Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལས་དབང་གསུམ་ཤེས་རབ་ཡེ་ཤེས་དབང་གི་ཉམས་ལེན།
   
   
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལས་དབང་གསུམ་ཤེས་རབ་ཡེ་ཤེས་དབང་གི་ཉམས་ལེན།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལས་དབང་གསུམ་ཤེས་རབ་ཡེ་ཤེས་དབང་གི་ཉམས་ལེན།


CMR025_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལས་དབང་གསུམ་ཤེས་རབ་ཡེ་ཤེས་དབང་གི་ཉམས་ལེན་བཞུགས་སོ།།


CMR025_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཤཱཀྱ་མུ་ན་ཡེ། རྡོ་རྗེ་འཆང་དང་ཤཱཀྱ་ཐུབ། །པདྨ་འབྱུང་གནས་ཞབས་ལ་འདུད། །དེ་རྣམས་གསུངས་ལ་དཔང་པོ་བྱས། །རང་བཟོ་མིན་པའི་ཆོས་ཅིག་བཤད། །གེགས་དང་གོལ་ས་བྱུང་བ་དེ། །ཉམས་ལེན་བྱས་པའི་རྟགས་མཚན་ཡིན། །ཉམས་ལེན་མེད་ལ་ཅི་ཆ་ཡོད། །དེ་ཉིད་མ་གསང་བཤད་པ་དེ། །དམ་ཚིག་གཙང་བའི་དངོས་རྟགས་ཡིན། །ངོས་ལྐོག་མཁན་ལ་ཅི་ཆ་ཡོད། །གེགས་སེལ་བློ་ནས་འཆད་པ་འདི། །གདམས་ངག་ཕྱུག་པའི་དངོས་རྟགས་ཡིན། །དཔེ་རུལ་ཀློག་ལ་ཅི་ཆ་ཡོད། །འདོད་ཁམས་གནས་དྲུག་སེམས་ཅན་ཀུན། །ལུས་འདི་


CMR025_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་རྒྱུ་ལས་བྱུང་། །དེ་ཕྱིར་ཤིན་ཏུ་སྤང་དཀའ་གསུངས། །འཁོར་བར་འཁྱམས་པའི་རྩ་བ་ཡིན། །དེ་ཉིད་སྤངས་བ་ཉན་ཐོས་ལམ། །བསྒྱུར་དང་ལམ་ཁྱེར་གསང་སྔགས་ལམ། །སྡོམ་པ་ལ་སོགས་མ་ཞུས་ཀྱང་། །སྐྱེས་པ་བུད་མེད་དུད་འགྲོ་སོགས། །ཆགས་པ་སུ་ཡིས་སྤྱོད་ཀྱང་འདྲ། །རྣམ་པར་སྨིན་པའི་འབྲས་བུ་ཡིས། །ཡི་དྭགས་གནས་སུ་ངེས་པར་སྐྱེ། །དབང་གི་འབྲས་བུ་ཚད་རོང་གི །སྦྲུལ་དང་སྦལ་པ་རྩངས་ཕག་སོགས། །སེམས་ཅན་སྤུ་མེད་རིགས་སུ་སྐྱེ། །རྒྱུ་མཐུན་འབྲས་བུས་བྱི་ལ་དང་། །བོང་བུ་རྟ་གསེབ་ལ་སོགས་པ། །ཆགས་


CMR025_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཟུག་གཟེར་ཅན་དུ་སྐྱེ། །དེ་དག་སྐྱེ་བ་རེ་རེ་མིན། །རྒྱུན་མར་ལྔ་བརྒྱ་རེ་རེ་སྐྱེ། །དེ་ཕྱིར་ཐུབ་པས་བཀག་པ་ཡིན། །སྐྱེ་བོ་ཕལ་པའི་ཆགས་པ་ཡང་། །ཆེ་ཆུང་ཡང་ལྗི་དུ་མ་བཤད། །བླ་མའི་དྲུང་དང་ལྷ་ཁོང་དང་། །མོ་རང་ངོ་ཚ་བསྲུང་དགོས་པའི། །ཉེ་ལོགས་སྤྱད་ན་སྡིག་པ་ཆེ། །ན་བའི་དུས་དང་བསྙེན་གནས་སྲུང་། །ཉི་མཚམས་བརྒྱད་དང་དུས་ཀློབཟང་དང་། །ཁ་དང་གཤང་བར་སྤྱད་པ་དང་། །དེ་དུས་ལྷག་པར་སྡིག་པ་ཆེ། །བརྡུང་དང་དབང་མེད་བཙན་ཐབས་ཀྱིས། །སྤྱད་ན་སྡིག་པ་ཆེ་བར་གསུངས། །གྲངས་ནི་དུས་གཅིག་བདུན་ལས་མང་། །སྤྱད་ན་སྡིག་པ་ལྷག་པར་ཆེ། །མ་དང་སྲིང་མོར་སྤྱད་པ་ན། །སྡིག་པ་དགུ་འགྱུར་ཆེ་བར་བཤད། །དགེ་སློང་མ་ཡི་བཀའ་ཕབ་ན། །མི་བསད་པ་དང་སྡིག་པ་ཉེ། །མཚམས་མེད་ཉེ་བའི་སྡིག་པ་ཡིན། །དེ་དག་མིང་ལ་སྡིག་པ་ཟེར། །སྡོམ་པ་བླངས་བས་དེ་བྱས་ན། །གོང་གི་སྡིག་པ་དེ་ཡི་སྟེང་། །སངས་རྒྱས་བཀའ་བཅག་ཉེས་པ་དང་། །བསྟན་པ་བཤིགས་པའི་ཉེས་པ་མཁན། །སྐྱེ་བོའི་དེ་ལས་འབུམ་གྱུར་ལྗི། །སྔོན་དུ་བཤད་པའི་ལུས་ངན་རྣམས། །སྐྱེ་བ་འབུམ་ཕྲག་བརྒྱ་ལེན་གསུངས། །དེ་ཕྱིར་སྲོག་


CMR025_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆད་པ་ལས། །སྡོམ་པ་ཤོར་བ་ཐུ་བར་གསུངས། །སྡོམ་བཟུང་ཤི་ཡང་ལུས་བཟང་ལེན། །དེ་ནི་ཤི་ཡང་ཤི་བ་མིན། །སྡོམ་ཤོར་ཤི་བས་ཐར་དུས་མེད། །དེ་ཕྱིར་བུད་མེད་སྤྱོད་པ་ནི། །སྡོམ་ལྡན་རྣམས་ཀྱིས་སྲོག་ལྟར་བསྲུངས། །གྲུབ་པ་ཐོབ་པའི་རྣལ་འབྱོར་པས། །མཚན་ལྡན་བུད་མེད་བསྟེན་ན་ནི། །ཚེ་གཅིག་རྡོ་རྗེ་འཆང་ཆེན་འགྲུབ། །རྒྱ་གར་གྲུབ་ཆེན་ཕལ་ཆེར་བཞིན། །གྲུབ་པ་ཐོབ་པའི་གང་ཟག་གིས། །བུད་མེད་མཚན་ལྡན་མ་རྙེད་ན། །དུད་འགྲོ་མཚན་ལྡན་བསྟེན་རུང་གསུངས། །དཔེར་ན་ཀུ་ཀུ་རས་པ་བཞིན། །གལ་ཏེ་གྲུབ་པའི་སར་གནས་ཀྱང་། །སངས་རྒྱས་བསྟན་ལ་གནོད་དོགས་ནས། །བུད་མེད་བསྟེན་པར་མ་བྱས་ན། །ཚེ་འདིར་སངས་རྒྱས་མི་ཐོབ་སྟེ། །བར་དོར་སངས་རྒྱས་ཐོབ་པར་གསུངས། །དཔེར་ན་ཁ་ཆེ་པཎ་ཆེན་བཞིན། །རྩ་རླུང་རང་དབང་མ་ཐོབ་པས། །རང་འདོད་ཆགས་པའི་དབང་གྱུར་པས། །གལ་ཏེ་བུད་མེད་བསྟེན་པ་ནི། །དམྱལ་བ་ཤལ་མ་རིར་སྐྱེ་ཞིང་། །དེ་ལས་ཐར་ན་མངལ་སྲིན་གྱི། །སྐྱེ་བ་ལྔ་བརྒྱ་ལེན་པར་བཤད། །བུད་མེད་བསྟེན་རུང་ནམ་ཡིན་ན། །རླུང་ནི་སོར་རྩེ་ནས་བུས་པས། །


CMR025_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཐལ་བ་གཏོར་བར་ནུས་པ་དང་། །འོ་དཀར་གསང་རྡོར་གྱིས་རྔུབས་ནས། །ཁ་ནས་འཕུད་པར་ནུས་པ་དང་། །རྒྱ་ཁབ་དར་སྐུད་ཁ་ནས་མིད། །གསང་རྡོར་རྩེ་ནས་འདོན་པ་དང་། །གསང་རྡོར་རྩེ་ནས་རླུང་བུས་པས། །རྐང་དུང་དུང་དཀར་ཕེར་བ་ན། །ཕྱག་རྒྱ་བསྟེན་རུང་ཚད་ཡིན་ཏེ། །རིགས་ངན་མིན་པའི་ཌཱཀི་མ། །ལྔ་བརྒྱ་ཙམ་ལ་འབྲེལ་བཞག་ན། །མཆོག་གི་དངོས་གྲུབ་ཐོབ་པར་བཤད། །དེ་འདྲ་རང་རེའི་སྤྱོད་ཡུལ་མིན། །དངོས་སུ་བུད་མེད་མ་སྤྱོད་ཅིང་། །ལུས་ལ་རེག་ཙམ་མ་བྱས་ཀྱང་། །མིག་གིས་བུད་མེད་མཛེས་མ་མཐོང་། །མ་མཐོང་ན་ཡང་སྐད་ཐོས་ན། །སྐད་མ་ཐོས་ཀྱང་ཡིད་ལ་དྲན། །སྐྱེ་བོའི་དུས་སུ་སྤྱོད་བསྐུང་ངམ། །མིན་ཀྱང་གཞན་གྱི་སྤྱོད་ཐོས་དྲན། །དུད་འགྲོ་གཅིག་ལ་གཅིག་སྤྱོད་མཐོང་། །དེ་འདྲ་གང་རུང་རྐྱེན་བྱས་ནས། །རང་ལ་ཆགས་པ་དྲག་པོ་སྐྱེས། །རང་དབང་མེད་པར་ཐིག་ལེ་འཆོར། །དངོས་སུ་ཅི་ཡང་མ་སྤྱད་ཅིང་། །དེ་ཡིས་སྡོམ་པ་མི་འཆོར་ཡང་། །སྡོམ་པ་གཙང་བར་མི་གྱུར་ཞེས། །འཁྲིག་པ་བདུན་པའི་མདོ་ལས་གསུངས། །འདི་དོན་འོག་ནས་འཆད་པ་ཡི། །བུད་མེད་སྦྱོར་བར་སྒོམ་པ་གཉིས། །འདྲའམ་


CMR025_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

སྙམ་ན་མི་འདྲ་སྟེ། །འདི་ནི་ཐ་མལ་འདོད་ཆགས་ཡིན། །འགོ་དེ་ལྷ་ཡི་ཏིང་འཛིན་དང་། །ལྷ་ལ་མཆོད་པར་བྱ་བ་དང་། །ཉམས་རྟོགས་བོགས་སུ་ཐོན་ཕྱིར་རོ། །རབ་ཏུ་བྱུང་བས་དུད་འགྲོ་མོར། །སྤྱོད་པ་གྲུབ་ཐོབ་མ་གཏོགས་པ། །ཁྱེ་འུ་བཙུན་ཆུང་ལ་སོགས་པའི། །ཁ་དང་གཤང་ལམ་སྤྱད་པ་ནི། །རྟེན་ནི་བུད་མེད་མིན་པའི་ཕྱིར། །སྡོམ་པ་འཆོར་ནི་ཨུ་འཆོར་ཏེ། །རྨ་གསུམ་ཁྱད་པར་མེད་གསུངས་ཕྱིར། །ལྟུང་བ་ཤིན་ཏུ་ཚབས་ཆེན་ཡིན། །བརླ་ཡིས་བར་དུ་བཤུད་པ་ཡིས། །བྱང་སེམས་ཉམས་པར་གྱུར་པ་ནི། །བསམ་བཞིན་ཁུ་བ་ཕྱུང་བ་ཞེས། །དགེ་འདུན་ལྷག་མའི་ལྟུང་བ་ཡིན། །སྡོམ་པ་འཆོར་བར་མི་འགྱུར་ཕྱིར། །རྒྱ་བོད་ཆོས་སྡེ་ཀུན་ཏུ་དར། །ལྟུང་བ་ཆེ་ཆུང་ཅི་ཞེ་ན། །བུད་མེད་ལག་པས་རེག་པ་དང་། །དེ་གཉིས་ལྟུང་བ་མཉམ་པར་བཤད། །དེ་ཉིད་སྤང་བར་མི་ནུས་ན། །ལྟུང་བཤགས་ཡིག་བརྒྱ་འབད་པར་གསུངས། །གོང་དུ་བཤད་པའི་ཉེས་དམིགས་ལ། །སྐག་ནས་མི་གཙང་མི་སྤྱོད་ཅིང་། །སངས་རྒྱས་བྱང་སེམས་མངོན་ཤེས་ཅན། །ལྷ་ཀླུ་གཞི་བདག་ལ་སོགས་པ། །ཅེ་རེ་ལྟ་ཞིང་ཀྲོག་གེ་ཉན། །དེ་དག་ཀུན་ལ་ངོ་ཚ་ཞིང་། །


CMR025_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

སྐྲག་འཇིགས་བསམས་ནས་སྤངས་བ་ནི། །ཉན་ཐོས་ལུགས་ཀྱི་གདམས་ངག་ཡིན། །བདག་དང་གཞན་གྱི་ལུས་འདྲ་ཤར། །རྣག་ཁྲག་གཅིན་སྟུག་མི་གཙང་གང་། །འབུ་སྲིན་སུམ་བརྒྱ་དྲུག་ཅུ་ཚང་། །དེ་དག་བསམ་བཞིན་སྐྱུག་བྲོ་ལྟ། །རྒོད་ཀྱིས་ཟོས་པའི་རྩིང་གོག་ལ། །ཅི་ཡོད་རང་གཞན་ལུས་ལ་ཡོད། །དེ་དག་བསྒོམས་པས་ཆགས་པ་ཞི། །འདོད་ཆགས་གཉེན་པོ་མི་སྡུག་པ། །བསྒོམ་པ་མདོ་ཡི་ལུགས་ཡིན་ནོ། །སེམས་ལ་འདོད་ཆགས་སྐྱེས་མ་ཐག །སྭ་བྷཱ་ཝ་ཡི་སྔགས་ཀྱིས་སྟོང་པར་སྦྱངས། །དེ་ཉིད་ཡི་གེ་ཧཱིར་སྒྱུར། །དེ་ཉིད་འདོད་ཆགས་རྣམ་དག་པ། །སྣང་བ་མཐའ་ཡས་ཡབ་ཡུམ་བསྒོམས། །དེ་ལས་འོད་འཕྲོས་འགྲོ་ཀུན་གྱི། །འདོད་ཆགས་ཐམས་ཅད་སྦྱངས་བྱས་ཏེ། །ཚུར་འདུས་འོད་ཞུ་སྟོང་པར་བསམ། །བདག་ནི་ཚེ་རབས་ཐམས་ཅད་དུ། །མཐོང་ཐོས་དྲན་པའི་འགྲོ་བ་རྣམས། །ཉོན་མོངས་འདོད་ཆགས་རྒྱུན་ཆད་ནས། །ཚུལ་ཁྲིམས་ཕུན་སུམ་ཚོགས་པར་ཤོག །ནམ་ཞིག་བདག་ཉིད་སངས་རྒྱས་པའི། །ཞིང་དེར་འདོད་ཆགས་མེད་གྱུར་ཅིག །དེ་ནི་བསྒྱུར་བའི་ལམ་ཞེས་པ། །བསྐྱེད་རིམ་པ་ཡི་གདམས་ངག་ཡིན། །འདོད་ཆགས་རྟོག་པ་སྐྱེས་


CMR025_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

པའི་ཚེ། །དེ་ཡི་ངོ་བོ་རྣམ་རྟོག་ཡིན། །དེ་ཡི་ངོ་བོར་ཧྲིག་གེ་ལྟ། །གཞི་མེད་སྟོང་པ་ཉིད་དུ་ཡལ། །སོ་སོར་རྟོག་པའི་ཡེ་ཤེས་ཡིན། །ཕྱག་རྫོགས་གཉིས་ཀྱི་མན་ངག་གོ །དེ་ལྟར་མན་ངག་མང་བཤད་ཀྱང་། །འདོད་ཆགས་ཤས་ཆེའི་གང་ཟག་ལ། །དེ་དག་གང་གིས་མི་ནོན་ཏེ། །ཆེ་སྟེ་སྡོམ་པ་འཆོར་བའམ། །ཆུང་སྟེ་བྱང་སེམས་ཉམས་པ་ཡིན། །རྩ་རླུང་ཡོན་ཏན་མེད་པར་འགྱུར། །མོ་གདོན་དྲག་པོས་གནོད་པ་ན། །འདོད་ཆགས་དྲག་པོ་མེ་ལྟར་འབར། །གནས་དེར་སྔོན་དུ་སྡོམ་ཤོར་མང་། །གནས་ཀྱི་གྲིབ་ཀྱིས་འདོད་ཆགས་སྐྱེ། །བུད་མེད་ལ་སོགས་འདོད་ཆགས་སྐྱེ། །དེ་འདྲའི་དཀོར་ཟས་བྱུང་བའི་དུས། །ཟས་ཀྱི་གྲིབ་ཀྱིས་འདོད་ཆགས་སྐྱེ། །ན་གཞོན་ཟས་བཅུད་བཟང་བ་ན། །ལུས་ཟུངས་རྒྱས་པས་ཆགས་པ་སྐྱེ། །རྩ་རླུང་འཁྲུལ་འཁོར་འབད་པ་ན། །ཐིག་ལེ་འཕེལ་བས་ཆགས་པ་སྐྱེ། །དེ་དག་གེགས་སེལ་མ་ཤེས་ན། །གནད་ཀྱི་ཏིང་འཛིན་མི་ལྡན་པར། །བསམ་བཞིན་བྱང་སེམས་བཏང་བ་ན། །གསང་སྔགས་རྩ་བའི་ལྟུང་བར་འགྱུར། །ཉམས་རྟོགས་མི་སྐྱེ་ཚེ་བསོད་འགྲིབ། །སྔར་ནས་མི་ཤེས་མིན་པ་ཡི། །བློ་བུར་


CMR025_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ཆགས་དྲག་པོ་སྐྱེས། །ཐིག་ལེ་དབང་མེད་ཡང་ཡང་འཆོར། །ཡིད་ལ་བུད་མེད་ཁོ་ན་དྲན། །གསང་རྡོར་རྩེ་རུ་སྔར་མེད་པའི། །ཐིག་ལེ་སྨེ་བ་ནག་པོ་བྱུང་། །དེ་ནི་འཆི་བའི་རྟགས་ཡིན་ཏེ། །ཚེ་སྔོན་དམ་ཚིག་ཉམས་པའི་ཕྱིར། །རྡོ་རྗེ་དམྱལ་བར་འགྲོ་བར་གསུངས། །ཡིག་བརྒྱ་བསྙེན་ཅིང་ལྟུང་བཤགས་འདོན། །ཞི་ཁྲོའི་བརྒྱ་ཕྱག་ཡང་ཡང་འཚལ། །དེ་ནི་བཤགས་པའི་གེགས་སེལ་གསུངས། །དངོས་སུ་འདོད་ཆགས་ཆེ་བ་དང་། །རྨི་ལམ་བུད་མེད་སྤྱོད་རྨིས་ནས། །ཐིག་ལེ་ཡང་ཡང་འཆོར་བ་ནི། །འདྲེ་མོས་ཚེ་ལ་བརྐུ་བའི་རྟགས། །ཉལ་ཁ་གསང་རྡོར་ལྕགས་སྲེག་གི །ཕུར་པ་རྣོ་ངར་ལྡན་པར་བསྒོམ། །དེ་ཡིས་ཕན་པར་མ་གྱུར་ན། །བདེན་སྟོབས་བཅས་པས་གནོད་བྱེད་བཀུག །རང་དང་ཁ་སྦྱོར་འཁྱུད་པར་བསྒོམ། །ཕྱི་ནས་སྦྲུལ་ནག་སྟོང་གིས་དཀྲིས། །ཇི་སྲིད་བྱང་ཆུབ་མ་ཐོབ་བར། །ང་དང་ཁྱོད་གཉིས་མི་འབྲལ་ཞིང་། །རྟག་ཏུ་ཆུང་མ་བྱའོ་སྨྲ། །གསང་རྡོར་དུག་སྦྲུལ་ནག་པོར་གྱུར། །མོ་ཡི་ཁོག་པར་ཡར་རྒྱུག་ནས། །གློ་སྙིང་ནང་ཁྲོལ་འདྲད་པ་ཡིས། །མོ་ཉིད་སྐད་རན་ཙེར་ཙེར་འདོན། །ད་ནི་ཁོ་མོ་ཐོངས་མཛོད་དང་། །ཕྱིན་ཆད་གནོད་རེ་ན་


CMR025_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

ར་ཀན། །ཐ་ཚིག་ལན་གསུམ་ཕུལ་བར་བསྒོམ། །དེ་ནས་སྦྲུལ་བཅུད་བཤིག་ལ་བཏང་། །སྙིང་རྗེ་ཐུན་གཅིག་སྟོང་ཉིད་བསྒོམ། །དེ་ནི་དམིགས་པའི་གེགས་སེལ་ཡིན། །བུ་མོ་གཙང་མས་བཀལ་བ་ཡི། །སྲུང་སྐུད་དམར་པོ་འདོམ་ཕྱེད་ཙམ། །མདུད་པ་བདུན་རྒྱབ་སྔགས་འདིས་བསྔགས། །ཡིག་དྲུག་གམ་ནི་རྟ་མགྲིན་སོགས། །ཡི་དམ་སྔགས་ཀྱི་ཤམ་བུ་རུ། །ཧཱ་རེ་པཱ་ར་དྷ་ནི་ཤུབ་ཁྲབ་དྷ་ར་ནི་སེ་ཏུར་ཐེ་སྭཱ་ཧཱ། སྲོད་ཀྱི་དུས་སུ་སྐྱེད་པར་བཅིངས། །གདོན་གྱིས་ཐིག་ལེ་འཕྲོག་པར་གསུངས། །ན་གཞོན་ཟས་ཕུད་བཅུད་ཆེ་ལ། །དཀར་ཕྱོགས་སྨྱུང་གནས་བསྲུངས་བས་སེལ། །གཞན་གྱིས་ད་བྱིད་སྦྱིན་པའམ། །ནད་ཀྱིས་རང་དབང་མེད་པ་ལ། །མ་ནུ་སྒ་སྐྱ་བུལ་ཏོག་དང་། །ཡུངས་བ་བཞི་ཡི་ཐང་བཏང་ན། །མེ་ལ་ཆུ་བཞིན་ཆགས་པ་ཞི། །གནས་ཀྱི་གྲིབ་ཀྱིས་གནོད་པ་ལ། །བགེགས་གཏོར་བཏང་ཞིང་མཚམས་གཅོད་བྱ། །སྨེ་བརྩེགས་གཟུངས་ཆུ་ཁྱིམ་དུ་གཏོར། །རྫོག ཁང་པའི་ཕྱི་ལ་མེ་ལོང་ངོས། །ཁང་པར་བྱབ་ཁྲུས་བྱས་པས་ཕན། །ཟས་ཀྱི་གྲིབ་ཀྱིས་གནོད་པ་ལ། །ཟས་ནོར་གང་ཡིན་བྱུང་མ་ཐག །དེ་ཉིད་བྲན་ལ་གཏོར་བསྔོས་བྱ། །ལྷ་ཡི་


CMR025_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་ལྷག་ཟས་དེ་ནི། །དངོས་གྲུབ་བདུད་རྩིའི་ངོ་བོར་བསྒོམ། །དེ་ཡིས་ཟས་གྲིབ་འབྱུང་མི་སྲིད། །དེ་དག་ཐུན་མོང་སྤྱི་ཡི་ལུགས། །དེ་ནས་ཐུན་མོང་མ་ཡིན་པའི། །གསང་སྔགས་ཉམས་ལེན་ཟབ་མོ་འདི། །དམ་ཚིག་ལྡན་པའི་སློབ་མ་དང་། །དམ་ལྡན་མཆེད་གྲོགས་མ་གཏོགས་པ། །གལ་ཏེ་ཟུར་ཙམ་བརྗོད་ན་ཡང་། །མནར་མེད་དམྱལ་བར་འགྲོ་འགྱུར་ཞིང་། །ཚེ་འདིར་མཁའ་འགྲོའི་སྲོག་གཅོད་པར། །བཅོམ་ལྡན་རྡོ་རྗེ་འཆང་གིས་གསུངས། །དེ་ཕྱིར་གསང་བའི་དམ་ཚིག་རྒྱ། །འདོད་ཆགས་ཆེ་བའི་གང་ཟག་ལ། །འདོད་ཆགས་སྤོང་བར་མི་ནུས་ཏེ། །འདོད་ཆགས་ལམ་དུ་ཁྱེར་ཤེས་ན། །འདོད་ཆགས་ཉིད་ཀྱིས་བྱང་ཆུབ་ཐོབ། །དེ་དོན་བརྟག་གཉིས་རྒྱུད་ལས་གསུངས། །དཔེར་ན་མེ་ཡིས་ཚིག་པ་ལ། །སླར་ཞི་མེ་ཡིས་གདུང་བར་བྱ། །དེ་བཞིན་འདོད་ཆགས་མེས་ཚིག་ལ། །འདོད་ཆགས་མེ་ཡིས་གདུང་བར་བྱ། །སྐྱེ་བོ་མི་བཟད་པ་ཡི་ལས། །གང་དང་གང་གིས་འཆིང་གྱུར་པ། །ཐབས་དང་བཅས་པ་དེ་ཉིད་ཀྱི། །སྲིད་པའི་བཅིངས་ལས་གྲོལ་བར་འགྱུར། །ཆགས་པས་འཇིག་རྟེན་འཆིང་གྱུར་ན། །འདོད་ཆགས་ཀྱིས་ནི་འདོད་ཆགས་


CMR025_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

གྲོལ། །བཟློག་པའི་གོམས་པ་འདི་ཉིད་ནི། །སངས་རྒྱས་མུ་སྟེགས་ཅི་མི་ཤེས། །ཞེས་གསུངས་འདི་ནི་བཟློག་བསྒོམ་ཡིན། །གསང་བ་ནོར་བུ་ཐིག་ལེའི་རྒྱུད། །ས་སྐྱ་པཎ་ཆེན་གྱིས་བསྒྱུར་བ། །དོན་འདི་ཁོ་ནའི་གེལ་རྒྱུད་ཡིན། །གཞན་ཡང་དེ་འདྲའི་རྒྱུད་གསུངས་ཚེ། །མཁའ་འགྲོ་དཔག་ཏུ་མེད་པ་ཡིས། །ཡིད་ཀྱིས་སྦྱོར་བ་བྱེད་བསྒོམ་པའི། །བྲན་དང་ཆུང་མར་ཁས་བླངས་ནས། །འཛམ་བུ་གླིང་པ་འདི་ཉིད་ཀྱི། །གནས་ཆེན་ཀུན་ཏུ་དངོས་སུ་བཞུགས། །མཁའ་འགྲོ་མ་ནི་ཐམས་ཅད་ལ། །ལྷ་ཡི་ཏིང་འཛིན་ལྡན་པའི་ཚེ། །རང་གིས་སྦྱོར་བ་བྱེད་བསྒོམས་ན། །མཆོག་དང་ཐུན་མོང་དངོས་གྲུབ་ནི། །ཇི་ལྟར་འདོད་བཞིན་སྩོལ་བར་མཛད། །ཐིག་ལེ་མ་ཉམས་རྟོགས་པ་འཕེལ། །གལ་ཏེ་ཐིག་ལེ་ཉམས་ན་ཡང་། །གསང་བའི་མཆོད་པ་ཡིན་པའི་ཕྱིར། །ལྟུང་བ་བྱུང་བ་མ་ཡིན་ནོ། །འདི་ནི་ཟབ་ཆོས་ཞི་ཁྲོ་ཡི། །འོག་སྒོ་བདེ་ཆེན་རང་གྲོལ་དང་། །ཟབ་ལམ་གསང་བ་འདུས་པ་དང་། །མཁའ་འགྲོ་སྙིང་ཐིག་ལ་སོགས་པ། །ཨོཾ་རྒྱུན་གསུངས་རྣམས་ཤིན་ཏུ་གསལ། །ཕ་རྒྱུད་གསང་བ་འདུས་པ་དང་། །ཐིག་ལེ་ནོར་བུའི་མདོ་དང་ནི། །


CMR025_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་ལམ་རྡོ་རྗེ་ཚིག་འབྱེད་དང་། །བརྟག་གཉིས་ལམ་འབྲས་ལ་སོགས་པ། །གསར་མའི་གཞུང་ལས་ཤིན་ཏུ་གསལ། །དེ་སོགས་ལུང་འདྲེན་བྲི་མི་ནུས། །བྲིས་ཀྱང་བློ་ཆུང་གོ་བར་དཀལ། །འདི་ནི་དམར་འདོན་ལག་ཁྲིད་ཡིན། །དེ་ཕྱིར་ཐེ་ཚོམ་མ་བྱེད་ཅིག །ཡི་དམ་གང་ལ་སྦྱར་ཀྱང་འདྲ། །འོན་ཀྱང་རང་རེའི་ཡི་དམ་ནི། །རྒྱལ་བ་རྒྱ་མཚོ་དང་སྦྱར་སྐྱོ་ནས། །རྒྱལ་བ་རྒྱ་མཚོའི་སྟོང་རེ་དང་། །རླུང་ནི་ཅུང་ཟད་བྱུང་བ་གཅེས། །གསང་སྔགས་བླ་མེད་རྒྱུད་ཀུན་ནས། །མི་སྤང་བ་ཡི་དམ་ཚིག་ལས། །ཉོན་མོངས་འདོད་ཆགས་མི་སྤང་གསུངས། །བྱང་ཆུབ་སེམས་དཔའ་རྣམས་ཀྱིས་ཀྱང་། །འགྲོ་བའི་དོན་དུ་སྤྲུལ་སྐུའི་རྒྱུ། །འདོད་ཆགས་མི་སྤང་བཞག་པར་གསུངས། །ནཱ་རོ་པཎ་ཆེན་ཞལ་ནས་ཀྱང་། །ཉོན་མོངས་ཡེ་ཤེས་ཆེན་པོ་སྟེ། །ནགས་ལ་མེ་བཞིན་རྣམ་པར་འགྲོགས། །བསྟོད་པ་གླུ་བླངས་རྒྱུད་ལས་ཀྱང་། །མཆོད་པ་ཆེན་པོ་འདོད་ཆགས་ཆེ། །གསུངས་ཕྱིར་འདོད་ཆགས་བསྒོམ་པར་བྱ། །རང་གི་མདུན་དུ་ཐ་མལ་གྱི། །བུད་མེད་མཛེས་ཤིང་ཡིད་འོང་ཞིག །ཆགས་པའི་དབང་གིས་བྱུང་བར་བྷེ། །གཟུགས་ལ་བལྟ་ཞིང་དགོད་པར་བསམ། །དེ་ཡིས་ངོ་བོ་


CMR025_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

རང་སེམས་ལྟ། །གཟུགས་ལ་ཚིགས་པ་སྣང་སྟོང་འཆར། །དེ་ནས་ཆགས་པའི་གཏམ་སྨྲ་ཞིང་། །རྩེ་འཇོའི་གཏམ་རྣམས་བརྗོད་པར་བྷེ། །དེ་ནས་དེ་ཡི་ངོ་བོར་ལྟ། །སྒྲ་ལ་ཆགས་པ་གྲག་སྟོང་འཆར། །དེ་ནས་ཚུར་ལ་མོ་ཉེ་ནས། །ཁ་རླངས་སྒྲ་དྲི་ལུས་དྲི་སོགས། །བྲོ་བས་ཆགས་པ་འཕེལ་བར་བསྒོམ། །དེ་ནས་དེ་ཡི་ངོ་བོར་ལྟ། །དྲི་ཡི་ཆགས་པ་ཚོར་སྟོང་འཆར། །དེ་ནས་ཀ་ར་བུ་རམ་དང་། །ཤ་ཆང་ཞིམ་མངར་བཟའ་བཏུང་རྣམས། །སྦྱིན་ནས་བཟའ་བ་བྱེད་པར་བསྒོམ། །དེ་ཡི་ངོ་བོར་དེ་ཡིས་ལྟ། །རོ་ཡི་ངོ་བོ་མྱོང་སྟོང་འཆར། །དེ་ནས་ཕན་ཚུན་གཅིག་ལ་གཅིག །ལུས་པོར་བྱུག་ཅིང་འཕུར་བར་བསྒོམ། །བཞིན་རས་བལྟ་བ་འཕུར་བར་བསྒོམ། །དེ་ནས་དེ་ཡི་ངོ་བོར་བལྟ། །རེག་བྱའི་ངོ་བོ་ཚོར་སྟོང་འཆར། །དེ་ནས་སྐད་ཅིག་གནས་འགྱུར་ཏེ། །རང་ཉིད་རྒྱལ་བ་རྒྱ་མཚོའི་སྐུ། །རྩ་གསུམ་འཁོར་ལོ་ལྔ་དང་བཅས། །ཚངས་བུག་ཡར་སྣེ་སྤྱི་གཙུག་ཏུ། །ཐིག་ལེ་དངུལ་གྱི་མདོག་ལྟ་བུ། །ཧཾ་ཡིག་མགོ་བོ་ཐུར་བསྟན་མཚན། །དབུ་མའི་མར་སྣེ་གསང་རྡོར་གྱི། །བུ་གའི་ནང་དུ་ཧཱུྃ་ཡིག་ནི། །དམར་པོ་སུམ་བརྩེགས་བཀག་པར་བསྒོམ། །དེ་


CMR025_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

ནས་མདུན་གྱི་བུད་མེད་དེ། །མངོན་རྟོགས་བཞིན་དུ་ཕག་མོར་བསྒོམ། །དེ་ཡི་བྷ་གར་པདྨ་ནི། །དམར་པོ་འདབ་མ་གསུམ་པ་ལ། །བུ་གར་ཕཊ༔ཡིག་སེར་པོས་བཀག །རང་གི་གསང་བའི་རྡོ་རྗེ་ཡང་། །རྡོ་རྗེ་དམར་པོ་རྩེ་གཅིག་བསྒོམ། །དེ་ནས་ཡབ་ཡུམ་ཞལ་སྦྱོར་བསྒོམ། །རྡོ་རྗེས་པདྨ་དལ་བུས་དཀྲུག །བྷ་ག་པདྨའི་ཟེ་འབྲུ་ནས། །འདོད་ཆགས་གཏུམ་མོའི་མེ་འབར་ཏེ། །རྡོ་རྗེའི་བུ་ག་ནས་ཡར་ཞུགས། །རང་གི་དབུ་མའི་ནང་དུ་ཡར། །དམར་དང་ཁྱུག་ཁྱུག་འབར་བ་ཡིས། །སྤྱི་བོའི་ཧཾ་ཡིག་དེ་ཞུ་སྟེ། །ཆབ་བྲོམ་ལས་ནི་ཆུ་འབབ་བཞིན། །ཐིག་ལེ་འོ་མ་ལྟ་བུ་ཡིས། །སྤྱི་བོའི་རྩ་འདབ་ཐམས་ཅད་གང་། །མར་བབ་མགྲིན་པའི་རྩ་འདབ་གང་། །ལུས་སེམས་བག་ཙམ་བདེ་བ་འཆར། །དེ་ཡི་ངོ་བོར་བལྟས་པ་ཡིས། །དགའ་བའི་ཡེ་ཤེས་ཞེས་བྱའོ། །སེམས་ཀྱི་སྒྲིབ་པ་དག་པ་དང་། །བུམ་པའི་དབང་ནི་ཐོབ་པ་ཡིན། །དེ་ནས་ཆགས་པའི་སྣང་བ་རྙེད། །འཁྱུག་ཅིང་རྡོ་རྗེས་དཀྲུག་པར་བསྒོམ། །ཐིག་ལེ་མར་བབ་སྙིང་ཁ་ཡི། །རྩ་གནས་ཐམས་ཅད་གང་བ་ཡིས། །ལུས་སེམས་བདེ་ཉམས་རབ་ཅིག་སྐྱེས། །དེ་ཡི་ངོ་བོར་བལྟས་པ་ཡིས། །བདེ་བ་སྟོང་


CMR025_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

པ་དབྱེར་མེད་འདྲེས། །མཆོག་དགའི་ཡེ་ཤེས་ཞེས་བྱའོ། །ངག་གི་སྒྲིབ་པ་དག་པ་དང་། །གསང་བའི་དབང་ནི་ཐོབ་པ་ཡིན། །དེ་ནས་ཆགས་པ་ཆེར་བསྐྱེད་ལ། །འོ་བྱེད་དམ་དུ་འཁྱུད་པ་དང་། །ཆགས་པའི་སྒྲ་སྐད་སྒྲོག་པར་བསྒོམ། །དེ་ནས་ཐིག་ལེ་ཕྱིར་དབབ་པས། །འདོད་ཆགས་རབ་ཏུ་ཆེར་སྐྱེས་པས། །ལུས་སེམས་བདེ་བས་གང་གྱུར་ནས། །རྣམ་རྟོག་རགས་པ་གཞན་ཀུན་འགག །བདེ་དང་མི་བདེའི་བསམ་པའང་མེད། །དེ་ཡི་ངོ་བོར་བལྟས་པ་ཡིས། །དགའ་བྲལ་ཡེ་ཤེས་ཞེས་བྱའོ། །སེམས་ཀྱི་སྒྲིབ་པ་དག་པ་དང་། །ཤེས་རབ་ཡེ་ཤེས་དབང་དངོས་ཐོབ། །དེ་ནས་ཆགས་པ་ཆེར་སྐྱེས་ལ། །བྷ་གའི་དཀྱིལ་དུ་རིག་པ་གཏད། །དེ་ནས་ཐིག་ལེ་ཕྱིར་དབབ་ནས། །གསང་གནས་རྩ་འདབ་གང་བར་བསྒོམ། །དེ་ནས་བདེ་བ་ཚད་མེད་སྐྱེས། །འདོད་ཆགས་བདེ་བ་ཚབ་ཆེ་བས། །རྣམ་རྟོག་ཀུན་འགག་དྲན་སེམས་མེད། །དེ་ཡིས་ངོ་བོ་མ་མཐོང་ན། །ཉོན་མོངས་འདོད་ཆགས་དྲག་པོ་ཡིན། །དེ་ཡི་ངོ་བོར་བལྟས་པ་ཡིས། །བདེ་དང་སྟོང་པ་དབྱེར་མེད་འདྲེས། །ལྷན་ཅིག་སྐྱེས་དགའི་ཡེ་ཤེས་ཞེས། །དཔེ་ཡི་ཕྱག་རྒྱ་ཆེན་པོ་


CMR025_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །དཔེ་འདི་མཐོང་བར་མ་གྱུར་ན། །དོན་གྱི་ཕྱག་ཆེན་མི་རྟོགས་གསུངས། །འདི་ལྟར་ཐིག་ལེ་འབེབས་པ་ཡང་། །ལུས་ཟུངས་བཟང་ཞིང་ཆགས་པ་ཆེ། །དེ་ལྟར་འཁྲུལ་འཁོར་མི་དགོས་ཏེ། །དམིགས་པ་ཁོ་ནས་ཐིག་ལེ་ཕེབས། །བཙན་ཐབས་དུ་ནི་འཆོར་འགྲོ་བས། །དལ་བུས་ངལ་ནི་བསོ་ཞིང་འབེབས། །དེ་དོན་མི་ལ་རས་ཆེན་གྱིས། །འབེབས་པ་རུས་སྦལ་འགྲོས་ཀྱིས་འབེབས། །གསུངས་པ་དལ་བུས་དགོས་པའི་དོན། །རྩ་རླུང་གོམས་པར་མ་གྱུར་པས། །བདེ་བ་རིབ་ཅིག་སྐྱེས་པ་ན། །བཟློག་དགོས་དེ་མིན་བཟློག་མི་ཐུབ། །བཟློག་པའི་དམིགས་པ་འདི་ལྟར་ཏེ། །རིག་པ་སྤྱི་བོའི་ཧཾ་ལ་གཏད། །གསང་གནས་རྩ་འཁོར་ནས་བཟུང་སྟེ། །ཆུ་ཆེན་རླབས་ནི་གྱེན་ལོགས་བཞིན། །རྩ་འཁོར་རྣམས་ནས་རིམ་པར་བསྡུས། །སྤྱི་བོའི་ཧཾ་ལ་ཐིམ་པར་བསྒོམ། །དེས་ཀྱང་བཟློག་པར་མ་ནུས་ན། །གསང་གནས་རྡོ་རྗེའི་རྩ་བ་ནས། །ཐིག་ལེ་སྐར་མདའ་བརྒྱུགས་པ་བཞིན། །ཡང་ཡང་སྤྱི་བོའི་ཧཾ་ལ་བསྟིམ། །གལ་ཏེ་འཆོར་དོགས་མ་བྱུང་བར། །རང་དབང་ཐོབ་པར་བྱུང་བ་ནི། །གསང་གནས་ཐིག་ལེ་ཡར་ལོགས་ཏེ། །ལྟེ་བའི་རྩ་འདབ་གང་


CMR025_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

བར་བསྒོམ། །དེ་ཡི་ངོ་བོར་བལྟས་པ་ཡིས། །མས་བསྟན་དགའ་བ་གཉིས་པ་ཡིན། །དེ་ནས་ཐིག་ལེ་ཡར་ལ་གོ་བཟློག་སྟེ། །སྙིང་ཁའི་རྩ་འདབ་གང་བར་བསྒོམ༔ །སེམས་རྒྱུད་དགའ་བ་འདྲ་ཅིག་འབྱུང་། །མས་བརྟན་དགའ་བ་གཉིས་པ་ཡིན། །དེ་ནས་ཐིག་ལེ་ཡར་བཟློག་པས། །མགྲིན་པའི་རྩ་འདབ་གང་བར་བསྒོམ། །ལུས་སྟོད་ཚད་འཁྱིལ་འདྲ་བ་འབྱུང་། །མས་བརྟན་དགའ་བ་གསུམ་པ་ཡིན། །དེ་ནས་ཐིག་ལེ་གྱེན་དུ་བཟློག །ཐམས་ཅད་སྤྱི་བོའི་ཧཾ་ལ་བསྟིམ། །འདོད་ཆགས་བདེ་བ་ཐམས་ཅད་ཡལ། །མས་བརྟན་དགའ་བ་བཞི་པ་ཡིན། །གལ་ཏེ་རྩ་རླུང་མ་འབྱོང་ངམ། །ཆགས་པ་ཆེན་པོས་ལུས་ཟུངས་རྒྱས། །མྱུར་དུ་འཁྱོར་གྲབས་བྱུང་བ་ན། །གསང་གནས་རྩ་བའི་ཐིག་ལེ་དེ། །དབུ་མའི་ལམ་ནས་མདའ་འཕང་ལྟར། །ནམ་མཁའ་མཐོན་པོའི་དབྱིངས་སུ་འཕེང་། །ནམ་མཁའ་མཐོན་པོའི་དབྱིངས་དེ་དང་། །སེམས་དང་ཐིག་ལེ་དབྱེར་མེད་བསྲེས། །དེ་ཡི་ངོ་བོར་ཡུན་རིང་ལྟ། །དེ་ནི་བཟློག་ཐབས་དྲག་པོ་ཡིན། །དེ་རྣམས་དམིགས་པའི་བསྐོར་ཡིན་ཏེ། །ལུས་ཟུངས་ཧ་ཅང་མི་བཟང་དང་། །ཆགས་པ་ཆུང་བའི་


CMR025_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་ལ་ནི། །དམིགས་པས་ཐིག་ལེ་འབེབས་མི་ནུས། །དམིགས་པ་འཁྲུལ་འཁོར་གཉིས་ཀ་དགོས། །དམིགས་པ་མེད་པའི་འཁྲུལ་འཁོར་ནི། །ཐ་མལ་ཉོན་མོངས་ཡིན་པས་སྤང་། །ཡབ་ཡུམ་འཁྱུད་པར་བསྒོམ་པའི་ཚེ། །སྤྱས་མོ་ཙོག་པུར་གྱེན་དུ་སློང་། །།ཡུམ་ལ་འཁྱུད་པར་བྷེ་ནས་ཀྱང་། །ལག་པས་པུས་མོ་དམ་འཁྱུད་ཅིང་། །ལོང་བུའི་བར་དུ་རྡོ་རྗེ་བཞག །རིག་པ་བྷ་གའི་དཀྱིལ་དུ་གཏད། །འོག་སྒོ་འབྱེད་འཛུམ་འགའ་རེ་བྱ། །དེ་ནི་ཆོས་དྲུག་རྣམས་ནས་བཤད། །དེས་ཀྱང་ཕེབས་པར་མ་གྱུར་ན། །ལག་པ་གཡས་གཡོན་གང་རུང་གི །སོར་མོ་མཁའ་འགྲོ་སྡེ་ལྔར་བསྒོམ། །ཁ་ཡི་ཆབ་ཀྱིས་བརླན་བྱས་ལ། །རྡོ་རྗེ་དལ་བུས་ཉུག་བྱས་ཏེ། །དྲག་ན་མྱུར་དུ་འཁྱོར་ཉན་ཆེ། །རང་གི་ལག་གིས་རྡོ་རྗེ་མཆོག །ཡང་ནས་ཡང་དུ་གསོར་བྱེད་པ། །འདི་དོན་ཟབ་ལམ་གསང་འདུས་དང་། །ཞི་ཁྲོའི་གཞུང་ནས་གསལ་བོར་གསུངས། །ཐིག་ལེ་འབེབས་པའི་འཁྲུལ་འཁོར་ཡིན། །ཧཱུྃ་ཡིག་བསྒོམས་པས་མ་ཁོག་ཅིང་། །ཐིག་ལེ་འཆོར་བ་དོགས་པའི་ཚེ། །ཆུ་སྲིན་གྲེ་འགག་འཁྲུལ་འཁོར་ནི། །ལག་པ་གཡས་གཡོན་གང་བདེ་བའི། །མཛུབ་མོ་གུང་མོ་གཉིས་པོ་


CMR025_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

ཡིས། །འོག་སྒོ་གསང་གནས་གཉིས་ཀྱི་མཚམས། །ཐིག་ལེ་རྒྱུ་བའི་རྩ་བོ་ཆེ། །དྲག་ཏུ་མནན་པས་ཐེམ་འཆར་འདྲ། །ཐིག་ལེ་བཟུང་བའི་འཁྲུལ་འཁོར་ཟབ། །ཐིག་ལེ་བཟློག་པའི་འཁྲུལ་འཁོར་ནི། །འོག་སྒོ་དང་ནི་ཞྭ་བཞི་གློད། །ལྕེ་ནི་ཡ་རྐན་དག་ལ་སྦྱར། །ལྟོ་བ་རྒྱུ་མ་སྒལ་པར་སྦྱར། །མིག་ནི་གྱེན་ལྡོག་ནམ་མཁར་བལྟ། །རླུང་ནི་གྱེན་དུ་འདྲེན་བཞིན་དུ། །ཧཱུྃ་རིང་ཧིང་རིང་ཧྲིང་རིང་བསྒྲང་། །རྡོ་རྗེ་ཞི་བར་མ་གྱུར་བར། །ཆུ་སྲིན་གྲེ་འགག་མི་གཏོང་བསྡམ། །འཁྲུལ་འཁོར་འདི་དག་གཞུང་རྣམས་སུ། །བརྡའ་ཚིག་གོ་བར་དཀའ་བ་སྟེ། །འདི་ནི་རྗེན་བུར་དམར་འདོན་བྲིས། །གང་ཟག་སྐལ་པ་ཞན་པ་དང་། །ཆགས་པ་ཤས་ནི་ཆུང་བ་རྣམས། །ལྷ་ནི་ཡབ་ཡུམ་བསྒོམས་པ་ལ། །ཆགས་པ་སྐྱེས་པར་མི་འགྱུར་ཞིང་། །ཐིག་ལེ་འབེབས་པར་མི་ནུས་པས། །དགའ་བཞི་ཡེ་ཤེས་ངོ་མི་འཕྲོད། །དེ་ལ་གདམས་ངག་འདི་ལྟར་གསུངས། །དང་པོ་བདག་དང་ཡུམ་གཉིས་པོ། །དང་པོ་ཡི་དམ་ཡབ་ཡུམ་བསྒོམ། །དེ་ནས་དེ་ཉིད་འོད་ཞུ་བས། །རང་ཡང་བཙུན་གཟུགས་མ་ཡིན་པའི། །རྣལ་འབྱོར་གྲུབ་ཐོབ་གཟུགས་སུ་བསྒོམ། །ཡུམ་ནི་རང་


CMR025_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཡིད་ཡུལ་དུ། །གང་འཐད་ཐ་མལ་བུད་མེད་བསྒོམ། །དེ་བས་སྦྱོར་བའི་དམིགས་པ་རྣམས། །གོང་དུ་བཤད་པ་ལྟ་བུར་བསྒོམ། །འཁྲུལ་འཁོར་གང་དགོས་སྐབས་དང་བསྟུན། །ཐིག་ལེ་བཟློག་པར་ཐུབ་མ་ཐུབ། །ཆུ་སྲིན་གྲེ་འགག་གློད་པའི་དུས། །ལག་པའི་མཐིལ་དུ་རྡོ་རྗེ་བཙིར། །ཐིག་ལེ་ཅི་འདུག་དེར་བླུག་བལྟས། །དཀར་པོ་ཞོ་འམ་སྣབ་འདྲའི་གསེབ་།ཟར་མའི་འབྲུའམ་ཡུངས་དཀར་ཙམ། །དཀར་ལ་སྔོ་བའི་མདང་ཆགས་པ། །ཐར་ཐོར་བྱུང་ན་དྭངས་མའི་བཅུད། །བུད་མེད་ལ་སོགས་སྲིད་འབྱུང་རྒྱུ། །ཉམས་ན་ཉེས་པ་ཆེ་བ་དང་། །བཟུང་ན་ཉམས་རྟོགས་འཕེལ་རྒྱུ་ཡིན། །དེ་འདྲ་མེད་པའི་དཀར་པོ་ནི། །སྣབ་འདྲ་ཅུང་ཟད་སླ་བ་ནི། །དྭངས་མའི་སྙིགས་མ་ཡིན་པར་བཤད། །ཉམས་ཀྱང་ཉེས་པ་ཆུང་བ་དང་། །བཟུང་ཡང་ཤ་ཉམས་རྒྱས་ཙམ་ལས། །ཕན་ཡོན་ཆེན་པོ་མེད་པར་གསུངས། །དཀར་པོ་ལ་སོགས་མདོག་མེད་པར། །བ་གླང་ཁ་ཆུ་འདྲ་བ་ཡི། །ཉག་མ་ཡོད་པའི་བརླན་དེ་ནི། །སྙིགས་མའི་སྙིགས་མ་ཡིན་པ་སྟེ། །བཟུང་ཡང་དེ་ཉིད་མི་ཟིན་ཏེ། །ཤོར་ཡང་ཉེས་པ་མེད་པར་གསུངས། །དེ་ཉིད་མ་གཏོགས་དཀར་པོའི་རིགས། །


CMR025_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

བིགྷ་ནན་ཏ་ཀྲི་ལ་སོགས་བསྔགས། །བཟླས་པས་བྱིན་གྱིས་བརླབས་བྱས་ནས། །དྲོད་མ་ཡལ་བར་བཏུང་བར་བྱ། །དེ་ལ་བཙོག་པའི་འདུ་ཤེས་ན། །གསང་དབང་དམ་ཚིག་རྩ་ལྟུང་ཕོག །དེ་དོན་བརྟག་གཉིས་རྒྱུད་ལས་ནི། །ངེས་པར་བློ་དང་སྟོབས་ཀྱིས་ཕྱིར། །ག་པུར་མཁས་པས་མི་སྤང་སྟེ། །ངེས་པར་བློ་དང་སྟོབས་ཀྱིས་ཕྱིར། །མི་འཆི་ལྕེ་ཡིས་བླངས་ཞེས་གསུངས། །ཅི་ཕྱིར་གསང་བའི་བདུད་རྩི་ཡིན། །གལ་ཏེ་འདོད་ཆགས་ཤུགས་ཆེ་བས། །ཐིག་ལེ་ཐམས་ཅད་ཤོར་ན་ཡང་། །འཐུང་ན་ཉེས་ལྟུང་མེད་པར་གསུངས། །དེ་ཡང་དྲོད་མ་ཡལ་དགོས་ཏེ། །དྲོད་ཡལ་ན་ནི་ནད་དུ་འགྱུར། །དོན་དེ་ཤེས་པས་ནམ་དུ་ཡང་། །འདོད་ཆགས་དྲག་པོས་གདུང་བའི་ཚེ། །ཡབ་ཡུམ་སྦྱོར་བའི་དམིགས་པ་དང་། །འཁྲུལ་འཁོར་བཅས་པས་ཐིག་ལེ་དབབ། །འདོད་ཆགས་འདོད་པས་ཚིམས་བྱས་ཏེ། །ཐིག་ལེ་བཟུང་བཟློག་དམིགས་པ་བྱ། །གལ་ཏེ་མ་ཟིན་མ་བཟློག་ན། །།གང་ལྟར་མ་གུད་བཏུང་བར་བྱ། །ཐིག་ལེ་ཉམས་པའི་ཉེས་པ་དང་། །ལྟུང་བ་གང་གིས་མི་གོས་པས། །གསང་སྔགས་རྒྱུད་གཞུང་ཀུན་ནས་གསུངས། །དེ་ནས་དེ་ཡི་ལས་ཚོགས་


CMR025_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །རང་ཉིད་སྤྱན་རས་གཟིགས་དབང་བྷྱོ༔ །སྒྲོལ་མ་དཀར་སྔོན་དམར་མོ་སོགས། །ཡུམ་དུ་བསྒོམས་ནས་སྦྱོར་མཆོད་ཕུལ། །སྦྱོར་མཚམས་བྱང་སེམས་འོད་ཟེར་གྱིས། །སྒྲོལ་མ་དཔག་མེད་འཇིག་རྟེན་བཀང་། །འཇིགས་པ་བཅུ་དྲུག་ཀུན་བསལ་ནས། །ཚུར་འདུས་རང་ཉིད་ཡབ་ཡུམ་ཐིམ། །འཇིགས་པ་བཅུ་དྲུག་ཞི་བར་འགྱུར། །ལོ་མ་ཅན་དང་སྦྱོར་བར་བསྒོམ། །སྦྱོར་མཚམས་ལྷ་མོ་གྲངས་མེད་འཕྲོས། །ཡམས་ནད་རིམས་ནད་ཐམས་ཅད་བཅད། །ཚུར་འདུས་རང་ལ་ཐིམ་བསྒོམས་ན། །མི་ནད་ཕྱུགས་ནད་གཅོད་པའི་ཟླུམཆོག །ཀུ་རུ་ཀུ་ལེར་སྦྱོར་མཆོད་ཕུལ། །སྦྱོར་མཚམས་ལྷ་མོ་གྲངས་མེད་འཕྲོས། །སྣང་སྲིད་ཐམས་ཅད་དབང་དུ་སྡུད། །ཚུར་འདུས་ཡུམ་ལ་ཐིམ་བསམས་པས། །དབང་སྡུད་ཀུན་གྱི་མཆོག་ཏུ་འགྱུར། །ནོར་རྒྱུན་མ་ལ་སྦྱོར་མཆོད་ཕུལ། །སྦྱོར་མཚམས་ལྷ་མོ་གྲངས་མེད་སྤྲོས། །འབྲུ་དང་རིན་ཆེན་ཆར་པ་ཕབ། །ཚུར་འདུས་རང་དང་ཡུམ་ལ་ཐིམ། །དངོས་གྲུབ་ཀུན་གྱི་མཆོག་ཏུ་འགྱུར། །རང་ཉིད་རྟ་མགྲིན་གཙོ་རྐྱང་བསྐྱེད། །གསང་བ་ཡེ་ཤེས་ཡུམ་དང་སྦྱོར། །སྦྱོར་མཚམས་རྟ་མགྲིན་གྲངས་མེད་སྤྲོས། །གནོད་བྱེད་ཐམས་ཅད་


CMR025_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

དབྱུག་ཐོས་བརྡུང་། །མེ་དཔུང་གིས་བསྲེག་རང་ལ་ཐིམ། །དེ་བཞིན་རང་ཉིད་ཕྱག་བཞི་པར། །བསྒོམས་ནས་དུད་སོལ་མ་དང་སྦྱོར། །དེ་ནས་རང་ཉིད་བེར་ནག་ཅན། །རང་བྱུང་རྒྱལ་མོར་སྦྱོར་བར་བསྒོམ། །ལྷ་མོའི་སྒྲུབ་ཐབས་མཆོག་ཏུ་གསུངས། །དཔེར་ན་སྐྱེས་པ་བཞིན་བཟང་བ། །རྡོ་རྗེ་ཆེ་ཞིང་ཤུགས་དྲག་པས། །བུད་མེད་གཞོན་ནུར་སྦྱོར་བྱས་ན། །བུད་མེད་དེ་ནི་དེ་ལ་དགའ། །དེ་བཞིན་རྣལ་འབྱོར་ཏིང་འཛིན་ལྡན། །མཁའ་འགྲོ་རྣམས་ལ་སྦྱོར་བསྒོམས་ན། །མཁའ་འགྲོ་མ་རྣམས་དེ་ལ་མཉེས། །མཆོག་དང་ཐུན་མོང་དངོས་གྲུབ་སྦྱིན། །གསང་མཆོད་མཆོད་པའི་མཆོག་ཡིན་པས། །ཕྱི་ཡི་མཆོད་རྫས་ཅི་བཟང་ཡང་། །རྣལ་འབྱོར་གཞན་ལ་དགའ་བ་མེད། །དེ་དག་དཔེ་དོན་རྒྱ་ཆེར་འགྱུར། །ཐིག་ལེ་ནོར་བུའི་རྒྱུད་ནས་གསུངས། །ཤེས་རབ་ཡེ་ཤེས་དབང་ཐོབ་ནས། །ཞག་པོ་རེ་ལ་ལན་རེ་རེ། །སྦྱོར་བའི་དམིགས་པ་མ་བསྒོམས་ན། །དབང་གི་དམ་ཚིག་ཉམས་པའི་ཕྱིར། །ལྷ་རྣམས་ཞལ་སྦྱོར་བསྒོམ་དགོས་པའི། །གསང་བའི་གནད་འགག་དེ་ཡིན་ནོ། །བཀའ་བརྒྱུད་བདེ་མཆོག་སྙན་བརྒྱུད་དང་། །གསར་མའི་གསང་འདུས་ཆོ་ག་


CMR025_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ལས། །འདི་དག་རྒྱུན་དུ་འདོན་བྱར་ཡོད། །འོན་ཀྱང་གསང་སྔགས་མི་ཤེས་པས། །འདོན་ཆ་ཆོས་སྤྱོད་ལྟ་བུ་སོགས། །ཁྱད་པར་གནད་ཀྱི་མན་ངག་ཅིག །ཆགས་པ་རིམ་དུ་ཆེ་བ་ཡི། །ཐིག་ལེ་སྟོང་པར་མི་འདོད་ཅིང་། །བཟུང་བའི་བསམ་པ་ཡོད་ན་ཡང་། །བཟུང་བཟློག་གཏན་ནས་མི་ཐུབ་ན། །ཡུམ་གྱི་བྷ་གའི་ནང་དེ་རུ། །ཡི་དམ་དཀྱིལ་འཁོར་ཚང་བར་བསྒོམ། །དེ་ལ་གསང་མཆོད་འབུལ་བར་བསྒོམ། །ཐིག་ལེ་གཞན་དུ་མ་བོ་བར། །རང་གི་ལག་མཐིལ་རྫོགས་པར་གཏོང་། །ཨ་མྲྀ་ཏ་སོགས་སྔགས་ཀྱིས་བཏབ། །གོང་ལྟར་ལྷག་མེད་བཏུང་བྱས་ལ། །རང་གི་རྩ་གནས་མེར་གྱིས་གང་། །གསང་བའི་དབང་མཆོག་ཐོབ་པར་བསྒོམ། །དེ་ཡིས་ལྟུང་བ་མི་འབྱུང་ངེས། །གྲངས་ཀྱི་མང་ཉུང་རུང་མི་རུང་། །གསུམ་པའི་དམ་ཚིག་ནོས་གསུངས་ལྟར། །ཞག་རེ་ལན་རེ་རུང་བ་དང་། །ལྷ་མོའི་དམ་ཚིག་ནས་གསུངས་ཕྱིར། །ལྷ་མོར་བསྒོམ་པ་རེ་ཡང་རུང་། །མང་ཡང་ལྟུང་བ་མི་འབྱུང་སྟེ། །བསྐྱེད་རིམ་དཀྱིལ་འཁོར་གསལ་ཕྱིར་རོ། །འོན་ཀྱང་ཧ་ཅང་མང་བ་ན། །རླུང་ནད་མཁལ་སྲིན་ལྡང་ཉེན་ཡོད། །དཔལ་ལྡན་ལྷ་མོའི་རྒྱུད་རྣམས་ནས། །ཟླ་བ་ཡར་


CMR025_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

མར་ངོ་རེ་ལ། །ལྷ་མོར་སྦྱོར་བའི་དམིགས་པ་མ་བྱས་ན། །དཔལ་ལྡན་ལྷ་མོའི་དམ་ཚིག་ཉམས་པར་གསུངས། །འདི་ལྟར་འདོད་ཆགས་ལམ་དུ་འཁྱེར་བའི་ཚུལ། །འདོད་ཆགས་ཉིད་ཀྱིས་འདོད་ཆགས་འཇོམས་བྱེད་པ། །འདོད་ཆགས་མ་སྤངས་སངས་རྒྱས་ཐོབ་པའི་ཐབས། །འདུལ་ཁྲིམས་སྡོམ་པ་ཞུས་པའི་གང་ཟག་གིས། །སྡོམ་པ་མཐར་ཕྱིན་བསྟན་ལ་ཕན་པའི་ཐབས། །ཉོན་མོངས་འདོད་ཆགས་རྒྱུན་དུ་སྤྱད་བྱས་ནས། །ཉེས་ལྟུང་མི་གོས་ཉམས་རྟོགས་འཕེལ་བའི་ཐབས། །གསར་རྙིང་བླ་མེད་རྒྱུད་ཀྱི་སྙིང་ཁུ་སྟེ། །མ་མོ་མཁའ་འགྲོ་ཀུན་གྱི་སྙིང་ཁྲག་ཡིན། །རྩ་རླུང་རྒྱུས་ཡོད་དམ་ཚིག་གཙང་མ་དང་། །འགྱུར་མེད་དད་པ་མོས་གུས་ལྡན་ལ་སྟོན། །གསང་སྔགས་རྒྱུས་མེད་ཐེག་དམན་ཉན་ཐོས་དང་། །གྲུབ་མཐའ་མི་གཅིག་ལོག་ལྟ་གཤེ་སྐུར་མཁན། །དེ་འདྲར་བསྟན་ན་སྟོན་མཁན་ལྟ་མཁན་གཉིས། །མ་གཅིག་དཔལ་ལྡན་ལྷ་མོ་དཔོན་གཡོག་དང་། །ཤ་ཟ་མཁའ་འགྲོ་ཀུན་གྱིས་ཚོགས་སུ་རོལ། །དམ་ཚིག་མོས་གུས་ལྡན་པའི་རྗེས་འཇུག་གིས། །འདི་ཉིད་ཉམས་སུ་ལེན་པར་བྱེད་པའི་ཚེ། །ཡེ་ཤེས་མཁའ་འགྲོ་ཀུན་གྱིས་བྱིན་གྱིས་རློབས། །ལས་ཀྱི་མཁའ་


CMR025_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་ཀུན་གྱིས་དངོས་གྲུབ་བྱིན། །འཇིག་རྟེན་མཁའ་འགྲོ་ཀུན་གྱིས་ཕྲིན་ལས་བསྒྲུབ། །རྩ་གནས་མཁའ་འགྲོ་ཀུན་གྱིས་བདེ་སྟོང་སྦྱོར། །ཤ་ཟ་མཁའ་འགྲོ་ཀུན་གྱིས་བསྟན་པ་སྲུང་། །ཁྱད་པར་མ་གཅིག་ལྷ་མོ་དཔོན་གཡོག་གིས། །ལུས་དང་གྲིབ་བཞིན་སྲུང་སྐྱོབས་མེལ་ཚེ་མཛོད། །ཅེས་པ་དགེ་སློང་པདྨ་བསོད་ནམས་ཀྱིས། །ཚེས་བརྒྱད་སྨན་ལྷ་ཆག་མེད་འདོན་པ་ཡི། །ཁས་ལེན་མཎྜལ་དང་བཅས་ཞུས་པའི་ངོར། །སྔགས་འཆང་རྣལ་འབྱོར་རཱ་ག་ཨ་སྱ་ཡིས། །ལུང་འདྲེན་ལ་སོགས་སྤྲོས་པ་ཀུན་བྱས་ཏེ། །ཉིན་གུང་ཐུན་གཅིག་ལ་ནི་རྫོགས་པར་སྨྲས། །སློབ་བུ་དད་ལྡན་པདྨ་ཐབས་མཁས་ཀྱིས། །རྫུ་འཕྲུལ་ལྟ་བུས་རེག་ཟིན་ཉིད་དུ་བྲིས། །འདི་ལ་གསང་སྔགས་སྦ་འོས་གསལ་བཀོད་པའི། །ཉེས་འགལ་མ་མོ་མཁའ་འགྲོའི་ཚོགས་ལ་བཤགས། །དགེ་བས་རྗེས་འཇུག་ཚུལ་ཁྲིམས་མཐར་ཕྱིན་ཤོག །སརྦ་མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལས་དབང་གསུམ་ཤེས་རབ་ཡེ་ཤེས་དབང་གི་ཉམས་ལེན།next