་སློབ་དཔོན་གྱི་ལུས་ཀྱི་དཀྱིལ་འཁོར་ལ་བརྟེན་ནས་ངག་ལ་གསང་བའི་དབང་བསྐུར་བས་ངག་གི་སྒྲིབ་པ་དག་ནས་རླུང་རྡོ་རྗེའི་བཟླས་པ་བསྒོམ་པ་ལ་དབང་བ་ཡིན་ནོ། མཎྜལ་ཕུལ་ལ། ཤེས་རབ་ཡེ་ཤེས་ཀྱི་དབང་གི་དོན་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །གསོལ་བ་བཏབ། ཁྱེད་རང་རྣམས་སྐད་ཅིག་གིས་བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་རྒྱལ་བ་རྒྱ་མཚོ་སྐུ་


CMR025_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་དམར་པོ་ནས་སོགས། ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས་པར་གྱུར་པ་ལ། སིནྡྷ་རའི་དཀྱིལ་འཁོར་སྐད་ཅིག་གིས་ཡུམ་གསང་བ་ཡེ་ཤེས་མཁའ་འགྲོ་མ་སྐུ་མདོག་དམར་མོ་ཞལ་གཉིས་ཕྱག་གཉིས་མ། ཕག་ཞལ་དམར་མོ་སྤྱི་གཙུག་ཏུ་ཕྱུང་བ། རྩ་བའི་ཁྲོ་ཞལ་སྤྱན་གསུམ་པ་མཆེ་བ་གཙིགས་པ། དབུ་སྐྲ་གྲོལ་བ་ལ་ཐོད་པ་སྐམ་པོ་ལྔས་བརྒྱན་ཅིང་། ཐོད་པ་རློན་པ་ལྔ་བཅུའི་དོ་ཤལ་བྱས་པ། རུས་པའི་རྒྱན་ཆ་ལྔས་བརྒྱན་པ། ཕྱག་གཡས་རྡོ་རྗེའི་གྲི་གུག་ནམ་མཁར་ཕྱར་བ། གཡོན་པས་ཐོད་ཁྲག་འཛིན་པར་གྱུར། རིག་མ་སྦྱིན་པ་ནི། གཟུང་མ་ཡིད་འོང་འདི་ཁྱོད་ཀྱིས། །བསྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྟེན། །འཁོར་ལོ་རིགས་པའི་སྦྱོར་བ་ཡིས། །བདེ་བ་དམ་པ་མྱོང་བར་གྱིས། །ཞེས་སློབ་མ་ལ་བྱིན་ལ། དེས་ཀྱང་གུར་གུམ་ལ་སོགས་པས་དྲི་ཞིམ་པར་བྱས་ཤིང་། ལུས་གོས་དང་བྲལ་བའི་ཆུ་སྐྱེས་སློབ་མ་ལ་མངོན་སུམ་དུ་བྱས་ནས། ཨེ་མ་བདག་གི་པདྨ་འདི། །བདེ་བ་ཐམས་ཅད་ཡང་དག་ལྡན། །གང་ཞིག་ཆོ་གས་བསྟེན་བྱེད་པ། །དེ་ཡི་མདུན་ན་བདག་གནས་སོ། །སངས་རྒྱས་བསྟན་པ་ལ་སོགས་པ། །པདྨར་བྱ་བ་ཇི་བཞིན་


CMR025_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

གྱིས། །བདེ་ཆེན་རྒྱལ་པོ་རང་ཉིད་ནི། །འདི་ཉིད་དུ་ནི་རྟག་ཏུ་བཞུགས། །བྷཉྫམཀོ་ཧོ། དེ་ནས་ཡབ་ཡུམ་ལྷའི་གཟུགས་ཀྱིས་རྡོ་རྗེ་དང་པདྨ། ཧཱུྃ་དང་ཨཱཿལས་སྐྱེས་པའི་ནོར་བུ་དང་། ཟེའུ་འབྲུ་དག་ཨོཾ་དང་ཨཱ༔ལས་བྱུང་བ། རྡོ་རྗེའི་ཁར་ཕཊསེར་པོས་མཚན་པར་གྱུར་པ། སངས་རྒྱས་ཀུན་གྱི་ཤེས་རབ་དབང་། །སངས་རྒྱས་ཀུན་གྱིས་རབ་བསྒྲུབས་པ། །དེ་རིང་ཁྱོད་ལ་བསྐུར་བར་བྱ། །ཤེས་རབ་ཡེ་ཤེས་དབང་འདི་ཡོངས་རྫོགས་ཤོག །ཨོཾ་དྷུ་མ་གྷ་ཡེ་ན་མ་སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧྲཱིཿ་ཡ་ཧཱུྃ་ཛ༔ ཨ་བྷི་ཥིཉྩ་མཱ། ཞེས་བརྗོད་ལ་སིདྡྷཱ་ར་སྙིང་གར་བྱུག །གསང་བ་ཡེ་ཤེས་མཁའ་འགྲོ་མ་དང་གཉིས་སུ་མེད་པ་ལས། དགའ་བ་བཞིའི་ཡེ་ཤེས་རྒྱུད་ལ་སྐྱེས་པར་མོས་ཤིག །དེ་ལྟར་ཆོས་ཀྱི་འབྱུང་གནས་སིནྡྷ་རའི་དཀྱིལ་འཁོར་ལ་བརྟེན་ནས། སེམས་ལ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། སེམས་ཀྱི་སྒྲིབ་པ་དག་ནས་བྱང་ཆུབ་སེམས་ཀྱི་གདམས་ངག་བསྒོམ་པ་ལ་དབང་བ་ཡིན་ནོ། །མཎྜལ་ཕུལ་ལ། བཞི་པའི་དབང་གི་དོན་དུ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་


CMR025_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་ཀྱིས་ཀྱང་། །བདག་ལ་དབང་བསྐུར་མཛད་དུ་གསོལ། །གསོལ་བ་འདིར་དབང་བཞི་པའི་དོན་དུ། བླ་མའི་ཚིག་གིས་བརྡའ་སྤྱད་པར་བྱ་སྟེ། མེ་ལོང་ཡོངས་སུ་དག་པ་ལ་ཤར་བའི་རྡོ་རྗེ་འཆང་གི་གཟུགས་བརྙན་གང་ལས་ཀྱང་མ་་གནས་པའི་ཚེ་མེ་ལོང་གི་མདུན་རྒྱབ་བམ། རྡུལ་ཕྲ་རབ་དང་འདྲེས་པར་ཡང་མི་གནས་མི་སྣང་བར་གྱུར་པའི་ཚེ་གང་དུའང་བཞུད་པ་མི་དམིགས་ལ། མི་དམིགས་བཞིན་དུ་རྡོ་རྗེ་འཆང་གི་གཟུགས་བརྙན་གསལ་བར་སྣང་བ་ལྟར། རང་གི་ལུས་ཡི་དམ་གྱི་ལྷའི་སྐུ་སྟོང་བཞིན་དུ་ཉེ་བར་སྣང་བ། དེ་བཞིན་གཤེགས་པའི་མཚན་དཔེའི་ཁྱད་པར་དུ་མ་ཅན་ཤིན་ཏུ་འོད་གསལ་བ་ལ། དེ་ཉིད་ཀྱི་ཚེ་ཡང་སྣང་བ་ཉིད་རང་བཞིན་མེད་པའོ། །དེ་བཞིན་དུ་བྲག་ཆ་འབྱུང་བའི་ཕྱོགས་སུ་གསུང་རབ་ཡན་ལག་བཅུ་གཉིས་སོགས་ཀྱི་ཚིགས་སུ་བཅད་པ་དང་། སྔགས་ཀྱི་སྒྲ་དང་བསྟོད་པ་དང་། སྐུར་འདེབས་ལ་སོགས་བརྗོད་པ་ན། བྲག་ཆ་ལས་ཀྱང་དེ་ཉིད་གསལ་བར་བརྗོད་པ་འབྱུང་བ་ན། རང་བཞིན་མི་དམིགས་


CMR025_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟར་རང་གིས་བརྗོད་པའི་སྒྲ་གྲག་པ་ཉིད་ཀྱི་ཚེ་ནའང་རང་བཞིན་མེད་པར་སྟོང་བཞིན་དུ་ཨཱ་ལི་ཀཱ་ལི་སོགས་སྟོང་པ་ཉིད་ཀྱི་སྒྲ་འབྱུང་བ་སྟེ། མེད་སྣང་རོ་མཉམ་པའོ། །དེ་བཞིན་དུ་སྨིག་སྒྱུ་ཆུ་མེད་པ་ལ་རི་དྭགས་རྣམས་ཀྱིས་ཆུར་འདུ་ཤེས་ནས་སྙེགས་རང་མོད་ཀྱི། དེ་ལས་ནམ་ཡང་ཆུ་མི་རྙེད་དེ་ཉམས་ཉེས་པར་འགྱུར་ལ། སྨིག་སྒྱུ་ཤེས་པ་ན། དེ་ལ་བརྟེན་པའི་ཉོན་མོངས་པ་དང་། ཉམས་ཉེས་པ་མི་འབྱུང་བ་ལྟར། སེམས་རྣམ་པར་གཡོ་བའི་རྒྱུན། སྨིག་སྒྱུ་ལྟར་ཉེ་བར་སྣང་ལ་བྱིས་སྦ་རྣམས་ཀྱི་ངོར། བདེ་སྡུག་འཁོར་འདས་སོགས་ཉེ་བར་དམིགས་ཏེ། སྤང་བླང་སོགས་མཚན་མ་ལ་སྤྱོད་པས་ངལ་བ་ཐོབ་པར་འགྱུར་ལ། རང་གི་སེམས་སྨིག་སྐྱ་ལྟར་སྣང་བ་འདི་ནི་ངེས་པར་རང་བཞིན་མེད་པ་སྟེ། འཁྲུལ་གྲོལ་གྱི་མཚན་མ་རྣམས། རྣམ་པ་ཐམས་ཅད་དུ་མི་དམིགས་པ། ཡིན་མིན་ཡོད་མེད་སོགས་མཐའ་དང་བྲལ་བ་མཉམ་པ་ཉིད་ཆེན་པོའི་དབྱིངས། བདེ་བར་གཤེགས་པའི་ཐུགས་ཤིན་ཏུ་རྣམ་པར་དག་པའི་ཡེ་ཤེས་གཞོམ་དུ་མེད་པ་ཉིད་དུ་བལྟ་བར་བྱའོ། །དེ་ལྟར་སྣང་སྲིད་ཕྱག་རྒྱ་ཆེན་པོའི་དཀྱིལ་འཁོར་ལ་བརྟེན་ནས་སྒོ་གསུམ་ལ་


CMR025_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པའི་དབང་བསྐུར་བས། སྒོ་གསུམ་ཆ་མཉམ་གྱི་སྒྲིབ་པ་དག་ནས་ལམ་ཕྱག་རྒྱ་ཆེན་པོ་བསྒོམ་པ་ལ་དབང་བ་ཡིན་ནོ། །དབང་འདི་རྣམས་ཀྱི་དོན་ཡང་པདྨ་ཟབ་པའི་རྒྱུད་ལས་གསུངས་པ། བུམ་པའི་དབང་ནི་དང་པོ་སྟེ། །གསང་བའི་དབང་ནི་གཉིས་པའོ། །ཤེས་རབ་ཡེ་ཤེས་གསུམ་པ་སྟེ། །ངེས་ཤེས་བསྐྱེད་པ་བཞི་པ་ཡིན། །ལྷ་དང་སྔགས་དང་སྟོང་པ་ཉིད། །བདེ་སྟོང་འདྲེས་པར་བསྒོམ་པ་དབང་། །ཐ་མལ་ལུས་ཀྱི་རྣམ་རྟོག་ནི། །དང་པོ་བུམ་པའི་དབང་གིས་བཅད། །རང་བཞིན་ལྷ་ཡི་རྣམ་པ་བསྒོམ། །ཐ་མལ་ངག་གིས་རྣམ་རྟོག་ནི། །གཉིས་པ་གསང་བའི་དབང་གིས་བཅད། །བཟླས་བརྗོད་རྒྱུན་དུ་བཟླ་བའོ། །ཐ་མལ་སེམས་ཀྱི་རྣམ་རྟོག་ནི། །ཚོགསུམ་པ་ཤེས་རབ་དབང་གིས་བཅད། །བདེ་དང་སྟོང་པའི་དོན་དྲན་བྱ། །འབྲས་བུ་ཐམས་ཅད་བསྡུས་པ་ནི། །བཞི་པ་ཡེ་ཤེས་དབང་ཡིན་ནོ། །ཞེས་གསུངས་པ་ཡིན་ནོ། །མཎྜལ་ཕུལ་ནས། རྡོ་རྗེ་སློབ་དཔོན་གྱི་དབང་གི་དོན་དུ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད་ཅིག །གང་གི་བདག་ནི་ཁྱོད་དྲིན་ལས། །རང་དང་གཞན་དོན་ནུས་གྱུར་པ། །རྡོ་རྗེ་སློབ་དཔོན་གྱིས་ནི་དབང་། །ཐུགས་རྗེའི་གཏེར་གྱི་བདག་ལ་སྩོལ། །སློབ་དཔོན་གྱིས་རྡོ་རྗེ་ལག་ཏུ་བླངས་ཏེ། རྡོ་རྗེ་སྟོང་པའི་ངང་ལས་ཧཱུྃ་ལས་སྐྱེས་པའི་རྡོ་རྗེ་སེམས་དཔའི་གཟུགས་སུ་གྱུར། ཐོག་མཐའ་མེད་པའི་སེམས་


CMR025_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དཔའ་ནི། །རྡོ་རྗེ་སེམས་དཔའི་དགའ་བ་ཆེ། །ཀུན་ཏུ་བཟང་པོ་ཀུན་བདག་ཉིད། །རྡོ་རྗེ་བསྙེམས་མའི་བདག་པོའི་བདག །བཅོམ་ལྡན་འདས་དཔལ་མཆོག་གི་དང་པོའི་སྐྱེས་བུ་ལའོ། །ཞེས་སློབ་མའི་ལག་པ་གཡས་སུ་གཏད་ལ། དེ་ནི་རྡོ་རྗེའི་དམ་ཚིག་གོ །དྲིལ་བུ་སྟོང་པའི་ངང་ལས། ཨཱལས་སྐྱེས་པའི་དྲིལ་བུ། འདི་དེ་སངས་རྒྱས་ཐམས་ཅད་ཀྱིས། །ཤེས་རབ་དབྱངས་ཀྱི་རྗེས་འགྲོལ་བཤད། །བྱང་ཆུབ་མཆོག་ཏུ་རྒྱལ་བས་བཞིད། །ཁྱོད་ཀྱིས་ཀྱང་ནི་རྟག་ཏུ་ཟུངས། །གཡོན་དུ་བཏད། སློབ་མས་ཀྱང་། སྲིད་པ་ངོ་བོ་ཉིད་ཀྱི་དག །ངོ་བོ་ཉིད་ཀྱི་སྲིད་བྲལ་བྱས། །རང་བཞིན་དག་མཆོག་སེམས་དཔའ་ཡིས། །དམ་པའི་སྲིད་པ་བྱེད་པར་འགྱུར། །ཞེས་བརྗོད་ཅིང་བཀྲོལ་ལ་དེ་ནི་དྲིལ་བུའི་དམ་ཚིག་གོ །ཁྱེད་རང་རྣམས་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་སུ་གསལ་བ་དང་། ཡེ་ཤེས་ཀྱི་ཕྱག་རྒྱ་ཁ་སྦྱོར་གྱིས་རིམ་པས་བྱིན་གྱིས་བརླབས་པ། འཁྱུད་པའི་ཚུལ་གྱིས། ཡིད་ཀྱི་ལུས་བརྟན་བརྟུལ་ཞུགས་ནི། ཕྱག་རྒྱའི་དམ་ཚིག་རབ་ཏུ་བརྗོད། །གང་གིས་ལུས་ནི་ཐམས་ཅད་བརྟེན། །དེས་ན་ཕྱག་རྒྱ་རབ་ཏུ་བསྒྲགས། །ཞེས་བརྗོད། དེ་


CMR025_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཕྱག་རྒྱའི་དམ་ཚིག་གོ །སློབ་མ་བདག་ཉིད་ཀྱི་ཞལ་དུ་ཞུགས་ཤིང་། སྐུའི་དབྱིབས་བརྒྱུད་དེ། ལྷ་མོའི་པདྨར་གནས་པ། སྟོང་པའི་ངང་ལས་ཧཱུྃ་དང་རྡོ་རྗེ་ལས་བྱུང་བའི་རྡོ་རྗེ་སེམས་དཔའ་དང་ཡེ་ཤེས་སེམས་དཔའ་དབྱེར་མེད་པ་ལ་ཕྱོགས་བཅུ་ན་བཞུགས་པའི་དེ་བཞིན་གཤེགས་པ་རྣམས་དང་། རིག་པའི་ལྷ་མོ་རྣམས་རང་གི་སྙིང་ཁའི་ས་བོན་གྱི་འོད་ཟེར་ལས་བྱུང་བའི་མཆོད་པའི་སྤྲིན་གྱིས་མཆོད་པར་བྱ་བ། ཨོཾ་སརྦ་ཏ་ཐཱ་ག་ཏ་བཛྲ་ཨཧཱུྃ་པྲ་ཏིཙྪ་སྭཱ་ཧཱ། པཱཧུཾ་དྷ་ཤྲཱི༴ སོགས། རྡོ་རྗེ་ཅན་གྱི་སངས་རྒྱས་ལ། །འགྲོ་བ་སྐྱོབ་པའི་ཆེད་དུ་དབང་། །ཡོན་ཏན་འབྱུང་གནས་ཇི་ལྟར་སྩོལ། །དེ་ལྟར་འདི་ལ་བསྩལ་དུ་གསོལ། །ཞེས་གསོལ་བ་བཏབོ་པས། དེ་བཞིན་གཤེགས་པ་ཤེས་རབ་དང་སྙོམས་པར་ཞུགས་པས། དེ་རྣམས་འདོད་ཆགས་ཆེན་པོས་མེས་ཞུ་བར་གྱུར་ནས། རྣམ་སྣང་གི་སྒོ་ནས་ནང་དུ་ཞུགས་ཏེ། རྡོ་རྗེའི་ལམ་ནས་བྱུང་བའི་ཁུ་བས་དབང་བསྐུར་ནས། སླར་པདྨ་ནས་ཕྱུང་སྟེ་གྲལ་དུ་གནས་པ་ལ། ནམ་མཁའ་གང་བའི་དེ་བཞིན་གཤེགས་པ། སྤྱན་མ་ལ་སོགས་པའི་རིག་མ་དང་བཅས་པས། རྣམ་རྒྱལ་བུམ་པ་དཀར་པོ་བྱང་ཆུབ་སེམས་ཀྱི་བདུད་རྩིས་


CMR025_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

བཀང་བ་ཕྱག་གིས་ཅུང་ཟད་ཡོ་བར་འཛིན་པས། བཀྲ་ཤིས་ཀྱི་ཚིགས་སུ་བཅད་པ་དང་དབང་བསྐུར་བཞིན་པ་དང་། རྣམ་རྒྱལ་གྱི་བུམ་པའི་ཆུ་མི་བསྐྱོད་པའི་བདག་ཉིད་བྱང་ཆུབ་སེམས་ཀྱི་བདུད་རྩིས་དབང་བསྐུར་བར་གྱུར་པ་ནི། བུམ་པ་ཁ་རྒྱན་རྡོ་རྗེ་དང་བཅས་པ་སློབ་མའི་སྤྱི་བོར་རེག་ལ། དབང་བསྐུར་རྡོ་རྗེ་ཆེན་པོ་ནི། །ཁམས་གསུམ་པ་ཡིས་ཕྱག་བྱས་པ། །རྡོ་རྗེ་གསང་བ་གསུམ་བྱུང་བ། །སངས་རྒྱས་ཀུན་གྱིས་སྦྱིན་པར་བྱ། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨཱ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཧཱུྃ་སྭཱ་ཧཱ། ཞེས་དབང་བསྐུར་བས། བདེ་བ་ཆེན་པོ་ཕུན་སུམ་ཚོགས་པར་གྱུར་པའི་སྤྱི་བོར་མི་བསྐྱོད་པས་དབུ་བརྒྱན་ཅིང་། དེ་བཞིན་གཤེགས་པ་གཞན་རྣམས་དང་ལྷ་མོ་རྣམས་ཡེ་ཤེས་སེམས་དཔའི་ངོ་བོར་བཅུག་པར་གྱུར༔ ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མེ་ཏོག་ལ་སོགས་པ་མདུན་དུ་བཤམས་ནས། ཨོཾ་བཛྲ་པུཥཱ་སོགས་ཀྱིས་མཆོད་ལ། འདི་ལྟ་བུ་གོ་བར་བྱ་སྟེ། ཤེས་རབ་བཅུ་དྲུག་ལོན་པ་ལ། །ལག་པ་དག་གིས་ཡང་དག་འཁྱུད། །རྡོ་རྗེ་དྲིལ་བུའི་མཉམ་སྦྱོར་བས། །སློབ་དཔོན་གྱིས་ནི་དབང་དུ་འདོད། །དེ་ལས་གཞལ་ཡས་ཀྱི་ཁང་པ་ནི། དེ་བཞིན་གཤེགས་པ་རྣམ་པར་


CMR025_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་མཛད་ཀྱི་རང་བཞིན་ནོ་ཞེས་བྱ་བ་ལ་སོགས་དཀྱིལ་འཁོར་གྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔར་ནི་རབ་ཏུ་བསྒྲགས། །སྐྱེ་མཆེད་ཁམས་དང་དབང་པོ་ནི། །བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་མཆོག །ཅེས་སོགས་ལྷ་རྣམས་ཀྱི་དེ་ཁོ་ན་ཉིད་རྣམ་པར་དག་པ་དང་། དོན་དམ་པར་ནི་དཀྱིལ་འཁོར་ལ་སོགས་པ་རྣམས་ཀྱང་རང་བཞིན་མེད་པའི་བདག་ཉིད་དེ་བཞིན་ཉིད་རྣམ་པར་དག་པ་དང་། དེ་ཉིད་བཅུ་ལ་སོགས་པའི་སློབ་དཔོན་གྱིས་ལས་རིམ་པ་ཇི་སྙེད་པ་དག །འདའ་བར་བྱ་བ་མ་ཡིན་པའི་ངོ་བོ་དམ་ཚིག་དང་། བྱ་བ་དང་བྱ་བ་མ་ཡིན་པའི་བདག་ཉིད་ཅན་གྱིས་སྡོམ་པ་རྣམ་ཤེས་དེ་ཁོ་ན་ཉིད་བཞིན་དུ་མྱུར་དུ་བསྒྲུབ་པར་བྱ་ཞིང་། གཞན་དག་ཀྱང་གཞུག་པར་གྱིས་ཤིག །རྡོ་རྗེ་དྲིལ་བུ་གཏད་ལ། རྡོ་རྗེ་དང་ནི་དྲིལ་བུ་ལོངས། །རྡོ་རྗེ་ལ་ནི་རབ་ཏུ་གནས། །དེ་རིང་རྡོ་རྗེ་སློབ་དཔོན་གྱུར། །སློབ་མ་བསྡུ་བ་ཉིད་དུ་གྱིས། །རིགས་ལྔའི་རྗེས་སུ་གནང་བ་ནི། །ལག་ཏུ་འཁོར་ལོ་གཏད་ལ། བྱང་ཆུབ་མཆོག་གི་ཕྱག་རྒྱས་འཛིན་དུ་བཅུག་ནས། དེ་བཞིན་གཤེགས་པ་རྣམ་པར་སྣང་མཛད་ཀྱི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་


CMR025_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ཆོས་ཀྱི་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ཀྱིས་སེམས་ཅན་གཏི་མུག་ཅན་རྣམས་ཀྱི་དོན་གྱིས་ཤིག །རྡོ་རྗེ་ལག་ཏུ་བྱིན་ལ། ས་གནོན་དང་མཉམ་པར་བཞག་ལ། དེ་བཞིན་གཤེགས་པ་མི་བསྐྱོད་པའི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །རྡོ་རྗེའི་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ཀྱིས་སེམས་ཅན་ཞེ་སྡང་ཅན་རྣམས་ཀྱི་དོན་གྱིས་ཤིག །རིན་པོ་ཆེ་ལག་ཏུ་བྱིན་ལ། མཆོད་སྦྱིན་དང་མཉམ་བཞག་གིས། དེ་བཞིན་གཤེགས་པ་རིན་ཆེན་འབྱུང་ལྡན་གྱི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །ནོར་བུའི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་སེམས་ཅན་ང་རྒྱལ་ཅན་རྣམས་ཀྱི་དོན་གྱིས་ཤིག །པདྨ་ལག་ཏུ་བྱིན་ལ། མཉམ་བཞག་གི་ཕྱག་རྒྱས། དེ་བཞིན་གཤེགས་པ་སྣང་བ་མཐའ་ཡས་ཀྱི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །


CMR025_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །པདྨའི་འཁོར་ལོ་རབ་ཏུ་བསྐོར། །ཁྱོད་ཀྱིས་སེམས་ཅན་འདོད་ཆགས་ཅན་རྣམས་ཀྱི་དོན་གྱིས་ཤིག །སྣ་ཚོགས་རྡོ་རྗེ་ལག་ཏུ་བྱིན་ལ། སྐྱབས་སྦྱིན་དང་མཉམ་བཞག་གི་ཕྱག་རྒྱས། དེ་བཞིན་གཤེགས་པ་དོན་ཡོད་གྲུབ་པའི་ཏིང་ངེ་འཛིན་གྱིས། འཇིག་རྟེན་ཁམས་ནི་ཐམས་ཅད་དུ། །སེམས་ཅན་ཀུན་ལ་ཕན་པའི་ཕྱིར། །ཇི་ལྟར་སྣ་ཚོགས་འདུལ་གྱུར་པ། །རྒྱ་གྲམ་འཁོར་ལོ་བསྐོར་བར་གྱིས། །ཁྱོད་ཀྱིས་སེམས་ཅན་ཕྲག་དོག་ཅན་རྣམས་ཀྱི་དོན་གྱིས་ཤིག །སྐུ་གསུང་ཐུགས་ཀྱི་རྗེས་སུ་གནང་བ་ནི། སྤྱི་བོར་སིནྡྷུ་རའི་ཐིག་ལེ་བྱས་ལ། ཁྱོད་རྣམས་ཀྱིས་དུས་རྟག་ཏུ་བླ་མ་རྡོ་རྗེ་འཛིན་པ་སྤྱི་བོར་བསྒོམ་པ་དང་། སངས་རྒྱས་རྣམས་ཀྱི་སྐུའི་ཕྲིན་ལས་སྒྲུབ་པར་གྱིས་ཤིག །སྔགས་གཏད་པའི་དོན་དུ་རྗེས་ཟློས་གྱིས། སྔགས་ཀྱི་དབང་བསྐུར་ཡེ་ཤེས་མཆོག །དངོས་གྲུབ་དམ་པ་བདག་ལ་གསོལ། །ཞེས་བརྗོད། སློབ་དཔོན་གྱི་ཐུགས་ཀའི་ས་བོན་སྔགས་ཀྱིས་བསྐོར་བ་ལས། སྔགས་ཀྱི་ཕྲེང་བ་འཕྲོས་པས་ཞལ་དུ་བརྒྱུད་དེ་རང་གི་ཞལ་དུ་ཞུགས་ནས་སྙིང་ཁའི་ཧྲཱིཿལ་ཐིམ་པར་མོས་ལ་སྔགས་ཟློས་ཤིག །ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། དྷུ་མ་གྷ་ཡེ་ན་མ་


CMR025_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

སྭཱ་ཧཱ། ཧ་རི་ནི་ས་ར་ཙ་ཧཱིཡ་ཧཱུྃ་ཛ༔ བརྒྱ་རྩ་བརྒྱད་སོགས་བརྗོད་ནས་སློབ་དཔོན་གྱིས་མེ་ཏོག་གཏོར་ཞིང་། བཅོམ་ལྡན་བདག་གིས་སྦྱིན་ལགས་ཀྱིས། །འདི་ལ་ཉེ་བར་མཛད་དུ་གསོལ། །སློབ་མས་ཀྱང་། བཅོམ་ལྡན་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །ཞེས་ལན་གསུམ། དེང་ཕྱིན་ཆད་སྔགས་ཀྱི་བཟླས་པ་ལ་བརྩོན་པ་དང་། སངས་རྒྱས་རྣམས་ཀྱི་གསུང་གི་ཕྲིན་ལས་སྒྲུབ་པར་གྱིས་ཤིག །སྙིང་གར་སིནྡྷ་ར་ཕྱུག་ལ། དེང་ནས་བཟུང་སྟེ་སེམས་ཅན་རྣམས་ལ་སྙིང་རྗེ་ཆེན་པོ་བསྐྱེད་དེ། སངས་རྒྱས་རྣམས་ཀྱི་ཐུགས་ཀྱི་ཕྲིན་ལས་སྒྲུབ་པར་གྱིས་ཤིག །སློབ་དཔོན་སྤྲུལ་སྐུའི་ཆ་ལུགས་ལག་པ་གཡོན་དྲིལ་བུ་དང་བཅས་པ་ཆོས་གོས་ཀྱི་གྲྭ་རི་དྭགས་ཀྱི་རྣ་བ་ལྟར་འཛིན་པ་སྙིང་ཁར་བཟུང་བ་དང་། གཡས་རྡོ་རྗེ་དང་བཅས་པ་མི་འཇིགས་པའི་ཕྱག་རྒྱས། དེ་རིང་ངས་ཁྱོད་ལུང་བསྟན་ཏེ། །འོད་དཔག་མེད་པ་དེ་བཞིན་གཤེགས། །སྲིད་པ་ཤིན་ཏུ་དག་པས་ན། །སྲིད་པའི་སྡུག་བསྔལ་ཀུན་ལས་གྲོལ། །ཀྱེ་དཔལ་རྡོ་རྗེ་ཆེ་གེ་མོ། སརྦ་ཏ་ཐཱ་ག་ཏ་སིདྡྷི་ས་མཱ་ཡ་ནྟཾ་བྷར་བྷུ་ཝ་སྭཱ། མ་འོངས་ན་རིགས་ཀྱི་གསང་མཚན་དང་མཐུན་པའི་དེ་བཞིན་གཤེགས་པར་འགྱུར་ཏེ། གང་


CMR025_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལྟར་ལུང་བསྟན་པ་སྟེ། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་ལུང་སྟོན་པ་ཡིན་ཏེ། སྙིགས་མའི་དུས་ཀྱི་སེམས་ཅན་འདུལ་དཀའ་རྣམས་ཀྱི་དོན་དུ། དེ་བཞིན་གཤེགས་པ་ཐམས་ཅད་གཅིག་ཏུ་བསྡུས་པ་རྡོ་རྗེ་སློབ་དཔོན་གྱི་གཟུགས་སུ་གྱུར་པས་བདེ་བ་ལ་འགོད་པར་གསུངས་པའི་ཕྱིར་རོ། །དེས་ན་ཁྱེད་རྣམས་ཀྱིས་དེང་ཕྱིན་ཆད་བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་གི་སྒོ་ནས་འགྲོ་བའི་དོན་རྒྱ་ཆེན་པོ་སྒྲུབས་ཤིག །སློབ་མ་ལ་དབང་བསྐུར་བའི་ཆོ་གའོ། །ལས་ཀྱི་རྡོ་རྗེས་ཕྱག་འཚལ་ནས་ཚོགས་ཀྱི་ཡོ་བྱད་ལ་བྱིན་རླབས་མཛད་པར་ཞུ། ཞེས་གསོལ་བ་བཏབ། ཚོགས་ཀྱི་ཡོ་བྱད་ནང་མཆོད་ལྟར་བྱིན་གྱིས་བརླབས། ན་མོ། ཐབས་དང་ཤེས་རབ་གཉིས་སུ་མེད་པའི་ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་འདི༔ རང་བཞིན་གྱི་རྣམ་པར་དག་པ་སྐྱེ་བ་མེད་པ། ངོ་བོ་རྣམ་པར་དག་པ་ཨཱ་ལི་ཀཱ་ལི་མཚན་ཉིད་རྣམ་པར་དག་པ་ཤ་ལྔ་བདུད་རྩི་ལྔས་རྒྱས་བཏབ་པ་འདི་འབུལ་བའི་གནས་ནི། བྱིན་རླབས་ཀྱི་རྩ་བ་བཀའ་བརྒྱུད་ཀྱི་བླ་མ་རྣམས་ཀྱི་ཞལ་དུ་ཁཱ་རཾ་ཁཱ་ཧི། དངོས་གྲུབ་ཀྱི་རྩ་བ་ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཕྲིན་ལས་ཀྱི་རྩ་བ་ཆོས་སྐྱོང་སྲུང་མ་


CMR025_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཞལ་དུ་ཁ་རཾ་ཁཱ་ཧི། ཞེས་ལན་གསུམ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས། །སློབ་དཔོན་པདྨ་དབང་གི་ལྷ། །རྣམ་འཕྲུལ་མཁའ་ལ་སྤྲིན་ལྟར་གཏིབས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་ཚེ་དབང་འོད་དཔག་མེད། །རྒྱལ་བ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མཁའ་སྤྱོད་དག་པའི་གཞལ་ཡས་ནས། །གསང་བ་ཡེ་ཤེས་ཌཱཀི་མ། །མཁའ་འགྲོ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །མེ་དཔུང་འབར་བའི་དཀྱིལ་འཁོར་ནས། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །དཔའ་བོ་རྒྱ་མཚོའི་དབུས་ནས་བཞེངས། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ས་བླ་ས་འོག་ས་སྟེང་གི །ཉི་ཤུ་རྩ་བཞིའི་གནས་མཆོག་ནས། །དཔའ་བོ་མཁའ་འགྲོའི་ཚོགས་རྣམས་ཀྱང་། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །དུར་ཁྲོད་ཆེན་པོ་གནས་བརྒྱད་ནས། །འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕོ་ཉ་ལས་མཁན་མཛད་


CMR025_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

དུ་གསོལ། །དམ་ཚིག་ཆེན་པོའི་གནས་མཆོག་ནས། །དམ་ཅན་རྒྱ་མཚོ་སྐུ་བསྐྱོད་འཚལ། །འདིར་གཤེགས་ཚོགས་ཀྱི་མཆོད་པ་བཞེས། །ཕྲིན་ལས་རྣམ་བཞི་བསྒྲུབ་ཏུ་གསོལ་།རོལ་མོ་བྱ། ཚོགས་ཀྱི་ཕུད་གཏོར་མ་ལ་བྲན། ༈ བསྡུས་པ་བྱེད་ན་སྔར་ལྟར་གཏོར་མ་བྱིན་གྱིས་བརླབས་ལ་འབུལ། རྒྱས་པར་སྤྲོ་ན། དཔལ་ཡེ་ཤེས་ཀྱི་མགོན་པོ་དང་དཔལ་ལྷ་མོ་རང་བྱུང་གི་རྒྱལ་མོའི་བསྐྱེད་རིམ་སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་མཆོད་འབུལ་གཏོར་བསྔོས་བསྟོད་པ་རྣམས་ཀྱི་བར་བྱ། ལས་ཀྱི་རྡོ་རྗེས་ལག་པ་གཡས་སུ་ཐབས་ཀྱི་རྫས་ཤ་ལྔ་སོགས། གཡོན་དུ་ཤེས་རབ་ཀྱི་རྫས་ཆང་སྣ་ལྔ་སོགས་བཟུང་ལ། དང་པོ་སློབ་དཔོན་ལ། ཧཱུྃ། དཔའ་བོ་ཆེན་པོ་དགོངས་སུ་གསོལ། །གཟིགས་ཤིག་མཛེས་ལྡན་དམ་པའི་ཆོས། །འདི་ལ་ཐེ་ཚོམ་བྱ་མི་རུང་། །བྲམ་ཟེ་ཁྱི་དང་གདོལ་བ་གསུམ། །རང་བཞིན་གཅིག་ཏུ་དགོངས་ཏེ་རོལ། །ཞེས་གུས་པ་དང་བཅས་པས་དྲངས་ལ། སློབ་དཔོན་གྱིས་ཀྱང་པད་ཀོར་དང་བཅས་པས། ཧཱུྃ། བདེ་བར་གཤེགས་པ་ཆོས་ཀྱི་སྐུ། །འདོད་ཆགས་དྲི་མ་དང་བྲལ་བའི། །གཟུང་དང་འཛིན་པ་རྣམ་པར་སྤངས། །དེ་ཁོ་ན་ཉིད་ལ་བདག་ཕྱག་འཚལ། །ཨ་ཧོཿ སུ་ཁཿ ཞེས་བླངས། གཞན་རྣམས་ལའང་དེ་བཞིན་དུ་ཚོགས་དྲང་ཞིང་ལུས་ལྷ་ངག་


CMR025_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས། སེམས་ཏིང་འཛིན་ལྡན་པས་ཕུང་ཁམས་སྐྱེ་མཆེད་ལྷ་ཚོགས་གསལ་བ་ལ་བདུད་རྩིས་མཆོད་པ་ཕུལ་བར་བསམས་ལ་ལོངས་སྤྱོད། ཕུད་དང་ལྷག་མ་ཕྱོགས་གཅིག་ཏུ་བསྡུས་ནས་སློབ་དཔོན་གྱི་ཁ་བཤལ་བའི་ཆང་གིས་བྲན་ལ། ལས་ཀྱི་རྡོ་རྗེས་ཕྱག་འཚལ། ལྷག་མའི་གཏོར་མ་བྱིན་རླབས་མཛད་པར་ཞུ། ཞེས་གསོལ་བ་བཏབ། ཕུད་དང་ལྷག་མའི་གཏོར་མ་བཟང་ཞིང་རྒྱ་ཆེ་བར་གྱུར། ཨོཾ་ཨཱཿཧཱུྃ་ཨུཙྪིཥྛ་བཛྲ་ཨ་ཧ་ཧ་ཧ་ཏྲི་པ་ཏྲི་པཾ། ཞེས་བྱིན་གྱིས་བརླབས། ཧཱུྃ། གཞན་ཡང་ལས་ཀྱི་མཁའ་འགྲོ་མ། །ཤིན་ཏུ་འཇིགས་པ་ཀེང་རུས་གཟུགས། །ཡན་ལག་རུས་པའི་འཁོར་ལོས་བརྒྱན། །སྙིང་ཁྲག་རྔུབ་ཅིང་རྐན་སྒྲ་སྒྲོག །རྐང་མགྱོགས་བརྟུལ་ཞུགས་གདུག་རྩུབ་ཅན། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ཧཱུྃ། འཇིག་རྟེན་མཁའ་འགྲོ་རྫུ་འཕྲུལ་ཅན། །སྲིན་པོའི་གཟུགས་ལ་གཅན་སྤྱང་གདོང་། །སྦྲུལ་ནག་ལྕེ་ལ་སྤྱན་མིག་གློག །ཁ་རླངས་དུག་ལ་ང་རོ་འབྲུག །མི་ལྤགས་གཡབ་མོ་ཕྱོགས་བཅུར་རྡེབ། །རྒྱུ་ཞགས་འདོམ་དགུས་དགྲ་བོ་ཆིངས།


CMR025_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོས་པའི་སྨིན་ཕྲག་སེར་ཆེན་འབེབས། །བྱེ་བ་དུང་ཕྱུར་སཱ་མཱ་ཡ། །བ་སྤུ་མཚོན་ཆ་མེ་ལྟར་འབར། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ཧཱུྃ། ཤ་ཟའི་མཁའ་འགྲོ་ཡང་སྤྲུལ་ཚོགས༔ །ཡི་དྭགས་ལུས་ལ་དུར་བྱའི་གདོང་། །ཆུ་སྲིན་རྒན་ལ་ཐོད་པས་བརྒྱན། །ལུས་ལ་རྣག་ཁྲག་ཆུ་སེར་ལྷག །སྨྲེ་སྔགས་ཚིག་ལ་ངུ་འབོད་དབྱངས། །ཕྱི་ནས་འདྲེ་འཚུབ་སྤྲིན་བཞིན་ལྡང་། །བཀྲ་མི་ཤིས་པའི་རྗེས་ངན་གཏོང་། །རོ་ལངས་རྐང་པས་དུར་ཁྲོད་ཉུལ། །ཕུང་སྲི་ལག་པས་སྲོག་རྩ་གཅོད། །གཟའ་སྲིན་མིག་གི་ཟླ་ཚེས་བལྟ། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ཧཱུྃ། གཞན་ཡང་མཁའ་འགྲོ་ཕོ་ཉའི་ཚོགས། །ལས་ལ་མྱུར་ཞིང་བསྟན་པ་སྲུངས། །གཅན་སྤྱང་མང་པོ་རོལ་དུ་ཁྲིད། །བུ་ཆུང་ལུས་ལ་བྱ་རོག་


CMR025_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གདོང་། །བཤུགས་གླུའི་དབྱངས་ལ་སྨྲེ་སྔགས་ཚིག །ལ་གསུམ་འགྲིམ་ཞིང་ལུང་གསུམ་བསྐོར། །ཆུ་ལ་ཞོན་ནས་གྲིབ་སོ་འགྲིམ། །དཀྱིལ་འཁོར་མཐའ་ལ་བསྐོར་ཞིང་ཉུལ། །དམ་ཚིག་ཅན་གྱི་ལས་མཁན་ཡིན། །དམ་ཚིག་ཉམས་པའི་སྲོག་གཅོད་ཡིན། །ཕུད་ལྷག་བཤལ་ཆུའི་གཏོར་མ་བཞེས། །དཀོན་མཆོག་གསུམ་གྱི་བསྟན་པ་སྲུངས། །ད་རེས་ཉུལ་ལ་མེལ་ཚེ་མཛོད། །ཨོཾ་སརྦ་ཨུཙྪིཥྛ་བྷ་ཏ་བྷི་ཊཾ་ནཾ་བྷ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བརྗོད་རོལ་མོ་དང་བཅས་པས་ཕྱི་རོལ་དུ་དོར། ཨོཾ་ཨཱཿཧཱུྃ། མ་མོ་མཁའ་འགྲོ་ཤ་ཟ་དུར་བདག་མོ། །ལྷག་ལ་དབང་བའི་འབྱུང་པོའི་གཏོར་ལེན་མ། །ལྷག་མ་འདི་བཞེས་གནོད་བྱེད་དགྲ་བགེགས་རྣམས། །ཐམས་ཅད་རྡུལ་དུ་བརླག་པའི་ཕྲིན་ལས་མཛོད། །ཧཱུྃ། དགོངས་སྔོན་སྟེང་དང་གངས་རི་གཡའ་རྩེ་དང་། །སྤང་ལྗོངས་སྐྱེད་མོས་ཚལ་དང་ནགས་འདབས་དང་། །ཕྱོགས་མཚམས་སྟེང་འོག་གང་དང་གང་གནས་པ། །བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་སོགས། །སློབ་དཔོན་པདྨའི་སྤྱན་སྔར་ཁས་བླངས་བཞིན། །རང་རང་གནས་ནས་མྱུར་བར་འདིར་བྱོན་ལ། །ཕུད་ལྷག་


CMR025_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

བཤལ་ཆུའི་གཏོར་མ་འདི་བཞེས་ཤིག ཆུང་ཆད་ཀྱང་རཱ་གའི་གསུང་ཡིན་པར་གྲགས། །བཅོལ་བའི་ལས་རྣམས་མྱུར་དུ་འགྲུབ་པར་མཛོད། གཏོར་མ་ཕུལ་ལ། ཐུགས་རྗེའི་འགྲོ་འདུལ་དཀྱིལ་འཁོར་འདིར། །སོགས། འདིར་ཡིག་ཆུང་ཆད་ཀྱང་རཱ་གའི་གསུང་ཡིན་པར་གྲགས། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་དཀྱིལ་འཁོར་ལྔའི་སྙིང་པོ།next