Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་གྱི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ་བླ་མེད་རྡོ་རྗེ་ཐེག་པའི་ལམ་རིམ་ཇི་ལྟ་བ་མ་ནོར་བ།
   
   
   
   
   
   
   
   
   
   
   
   
   
   


 
previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་གྱི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ་བླ་མེད་རྡོ་རྗེ་ཐེག་པའི་ལམ་རིམ་ཇི་ལྟ་བ་མ་ནོར་བ།next

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་གྱི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ་བླ་མེད་རྡོ་རྗེ་ཐེག་པའི་ལམ་རིམ་ཇི་ལྟ་བ་མ་ནོར་བ།


CMR025_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་གྱི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ་བླ་མེད་རྡོ་རྗེ་ཐེག་པའི་ལམ་རིམ་ཇི་ལྟ་བ་མ་ནོར་བ་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR025_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། བླ་མ་ཡི་དམ་དབྱེར་མེད་པའི། །ཐུགས་རྗེ་ཅན་ལ་ཕྱག་འཚལ་ནས། །དེ་ཡི་རྫོགས་རིམ་མན་ངག་འབྲི། ཆོས་བདག་སྲུང་མས་བཀའ་གནོང་ཞིང་། །དགོངས་པ་བཀྲོལ་བར་མཛད་དུ་གསོལ། །དེ་ཡང་པདྨ་ཟབ་པའི་རྒྱུད་ཀྱི་རྒྱལ་པོ་ལས། མཆོག་ནས་མཆོག་གི་སེམས་ཅན་ལ། །ཟབ་དང་རྒྱ་ཆེའི་ཆོས་རྣམས་བསྟན། །ཤེས་རབ་ཕུན་སུམ་ཚོགས་པ་ལ། །ཆོས་ཀྱི་རྣམ་གྲངས་ཆེན་པོ་བསྟན། །ཞེས་གསུངས་པ་ལྟར། དབང་ཐོབ་ཅིང་དམ་ཚིག་དང་ལྡན་པས། བསྐྱེད་རིམ་བརྟན་ཅིང་བསྙེན་སྒྲུབ་ཚད་དུ་འཁྱོལ་བའི་གང་ཟག །རྫོགས་རིམ་


CMR025_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་པ་དང་རྒྱ་ཆེ་བའི་གདམས་པ་འདི་ལ་འཇུག་པར་བྱའོ། །དེ་ཡང་གོ་བར་བྱ་བ་དེ་དང་པོ་གོ་བར་བྱས་ལ། དེ་ནས་ཉམས་སུ་ལེན་རྒྱུ་གང་ཡིན་དེ་ཉམས་སུ་ལེན་དགོས་སོ། །དེ་མ་ཡིན་པར་ཉམས་སུ་བླང་ཡང་འབེན་མ་མཐོང་བའི་མདའ་དང་འདྲ་གར་འགྲོ་ཆ་མེད་ཡིན། དེ་ལ་སྤྱིར་མི་ལུས་ཐོབ་དཀའ། ཁྱད་པར་དལ་འབྱོར་ཆོས་ལྡན་གྱི་ལུས་ཐོབ་དཀའ། བསྐལ་བཟང་སངས་རྒྱས་སྟོང་གི་ནང་ནས་ཀྱང་ཤཱཀྱ་ཐུབ་པའི་བསྟན་པ་འདི་མ་གཏོགས། གསང་སྔགས་བླ་མེད་འདིའི་བསྟན་པ་མི་འབྱུང་། ཅུང་ཟད་འབྱུང་བ་ཡང་གཅིག་བརྒྱུད་ལྟ་བུ་ལས་ཀུན་གྱིས་ཐོབ་པར་མི་


CMR025_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

འགྱུར། གསང་སྔགས་ཉམས་སུ་ལེན་པ་ལ་ཁམས་དྲུག་ལྡན་རྡོ་རྗེའི་ལུས་འཛམ་བུ་གླིང་གི་མི་ལུས་འདི་མིན་པ་མི་འོངས། དུས་ཀྱང་སྙིགས་མ་ལྔའི་དུས་འདིར་གསང་སྔགས་ཉམས་སུ་ལེན་པའི་དུས་ཡིན། བྱང་ཆུབ་སེམས་དཔའ་རྒྱུ་མཚན་ཉིད་ཀྱི་ཆོས་ཀྱིས་བསྐལ་པ་གྲངས་མེད་གསུམ་ན་སངས་རྒྱས། བྱ་རྒྱུད་སྤྱོད་རྒྱུད་མི་ཚེ་དྲུག་ཅུ། རྣལ་འབྱོར་རྒྱུད་མི་ཚེ་བཅུ་དྲུག་ལ་སངས་རྒྱས། བླ་མེད་རྡོ་རྗེ་ཐེག་པ་འདིའི་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས། དེའི་ནང་ནས་ཟབ་མོ་རྩ་རླུང་ཐིག་ལེའི་གདམས་པ་བསྒོམས་ནས། རབ་ཀྱིས་རབ་སྐད་ཅིག་བཅུ་དྲུག །རབ་ཀྱི་འབྲིང་ཟླ་བ་དྲུག །རབ་ཀྱི་ཐ་མ་ལོ་གཅིག །འབྲིང་གི་རབ་ལོ་གསུམ། འབྲིང་གི་འབྲིང་ལོ་དྲུག །འབྲིང་གི་ཐ་མ་ལོ་བཅུ་གཉིས། ཐ་མའི་རབ་ཚེ་འདི་ལ། ཐ་མའི་འབྲིང་འཆི་དུས་སམ་བར་དོ། ཐ་མའི་ཐ་མ་སྐྱེ་བ་ཕྱི་མ། ཡང་ཐའི་སྐྱེ་བ་བདུན་ཚུན་ལ་སངས་མི་རྒྱ་མི་སྲིད། དེ་ལ་སངས་མ་རྒྱས་ན་དམ་ཚིག་ཆགས་པའི་རྟགས་ཡིན་ལན་གཅིག་ངན་སོང་དུ་འགྲོ་དགོས། དེར་སྡུག་བསྔལ་ཚབ་ཆེ་ལ་ཡུན་ཐུང་བ་གཅིག་མྱོང་ནས། སླར་ཆོས་འདི་དང་མཇལ་ཏེ། མྱུར་དུ་འབྲས་བུ་ཐོབ། དེའི་དོན་རྣམས་ལ་བསམས་ནས་ཆོས་


CMR025_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ལ་སྙིང་རུས་བྱའོ། །དེ་ལ་ཐོག་མར་སྐྱབས་འགྲོ་ནས་བཟུང་སྟེ། ཕྱི་མདོའི་ལུགས་དང་ཅུང་ཟད་མི་འདྲ་བ་སྨོས་ཅི་དགོས། བྱ་སྤྱོད་རྣལ་འབྱོར་རྒྱུད་དང་ཡང་མི་འདྲ་བླ་མེད་བསྐྱེད་རིམ་པའི་ལུགས་དང་ཡང་ཅུང་ཟད་མི་འདྲ་བའི་ཁྱད་ཆོས་རེ་ཡོད་པ་ངེས་ཤེས་དགོས་སོ། །དེ་ལ་དང་པོ་སྐྱབས་འགྲོའི་དུས་སུ་ཆོས་སྤྱིའི་དཀོན་མཆོག་གསུམ་ནི་ཕྱི་ཡི་དཀོན་མཆོག་གསུམ་ཡིན། འདིའི་ལུགས་ནི་ནང་དང་གསང་བའི་དཀོན་མཆོག་གསུམ་ཡིན་པས། རང་གི་རྩ་བའི་བླ་མའི་ཐུགས་མི་ཟད་རྒྱན་གྱི་འཁོར་ལོ་སངས་རྒྱས་དཀོན་མཆོག ། གསུང་མི་ཟད་རྒྱན་གྱི་འཁོར་ལོ་དམ་ཆོས། སྐུ་མི་ཟད་རྒྱན་གྱི་འཁོར་ལོ་དགེ་འདུན། ཡོན་ཏན་དང་དངོས་གྲུབ་མི་ཟད་རྒྱན་གྱི་འཁོར་ལོ་ཡི་དམ། འཕྲིན་ལས་དང་ནུས་མཐུ་མི་ཟད་རྒྱན་གྱི་འཁོར་ལོ་ཆོས་སྐྱོང་སྟེ། དཀོན་མཆོག་ལྔ་ཚོམ་ཡང་བླ་མའི་རོལ་པར་ཤེས་པར་བྱའོ། །སངས་རྒྱས་ཀྱང་མདོ་ལུགས་ཀྱི་ས་བཅུ་གཅིག་པའི་སངས་རྒྱས་དེ་མིན་པར། མ་དག་པའི་རླུང་སེམས་འགགས་ཏེ། རྩ་དབུ་མ་གཙུག་ཏོར་གྱི་བར་དུ་གསལ་བར་རྫོགས་པར་གྲུབ་ནས། མཆོག་ཏུ་མི་འགྱུར་བའི་བདེ་ཆེན་རྣམ་པ་ཀུན་གྱི་མཆོག་དང་ལྡན་པའི་སྟོང་ཉིད་གཉིས་


CMR025_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

སུ་མེད་པའི་ཟུང་འཇུག་གི་སྐུ་ནི་སངས་རྒྱས་དཀོན་མཆོག །དེས་གསུང་པའི་བརྗོད་མེད་ནཱ་དའི་སྒྲ་ནི་དམ་ཆོས། དེའི་སྐུ་ལུས་རྩ་རླུང་ཐིག་ལེ་དྲུག་དཔའ་བོ་མཁའ་འགྲོའི་དཀྱིལ་འཁོར་དུ་བཞུགས་པ་ནི་དགེ་འདུན་ཡིན་པར་ཤེས་པར་བྱའོ། །དེ་ནས་ཉམས་སུ་བླང་བྱ་སྐྱབས་འགྲོ་ནི། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་ཡངས་ཤིང་རྒྱ་ཆེ་བ་སྣ་ཚོགས་པདྨ་འདབ་མ་སྟོང་ལྡན་དང་ཟླ་བའི་གདན་ལྔ་ཚོམ་ལ། རང་གི་རྩ་བའི་བླ་མ་དེ་ཉིད་སངས་རྒྱས་པདྨ་རབ་རྒྱས་ཞེས་ཀྱང་བྱ། འོད་དཔག་མེད་ཅེས་ཀྱང་བྱ། སྣང་བ་མཐའ་ཡས་ཞེས་ཀྱང་བྱ་བ་དེ་ཉིད་དང་དབྱེར་མེད་པ་ལ། རྣམ་པ་ལོངས་སྤྱོད་རྫོགས་སྐུ་ཚེ་དཔག་མེད་ཡབ་ཡུམ་ཞལ་སྦྱོར་ལ། དབུ་གཙུག་ན་ཡར་བརྒྱུད་པའི་བླ་མ་ཐམས་ཅད་མུ་ཏིག་སྟར་ལ་བརྒྱུས་པ་ལྟ་བུ། འཁོར་དུ་བཀའ་བརྒྱུད་ཀྱི་བླ་མ་ཐམས་ཅད་སྤྲིན་ལྟར་འཁྲིགས་པ་སྟེ། དེ་ཐམས་ཅད་གཅེར་བུ་རུས་པའི་རྒྱན་དྲུག་གསོལ་བ། ཕྱག་གཡས་ཌཱ་མ་རུ་དང་གཡོན་དྲིལ་བུ་འཛིན་པ་ཤ་སྟག་བསྒོམ། །དེའི་གཡས་སུ་སྟོན་པ་ཤཱཀྱ་ཐུབ་པ་ལ་བསྐལ་བཟང་སངས་རྒྱས་སྟོང་ལ་སོགས་སངས་རྒྱས་ཐམས་ཅད་དེ། དེ་ཡང་ཤཱཀྱ་ཐུབ་པ་མ་གཏོགས་ཐམས་ཅད་ལོངས་སྤྱོད་རྫོགས་སྐུ། གཡོན་དུ་


CMR025_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེ་ལ་ཉེ་བའི་སྲས་བརྒྱད་དང་གསང་སྔགས་ཀྱི་རིག་འཛིན་ཐམས་ཅད། མདུན་དུ་ཐུགས་རྗེ་ཆེན་པོ་ཡབ་ཡུམ་ཞལ་སྦྱོར་ལ། ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་དང་ཡོ་ག་གསུམ་གྱི་ལྷ་ཚོགས་ཐམས་ཅད། རྒྱབ་ཏུ་ཆོས་སྐུ་ཡུམ་ཆེན་མོ་ལ་བླ་མེད་རྒྱུད་སྡེའི་གླེགས་བམ་ཐམས་ཅད་བརྩེགས་པ། གདན་མཚམས་སུ་དཔའ་བོ་མཁའ་འགྲོ་ཐམས་ཅད་ན་བུན་ལྟར་འཐིབས་པ། འོག་ཏུ་བེར་ནག་ཅན་ཡབ་ཡུམ་ལ་ཡེ་ཤེས་ཀྱི་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱིས་བསྐོར་བ། དེ་ཐམས་ཅད་ཀྱང་ཡེ་ནས་ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པའི་ངོ་བོར་བསྒོམས་ལ། དེའི་སྐྱབས་འོག་ཏུ་བདག་དང་སེམས་ཅན་ཐམས་ཅད་ཚུད་པར་བསམས་ཏེ། ཐལ་མོ་སྦྱར་ལ། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཅེས་པ་ནས། ཆོས་སྐྱོང་སྲུང་མའི་ཚོགས་རྣམས་ལ་སྐྱབས་སུ་མཆིའོ། །ཞེས་པའི་བར་རྒྱལ་བ་རྒྱ་མཚོའི་ཆོ་གའི་ནང་གི་སྐྱབས་འགྲོ་དེ་ལན་བདུན་ནམ་ཉེར་གཅིག་ཙམ་བྱ། དེ་ནས་སྐྱབས་ཡུལ་ཐམས་ཅད་འོད་དུ་ཞུ་ནས་རང་ལ་ཐིམ་པས། རང་གི་སེམས་སངས་རྒྱས་དཀོན་མཆོག །ངག་རླུང་གི་རྒྱུ་བ་ཨཱ་ལི་ཀཱ་ལི་སྔགས་ཀྱི་རང་བཞིན་ཆོས་དཀོན་མཆོག་


CMR025_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་ཀྱི་རླུང་ཐིག་ལེ་དཔའ་བོ་མཁའ་འགྲོའི་རང་བཞིན་དུ་ཡེ་ནས་གནས་པ་མངོན་དུ་མ་གྱུར་མ་རིག་པའི་སྒྲིབ་པས་བསྒྲིབས་པ་དེ་དག་ནི། དཀོན་མཆོག་གསུམ་རང་ལ་གནས་པ་མངོན་དུ་སྣང་བར་བྱ། ཁྱད་པར་དུ་སེམས་ཀྱི་ངོ་བོ་སྟོང་པ་ཆོས་སྐུ། རང་བཞིན་གསལ་བ་ལོངས་སྐུ། རྣམ་པ་འགག་མེད་སྤྲུལ་སྐུ། དུས་གསུམ་དབྱེར་མེད་ངོ་བོ་ཉིད་ཀྱི་སྐུར་ཡེ་ནས་ཡོད་པ་དེ་མངོན་སུམ་དུ་རྟོགས་པར་གྱུར་ཏེ། དཀོན་མཆོག་གསུམ་རང་བཞིན་དབྱེར་མེད་ཆུ་ལ་ཆུ་འདྲེས་པ་ལྟར་གྱུར་སྙམ་དུ་སེམས་མ་བཅོས་པ་ཀློད་དེ་བཞག་པའི་ངང་ནས་ཡི་གེ་དྲུག་པ་བཟླས་ཏེ། རྒྱལ་པོ་སྲོང་བཙན་སྒམ་པོས། ཨོཾ་སངས་རྒྱས་ལ་སྐྱབས་སུ་འགྲོ། མ་ཆོས་ལ་སྐྱབས་སུ་འགྲོ། ཎི་དགེ་འདུན་ལ་སྐྱབས་སུ་འགྲོ། པད་བླ་མ་ལ་སྐྱབས་སུ་འགྲོ། མེ་ཡི་དམ་ལ་སྐྱབས་སུ་འགྲོ། ཧཱུྃ་མཁའ་འགྲོ་ལ་སྐྱབས་སུ་འགྲོ། དེ་ལྟར་སྐྱབས་སུ་འགྲོ་བས་ངན་སོང་དང་འཁོར་བ་ལས་སྐྱོབ་པ་ཡང་། ཡི་གེ་དྲུག་པ་བཟླས་པ་ལས་འབྱུང་ངོ་། །ཞེས་གསུངས་པའི་དོན་ནོ། །གོང་གི་དམིགས་པ་བསྒོམ་ཞིང་བཟླ། རེས་འགའ་སྐྱབས་ཡུལ་བསྡུས་ནས་དམིགས་མེད་ངང་ནས་བཟླ་བར་བྱ་སྟེ། སྐྱབས་ཡུལ་དང་སྐྱབས་སུ་འགྲོ་མཁན་


CMR025_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱབས་འགྲོ་གསུམ་ཀ་རང་གི་སེམས་ལས་གཞན་དུ་གྲུབ་པ་རྡུལ་ཙམ་ཡང་མེད།། སེམས་ནི་ཡེ་ནས་ཡོད་མེད་དང་། རྟག་ཆད་ལ་སོགས་ཅིའི་ངོ་བོ་ཡང་མ་གྲུབ་པ་སྟོང་པ་ཆོས་སྐུ་སྐྱེ་བ་མེད་པ་ཡིན་ཏེ། དེའི་ངང་ལ་མཉམ་པར་བཞག་པ་ནི་དོན་དམ་པའི་སྐྱབས་འགྲོ་ཡིན་ཏེ། རང་སེམས་སྟོང་པ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །ཞེས་དང་། རང་ཉིད་སྐྱབས་སུ་ཤེས་པ་ནི་སྐྱབས་ཀྱི་མཆོག་སྟེ། རང་སེམས་སྐྱེ་བ་མེད་པ་འདི་ཡེ་ནས་རྫོགས་པའི་སངས་རྒྱས་ཡིན་པར་ཤེས་པར་བྱ་སྟེ། རྒྱུད་སྡེ་རྣམས་ནས་སེམས་ནི་རྫོགས་པའི་སངས་རྒྱས་ཉིད། །ཅེས་གསུངས་པའི་དོན་རྟོགས་ན། རིག་འབྱུང་འཇུག་གི་ཨཱ་ལི་ཀཱ་ལི་སྔགས་ཀྱི་སྒྲ་དེ་དམ་ཆོས། ལུས་ཀྱི་རྩ་རླུང་ཐིག་ལེ་དཔའ་བོ་དང་ཊཱཀྐིའི་ངོ་བོར་བཞུགས་པ་དེ་དགེ་འདུན་ཡིན་པས། དེ་ལ་དང་པོ་གོ་བ། བར་དུ་མྱོང་། ཐ་མར་དངོས་སུ་རྟོགས་ན་སྐྱབས་འོག་ཏུ་ཚུད་དེ་དཀོན་མཆོག་གསུམ་དང་དབྱེར་མེད་དུ་གྱུར་པ་ཡིན་ནོ། །སྐྱབས་ཡུལ་གསལ་འདེབས་དུས་ཡེ་ཤེས་སྤྱན་འདྲེན་སོགས་མི་དགོས་ཏེ། ནམ་མཁས་གར་ཁྱབ་སངས་རྒྱས་ཀྱི་སྐུ་གསུང་ཐུགས་ཀྱིས་མ་ཁྱབ་པ་མེད་པར་གསུངས་ཤིང་། གཤེགས་དང་བཞུགས་པའི་


CMR025_Page_0298
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མ་མི་མངའ་ཡང་། །ཆུ་ཟླ་བཞིན་དུ་གར་དམིགས་དེར་སྣང་བ། །ཞེས་པའི་དོན་ཡིན་ནོ། །ཚེ་འདིའི་ནད་དང་སྡུག་བསྔལ་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས་ལས་ཀྱི་རྣམ་སྨིན་མ་གཏོགས་ཐམས་ཅད་སྐྱབས་འགྲོས་སྐྱོབ་པ་དང་། ཕྱི་སྡོམ་པ་དམ་ཚིག་ཐམས་ཅད་ཀྱི་རྨང་གཞི། ནང་རྩ་རླུང་ཐིག་ལེ་ལ་གེགས་སྐྱོན་མི་འབྱུང་བའི་སྐྱེལ་མ། གསང་བ་ལྟ་སྒོམ་སོགས་ས་ལམ་ལ་གེགས་མི་འབྱུང་བའི་དཔུང་རོགས། ཕྱི་མ་ངན་སོང་དང་འཁོར་བ་ལས་སྐྱོབ་པའི་གྲུ་གཟིངས་ཐམས་ཅད་སྐྱབས་འགྲོ་འདི་ཡིན་པས། ཐུན་རེར་སྐྱབས་འགྲོ་བདུན་ནམ་ཉེར་གཅིག །སྐྱབས་འགྲོའི་སྙིང་པོ་ཡི་གེ་དྲུག་པ་སྟོང་ཕྲག་རེ་བྱེད་ནས། སྔ་དྲོ་ཐུན་གཉིས་ཕྱི་དྲོ་ཐུན་གཉིས། མཚན་ཐུན་གཉིས་དང་ཐུན་དྲུག་རེ་གྱིས་ལ། ཞག་གསུམ་འདི་ཁོ་ན་ལ་ཅིག་དྲིལ་དུ་ཉམས་སུ་ལོངས་མཛོད། རྒྱལ་བ་རྒྱ་མཚོའི་བདག་བསྐྱེད་ཚར་རེ་དང་གཏོར་བསྔོས་རེ་ནི་བྱའོ། །ཆོས་ཐུན་གཅིག་པའོ།། ༈ དེ་ནས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། རྒྱུ་མཚན་ཉིད་ཐེག་པའི་སེམས་བསྐྱེད་ཐུན་མོང་བ་ནི། སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཐོབ་པར་འདོད་པའི་བསམ་པ་ནི་སྨོན་པ་སེམས་བསྐྱེད། དེ་


CMR025_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པའི་ཕྱིར་ཕར་ཕྱིན་དྲུག་ཉམས་སུ་བླངས་བ་ནི་འཇུག་པ་སེམས་བསྐྱེད་དེ། དེ་གཉིས་ཀུན་རྫོབ་སེམས་བསྐྱེད་ཡིན། དེ་ལྟར་བསྐལ་པ་གྲངས་མེད་གཅིག་ཉམས་སུ་བླངས་བའི་མཐུས། སྟོང་ཉིད་མངོན་སུམ་དུ་རྟོགས་པ་དོན་དམ་སེམས་བསྐྱེད་ཡིན་ནོ། །འདིར་སྔགས་ཀྱི་སེམས་བསྐྱེད་ནི། བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་དེ་བྱང་ཆུབ་སེམས་དཔའ་རྒྱལ་བུ་དོན་གྲུབ་ཅེས་བྱ་བར་གྱུར་པའི་ཚེ། བྱང་ཆུབ་ཤིང་གི་དྲུང་དུ་སྐྱིལ་མོ་ཀྲུང་བཅས་ནས་བཞུགས་པའི་ཚེ། དེ་བཞིན་གཤེགས་པ་ཏིལ་གྱི་གང་བུ་ཁ་ཕྱེ་བ་ལྟ་བུ་བྱོན་ནས་ལོངས་སྤྱོད་རྫོགས་པའི་སྐུར་བསྟན་ནས། ཁྱོད་ཅིའི་ཕྱིར་སངས་རྒྱས་ཐམས་ཅད་ཀྱི་དེ་ཁོ་ན་ཉིད་མ་གཏོགས་ནས། དཀའ་བ་སྤྱད་ནས་བྱང་ཆུབ་ཐོབ་པར་བྱ་སྙམ་གསུངས་པས། རྒྱལ་བུ་དོན་གྲུབ་ཀྱིས་ཕྱག་འཚལ་ནས། དེ་ཁོ་ན་ཉིད་ཇི་ལྟར་བསྒྲུབ་ཞུས་པས། སངས་རྒྱས་ཐམས་ཅད་ཀྱིས་གསུང་གཅིག་ཏུ་རིགས་ཀྱི་བུ་རང་གི་སེམས་ལ་མཉམ་པར་ཞོག་ལ་སྔགས་འདི་ཟློས་ཤིག་གསུངས། དེ་ལྟར་བྱས་པས་རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་ལྟ་བུར་མཐོང་། སླར་ཡང་སེམས་སྦྱང་བ་བྱང་ཆུབ་ཏུ་སེམས་བསྐྱེད་ཕྱིར་སྔགས་ཟློས་གསུངས་ནས་བཟླས་


CMR025_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

པས། རང་གི་སྙིང་གར་ཟླ་བའི་དཀྱིལ་འཁོར་གྱི་སྙིང་པོ་མཐོང་ངོ་། །ད་སེམས་བསྐྱེད་དེ་བརྟན་པར་བྱ་བའི་ཕྱིར་ཟླ་བའི་དཀྱིལ་འཁོར་ལ་རྡོ་རྗེའི་དབྱིབ་སྒོམས་ཤིག་གསུངས་ནས་བསྒོམས་པས། ཟླ་བའི་སྟེང་དུ་རྡོ་རྗེ་མཐོང་། དེ་ནས་སངས་རྒྱས་ཐམས་ཅད་ཀྱིས་སེམས་བསྐྱེད་དེ་བརྟན་པའི་ཕྱིར་སྔགས་གསུངས་པས། སངས་རྒྱས་ཐམས་ཅད་ཀྱི་བྱིན་རླབས་བྱང་ཆུབ་སེམས་དཔའ་དེ་ལ་ཞུགས་ཏེ་དབང་བསྐུར་བས། རང་ཉིད་སངས་རྒྱས་ཀྱི་སྐུར་མཐོང་སྟེ་རྫོགས་པའི་བྱང་ཆུབ་ཏུ་སངས་རྒྱས་པའི་ལོ་རྒྱུས་རྒྱ་ཆེར་རྩ་རྒྱུད་དེ་ཉིད་བསྡུས་པ་སོགས་ནས་ཟློབཤད་པའི་དོན་ཡིན་པས། རང་ཉིད་སྐད་ཅིག་གིས་ཡི་དམ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྐུར་སྐད་ཅིག་གིས་བསྒོམས་ལ། ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ་གཅིག་བསྒོམ། དེ་ཤིན་ཏུ་གསལ་བར་གྱུར་པ་ན། དེའི་སྟེང་དུ་དོན་དམ་པའི་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་འགྲེང་ཐབས་སུ་གནས་པ་གཅིག་བསྒོམ་ལ། ནམ་མཁའ་དང་མཉམ་སེམས་ཅན་ཀུན། །བདེ་ལྡན་སྡུག་བསྔལ་ཀུན་བྲལ་ཞིང་། །སྤྱན་རས་གཟིགས་ཀྱི་གོ་འཕང་སླད། །རིམ་གཉིས་ཟབ་མོ་བསྒོམ་པར་བྱའོ། །ཞེས་ལན་བདུན་


CMR025_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ནམ་གསུམ་བཟླས། དེ་ནས་རྡོ་རྗེའི་རྣལ་འབྱོར་དུ་སེམས་བསྐྱེད་པའི་སྔགས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུརྱ་ཏ་ཡ་མི། ཞེས་དང་། སེམས་བསྐྱེད་དེ་བརྟན་པའི་སྔགས། སུ་ར་སྟེ་ས་མ་ཡ་སྟོ་ཧོ། ཞེས་དང་། བདག་ཉིད་སངས་རྒྱས་ཐམས་ཅད་ཀྱི་ངོ་བོར་གྲུབ་པའི་སྔགས། སིདྡྷི་བཛྲ་ཡ་ཐཱ་སུ་ཁཾ། ཞེས་པའི་སྔགས་དེ་གསུམ་སྦྲེལ་ལ་བརྒྱའམ་ཉེར་གཅིག་བཟླ། དེ་ནས་སེམས་གཞན་དུ་མི་འཕྲོ་བར་སྙིང་ཁའི་ཟླ་བ་རྡོ་རྗེ་གཉིས་ལ་རྩེ་གཅིག་ཏུ་དམིགས་པ་གཏད་དེ། དེ་ཡང་ཟླ་བའི་ཁ་དོག་ཤིན་ཏུ་དཀར་བ་དང་། དབྱིབས་ཟླུམ་པོ་ཉ་གང་བ་དང་། འོད་ཟེར་དཀར་པོ་འཕྲོ་བ་དང་། རྡོ་རྗེ་ཁ་དོག་སྔོ་བ་དང་། ལྟེ་བ་ཟླུམ་པ་དང་། ཡར་རྩེ་ལྔ་དང་མར་རྩེ་ལྔ་དང་དེ་འགྲེང་ཐབས་སུ་གནས་པ་རྣམས་ལ་རིམ་པར་སེམས་བཟུང་། ཟླ་བ་རྡོ་རྗེ་དེ་ཡང་དངོས་པོར་མ་གྲུབ་པ་མེ་ལོང་གི་གཟུགས་བརྙན་ལྟ་བུ། དངོས་པོར་མེད་ཀྱང་ཤིན་ཏུ་གསལ་བར་སེམས་བཟུང་ངོ་། །དེ་ནས་དེ་ལྟར་ཟླ་བ་ནི་ཀུན་རྫོབ་བྱང་ཆུབ་ཀྱི་སེམས་ཡིན་ནོ། །རྡོ་རྗེ་ནི་དོན་དམ་བྱང་ཆུབ་ཀྱི་སེམས་ཡིན་ནོ། །ཟླ་བ་ནི་རང་གི་ལུས་ཀྱི་ཁམས་ཐིག་ལེ་དཀར་པོ་དྭངས་མའི་ངོ་བོ་ཡིན་ནོ། །རྡོ་རྗེ་ནི་རང་གི་སེམས་


CMR025_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་གཤགས་སྙིང་པོའི་ངོ་བོ་ཡིན་ནོ་བསམ་དུ་བྱ། དེ་ནི་རང་གི་སེམས་དང་ཟླ་བ་རྡོ་རྗེ་གཉིས་སོ་སོ་ཡིན་ནོ། །གཅིག་རེད་སྙམ་དུ་རྩད་གཅོད་པས། ཟླ་བ་རྡོ་རྗེ་ནི་སེམས་ཀྱིས་བསྒོམ་པ་ཡིན་པས། སེམས་ལས་ལོགས་སུ་སྒྲུབ། དེ་ནས་སེམས་ཀྱིས་སེམས་ལ་ཧྲིག་གེར་བལྟས་པས། གཟུགས་ཁ་དོག་ཅིར་ཡང་མ་གྲུབ། མ་གྲུབ་བཞིན་དུ་ཅིར་ཡང་འཆར་དུ་རུང་བ། ཡོད་པ་མ་ཡིན་པས་དངོས་པོ་མེད་པ། མེད་པ་མ་ཡིན་པས་ཅིར་ཡང་གསལ་བ། དེ་ནི་འདི་འདྲ་ཞིག་གདའ་ཞེས་ངག་ཏུ་བརྗོད་མི་ཤེས་པ། བརྗོད་མི་ཤེས་ཀྱང་ཕྱོགས་འགྲོ་ཙམ་རེ་བརྗོད་ན་ཟད་པམེད་པ། སྨྲ་བསམ་བརྗོད་མེད། ཅེས་དང་། ཚིག་ཏུ་བརྗོད་པ་སྤང་པ་སྟེ། །བརྗོད་པ་ཀུན་གྱི་རྒྱུ་ཡི་མཆོག། །ཅེས་པའི་དོན། དེ་ཉིད་ལ་མཉམ་པར་བཞག་པ་ནི་དོན་དམ་པའི་སེམས་བསྐྱེད་ཡིན། སྔོན་དུ་ཟླ་བ་རྡོ་རྗེ་བསྒོམས་པ་ནི་ཀུན་རྫོབ་སེམས་བསྐྱེད་དེ། སྔགས་ལུགས་འདི་ཐབས་མཁས་པས་རྣམ་པ་ལམ་དུ་བྱེད་པ་ཡིན་ཏེ། དཔེར་ན་དམིགས་རྡེལ་བཞག་པ་ལྟ་བུ་ཡིན་གྱི། སེམས་ལ་ཟླ་བ་འདྲ་བ་ཅིག་མཐོང་རྒྱུ་ཡོད་ཟེར་བ་ནི་མིན་ནོ། །དེ་ལྟར་ཀུན་རྫོབ་ཟླ་བ་རྡོ་རྗེར་བསྒོམ་པ་དང་། དོན་དམ་སྟོང་ཉིད་བསྒོམ་པ་


CMR025_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་རེས་མོས་སུ་བྱེད་ཅིང་། བྱང་ཆུབ་ཏུ་སེམས་བསྐྱེད་པའི་སྙིང་པོ་ཡི་གེ་དྲུག་པ་འདི་བཟླ་སྟེ། སྤྲུལ་པའི་རྒྱལ་པོའི་གསུངས་ལས། ཨོཾ་སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། མ་འཇུག་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཎི་གཉིས་མེད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། པད་ཆོས་ཉིད་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། མེ་ཡེ་ཤེས་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། ཧཱུྃ་དོན་དམ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད། བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ཡང་། ཡི་གེ་དྲུག་པ་བཟླས་པ་ལས་འབྱུང་ངོ་། །ཞེས་གསུངས་པའི་དོན་ཡིན་ནོ། །དེ་ལྟར་རྟེན་ཀུན་རྫོབ་རྒྱུའི་བྱང་སེམས་ཐིག་ལེ་དཀར་པོ་དེ་ཉམས་ན། དེ་ལ་བརྟེན་ནས་གནས་པའི་དོན་དམ་བྱང་ཆུབ་ཀྱི་སེམས་བདེ་བ་ཆེན་པོའི་ཡེ་ཤེས་ཉམས་པའི་ཕྱིར། བྱང་སེམས་ཉམས་ན་ཉེས་པ་ཆེ་བ་སྟེ། དྲི་མེད་འོད་ལས། སྡུག་བསྔལ་སྐྱེས་བུ་ཁམས་ཟད་བྱེད། །ཁམས་ཟད་པ་ལས་འཆི་བར་འབྱུང་། །ཞེས་གསུངས། འདུལ་བ་ལས་རྨི་ལམ་དུ་བྱང་སེམས་ཉམས་ཀྱང་ལྟུང་བ་མེད་པར་གསུངས་ལ། དུས་འཁོར་ལུགས་ལ། རྨི་ལམ་དུ་ཉམས་ན་ཡང་རྩ་ལྟུང་དུ་བཤད། འདི་ལྟར་བྱང་སེམས་ཉམས་མི་རུང་བ་


CMR025_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

ནི། པོན་ལུགས་དང་མུ་སྟེགས་པའི་ལུགས་ལ་ཡང་བཤད་པ་ཡོད་པར་སྣང་ན། གསང་སྔགས་བླ་མེད་ལུགས་ལ་ལྟ་སྨོས་ཅི་དགོས། འོན་ཀྱང་དྭངས་སྙིགས་ཀྱི་ཁྱད་པར་དང་། དུས་ཀྱི་གནང་བའི་སྐབས་ཡོད་དེ། དེ་དག་སོ་སོའི་སྐབས་སུ་འཆད་པར་བྱའོ། །དེ་ནས་ཚད་མེད་བཞི་བསྒོམ་པ་ལ་ཡང་། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་ན་ཅི་མ་རུང་དེ་ལྡན་པར་གྱུར་ཅིག་སྙམ་པ་སོགས་ནི་མདོའི་ལུགས་ཡིན། སྔགས་ལུགས་བླ་མེད་ཆགས་ལམ་པའི་སྐབས་སུ་འདོད་ཆགས་བཞི་ལ་ཚད་མེད་བཞི་སྟེ། བལྟ་བ་སྙིང་རྗེ། འཁྱུད་པ་བྱམས་པ། དགའ་བས་མྱོས་པ་དགའ་བ། གཉིས་ཀ་འཚོགས་པ་བཏང་སྙོམས་སུ་སངས་རྒྱས་ཐོད་པའི་རྒྱུད་སོགས་ནས་བཤད་ཀྱང་། འདིར་གྲོལ་ལམ་སྐབས་སུ་དེ་ལྟར་མི་འབབ་པས་འདིར་བསྒོམ་བྱ་ནི། རང་ཉིད་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོར་སྐད་ཅིག་ལ་བསྒོམས་པའི་ཐུགས་ཀར་ཟླ་བའི་སྟེང་དུ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་གསལ་བཏབ་ལ། དེ་ལས་འོད་ཟེར་སྔོན་པོའམ་དཀར་པོ་འཇིག་རྟེན་ཐམས་ཅད་ཁྱབ་པར་འཕྲོས་པས། སེམས་ཅན་ཐམས་ཅད་བདེ་སྟོང་གཉིས་སུ་མེད་པར་མཆོག་ཏུ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། དེ་ཐོབ་པའི་


CMR025_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གསང་སྔགས་རྩ་རླུང་ཐིག་ལེའི་གནད་མ་ཤེས་པས། འཁོར་བའི་སྡུག་བསྔལ་ཐམས་ཅད་བསྐྱེད་པ་དང་། སྡུག་བསྔལ་དེའི་རྒྱུ་ལྷན་ཅིག་སྐྱེས་པའི་མ་རིག་པ་དང་བྲལ་བར་བྱས། ཡང་འོད་ཟེར་དམར་པོ་འཕྲོས་པས། སེམས་ཅན་ཐམས་ཅད་གཉིས་སུ་འཛིན་པའི་སྡུག་བསྔལ་ཐམས་ཅད་དང་བྲལ་བའི་བདེ་བ་དམ་པ། བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་འགྱུར་མེད་རྟག་པའི་རང་བཞིན་དམ་པ་དང་མི་འབྲལ་བར་བྱས། ཡང་འོད་ཟེར་ལྗང་ཁུ་འཕྲོས་པས། སེམས་ཅན་ཐམས་ཅད་ཀྱི་ལུས་ངག་ཡིད་གསུམ་ཡེ་ནས་སྐུ་གསུང་ཐུགས་རྡོ་རྗེའི་རང་བཞིན་ཆོས་ཀྱི་དབྱིངས་སུ་གཅིག་ཅིང་མཐོ་དམན་ཆེ་ཆུང་མེད་པར་མཉམ་པ་ཡིན་པས། དེ་ཡིན་ལ་ཡིན་བཞིན་དུ་རྟོགས་ཏེ་མཉམ་ཉིད་བདེ་བ་ཆེན་པོའི་རང་བཞིན་དུ་བྱས་པར་བསྒོམ་ལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ཞེས་སོགས་ཆོ་ག་ནང་གི་ཚད་མེད་བཞི་དེ་ཚར་གསུམ་མམ་བདུན་ཙམ་དང་། ཚད་མེད་བཞིའམ་དྲུག་གི་སྙིང་པོ་ཡི་གེ་དྲུག་པ་བཟླས་ཏེ། སྤྲུལ་པའི་རྒྱལ་པོས། ཨོཾ་འགྲོ་དོན་མཉམ་པ་རེས་མེད་ཐུགས་རྗེ་ཚད་མེད་པ། མ་བྱམས་པ་ཚད་མེད་པ། ཎི་སྙིང་རྗེ་ཚད་མེད་པ། པད་དགའ་བ་ཚད་མེད་


CMR025_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

པ། མི་བཏང་སྙོམས་ཚད་མེད་པ། ཧཱུྃ་ཆོས་ཉིད་ཚད་མེད་པའོ། །ཚད་མེད་པ་དྲུག་གིས་འགྲོ་བའི་དོན་བྱེད་པ་ཡང་ཡི་གེ་དྲུག་པ་བཟླས་པས་འགྲུབ་པ་ཡིན་ནོ། །ཞེས་གསུངས་སོ། །དེ་ལྟར་སྔ་དྲོ་སེམས་བསྐྱེད་བསྒོམ། ཕྱི་དྲོ་ཚད་མེད་པ་བཞི་བསྒོམ་པ་ཞག་གསུམ། ཆོས་མཐུན་གཉིས་པ་ཡིན་ནོ།། སྤྱིར་འཁོར་བའི་སྡུག་བསྔལ་ཐམས་ཅད་ཚེ་རབས་སྔ་མ་རྣམས་སུ་སྡིག་པ་མི་དགེ་བ་བྱས་པའི་འབྲས་བུ་ཡིན། དེ་ལ་ཡང་མཐོང་ཆོས་མྱོང་འགྱུར་དང་། སྐྱེས་ནས་མྱོང་འགྱུར་དང་། ལན་གྲངས་གཞན་དུ་མྱོང་འགྱུར་དང་གསུམ་ཡོད་དེ། མཐོང་ཆོས་མྱོང་འགྱུར་ནི་སྐྱེ་བ་འདི་ལ་ངེས་པར་སྨིན་དགོས། སྐྱེས་ནས་མྱོང་གྱུར་སྐྱེ་བ་གཞན་དུ་སྨིན། ལན་གྲངས་གཞན་དུ་མྱོང་གྱུར་ནི། རྣམ་སྨིན་གྱི་ངེས་པ་མེད། །ནད་གདོན་རྐྱེན་དང་འཕྲད་ན་མྱུར་དུ་སྨིན། རྐྱེན་དང་མ་འཕྲད་ན་བསྐལ་པ་མང་པོར་ཡང་མི་སྨིན་ཏེ་དུས་ནམ་ཞིག་ནི་སྨིན་ངེས། དེ་ལྟ་བུའི་སྒྲིབ་པ་དེ་ལས་ཀྱི་སྒྲིབ་པ་ཡིན་ཏེ། ཚེ་སྔ་མ་རྣམས་སུ་རང་གིས་བྱས་པའི་ལས་ཡིན། ཉོན་མོངས་པའི་སྒྲིབ་པ་ནི་ལུས་ངག་གིས་མ་བྱས་ཀྱང་། སེམས་ལ་འདོད་ཆགས་ཞེ་སྡང་གཏི་མུག་གི་རྟོག་པ་ངན་པ་འགྱུར་བ་ཡིན། ཤེས་


CMR025_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

བྱའི་སྒྲིབ་པ་ནི་ཕྱིའི་རིག་པའི་གནས་རྣམས་ལ་མཁས་པས། དེ་དང་དེར་མངོན་པར་ཞེན་པ་སོགས་མདོར་ན་རང་རིག་གི་ཡེ་ཤེས་མ་རྟོགས་པའི་ཀུན་རྫོབ་རྣམས་ཡིན། བག་ཆགས་ཀྱི་སྒྲིབ་པ་ནི། དཔེར་ན། ལུས་ལྷར་བསྒོམས་ནས་བསྐྱེད་རིམ་ལྟ་བུ་གསལ་ན་ཡང་། ད་དུང་ཐ་མལ་པའི་ལུས་ཀྱི་བག་ཆགས་གཅིག་ཡོད་པ་ལྟ་བུ་ཡིན། ཕ་མ་དང་སློབ་དཔོན་བསད་པ་སོགས། སྐྱེ་བ་འདི་བརྗེས་ནས་སྐྱེ་བ་གཞན་གྱིས་བར་མི་ཆོད་པར་སྨིན་པ་ལྟ་བུས་མཚམས་མེད་པའི་ལས་ཡིན། ཚེ་འདི་ལ་རྩ་རླུང་སོགས་གསང་སྔགས་ཟབ་མོའི་བ་གདམས་པ་བསྒོམས་ཀྱང་གེགས་དང་གོལ་ས་འོང་བ་དང་། ལམ་རྟགས་ཀྱི་ཡོན་ཏན་མི་སྐྱེ་བ་རྣམས་ཀྱང་ཚེ་སྔ་མའི་སྡིག་སྒྲིབ་ཡིན། ཚེ་འདི་ལ་སྡིག་ལ་སྡིག་ལྟུང་མེད་སྙམ་ཡང་། སྡོམ་པ་དང་དམ་ཚིག་ལ་ཤེས་བཞིན་དུ་འགལ་བར་བྱས་ནས་མེད་དེ། དམ་ཚིག་སྡོམ་པའི་བཤད་པ་རྣམས་ཡིད་ལ་མེད་པས། ལྟུང་བ་བྱུང་བ་དང་མ་བྱུང་བ་རང་གིས་ངོ་ཤེས་དཀའ་བར་ཡོད། སྡིག་ལྟུང་དེ་དག་བཤགས་ན་མི་འདག་པ་གཅིག་ཀྱང་མེད། མ་བཤགས་ན་བསྐལ་པ་སྟོང་དུ་ཡང་མེད་པར་མི་འགྱུར་བའི་སྟེང་དུ། ཞག་རེ་སོང་ཞིང་སྐྱེད་རེ་འཕེལ། བཤགས་


CMR025_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཅུང་ཟད་རེས་རྩ་བ་ནས་མ་དག་ཀྱང་སྐྱེད་མི་འཕེལ་བ་ལ་ཕན། དེས་ན་བཤགས་པ་གལ་ཆེ་སྟེ། དེ་ཡང་རྩ་རླུང་ཅུང་ཟད་བསྒོམ་པ་ལ་མ་ངེས་རྩེ་གཅིག་ཏུ་བསྒོམས་ན། སྒྲིབ་པ་ཆུང་བ་རྣམས་ལ་གེགས་སྐྱོན་ཅི་ཡང་འབྱུང་བ་ལམ་རྟགས་ཀྱི་ཡོན་ཏན་སྤེལ་མར་འབྱུང་། སྒྲིབ་པ་འཐུག་པོའི་རིགས་ལ་དང་པོ་ཡོན་ཏན་ཅི་ཡང་མེད་པར་གེགས་སྐྱོན་ཁོ་ན་འབྱུང་། དེ་ལ་རང་ཉིད་ཡོན་ཏན་ཆེ་བའམ། བླ་མ་མཁས་པས་གེགས་སྐྱོན་བསལ་ཞིང་ཁྲིད་ན་ཡོན་ཏན་མུས་ཀྱིས་སྐྱེ། གེགས་སེལ་མེད་པར་ཨུ་ཚུགས་སུ་བྱས་ན། ནད་ཅན་དང་གདོན་ཅན་དུ་སོང་ནས་སྨྱོ་བའམ་གཅོང་ནད་ཅན་ནམ། ཡང་ན་གློ་བུར་དུ་འཆི་བར་འགྱུར་རོ། །དེ་ལྟར་སྐྱོན་རྣམས་མི་འབྱུང་ཞིང་ཡོན་ཏན་སྐྱེ་བ་ལ་དང་པོ་སྒྲིབ་པ་སྦྱོང་བ་གལ་ཆེ། ལྭ་བ་གཅིག་ཚོས་བྱེད་ན་ཡང་བཀྲུས་ནས་དྲི་མ་མེད་པ་ཅིག་དགོས། དྲི་མ་ཅན་ལ་ཚོས་མི་འགོ་བ་དང་འདྲ་བར་གསུངས། དེ་ལ་མདོ་སྔགས་ཐུན་མོང་གི་སྒྲིབ་སྦྱོང་ཕྱག་འཚལ་བ་དང་། སྔགས་ལུགས་རྡོར་སེམས་སྒོམ་བཟླས་ལ་ཡང་བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་ཐུན་མོང་བ་ཡབ་རྐྱང་ལ་བདུད་རྩིའི་རྒྱུན་འབབ་པར་བསྒོམ་ལུགས་དང་། བླ་མེད་ཐུན་མོང་མ་ཡིན་པ་ཡབ་ཡུམ་ཞལ་སྦྱོར་ལ།


CMR025_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སེམས་རྒྱུན་འབབས་པར་བསྒོམ་པ་དང་། རང་ཉིད་རྡོར་སེམས་བསྒོམ་པའི་ཐུགས་ཀར་ཧཱུྃ་ལས་བདུད་རྩི་བབ་པར་བསྒོམས་ཏེ་སྒྲིབ་པ་སྦྱོང་ལུགས་མང་དུ་ཡོད་ཀྱང་། སྒྲིབ་སྦྱོང་གི་སྙིང་པོ་ཡི་གེ་དྲུག་པ་ཉིད་ཟབ་པས། དེའི་མན་ངག་བསྒོམ་བྱ་ནི། རང་ཉིད་ཐ་མལ་པར་གནས་པའི་སྤྱི་གཙུག་ཏུ། ངོ་བོ་འཕགས་པ་སྤྱན་རས་གཟིགས་ཉིད་ཡིན་པ་ལ། རྣམ་པ་ཧིཡིག་དཀར་པོ་ཚེག་དྲག་རིང་ཆ་དང་བཅས་འོད་ཟེར་དཀར་པོ་འཕྲོ་ཞིང་བསྒོམ་ལ། ཧྲཱིཿཡིག་དེ་ཉིད་ཀྱང་བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཌཱཀི་ཆོས་སྐྱོང་ཐམས་ཅད་འདུས་པའི་ངོ་བོར་བསྒོམ་ལ། ཆོ་ག་ནང་གི་ཕྱོགས་བཅུ་དུས་གསུམ་བཞུགས་པ་ཡི། །ཞེས་པ་ནས། ལྷན་ཆད་བདག་ནི་མི་བགྱིད་དོ། །ཞེས་པའི་བར་ལན་གསུམ་བརྗོད་དེ། དེའི་དོན་ཡང་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་འདས་པ་དང་མ་བྱོན་པ་དང་ད་ལྟའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་ཐམས་ཅད་དགོངས་སུ་གསོལ། ཞེས་པས་བཤགས་ཡུལ་རྟེན་གྱི་སྟོབས་དེའི་དྲུང་དུ་ཐོག་མེད་ནས་བསགས་པའི་སྡིག་སྒྲིབ་བག་ཆགས་དང་བཅས་པ་དེ་ལ་འགྱོད་ཅིང་གནོང་ཆེ་བའི་བསམ་པས་བཤགས་པ་རྣམ་པར་སུན་འབྱིན་པའི་སྟོབས། ད་ཕྱིན་


CMR025_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

ཆད་སྲོག་བབ་ཀྱང་མི་བགྱིད་པར་དམ་བཅའ་བ་ཆུར་ལོན་གྱི་སྟོབས། ཡི་གེ་དྲུག་པ་སྒྲིབ་པའི་གཉེན་པོ་ཡིན་པས་གཉེན་པོ་ཀུན་ཏུ་སྤྱོད་པའི་སྟོབས་བརྟེན་ནོ། སྟོབས་བཞིའི་སྒོ་ནས་བཤགས་ན། སྡིག་ལྟུང་ཐམས་ཅད་ངེས་པར་འདག་པ་ཡིན་ནོ། །དེ་ལྟར་སྟོབས་བཞི་པོ་ཚང་བའི་སྒོ་ནས་བཤགས་ཚིག་བརྗོད་པས། སྤྱི་བོའི་གྷིཡིག་ལས་བདུད་རྩིའི་རྒྱུན་འོ་མ་ལྟ་བུ་ངང་ན་ར་ར་བབ། རང་གི་སྤྱི་བོའི་ཚངས་བུག་ནས་ཞུགས་ཏེ་ལུས་ཀྱི་ནང་ཐམས་ཅད་བཀྲུས་བ་སྤུའི་བུ་ག་དང་འོག་སྒོ་དང་གསང་སྒྲུབ་དང་རྐང་ཞབས་དང་སེན་མོའི་བར་ནས། སྡིག་སྒྲིབ་དང་དམ་ཚིག་གི་ཆག་ཉམས་ཐམས་ཅད་ནག་ནུ་རུ་རུ་བུད་དེ། ས་འོག་ཏུ་སོང་བས་ལས་ཀྱི་གཤིན་རྗེ་ཁ་གདངས་བའི་ནང་དུ་སོང་ནས། གཤིན་རྗེ་ངོམ་ཞིང་ཚིམས་པས་དུས་མ་ཡིན་པར་འཆི་བ་མེད་པར་བྱས། ཡེ་ཤེས་ཀྱི་བདུད་རྩིས་ལུས་ཐམས་ཅད་དཀར་ལྟེམ་གྱིས་གང་བར་བསྒོམ་མོ། །ཡང་རང་ལ་ནད་ཡོད་ན། ནད་དེ་ཚད་པའི་རིགས་ཡིན་ན་བདུད་རྩི་དེ་ཡང་གངས་ཆུ་ལྟར་བསིལ་བའི་ངད་དང་ལྡན་ཞིང་། ག་པུར་ལྟར་བསིལ་བས་སྡིག་སྒྲིབ་དང་ལྷན་ཅིག་ཏུ་ནད་ཐམས་ཅད་དག་པར་བསྒོམ་པ་དང་། གྲང་བའི་ནད་རིགས་ཡོད་ན། བདུད་རྩི་


CMR025_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཁྲོ་ཆུ་ཁོལ་མ་ལྟར་ཤིན་ཏུ་ཚ་བའི་རང་བཞིན་ཅན་གྱིས། ནད་ཐམས་ཅད་བསྲེགས་ཤིང་ཚྭ་ཚྭ་དམར་ཐར་ཐར་ལུས་ཚལ་ཆིལ་ཆིལ་བར་བསྒོམ་པ་དང་། འདུས་པའི་ནད་ལ་བདུད་རྩི་ཁ་དོག་ལྔ་ལྡན་བདེ་བའི་རང་བཞིན་ཅན་གྱི། ལུས་བདེ་ཕྲིལ་ཕྲིལ་བ་དང་། གདོན་གནོད་ན་བདུད་རྩིའི་རྡུལ་ཕྲ་རབ་ཐམས་ཅད་རྟ་མགྲིན་སྐུ་ཆུང་བས་ལུས་གང་སྟེ༔ ཧཱུྃ་ཧཱུྃ་ཕཊ་ཕཊ་སྒྲོགས་པས་གདོན་ཐམས་ཅད་བ་སྤུའི་བུ་ག་ནས། འབུ་སྲིན་དང་སྦལ་སྦྲུལ་གྱི་གཟུགས་སུ་ཐོན་པར་བསྒོམ། དེ་ནས་ཡང་ཧཱུྃཡིག་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཉི་མ་འབུམ་གྱི་འོད་ལྟར་འཕྲོས་པས། ལུས་ཀྱི་ནང་གི་སྡིག་སྒྲིབ་ཐམས་ཅད་དག་ནས་མུན་པ་ལ་ཉི་མ་ཤར་བ་ལྟར་གྱུར། ལུས་ཀྱི་ནང་ཐམས་ཅད་འོད་ཟེར་དེས་གང་ནས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱིར་འཕྲོས་ནས། སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་དག་པར་བསྒོམ་ཞིང་ཧྲཱིཿཞེས་བརྒྱ་རྩབརྒྱད་དམ་ཅི་རིགས་བཟླ། གཙོ་ཆེར་ཡི་གེ་དྲུག་པ་བཟླ་བར་བྱ་སྟེ། པདྨ་རྒྱལ་པོའི་རྒྱུད་ཆེན་པོ་ལས། ཨོཾ་མ་ཎི་པདྨེ་ཧཱུྃ། ཐེབས་གཅིག་མོས་པས་བརྗོད་པ་ན། །སེམས་ཅན་དམྱལ་བའི་གནས་ལས་ཐར། །ཐེབས་གཉིས་བརྗོད་


CMR025_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཡི་དྭགས་ཀྱི། །འགྲོ་བའི་སྒོ་ཡང་འགགས་པར་འགྱུར། །གསུམ་བརྗོད་དུད་འགྲོའི་འགྲོ་བ་འགགས། །འདོད་པའི་ཡོན་ཏན་ལྔ་སྤྱད་ཀྱང་། །འདི་དང་མ་འབྲལ་གཙང་མར་གནས། །ཟས་དང་གོས་དང་བཏུང་བ་ཡང་། །འདི་དག་དྲན་པས་ཉེས་པ་མེད། །ཅེས་གསུངས་སོ། །སྤྲུལ་པའི་རྒྱལ་པོའི་རྡོ་རྗེའི་གསུང་ལས། ཨོཾ་གྱིས་ལུས་ཀྱི་སྒྲིབ་པ་སྦྱངས་མས་ངག་གི་སྒྲིབ་པ་སྦྱངས། ཎིས་ཡིད་ཀྱི་སྒྲིབ་པ་སྦྱངས། པད་ཀྱིས་ཉོན་མོངས་པའི་སྒྲིབ་པ་སྦྱངས། མེས་བག་ཆགས་ཀྱི་སྒྲིབ་པ་སྦྱངས། ཧཱུྃ་གིས་ཤེས་བྱའི་སྒྲིབ་པ་སྦྱངས། སྒྲིབ་པ་དྲུག་གི་རྟེན་སྦྱང་བ་ཡང་ཡི་གེ་དྲུག་པ་བཟླས་པས་སྦྱང་བ་ཡིན་ནོ། །ཞེས་གསུངས་པའི་དོན་ཡིན་ནོ། །དེ་ལྟར་ཐུན་རེ་ལ་ཡིག་དྲུག་སྟོང་ཕྲག་རེ་རེའམ་གསུམ་རེ་ཙམ་བཟླས་ལ། ཐུན་མཚམས་སུ་རང་ལུས་འོད་དུ་ཞུ་ནས་ཧཱི༔ཡིག་དེ་ལ་ཡར་ཐིམ། ཧྲཱིཿཡིག་ར་རྟགས་ཧ་ཁོག་ལ། ཐིག་ལེ་ཚེག་དྲག་ཀྱང་ཧ་ལ། ཧ་གི་གུ་ལ། དེ་ཡང་ནམ་མཁའ་ལ་འཇའ་ཡལ་བ་ལྟར་སྟོང་པ་ཉིད་དུ་ཡལ། དེ་ནས་སེམས་རང་ལུགས་སུ་ཀློད་ལ་མ་བཅོས་པའི་ངང་ལ་མ་ཡེངས་ཙམ་དུ་རང་ངོ་ལ་ཧྲིག་གེ་བལྟས་ཏེ་བཞག །དེའི་ཚེ་བཤགས་བྱ་དང་


CMR025_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

བཤགས་བྱེད་བཤགས་པ་ཐམས་ཅད་དོན་དམ་པར་མ་གྲུབ་སྟེ་སྒྱུ་མ་རྨི་ལམ་ལྟ་བུ། ཐམས་ཅད་རང་གི་སེམས་ཙམ་ཉིད་ཡིན་ཅིང་། སེམས་ནི་ཡེ་གདོད་མ་ནས་ཅིའི་ངོ་བོར་ཡང་མ་གྲུབ་པས། བག་ཆགས་སྡིག་སྒྲིབ་ཐམས་ཅད་ཀྱང་མིང་བཏགས་པ་ཙམ་དང་། དོན་དམ་པར་ན་མོ་གཤམ་གྱི་བུ་དང་། ནམ་མཁའི་མེ་ཏོག་དང་། རི་བོང་གི་རྭ་ལྟ་བུ་སྟེ། མོ་གཤམ་ལ་བུ་མེད་པས། དེའི་དཔའ་རྩལ་རྫུན། ནམ་མཁའི་མེ་ཏོག་མེད་པའི་ཕྱིར། དེའི་བཀྲག་མདངས་རྫུན། རི་བོང་ལ་རྭ་མེད་པའི་ཕྱིར། དེའི་རྣ་བརྟུལ་རྫུན། །ལས་མེད་པའི་ཕྱིར་ལས་ཀྱི་རྣམ་སྨིན་རྫུན། དམ་ཚིག་མེད་པའི་ཕྱིར་ཆག་ཉམས་རྫུན། ཐམས་ཅད་མིང་དུ་བཏགས་པ་ཙམ་སྟེ། དོན་དམ་པར་ནི་ཆོས་ཉིད་སྐྱེ་བ་མེད་པའི་ངོ་བོ་ལས་ཅི་ཡང་མ་གཡོས་བར་རྟོགས་པར་བྱ་སྟེ། འདི་ལྟར་རྟོགས་ན་བཤགས་པའི་མཆོག་ཡིན་ནོ། །དེ་ལྟར་ཐུན་དྲུག་ཏུ་ཉམས་སུ་བླང་བར་བྱའོ། །འདི་ལ་ཞག་གསུམ། ཆོས་ཐུན་གསུམ་པའོ། །སྤྱིར་ཚེ་འདི་དང་ཕྱི་མ་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་བའི་རྒྱུ་ནི་ཚོགས་བསགས་པ་གལ་ཆེ། ཁྱད་པར་རྩ་རླུང་ཟབ་མོ་བསྒོམ་པ་ལ་ཡང་ཚོགས་བསགས་


CMR025_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

དགོས། ཚོགས་མ་བསགས་པར་གསང་སྔགས་ཀྱི་ལམ་རྟགས་སྐྱེ་བ་ལྟ་ཅི་སྨོས། གོ་བ་ཙམ་ཡང་མི་སྐྱེ། མཐར་སངས་རྒྱས་པའི་ཚེ་ན་ཡང་བསོད་ནམས་ཀྱི་ཚོགས་ལས་གཟུགས་སྐུ་གཉིས་འབྱུང་། ཡེ་ཤེས་ཀྱི་ཚོགས་ལས་ཆོས་སྐུ་འབྱུང་དགོས། ཁྱད་པར་གསང་སྔགས་ལུགས་ལ་ཚོགས་གཉིས་ཟུང་འབྲེལ་དུ་བསགས་དགོས། དེ་ལ་ཡེ་ཤེས་ཀྱི་ཚོགས་ནི་སྟོང་ཉིད་བསྒོམ་པ་ཁོ་ན་ཡིན། བསོད་ནམས་ཀྱི་ཚོགས་བསགས་ལུགས་མང་ན་ཡང་། སྟབས་བདེ་ཞིང་ཕན་ཡོན་ཆེ་བ་ནི་མཎྜལ་ཡིན། མཎྜལ་ལ་ཡང་གསེར་དངུལ་དང་ས་ཤིང་སོགས་ལས་བྱས་པའི་མཎྜལ། འབྲུ་དང་རིན་པོ་ཆེའི་ཚོམ་བུ་བཀོད་དེ་ཕུལ་བ་ཡིན། བྱ་སྤྱོད་རྣལ་འབྱོར་རྒྱུད་ཐུན་མོང་ཕྱིའི་མཎྜལ་ཡིན། འདིར་བླ་མེད་རྒྱུད་ཀྱི་ཐུན་མོང་མ་ཡིན་པ་ནི་ནང་ལུས་ཀྱི་མཎྜལ་འབུལ་བ་ནི། དེའི་རྒྱུ་མཚན་བླ་མེད་རྡོ་རྗེ་ཐེག་པའི་ལུགས་ལ། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་ཀྱང་། རྡོ་རྗེའི་རི་རབ་དང་མཚོ་དང་གླིང་དང་མཎྜལ་གྱི་མཆོད་པར་མ་གྱུར་པ་མེད་པར་གསུངས་པས། འདིའི་སྐབས་སུ་ལུས་མཎྜལ་དུ་ཕུལ་བ་ཟབ་སྟེ། དེའི་རྒྱུ་མཚན་རང་ལ་གང་རྩིས་ཆེ་བ་དེ་བླ་མ་དཀོན་མཆོག་ལ་ཕུལ་


CMR025_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

བས་ཚོགས་རྫོགས་ཕུལ་ཆེ་བ་ཡིན་པས། རང་གི་ལུས་ལས་གཅེས་ཤིང་འཕངས་བ་ཞིག་ཀྱང་མེད་ལ། ལོངས་སྤྱོད་ལ་སོགས་རྩིས་ཆེ་བ་ཡང་ལུས་གསོ་བའི་ཆེད་དུ་ཡིན་པ་དང་། རྩ་རླུང་བསྒོམ་པའི་རྟེན་ལུས་ཡིན། གེགས་དང་ཡོན་ཏན་གང་འོང་བ་དེ་ལུས་ལས་འོང་བའི་ཕྱིར། ལུས་རང་གིས་བདག་ཏུ་མ་བཟུང་བར་བླ་མ་དཀོན་མཆོག་ལ་ཕུལ་བས་དེ་བླ་མ་དཀོན་མཆོག་གིས་བདག་ཏུ་བཟུང་བ་ལྟར་སོང་ནས་གེགས་མི་འབྱུང་བ་ཡིན་ནོ། དེ་ལ་མཎྜལ་ཕུལ་བའི་ཚོགས་ཞིང་ནི། རང་གི་སྙིང་ཁའི་ཧྲཱིཿལས་འོད་ཟེར་འཕྲོས་པས། བདེ་བ་ཅན་གྱི་ཞིང་ཁམས་ནས། ཞེས་སོགས་དང་། ཧཱུྃ། བཞེངས་ཤིག་བཞེངས་ཤིག་སོགས་ནས། ཨོཾ་པདྨ་ཀཱ་མ་ལྱཱ་ཧཱུྃ་སྭཱ་ཧཱ། ཞེས་དང་། བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ལྷ་ཚོགས་སྤྱན་དྲངས་ཏེ་ནམ་མཁར་བཞུགས་པར་བསམས་ལ། དེའི་མདུན་དུ་རང་གི་པགས་པ་གསེར་གྱི་ས་གཞི། རྒྱུ་མ་ལྕགས་རི་འཁོར་ཡུག །སྒལ་ཚིགས་རི་བོ་མཆོག་རབ། མགོ་བོ་ལྷ་གནས་རྣམ་པར་རྒྱལ་བའི་ཁང་བཟང་། ལག་གཡས་ཤར་ལུས་འཕགས་པོ། རྐང་གཡས་ལྷོ་འཛམ་བུ་གླིང་། རྐང་པ་གཡོན་ནུབ་བ་གླང་སྤྱོད། ལག་པ་གཡོན་


CMR025_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

བྱང་སྒྲ་མི་སྙན། མིག་གཉིས་ཉི་མ་དང་ཟླ་བ། རྣ་བ་གཉིས་གཟའ་དགྲ་ཅན་དང་དུས་མེ། སྣ་གསེར་གྱི་བུམ་པ། ལྕེ་འདོད་འཇོའི་བ། རྐང་སོར་བཅུ་ཕྱིའི་ལྷ་མོ་བཅུ་སྟེ། མེ་ཏོག་མ། བདུག་སྤོས་མ། མར་མེ་མ། དྲི་ཆབ་མ། ཞལ་ཟས་མ། གཟུགས་མ། སྒྲ་མ། དྲི་མ། རོ་མ། རེག་བྱ་མ་དང་བཅུ། ལག་སོར་བཅུ་ནང་གི་ལྷ་མོ་བཅུ་སྟེ༔ སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། ཆོས་འབྱུང་མ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རིག་མ་ལྔའོ། །ཚིགས་ཆེན་བརྒྱད་བཀྲ་ཤིས་པའི་རྟགས་བརྒྱད། དོན་སྣོད་བདུན་རྒྱལ་སྲིད་སྣ་བདུན། སྐྲ་དང་བ་སྤུ་ལྷ་དང་མིའི་ལོངས་སྤྱོད་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པར་རང་བཞིན་ལྷུན་གྲུབ་ཏུ་བསྒོམས་ལ། དེ་རྣམས་བླ་མ་དཀོན་མཆོག་རྒྱུ་མཚོའི་ལྔའི་ལྷ་ཚོགས་ལ་འབུལ་བར་དམིགས་ལ། སྤྱན་རས་གཟིགས་དབང་ཐུགས་རྗེའི་བདག །བླ་མར་བཅས་པ་ཐམས་ཅད་ལ། །བདག་གི་ལུས་འདི་ཕུལ་བ་ཡིས། །ཐེག་པ་དམན་ལ་མི་འཇུག་ཅིང་། །ཐེག་ཆེན་བླ་ན་མེད་པའི་ལམ། །ཟབ་ཅིང་རྒྱ་ཆེ་བསྟན་དུ་གསོལ། །ཞེས་བརྒྱའམ་ཉེར་གཅིག་ཙམ་རེ་བརྗོད་ལ། དེ་ནས་མཎྜལ་ཕུལ་བའི་དམིགས་པ་


CMR025_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཡང་ཡང་བྱེད་ཅིང་ཡི་གེ་དྲུག་པ་བཟླས་ཏེ། སྙིང་པོ་འཛབ་ཀྱི་མཆོད་པ་ཡིན་ཏེ། པདྨ་རྒྱལ་པོའི་རྒྱུད་ལས། ཡི་གེ་དྲུག་པའི་སྒྲ་བསྒྲགས་པས་སངས་རྒྱས་ཆོས་དང་དགེ་འདུན་ལ་མཆོད་པ་ཆེན་པོར་འགྱུར་རོ། །ཞེས་གསུངས་པ་དང་། ཟ་མ་ཏོག་ལས། ཡི་གེ་དྲུག་པ་ལན་གཅིག་བརྗོད་པའི་བསོད་ནམས་ཀྱང་ཚད་མེད་པར་གསུངས་པའི་ཕྱིར། མཆོད་པ་འབུལ་བའི་སྙིང་པོ་དང་བསོད་ནམས་བསགས་པའི་སྙིང་པོ་མཆོག་ཡི་གེ་དྲུག་པ་སྟོང་ཕྲག་གཅིག་གཉིས་ཡན་ཆད་བཟླས་པ་དེ་ནི་བསོད་ནམས་ཀྱི་ཚོགས་ཡིན་ལ། དེ་ནས་ནམ་མཁའི་ལྷ་ཚོགས་ཐམས་ཅད་རང་ལ་བསྟིམ་ལ་མཆོད་ཡུལ་དང་། མཆོད་པ་དང་མཆོད་མཁན་གསུམ་ཀ་མི་དམིགས་པ་སྟོང་ཉིད་ཕྱག་རྒྱ་ཆེན་པོའི་ངང་ལ་མཉམ་པར་བཞག་པ་ནི་ཡེ་ཤེས་ཀྱི་ཚོགས་ཡིན་ནོ། །དེ་ལྟ་བུའི་ཐུན་དྲུག་གམ་བཞིར་བཅད་ལ་ཉམས་སུ་ལེན་ནོ། །དེ་ཡང་གཅོད་ཀྱི་ལུགས་ལྟར་བེམ་རིག་ཕྲལ་ནས་ལུས་འབུལ་བ་ནི་མིན། ལུས་དེ་དག་མི་དམིགས་པར་བྱས་ནས་གླིང་བཞི་རི་རབ་ཏུ་སྤྲུལ་ནས་ཕུལ་བ་ཡང་མ་ཡིན་ནོ། །འོ་ན་ཅི་ཞེ་ན། ཕྱིའི་འཇིག་རྟེན་གླིང་བཞི་རི་རབ་ཐམས་ཅད་རང་གི་ལུས་ལ་ཚང་ནི་ཡོད་ཅིང་། དེ་ཡོད་པའི་


CMR025_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཀྱིས་ཕྱི་རོལ་དུ་གླིང་བཞི་རི་རབ་སོགས་སྣང་བ་ཡིན་པས། ནང་གི་འཇིག་རྟེན་སྣོད་བཅུད་ཐམས་ཅད་ཕུལ་བས། ཕྱི་རོལ་ཡང་ཞོར་ལ་ཕུལ་བར་འགྲོ་སྟེ། དཔེར་ན། མེ་ལོང་ནང་དོད་རྒྱུའི་གཟུགས་དེ་ཕུལ་ན་མེ་ལོང་ནང་དུ་ཤར་བའི་གཟུགས་ཀྱང་ཕུལ་བ་དང་འདྲ་བའི་དོན་གོ་བར་བྱའོ། །དེ་ཡང་རྒྱུད་ཀྱི་རྒྱལ་པོ་པདྨ་ཟབ་པ་ལས། མཎྜལ་འབུལ་དང་མཆོད་པ་དང་། །ལུས་ཀྱི་ལས་རྣམས་ཅི་ནུས་བྱ། །ཞེས་དང་། གཞུང་ལས། བདག་གི་ལུས་འདི་ཕུལ་བ་ཡིས། །ཞེས་སོགས་གསུངས་པའི་དོན་ཡིན་ནོ། །སྔོན་འགྲོའི་ཆོས་འདི་རྣམས་དམིགས་པ་རྣོན་པོ་ལ། ཉི་མ་རེ་རེ་ལ་ཡང་ཚང་བར་བསྒོམ་ཞིང་དངོས་གཞི་རྩ་རླུང་ཡང་བསྒོམ་པ་ནི། ཏིང་ངེ་འཛིན་རྩ་ལ་རྫོགས་པས་བྱ་རུང་གི་ལས་དང་པོ་པས་དེ་རྣམས་དམིགས་པ་ཟིན་དཀའ་ཞིང་། རང་གང་དྲན་ཙམ་རེ་བྱས་ཀྱང་བསོད་ནམས་ནི་ཆེ་མོད་ཀྱང་། ལམ་རྟགས་ཀྱི་ཡོན་ཏན་སྐྱེ་མི་གཏུབ་པས། རིམ་པ་བཞིན་དུ་བློ་ཁ་རྫོགས་ངེས་རེ་བསྒོམས་པས། རིམ་པར་ཡོན་ཏན་སྐྱེ་བས་ཁྲིད་ཟེར་བའི་དོན་ཡང་ཚང་ངེས་འོང་། དེ་ནས་དངོས་གཞི་དུས་སྔོན་འགྲོ་མ་བསྒོམས་ཚེ་ཚོགས་སྐས་ལ་མ་འཛེགས་པར་ཐོག་ཀ་ནས་མཆོངས་ན་སར་སྡེབ་པ་ལས་


CMR025_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

མི་འོང་། སྐས་ལ་རིམ་པར་འཛེགས་པས་བདེ་བླག་ཏུ་ཐར་བ་དང་འདྲ། སྔོན་འགྲོ་མང་བ་ལ་མ་སུན་སོ་སོ་ཐ་དད་དུ་ཕུར་ཚུགས་སུ་སྒོམས་ཤིག །ཞག་གསུམ། ཆོས་ཐུན་བཞི་པའོ།། །།དེ་ནས་བྱིན་རླབས་འཇུག་པ་བླ་མའི་རྣལ་འབྱོར་ནི། སྤྱིར་དགེ་བསྙེན་ཞུས་པའི་སློབ་དཔོན། དགེ་ཚུལ་ཞུས་པའི་མཁན་པོ་དང་སློབ་དཔོན་སོགས་འདུལ་བའི་ལུགས་ཀྱི་བླ་མ་ལྔ་པོ་དེ། མཁན་པོ་ལ་ཕའི་འདུ་ཤེས་བཞག་པར་བྱའོ། །ཞེས་སྙིང་བརྩེ་བ་དང་བཀུར་སྟིའི་ཡུལ་ཙམ་ལས་མ་གསུངས་ཀྱང་། གྲུབ་མཐའ་གཞན་གྱི་ལུགས་ལ་དབང་དང་པོར་ཆོས་སྒོར་བཙུད་པ་དེ་དྲིན་ཆེ་བ། སྐུ་ཕུད་ལེན་མི་དེ་རྩ་བའི་བླ་མར་འཛིན། དེ་ལ་ཞན་ཕོ་རུས་ཀྱི་སྒོ་ནས་དད་འདུན་བྱེད་སྲོལ་སྣང་། བྱང་ཆུབ་སེམས་ཁ་དཔའི་སྡོམ་པ་གནང་མཁན་དེ་དགེ་བའི་བཤེས་གཉེན་ཡིན་པས། དེ་ལ་བཀུར་སྟི་བྱ་བར་གསུངས་པ་ཙམ་ལས་མེད་དེ། དེང་སང་བྱུང་སྡོམ་གྲགས་ཆུང་བར་སྣང་། སྔགས་སྡོམ་ནི་དབང་བཞི་རྫོགས་པར་བསྐུར་མཁན་དེ་ཡིན། གསང་སྔགས་ལུགས་ལ། བླ་མ་དང་ནི་ཡི་དམ་ལྷ། །ཐ་དད་པར་ཡང་མ་ལྟ་ཞིག །ཅེས་བླ་མ་ཡི་དམ་དབྱེར་མེད་དུ་གསུངས། དེ་


CMR025_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བསྟན་སྤྱིའི་ལུགས་ལ། སོ་ཐར་བྱང་སྡོམ་སྔགས་སྡོམ་གསུམ་ཀ་བླ་མ་གཅིག་ལ་ཐོབ་ན་དེ་སུམ་ལྡན་རྡོ་རྗེ་འཛིན་པ་ཟེར། སྔགས་ལུགས་ལ་དབང་བསྐུར་བ་དང་། རྒྱུད་བཤད་པ་དང་། མན་ངག་གནང་བ་དང་གསུམ་ཀ་ཚང་ན། སུམ་ལྡན་རྡོ་རྗེ་འཛིན་པ་ཡིན། དེ་གསུམ་གང་གཙོ་ཆེ་ན། ས་ལུགས་སོགས་ལ་དབང་བསྐུར་བ་གཙོ་ཆེ་བར་བཤད་དེ། བཀའ་བརྒྱུད་པའི་ལུགས་ལ་དབང་ནི་གསང་སྔགས་ལ་འཇུག་པའི་སྒོ་ཡིན། རྒྱུད་ནི་བཤད་པ་ཡིན། གསང་སྔགས་ཟབ་མོའི་རང་སེམས་ངོ་སྤྱོད་པས་ཉམས་རྟོགས་གང་ལ་སྐྱེས་པ་དེ་རྩ་བའི་བླ་མར་འཛིན། དེ་ཡང་ཆོས་ཐོབ་གྲངས་མང་བ་དང་ཁྲིད་དབང་ཐོབ་གྲངས་མང་བར་མི་འཛིན། གང་ལ་བསྟེན་ནས་ཕྱག་རྒྱ་ཆེན་པོའི་རྟོགས་པ་མཆོག་སྐྱེས་པ་དེ་རྩ་བའི་བླ་མར་འཛིན། །དེ་ལ་དངོས་སུ་མ་མཇལ་ན་ཡང་དེའི་མཚན་ཐོས་པ་ཙམ་གྱིས་ཐེ་ཚོམ་མེད་པའི་དད་པ་བཟོད་གླགས་མེད་པ་སྐྱེས་ན་དེ་ཉིད་ལ་རྩེ་གཅིག་ཏུ་གསོལ་བ་བཏབ་ན་རྟོགས་པ་སྐྱེ་བས། དྭགས་པོ་དང་དུས་མཁྱེན་རྒོད་ཚང་བ་རྣམས་ཀྱིས་ཀྱང་མ་མཇལ་བ་རྣམས་ཀྱིས་གསོལ་བ་ཐོབ་དང་རྟོགས་པ་སྐྱེ་ཞིང་དེ་རྩ་བའི་བླ་མར་འགྱུར་རོ། །ཞེས་ཞལ་བཞེས་ཡོད་པ་ཡིན་གསུངས། དེའི་


CMR025_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

གནད་ཀྱིས་བདག་གི་མན་ངག་བྱིན་ཀྱང་ཚེ་གཅིག་ལ་མཆོག་གི་དངོས་གྲུབ་སྦྱིན་པའི་ནུས་པ་མེད་པའི་ཕྱིར། ཨོ་རྒྱན་རིན་པོ་ཆེའམ་གྲུབ་ཆེན་ཀརྨ་པཀྵི་གཉིས་ཆོས་འདིའི་བཀའ་བབས་རྩ་བར་སྣང་བས། རྩ་བའི་བླ་མར་ཟུང་ལ་གསོལ་བ་ཐོབ་ཅིག །ཁྱད་པར་ཚེ་འདིར་ཐོས་བསམ་སྒོམ་གསུམ་གྱི་བཀའ་དྲིན་ཐོབ་པའི་བླ་མ་ཐམས་ཅད་ཀྱང་། རྩ་བའི་བླ་མ་དེར་བསྡུས་ཏེ་བསྒོམ་པ་མན་ངག་ཡིན་ནོ། །དེ་ལ་རང་ཉིད་སྐད་ཅིག་དྲན་རྫོགས་སུ་ཡི་གེ་དྲུག་པ་བརྗོད་མ་ཐག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡབ་རྐྱང་གཙོ་བོ་རྐྱང་པའི་སྐུར་ཝལ་གྱིས་བསྒོམ་པའི། སྤྱི་གཙུག་ཁྲུ་གང་ཙམ་གྱི་ནམ་མཁར་པདྨ་དང་ཟླ་བའི་གདན་ལ་རྩ་བའི་བླ་མ་གྲུབ་ཆེན་ཀརྨ་པ་དང་དབྱེར་མེད་པའི་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡབ་ཡུམ་ཞལ་སྦྱོར༔ དེ་ཡི་སྤྱི་བོར་མཁས་གྲུབ་ལུང་རིགས་ཉི་མ། དེ་ཡི་སྤྱི་བོར་རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ་བསྒོམས་ཏེ། འདི་པ་ལས་ཐུགས་རྗེ་ཆེན་པོའི་བསྒོམ་ལུང་ཐོབ་པའི་ཕྱིར་རོ། །དེའི་སྤྱི་བོར་དྲིན་ཆེན་ཆོས་ཀྱི་དབང་ཕྱུག་ནས་བཟུང་སྟེ་རས་ཆེན་པའི་བར་ཐོ་བརྩེགས་སུ་བསྒོམ། དེ་ཡན་ཁ་ཊོ་ལྟར་རྩེ་གསུམ་དུ་གྱུར་པའི་དབུས་མར། ཟངས་རི་རས་པ། རས་ཆུང་


CMR025_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

བ། ཏེ་ཕུ་པ། གྲུབ་པའི་རྒྱལ་མོ། པདྨ་འབྱུང་གནས། ཐུགས་རྗེ་ཆེན་པོ། སྣང་བ་མཐའ་ཡས་རྣམས་གྱེན་དུ་ཐོ་བརྩེགས། གཡས་ངོས་སུ་རྫོགས་རིམ་སྐུ་གསུམ་ངོ་སྤྲོད་ཀྱི་བརྒྱུད་རིམ་ཡིན་ཏེ། རྗེ་དུས་གསུམ་མཁྱེན་པ། དྭགས་པོ། མི་ལ། མར་པ། ནཱ་རོ། ཏེ་ལོ། རྡོ་རྗེ་འཆང་རྣམས་ཐོ་བརྩེགས། གཡོན་ངོས་སུ། བལ་པོའི་པཎྜི་ཏ་ཨ་སུ། རྒྱ་གར་གྱི་པཎྜི་ཏ་བཛྲ་པཱ་ནི། མེ་ཏྲི་པ། གྲུབ་ཆེན་ཛ་ལེན་དྷ་ར་ཡ། པདྨ་བཛྲ་དེ་རྣམས་ཐོ་བརྩེགས་སུ་བསྒོམ། གཞན་ཡང་མཐའ་སྐོར་དུ་གྲུབ་ཆེན་བརྒྱད་ཅུ་རྗེ་འབངས་ཉེར་ལྔ། གཏེར་སྟོན་བརྒྱ་རྩ་སོགས་རྒྱ་བོད་ཀྱི་རིག་འཛིན་ཐམས་ཅད་སྤྲིན་འཁྲིགས་པ་ལྟར་བསྒོམ། དེ་རྣམས་ཀྱི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ཁ། དེ་ལས་འོད་འཕྲོས་འོག་མིན་ནམ་བདེ་བ་ཅན་ནས་ཡེ་ཤེས་པ་སྤྱན་དྲངས་ལ། གཉིས་མེད་དུ་སོ་སོ་ལ་ཐིམ་པར་བསམས་ལ། ཧཱུྃ། བཞེངས་ཤིག་བཞེངས་ཤིག་སྟོབས་བཅུ་མངའ་བའི་ལྷ། །ཞེས་པ་ནས། ཟབ་ཅིང་རྒྱ་ཆེར་བསྟན་དུ་གསོལ། །ཞེས་པའི་བར་གྱི་དོན་ཡིད་ལ་དྲན་བཞིན་བརྗོད། དེ་ནས་གསོལ་འདེབས་ནི། ཆོས་སྐུ་སྣང་བ་མཐའ་


CMR025_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

ཡས་ལ་གསོལ་བ་འདེབས་སོ། །ནས་རས་ཆུང་རྡོ་རྗེ་གྲགས་པའི་བར་དང་། །འཇིག་རྟེན་དབང་ཕྱུག་ལ་གསོལ་བ་འདེབས་སོ། །ནས་ཟངས་རི་རས་པའི་བར། །དྲུག་པ་རྡོ་རྗེ་འཆང་ལ་གསོལ་བ་འདེབས་སོ། །ནས་འགྲོ་མགོན་རས་པ་ཆེན་པོ་ཡན་ཆད་གཏོར་བསྔོས་ལྟར་གསོལ་བ་འདེབས་ནས། མཚུངས་མེད་མི་བསྐྱོད་རྡོ་རྗེ། གར་དབང་དཀོན་མཆོག་ཡན་ལག །རྗེ་བཙུན་དབང་ཕྱུག་རྡོ་རྗེ། ཀུན་མཁྱེན་ཆོས་ཀྱི་དབང་ཕྱུག །རྒྱལ་མཆོག་ཆོས་དབྱིངས་རྡོ་རྗེ། མཁས་གྲུབ་ལུང་རིགས་ཉི་མ། དྲིན་ཆེན་རྩ་བའི་བླ་མ་ལ་གསོལ་བ་འདེབས་སོ། །ཡི་དམ་རྒྱལ་བ་རྒྱ་མཚོ་ལ་གསོལ་བ་འདེབས་སོ། །མཁའ་འགྲོ་གསང་བ་ཡེ་ཤེས་ལ་གསོལ་བ་འདེབས་སོ། །ཆོས་སྐྱོང་མ་མགོན་ལྕམ་དྲལ་ལ་གསོལ་བ་འདེབས་སོ། །རང་སེམས་གནས་ལུགས་རྟོགས་པར་བྱིན་གྱིས་རློབས་ཤིག །གེགས་དང་གོལ་ས་མེད་པར་བྱིན་གྱིས་རློབས་ཤིག །རྩ་ཁམས་གནས་སུ་དག་པར་བྱིན་གྱིས་རློབས་ཤིག །རྩ་མདུད་རང་སར་གྲོལ་བར་བྱིན་གྱིས་རློབས་ཤིག །རླུང་རྣམས་དྷ་ཏིར་ཚུད་པར་བྱིན་གྱིས་རློབས་ཤིག །བདེ་དྲོད་མེ་ལྟར་འབར་བར་བྱིན་གྱིས་རློབས་ཤིག །འཕོ་མེད་


CMR025_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་ཆེན་ཐོབ་པར་བྱིན་གྱིས་རློབས་ཤིག །འཇའ་ལུས་མཁའ་སྤྱོད་འགྲུབ་པར་བྱིན་གྱིས་རློབས་ཤིག །ཚེ་གཅིག་སངས་རྒྱས་ཐོབ་པར་བྱིན་གྱིས་རློབས་ཤིག །ཅེས་པ་འདི་རྒྱས་པར་བླ་མ་རེ་རེ་ནས་སྦྱར། འབྲིང་གསུམ་བཞི་ལྔ་དྲུག་པོ་ན་སྦྱོར། བསྡུས་ན་མཇུག་ཏུ་གཅིག་གིས་ཆོག །དེ་ནས་དབང་ཞུ་བར་གསོལ་བ་གདབ་པ་ནི། པདྨ་དབང་གི་དཀྱིལ་འཁོར་དུ། །མགོན་པོ་གཟི་བརྗིད་འོད་དཔག་མེད། །རྒྱལ་སྲས་ཚོགས་དང་བཅས་པ་ལ། །དབང་བསྐུར་ཡོངས་སུ་རྫོགས་པ་ལྟར། །དེ་བཞིན་བླ་མ་ཁྱེད་རྣམས་ཀྱིས། །བདག་ལ་དབང་བསྐུར་མཛད་དུ་གསོལ། །ཞེས་ལན་གསུམ་གསོལ་བ་བཏབ་པས། བརྒྱུད་པའི་བླ་མ་རྣམས་ཀྱི་སྐུ་ལས། ཟག་མེད་ཡེ་ཤེས་ཀྱི་བདུད་རྩི་བབས་པས། གོང་མ་གོང་མའི་བདུད་རྩི་འོག་མ་འོག་མའི་ཚངས་བུག་ནས་སྐུའི་དབྱིབ་བརྒྱུད་ཅིང་བབས་པས་བརྒྱུད་པ་གསུམ་གྱི་བདུད་རྩི་རས་ཆེན་པའི་སྤྱི་བོ་ནས་ཞུགས། རིམ་པར་བབས་པས་རྩ་བའི་བླ་མ་རྒྱལ་བ་རྒྱ་མཚོའི་སྐུར་གསལ་བའི་སྤྱི་བོ་ནས་ཞུགས། སྐུ་གང་ཞབས་གཡས་ཀྱི་མཐེ་བོང་ནས་ངང་རྒྱང་རྒྱང་བབ་པ་རང་གི་ཚངས་བུག་ནས་ཞུགས་ཏེ། ལུས་ཀྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་བདུད་


CMR025_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

རྩིས་གང་། ལུས་ཀྱི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ནག་ནུར་གྱིས་འོག་སྒོ་དང་རྐང་མཐིལ་ནས་ཐོན། སྐུ་བུམ་པ་ཆུ་ཡི་དབང་ཐོབ། ཆུའི་ལྷག་མ་ཡར་ལུད་པ་རང་གི་སྤྱི་བོར་རིགས་བདག་འོད་དཔག་མེད་ཀྱི་དབུ་བརྒྱན་པར་བསྒོམ་མོ། །དེའི་བརྒྱུད་པའི་བླ་མ་ཐམས་ཅད་རྩ་བའི་བླ་མ་རྒྱལ་བ་རྒྱ་མཚོའི་སྐུ་ལ་ཐིམ། ཡབ་ཡུམ་སྙོམས་འཇུག་མཛད་པའི་སྒྲས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་སྤྱན་དྲངས་ཏེ་ཞལ་དུ་ཞུགས་ནས་བདུད་རྩི་བྱང་སེམས་ཀྱི་ངོ་བོར་ཞུ་བ། ཡབ་ཀྱི་རྡོ་རྗེའི་སྒྲུབ་ནས་ཡུམ་གྱི་པདྨར་འཕྲོས་པས། ཡུམ་གྱི་སྐུ་ལུས་ཀྱིས་ལྷ་ཚོགས་མཆོད་ཅིང་ཡབ་ཡུམ་བྱང་སེམས་དཀར་དམར་འདྲེས་པའི་རྒྱུན་རང་གི་ཁའི་ནང་དུ་བབས་པས། ལུས་ཀྱི་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་གང་། ངག་གི་སྒྲིབ་པ་དག་ནས་གསང་བའི་དབང་ཐོབ་པར་བསྒོམ་མོ། །དེ་ནས་སྤྱི་བོའི་བླ་མ་ཐུགས་རྗེ་ཆེན་པོ་ཡུམ་ཕག་མོ་གཉིས་པ་འཕྲོས་ཏེ། བདག་ཉིད་ཐུགས་རྗེ་ཆེན་པོ་གསལ་བ་ལ་འཁྱུད་ཅིང་། རྡོ་རྗེ་དང་པདྨ་སྦྱོར་བས་བདེ་བ་བསྐུལ་ཏེ། སྤྱི་བོའི་ཧཾ་ཡིག་ལེས་བྱང་སེམས་བབ་སྟེ། སྤྱི་བོ་མགྲིན་པ་སྙིང་ཁ་ལྟེ་བ་བཞིར་དགའ་བ་དང་། མཆོག་དགའ་དང་དགའ་


CMR025_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

བྲལ་གྱི་དགའ་བ་ལྷན་ཅིག་སྐྱེས་པའི་དགའ་བ་མྱོང་། སླར་ཡང་གསང་གནས་ཀྱི་རྩེ་ནས་ཐིག་ལེ་གྱེན་དུ་ལོག་པས་རྩ་གནས་བཞིར་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱོང་སྟེ། བདུད་རྩི་དྭངས་མ་སྤྱི་བོའི་ཧཾ་ཡིག་ལ་ཐིམ། དེས་སེམས་ཀྱི་སྒྲིབ་པ་དག་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ནས་བླ་མ་ཡབ་ཡུམ་འོད་དུ་ཞུ་ནས་རང་གི་སྨིན་མཚམས་སུ་ཐིམ་པས། རྩ་བ་དང་བརྒྱུད་པའི་བླ་མ་རྣམས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་དང་། རང་གི་སེམས་མ་བཅོས་པར་མཉམ་པར་བཞག་གོ །འདི་ནི་ཏིང་ངེ་འཛིན་གྱི་དབང་བཞི་ཟབ་མོ་ཡིན་པས་ཐུན་བཞིའམ་དྲུག་ཏུ་བསྒོམ་སྟེ། དེ་དག་བསྒོམ་པའི་ཚེ་གསོལ་འདེབས་ཀྱི་སྙིང་པོ་ཡི་གེ་དྲུག་པ་བཟླས་ཏེ། སྤྲུལ་པའི་རྒྱལ་པོས། ཨོཾ་གྱིས་སྐུ་ལ་གསོལ་བ་འདེབས། མས་གསུང་ལ་གསོལ་བ་འདེབས། ཎིས་ཐུགས་ལ་གསོལ་བ་འདེབས། པད་ཀྱིས་ཡོན་ཏན་ལ་གསོལ་བ་འདེབས། མས་ཕྲིན་ལས་ལ་གསོལ་བ་འདེབས། ཧཱུྃ་གིས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལ་གསོལ་བ་འདེབས་སོ། །བདེ་བར་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ལ་གསོལ་བ་འདེབས་པས་བྱིན་རླབས་ཚུར་ལ་འབྱུང་བ་ཡང་ཡི་གེ་དྲུག་པ་བཟླས་པས་


CMR025_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

འབྱུང་ངོ་། །ཞེས་དང་། ཨོཾ་ལྷ་དབང་ལུས་ལ་དབང་བསྐུར་བར་བྱེད། །མས་གསང་དབང་ངག་ལ་དབང་བསྐུར་བར་བྱེད། །ཎིས་ཆོས་དབང་སེམས་ལ་བསྐུར་བར་བྱེད། །པད་བུམ་དབང་གིས་ལུས་སྨིན་པར་བྱེད། །མེས་གསང་དབང་གིས་ངག་སྨིན་པར་བྱེད། །ཧཱུྃ་ཤེས་རབ་ཡེ་ཤེས་ཀྱི་དབང་གིས་སེམས་སྨིན་པར་བྱེད་དོ། །དེ་ལྟར་དབང་གི་ལུས་ངག་ཡིད་གསུམ་སྨིན་པར་བྱེད་པ་ཡི་གེ་དྲུག་པ་བཟླས་པ་ལས་འབྱུང་ངོ་། །ཞེས་གསུངས་པ་དང་། པདྨ་ཟབ་པའི་རྒྱུད་ཀྱི་རྒྱལ་པོ་ལས་དབང་གི་ལེའུ་དཀྱིལ་ནས། བཟླས་བརྗོད་རྒྱུན་དུ་བཟླས་པའོ། །ཞེས་གསུངས་པ་དང་། དད་པ་དྲག་པོས་བླ་མ་བསྟེན། ཞེས་གསུངས་པའི་དོན་ཡིན། གསང་སྔགས་བྱིན་རླབས་ཀྱི་ལམ། བྱིན་རླབས་མོས་གུས་ཀྱི་ལམ་༔ མོས་གུས་གསོལ་འདེབས་ཀྱི་ལམ། གསོལ་འདེབས་ཀྱི་མན་ངག་བླ་མའི་རྣལ་འབྱོར་ཡིན། བླ་མའི་རྣལ་འབྱོར་ལ་རིགས་མང་ན་ཡང་། འདི་བླ་མེད་ཐུན་མོང་མ་ཡིན་པའི་ལུགས་ཡིན་པས། འདི་ལ་ཐུན་དྲུག་གམ་བཞིར་བསྒོམ་ཞིང་ཞག་གསུམ་བསྒོམ་པར་བྱའོ། །ཆོས་ཐུན་ལྔ་པ་ཡིན་ནོ།། །།བརྩོན་པས་ཉམས་སུ་ལོངས་མཛོད་ཅིག །ད་ནི་


CMR025_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གཞི་ལ་དང་པོ་ཕྱི་ལུས་ཀྱི་སྟོང་ར་བསྒོམ་དགོས་ཏེ། རང་ཡི་དམ་གྱི་ལྷར་བསྒོམ་པ་ལ་ཡང་། བསྐྱེད་རིམ་པ་དང་ཁྱད་ཅིག་ཡོད་དེ། བསྐྱེད་རིམ་པས་རིམ་པར་བསྐྱེད། འདིར་རྫོགས་རིམ་ལུགས་འདི་སྐད་ཅིག་དྲན་རྫོགས་སུ་བསྐྱེད། བསྐྱེད་རིམ་པས། རྡུལ་ཚོན་དང་ཚོམ་བུ་ལ་སོགས་ལྷ་མ་ཡིན་པས་གཅིག་བློས་བཅོས་ནས་བསྒོམས་པས་ཀུན་བརྟགས་ཀྱི་ལྷ་ཟེར་དེའི་གནད་ཀྱིས་ཡེ་ཤེས་སྤྱན་འདྲེན་དབང་བསྐུར་རྒྱས་གདབ་སོགས་མི་དགོས་ཏེ། རྫོགས་རིམ་ལུགས་ལ་རང་ལུས་ཐིག་ལེ་རླུང་གསུམ་པོ་ཡེ་ནས་ལྷའི་དཀྱིལ་འཁོར་དུ་གྲུབ། །གྲུབ་པ་དེ་ཡིན་པ་ལས་ཡིན་པར་གསལ་འདེབས་པས། ཡོངས་གྲུབ་ཀྱི་ལྷ་ཟེར། དེའི་གནད་ཀྱིས་ཡེ་ཤེས་སྤྱན་འདྲེན་དབང་བསྐུར་རྒྱས་གདབ་སོགས་མི་དགོས་ཏེ། ཨོཾ་ཨཱཿཧཱུྃ། ཞེས་པའི་བརྗོད་པ་ཙམ་གྱིས་ལྷར་བསྒོམ་པ་ཡིན་པས། རང་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡབ་ཡུམ་མམ་གཙོ་བོ་རྐྱང་པར་བསྒོམ། འཁོར་གྱི་གྲངས་ལ་ངོས་བཟུང་མེད་དེ། སྣོད་ཀྱི་འཇིག་རྟེན་གཞལ་ཡས་ཁང་། བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གསལ་གདབ། དེ་ནས་རང་ཕྱི་ཐུགས་རྗེ་ཆེན་པོའི་སྐུ་དར་དམར་གྱི་གུར་


CMR025_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

ཕུབ་པ་ལྟར་ལམ་མེར་བསྒོམ། ལུས་ཀྱི་ནང་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟར་སྟོང་སང་ངེ་བར་བསྒོམ། དབུའི་གཙུག་ཏོར་ནས་ཞབས་ཀྱི་སེན་རྩེའི་ནང་ཡན་ཆད་སྟོང་སང་ངེ་བསྒོམ། ཕྱག་མཛུབ་དང་མིག་དང་རྣ་བའི་རྩེ་ཚུན་ཆད་སྟོང་སེང་ངེ་བསྒོམ། རང་གི་མིག་ལམ་དུ་སྣང་བའི་ས་རྡོ་རི་བྲག་ཅི་དང་ཅི་མཐོང་བ་ཐམས་ཅད་ཀྱང་བདག་དང་འདྲ་བར་ནང་སྟོང་སེང་ངེ་བ། ཕྱིའི་གཟུགས་བརྙན་དེ་རྣམས་ཀྱང་འཇའ་ཚོན་གྱི་གཟུགས་ལྟར་དངོས་པོར་མ་གྲུབ་སྙམ་དུ་བྱའོ། །དེ་ལྟར་གསལ་ཐེབ་ནས་རང་ལུས་དེ་ཡང་རེས་འགའ་ཇེ་ཆེ་རི་བྲན་ཙམ། རི་རབ་ཙམ། སྟོང་གསུམ་ཙམ། ནམ་མཁའ་གང་བ་ཙམ་བསྒོམ། རེས་འགའ་ཇེ་ཆུང་རང་ལུས་ཙམ། གྲུ་རེ་ཙམ། མཐོ་རེ་ཙམ། སོར་རེ་ཙམ། ཡུངས་འབྲུ་དང་སྐྲའི་རྩེ་ཙམ་བསྒོམ། དེ་ཐམས་ཅད་ལ་ནང་སྟོང་པ་སྔར་ལྟར་བསྒོམ། དེ་ལྟར་སྟོང་ར་བཅའ་བ་འདིས། དམིགས་པ་མི་གསལ་བ་ཐམས་ཅད་གསལ་བར་བྱེད། དམིགས་པ་མི་ཟིན་པ་ཟིན་པར་བྱེད། སེམས་མི་གནས་པ་གནས་པར་བྱེད། ནང་སྟོང་པ་ཉིད་དང་བདག་མེད་རྟོགས་པའི་རྐྱེན་བྱེད་པ་ཡིན་ནོ། །ཕྱི་ལུས་ཀྱི་སྟོང་ར་འདི་ལ། གསང་ཁྲིད་རིམ་ལྔ་


CMR025_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

དང་རྗེ་དྭགས་པོའི་གསུང་འགའ་ཞིག་ལས། ལྷ་འདི་བསྒོམ་མ་གསུངས་པར་ཐ་མལ་གྱི་ལུས་འདི་ཡེ་ནས་ལྷ་དམ་ཚིག་པ་ཡིན་པར་དགོངས་ནས། ཐ་མལ་གྱི་ལུས་ཉིད་ལ་སྟོང་ར་བསྒོམ་པར་གསུངས། བདེ་མཆོག་ལ་མོས་པས་བདེ་མཆོག །ཕག་མོ་ལ་མོས་པས་ཕག་མོ། དགྱེས་རྡོར་ལ་མོས་པས་དགྱེས་རྡོར་སོགས་རང་གང་མོས་སུ་བསྒོམ་པར་མཛད་དེ། ཆོས་དྲུག་སོགས་ཀྱང་བླ་མེད་རྒྱུད་སྡེ་སྤྱིའི་རྫོགས་རིམ་ཡིན་པའི་དོན་དུ་སྣང་། འོན་ཀྱང་ད་ལམ་གཞན་ལ་ཁ་གཡར་མི་དགོས། རྒྱལ་བ་རྒྱ་མཚོ་ཉིད་ལ་རྫོགས་རིམ་རྩ་རླུང་གི་གདམས་པ་ཟབ་མོ་ཡོད་པས་དེ་ཉིད་ཁོ་ན་བརྗོད། སྐུ་གསུམ་ངོ་སྤྲོད་སོགས་ནི་འདིའི་རྫོགས་རིམ་ཡིན་མོད་ཀྱང་། དུས་ཕྱིས་བཀའ་བརྒྱུད་འདིའི་ཡི་དམ་ཕག་མོ་དར་དྲགས་པས། སྟོང་རའི་སྐབས་སུ་ཕག་མོ་མཛད་འདུག་ཀྱང་། རང་རེ་རྒྱལ་བ་རྒྱ་མཚོ་ཡི་དམ་ཡིན་པས་འདི་ཉིད་བསྒོམ་པ་གལ་ཆེ། སྟོང་ར་ཡི་དམ་གྱི་སྐུ་སྟོང་པ་འོད་ཀྱི་རང་བཞིན་དེ་ཉིད་ཀྱང་། ལན་རེ་ཙམ་གསལ་བས་མི་ཆོག །ནམ་དྲན་དྲན་ལ་ཤིན་ཏུ་གསལ་བ་བར་སྣང་ལ་འཇའ་ཤར་བ་ལྟར་དྲན་རྫོགས་སུ་ལམ་ལམ་མ་བྱུང་གི་བར་དུ་བསྒོམ་དགོས། སྔ་མ་རྣམས་མ་གསལ་བར་ཕྱི་མ་རྣམས་


CMR025_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ཀྱང་། ཟས་མ་ཞུ་བའི་སྟེང་དུ་ཟས་ཟོས་པ་ལྟར་ཕན་པ་མེད་པའི་སྟེང་དུ་གནོད་པ་འོང་། དེས་ན་ཕྱི་ལུས་ཀྱི་སྟོང་ར་འདི་ཡང་ཞག་གསུམ་སྒོམས་ཤིག །བདག་གིས་མགོ་མཇུག་ཐམས་ཅད་དུ། ཡིད་ཆེས་པའི་ལུང་འདྲེན་མང་དུ་ཡོད་ཀྱང་། ལུང་འདྲེན་བྲིས་ན་དགེ་བའི་བཤེས་གཉེན་རྣམས་ཐུགས་དགྱེས། ཐེ་ཚོམ་ཅན་རྣམས་ཐེ་ཚོམ་ཆོད་ཀྱང་། རྨོངས་པ་རྣམས་ལུང་འདྲེན་རང་གིས་བསྒྲིབས་ནས་མི་གོ་བའི་རྐྱེན་དང་། ཧ་ཅང་གླེགས་བམ་ཁ་ལྗིད་པས་སྐྲག་པར་འགྱུར་དོགས་པས། འདིར་ངག་ཁྲིད་ཀྱི་ཚབ་ཤིན་ཏུ་གོ་སླ་བར་བཀོད་པ་ཡིན་ནོ། །དེ་ཡང་རང་གཞུང་ལུགས་ཅུང་ཟད་མ་བྲིས་ན་ཡང་རྩ་བ་འཆུག་དོགས་པའི་སྐྱོན་དུ་འགྱུར་བས། ལུང་ཅུང་ཟད་རེ་ཡང་བཀོད་དེ། པདྨ་རྒྱལ་པོའི་རྒྱུད་ལས་རང་ལུས་ལྷ་རུ་གསལ་བ་དང་། །ང་རྒྱལ་ཕྲ་བ་ཙམ་ཞིག་བསྒོམ། །ཞེས་དང་། པདྨ་ཟབ་པའི་རྒྱུད་ལས། དཀྱིལ་འཁོར་མཎྜལ་ལྟར་བསྒོམ་པ་དང་། དཀྱིལ་འཁོར་དུ་བསྒོམ་པ་དང་། རང་གི་ཕུང་པོ་ལ་བསྒོམ་པ་གསུམ་མཆིས་ན། འདིར་ཇི་ལྟར་བསྒོམ་པར་བྱ། ཞེས་ཞུས་པ་དང་། གཙོ་བོས་བཀའ་སྩལ་པ། འདིར་ནི་རང་གི་ཕུང་པོར་


CMR025_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། ཞེས་བཀའ་སྩལ་ཏོ། རང་ཉིད་སྤྱན་རས་གཟིགས་སུ་བསྒོམ། །ཞེས་གསུངས་པའི་དོན་ཡིན་ནོ། །ལྷ་ཡེ་ཤེས་པ་ཕྱི་རོལ་ནས་སྤྱན་འདྲེན་ཅིང་མཆོད་ནས་གཤེགས་པ། བྱ་སྤྱོད་རྣལ་འབྱོར་རྒྱུད་གསུམ་སྟེ་གསང་སྔགས་ཕྱི་པ་ཞེས་བྱ། རང་ལུས་དམ་ཚིག་སེམས་དཔའ་རང་སེམས་ཡེ་ཤེས་སེམས་དཔའ་སྟེ། ཐམས་ཅད་རང་གི་སེམས་ཀྱི་ཆོ་འཕྲུལ་རྩ་རླུང་ཐིག་ལེའི་རྟེན་འབྲེལ་ཁོ་ནར་ཤེས་པས། ལྷ་ཡེ་ཤེས་པ་མ་གཤེགས་པར་སངས་རྒྱས་མ་ཐོབ་ཀྱི་བར་དུ་ཕྱག་རྒྱ་སྒོ་གཅད་དུ་བསྒྲུབ་པ་གསང་སྔགས་ནང་པའི་ལུགས་སོ། །དེ་ནས་རྩ་རླུང་བསྒོམས་པའི་ཐོག་མར། རྩ་རླུང་ཐིག་ལེ་གསུམ་བྱིན་གྱིས་བརླབ་པ་གལ་ཆེ་སྟེ། པདྨ་རྒྱལ་པོའི་རྒྱུད་ལས། བྱིན་གྱིས་བརླབས་པ་ཇི་ལྟ་བུ། །ཁྱེད་ཀྱིས་བདག་ལ་བཤད་དུ་གསོལ། །བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། ཉོན་ཅིག་འགྲོ་བའི་མགོན་པོ་ཁྱོད། །རྣལ་འབྱོར་རང་ལ་བྱིན་རླབས་པ། །ཆོས་ལ་འཇུག་པའི་དུས་དག་ཏུ། །འདི་ནི་ངག་ཏུ་བརྗོད་པར་གྱིས། །དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །ཞེས་སོགས་རྒྱས་པར་གསུངས་པའི་དོན་ཡིན་པས། བདག་ཉིད་སྐད་ཅིག་གིས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཞལ་


CMR025_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་བཞི་པའི་སྐུར་ལམ་གྱིས་བསྒོམས་ལ། དེའི་སྤྱི་བོར་ཟླ་བའི་སྟེང་དུ་ཨོཾ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་ཨཱཋདམར་པོ། ཐུགས་ཀར་ཉི་མའི་སྟེང་དུ་ཧཱུྃ་སྔོན་པོ་བསྒོམ། རང་གི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོའི་ཚོགས་སྤྲོས་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་སྐུ་བདེ་གཤེགས་རིགས་ཐམས་ཅད་ནམ་མཁའ་གང་བར་སྤྱན་དྲངས་པས། དེ་ཐམས་ཅད་རྣམ་སྣང་སྤྱན་རས་གཟིགས་སྐུ་མདོག་དམར་ལ་དཀར་མདོག་ཅན། ཡུམ་ཕག་མོ་དང་སྦྱོར་བས་ནམ་མཁའ་བར་སྣང་ཐམས་ཅད་གང་། དེ་ཐམས་ཅད་གཙོ་བོ་གཞན་ལས་སྐུ་ཆེ་བ་གཅིག་གི་དྲུང་དུ་བདག་ཉིད་གནས་པར་བསམས་ལ། ངག་ཏུ། དཔལ་ལྡན་སངས་རྒྱས་སྐུ་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་སྐུ། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་ཞེས་ལན་གསུམ་གསོལ་བ་བཏབ་པས། ཡབ་ཡུམ་ཐམས་ཅད་སྙོམས་པར་ཞུགས་པས་ཐམས་ཅད་བདུད་རྩི་བྱང་སེམས་དཀར་པོའི་རང་བཞིན་དུ་ཞུ་ནས། རང་གི་སྤྱི་བོ་ཚངས་པའི་བུ་གའམ་སྨིན་


CMR025_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་ནས་ཞུགས་ཏེ་ལུས་ཐམས་ཅད་གང་བས། མ་དག་པའི་རྩ་ཁམས་ཐམས་ཅད་དག་ནས་དག་པ་ཡེ་ཤེས་ཀྱི་རྩ་གསུམ་འཁོར་ལོ་བཞི་གསལ་བར་རྫོགས། རྩ་མདུད་ཐམས་ཅད་རང་བཞིན་གྱིས་གྲོལ་ཏེ། རྩ་དག་པ་སྐུ་རྡོ་རྗེའི་གོ་འཕང་ཐོབ་པར་བསྒོམ། ཡང་རང་གི་མགྲིན་པའི་ཨཱལས་འོད་ཟེར་དམར་པོའི་ཚོགས་འཕྲོས་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་གསུང་པདྨའི་རིགས་ཐམས་ཅད་ནམ་མཁའ་གང་བར་སྤྱན་དྲངས་པས། དེ་ཐམས་ཅད་གསུང་པདྨའི་རིགས་ཀྱི་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ་ཡབ་ཡུམ་སྐུ་མདོག་དམར་གསལ་གྱིས་ནམ་མཁའ་བར་སྣང་ཐམས་ཅད་གང་། དེ་ཐམས་ཅད་ཀྱི་གཙོ་བོ་གཞན་ལས་སྐུ་ཆེ་བ། གཅིག་གི་དྲུང་དུ་བདག་ཉིད་གནས་པར་བསམས་ལ་ངག་ཏུ། དཔལ་ལྡན་སངས་རྒྱས་གསུང་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་གསུང་། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཨཱཞེས་ལན་གསུམ་གསོལ་བ་བཏབ་པས། དེ་ཐམས་ཅད་ཡབ་ཡུམ་སྦྱོར་བ་མཛད་པས། ཐམས་ཅད་བདུད་རྩི་བྱང་


CMR025_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དམར་པོའི་རྣམ་པར་ཞུ་ནས་རང་གི་ཁ་ནས་ཞུགས་ཏེ་ལུས་ཐམས་ཅད་གང་ནས། མ་དག་པའི་རླུང་སྙིགས་མ་དུག་བཅས་ཐམས་ཅད་སྦྱངས་ནས། དག་པ་ཡེ་ཤེས་ཀྱི་རླུང་དུ་གནས་འགྱུར། རླུང་དག་པ་གསུང་རྡོ་རྗེའི་གོ་འཕང་མངོན་དུ་བྱས་པར་བསྒོམ། ཡང་རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་སྔོན་པོའི་ཚོགས་འཕྲོས་པས། ཕྱོགས་བཅུ་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་དང་ཐུགས་རྡོ་རྗེ་རིགས་ཀྱི་སངས་རྒྱས་ཐམས་ཅད་སྤྱན་དྲངས་ཏེ། དེ་ཐམས་ཅད་མི་བསྐྱོད་པ་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་གྱིས་ནམ་མཁའ་བར་སྣང་ཐམས་ཅད་གང་། དེ་ཐམས་ཅད་ཀྱི་དབུས་གཙོ་བོ་གཞན་ལས་སྐུ་ཆེ་བ་གཅིག་གི་དྲུང་དུ་རང་ཉིད་གནས་པར་བསམས་ལ། དཔལ་ལྡན་སངས་རྒྱས་ཐུགས་འཆང་བ། །རྡོ་རྗེ་མི་ཕྱེད་གསུམ་གྱི་ཐུགས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཕྱོགས་བཅུར་བཞུགས་པའི་སངས་རྒྱས་རྣམས། །རྡོ་རྗེ་མི་ཕྱེད་གསུམ་བསྒོམས་པས། །བདག་ལ་བྱིན་གྱིས་བརླབ་ཏུ་གསོལ། །ཧཱུྃ་ཞེས་ལན་གསུམ་གསོལ་བ་བཏབ་པས། ཐམས་ཅད་ཡབ་ཡུམ་སྦྱོར་བ་མཛད་པས་བདུད་རྩི་བྱང་སེམས་སྔོན་པོའི་རྣམ་པར་ཞུ་སྟེ། རང་གི་སྙིང་ཁ་ནས་


CMR025_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

ཞུགས་ཏེ་ལུས་ཐམས་ཅད་གང་བས། མ་དག་པའི་ཐིག་ལེའི་ཁམས་སྦྱངས་ནས་དག་པ་བདེ་ཆེན་འཛག་བྲལ་གྱི་ཐིག་ལེར་གནས་འགྱུར། ཐིག་ལེ་དག་པ་ཐུགས་རྡོ་རྗེའི་གོ་འཕང་མངོན་དུ་བྱས་པར་བསྒོམ། །གསོལ་འདེབས་ཀྱི་ཚིག་དེ་དག་རྒྱུད་ཚིག་ཡིན་ཅིང་གསང་འདུས་སོགས་ཕ་རྒྱུད་རྣམས་ནས་གནས་གསུམ་བྱིན་རླབས་འདི་འདྲ་ལ་ཁད་ལ། འདི་བས་རྒྱས་ཙམ་འབྱུང་མོད་ཀྱང་། འདི་ནི་བདག་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆོས་ལ་མོས་འདུན་དྲག་པོ་སྐྱེས་ནས། ཅུང་ཟད་ཙམ་སྒྲུབ་པའི་མགོ་བརྩམས་སྐབས། རྨི་ལམ་དུ་འདི་ལྟར་བསྒོམ་ཞིང་འདི་ལྟར་གསོལ་བ་བཏབ་པས། ཇི་ལྟར་བསྒོམས་པ་དེ་མངོན་སུམ་དུ་གྱུར་ཏེ་སོང་བ་ཤིན་ཏུ་གསལ་བ་ཞིག་རྨིས་པས། ཆོས་ལ་ཞུགས་པའི་ཐོག་མར་རྒྱུད་བྱིན་གྱིས་རླབས་པའི་མཚན་མ་ཡིན་པར་མངོན། དེས་ན་འདི་རྒྱུད་རྒྱ་གཞུང་གི་དོན་ཡང་ཡིན་ལ། བདག་རང་གི་རྟོགས་ཆོས་ཀྱང་ཡིན་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་པས་འདི་ཞག་གསུམ་བསྒོམས་ལ། རྒྱུན་དུ་ཡང་སྐབས་སུ་དམིགས་པ་ཐུན་རེ་བསྒོམས་ན་བར་ཆད་སེལ་ཞིང་བྱིན་རླབས་ངེས་པར་འཇུག་པ་ཡིན་ནོ། །དེ་ཅིའི་ཕྱིར་ཞེ་ན། རྒྱུད་དང་རྒྱ་གཞུང་དང་ཉམས་མྱོང་གི་རྟོགས་ཆོས་དང་


CMR025_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ཁ་ཡིན་པའི་ཕྱིར་རོ། རྩ་ཐིག་རླུང་གསུམ་བྱིན་གྱིས་བརླབས་པའི་ཆོས་ཐུན་ཏེ། དྲུག་པ་ཡིན་ནོ།། །།དེ་ནས་རྩ་བསྒོམ་པ་འདི་ལ་གོ་བར་གསུང་རྒྱུ་དང་ཉམས་སུ་ལེན་རྒྱུ་གཉིས། དང་པོ་ནི། ཕྱི་སྣོད་འཇིག་རྟེན་ཁམས་ས་ཆ་སྐྱིད་སྡུག་སོགས་སྣ་ཚོགས་སྣང་བ་འདི་ནང་གི་རྩ་ཁམས་དག་མ་དག་གིས་རྟེན་འབྲེལ་ཁོ་ན་ཡིན། ནང་གི་རྩ་ཁམས་རྣམ་པར་དག་ན་ཕྱིའི་ཞིང་ཁམས་ཡང་དག་པར་འགྱུར་ཏེ། སངས་རྒྱས་རྣམས་དམྱལ་བར་བཞུགས་ཀྱང་བདེ་བ་ཅན་ལྟ་བུ་ཞིག་ལས་མི་མཐོང་། བཅོམ་ལྡན་འདས་ཤཱཀྱ་ཐུབ་པས་འཛམ་གླིང་ཞབས་ཀྱིས་བཅགས་ཏེ་ཕེབས་དུས་ས་ཆ་རང་རོང་དང་ཚེར་མ་མཐའ་དང་གད་ཅི་ཡང་མེད་པར་གར་ཕེབས་པའི་ཐད་དེ། ལག་མཐིལ་ལྟར་མཉམ་ཞིང་འཇམ་པར་འགྱུར་ཞིང་ཕེབས་ཚར་རྗེས་སྔར་ལྟར་རི་བྲག་དང་གཡང་ས་རང་མལ་དུ་གྱུར་སྐད་དོ། །རྗེ་མི་ལ་བྲག་དཀར་སྐྱིད་ཕུག་ཏུ་བཞུགས་སྐབས། ཡོན་བདག་གྲྭ་སློབ་རྣམས་གནས་ཤིན་ཏུ་སྡུག་ཅིང་མི་དགའ་བར་མཐོང་ཡང་། མི་ལས་སྐྱིད་པར་མཐོང་བ་ལྟ་བུ་ཡིན། མདོར་ན་རྩ་ནི་ཁྱིམ་དང་འདྲ། ཐིག་ལེ་ནི་ནོར་དང་འདྲ། རླུང་ནི་བདག་པོ་དང་འདྲ། ལུས་ལ་རྩ་བྲན་བྱེ་བ་ཕྲག་


CMR025_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

མང་པོ་ཡོད་ཀྱང་། དེ་རྣམས་ཚུར་བསྡུས་ན་རྩ་གསུམ་འཁོར་ལོ་བཞིའམ་ལྔ་ལ་འདུས། དེ་བསྡུས་ན་རྩའི་གཙོ་བོ་གསུམ་ལ་འདུས། གཞན་དེ་ཐམས་ཅད་དེ་གསུམ་གྱི་འཁོར་ཡིན། ཐབས་ལམ་ཟབ་མོ་བསྒོམས་མི་ཤེས་པའི་གང་ཟག་ལ། རྩ་དེ་གསུམ་དུག་གསུམ་བསྐྱེད་པའི་རྩ་བ་ཡིན། ཐབས་ལམ་སྒོམ་པ་ལ་རྩ་གསུམ་གྱིས་སྐུ་གསུམ་ཐོབ་པར་བྱེད་པའི་རྩ། འཁོར་ལོ་བཞི་ནི་སྐུ་བཞི། འཁོར་ལོ་ལྔ་ནི་ཡེ་ཤེས་ལྔ་བསྐྱེད་པའི་རྩ་ཡིན། དེ་ཡང་རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་དབུ་མའི་རིགས་ཏེ། རླུང་རྒྱུ་བ། སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་རཀྟ་རྒྱུ་བ་རོ་མའི་རིགས། སྟོང་ཕྲག་བདུན་ཅུ་རྩ་གཉིས་ནི་ཐིག་ལེ་རྒྱུ་སྟེ་རྐྱང་མའི་རིགས་ཡིན་ནོ། །རྩ་ཡི་གཙོ་བོ་དབུ་མ་ནི་རྙིང་མའི་ལུགས་ལ་ཐབས་ཀྱི་དབུ་མ་གཞུངས་པ། ཤེས་རབ་ཀྱི་དབུ་མ་སྲོག་རྩ་ནག་པོ། ཐབས་ཤེས་དབྱེར་མེད་ཀྱི་དབུ་མ་སྲོག་རྩ་དང་གཞུངས་པའི་བར་ཡོད་པར་ཡང་གསུངས། ཕྱག་ཆེན་ཐིག་ལེའི་རྒྱུད་ཀྱི་རྗེས་འབྲང་ས་སྐྱ་པས་ནི་རྩ་དབུ་མ་དེ་རྩ་མདུད་སུམ་ཅུ་སོ་གཉིས་ཀྱིས་བསྡམས་ནས་ཡོད་པས་གྲོལ་དཀའ་བར་བཞེད། ལ་ལས་སྲོག་རྩའི་དཀྱིལ་ལ་དབུ་མ་ཡོད་ཟེར། ལ་ལས་སྲོག་རྩའི་སུལ་ན་ཡོད་ཟེར། ལ་ལས་སྲོག་རྩ་


CMR025_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

རང་དེ་ཡིན་ཟེར། བླུན་པོ་ལ་ལ་དག་འཁྲུལ་འཁོར་མང་དུ་བརྒྱབས་ནས་ཕོ་བ་སྒལ་པ་ལ་སྦྱར་དུས། ཕོ་བའི་རྒྱུད་དུ་རྩ་གཅིག་ཕྱི་ན་ལྟ་རྒྱུ་ཡོད་པ་དེ་ཡིན་ཟེར་ནས། །དེ་སྟོན་རྒྱུ་རྙེད་པ་གྲུབ་ཐོབ་ཏུ་འདོད། འོན་ཀྱང་སྒྲུབ་བརྒྱུད་འདིའི་ལུགས་ལ། དབུ་མ་རྩ་མདུད་མང་པོའི་བསྡམས་པ་དང་། རོ་རྐྱང་གཉིས་འཁྱོག་པོར་རྩའི་ཡོད་ལུགས་ལ་ཡོད་དེ། བསྒོམ་དུས་འཁྱོག་པོ་དང་མདུད་པས་བསྡམས་པ་ཚོ་བསྒོམ་མི་རུང་། འཁྱོག་པོ་དང་མདུད་པ་རྣམས་ཏིང་ངེ་འཛིན་གྱིས་འཁྱོག་པོ་དྲང་མདུད་པ་དཀྲོལ་དགོས་རྒྱུ་ཡིན་ཞེས། རྗེ་ཐམས་ཅད་མཁྱེན་པ་ཞྭ་དམར་དྲུག་པས་གསུངས། དེ་བཞིན་དུ་དབུ་མའི་རིགས་སམ་རྒྱུ་ནི་སྲོག་རྩ་དེ་ཡིན་གྱི། དངོས་སུ་ལྟ་རྒྱུ་ཡོད་པའི་དབུ་མ་མཚན་ཉིད་བཞི་ལྡན་དེ་འདྲ་བ་མེད། འོན་ཀྱང་བསྒོམས་པའི་སྟོབས་ཀྱིས་སྲོག་རྩ་དེ་ལ་དབུ་མ་འཆར་དགོས་པ་ཡིན་གསུངས། །བསྒོམས་པའི་རྩ་འཁོར་ལོ་བཞིའི་གྲངས་ཁ་ཡང་སྙིང་ཐིག་སོགས་རྫོགས་ཆེན་ལ། སྤྱིར་སུམ་བརྒྱ་དྲུག་ཅུ་ཡོད་ཀྱང་། བཀའ་བརྒྱད་རྒྱུད་བདེ་མཆོག་དགྱེས་རྡོར། ཆོས་དྲུག་སོགས་ཐམས་ཅད་གྲངས་ཁ་མཐུན་པ་ཡིན། དེ་ཡང་རྩ་འཁོར་ལོ་ལྔ་ཡི་མན་ངག་ནི་ལུགས་སུ་བཤད་ཟིན། །


CMR025_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

འདིར་འཁོར་ལོ་བཞི་མ་རྒྱུད་ཀྱི་དགོངས་པ་ཡིན་ཏེ། པདྨ་ཟབ་པའི་རྒྱུད་ཆེན་པོ་ལས། འཁོར་ལོ་ནི་བཞི་སྟེ། བདེ་བའི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། སྤྲུལ་པའི་འཁོར་ལོའོ། །ཞེས་གསུངས། རྩ་བསྒོམ་པའི་མིང་ལ། རིགས་ལྡན་གྱིས་གཞི་བཟུང་བ་ཞེས་ཀྱང་བྱ། དཔག་བསམ་གྱི་ཤིང་འཛུགས་པ་ཞེས་ཀྱང་བྱ། རྩ་ནི་ནང་གི་མཁའ་འགྲོ་མ་ཡིན་ཏེ། རྩ་འཁོར་ལོ་གསུམ་ནི་སྐུ་གསུང་ཐུགས་ཀྱི་ཌཱཀྐི་མ། འཁོར་ལོ་བཞི་ནི་རིགས་བཞིའི་ཌཱཀྐིའི་ཚོགས་ཡིན་པའི་ཕྱིར། ཕྱི་ཡི་ཡུམ་བསྒོམ་ཡང་མི་དགོས་པའི་ཕྱིར། པདྨ་ཟབ་པའི་རྒྱུད་ལས། རྣལ་འབྱོར་པའི་ལུས་འདི་ལ་འཁོར་ལོ་དུ་ལགས་ཞུས་པས། སྐུ་ལ་བཞུགས་པའི་རྡོ་རྗེ་ཕག་མོ་རང་ཉིད་ལ་ཐིམ་ནས་མི་སྣང་བར་གྱུར་ཏོ། །ཞེས་གསུངས་པའི་དོན་ཡང་དེ་ཡིན་ནོ། །དབུ་མའི་ཁ་དོག་ཀྱང་དམར་བ་རྒྱ་སྐག་གི་ཁུ་བ་ལྟ་བུ་ཞེས་ལ་ལས་དམར་པོར་བསྒོམས། ལ་ལས་ཕྱི་དཀར་ནང་དམར་བསྒོམས་་ཀྱང་རང་ལུགས། རྗེ་ཆོས་ཀྱི་དབང་ཕྱུག་གསུངས་འདི་ལེགས་ཏེ། རྩ་གསུམ་སྐུ་ཡིན་པས་སྐུ་གསུམ་སོ་སོའི་ཁ་དོག་དང་། འཁོར་ལོ་བཞི་ཐབས་ཤེས་ཆ་རེ་ཡིན་པས་དཀར་པོ་


CMR025_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རེ་དང་དམར་པོ་རེ་བསྒོམས་པ་འདི་ཟབ་བོ། །དེ་ལ་བསྒོམ་བྱ་ནི། རང་ལུས་ཐུགས་རྗེ་ཆེན་པོའི་སྐུ་སྟོང་ཞིང་གསལ་བའི་ནང་དབུས་སུ། རྩ་དབུ་མ་སྔོན་པོ་ཁང་སྟོང་དུ་ཀ་བ་བཙུགས་པ་ལྟ་བུ་ཤིན་ཏུ་དྲང་བ། རང་ཉིད་རང་ལུས་ཙམ་དུ་བསྒོམས་པའི་ཚེ། སྦོམ་ཕྲ་གྲོ་སོག་འབྲིང་པོ་ཙམ། ཡར་སྣེ་སྤྱི་བོར་སྣ་ཚོགས་རྡོ་རྗེའི་རྩིབས་ཅན་གྱི་འཁོར་ལོས་སྤྲས་པའི་ཚངས་པའི་བུ་གའི་བར་དང་། མར་སྣེ་གསང་གནས་ཀྱི་རྡོ་རྗེའི་བུ་གར་ཟུག་པ་བསྒོམས། གཡས་རོ་མ་དམར་པོ་དང་། གཡོན་རྐྱང་མ་དཀར་པོ་གཉིས། སྦོམ་ཕྲ་དབུ་མ་དང་མཉམ་པ་གསུམ་ཁ་གཅིག་གིས་གཅིག་ལ་མ་ཐུག་པ། རོ་རྐྱང་གཉིས་ཡར་སྣེ་སྣ་བུག་གཉིས་སུ་ཟུག་པ། མར་སྣེ་ལྟེ་འོག་སོར་བཞི་ནས་གཅིག་ཏུ་གྱུར་པ། སྤྱི་བོ་བདེ་ཆེན་འཁོར་ལོ་རྩ་འདབ་སུམ་ཅུ་སོ་གཉིས་དཀར་པོ་གདུགས་ཀྱི་རྩིབས་མ་ལྟར་ཅུང་ཟད་ཁ་ཐུར་དུ་ལྟ་བ། ཐམས་ཅད་ཟླུམ་པོ་བམ་ཡིག་གི་དབྱིབས་ཅན། མགྲིན་པའི་རྩ་འདབ་བཅུ་དྲུག་དམར་པོ་ཅུང་ཟད་ཁ་གྱེན་དུ་བསྟན། ཐམས་ཅད་བསྡོམས་པའི་དབྱིབས་གྲུ་གསུམ་ཨེ་ཡིག་གི་དབྱིབས་ཅན། སྙིང་ཁའི་རྩ་འདབ་བརྒྱད་སྔོན་པོ་ཅུང་ཟད་རྩ་སྣེ་ཐུར་དུ་ཕྱོགས་པ་ཐམས་ཅད་


CMR025_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

བསྡོམས་པའི་དབྱིབས་ཟླུམ་པོ་བམ་ཡིག་གི་དབྱིབས་ཅན། ལྟེ་བའི་རྩ་འདབ་དྲུག་ཅུ་རེ་བཞི་དམར་པོ་ཅུང་ཟད་རྩ་སྣེ་གྱེན་བསྟན་ཨ་ཡིག་གི་དབྱིབས་ཅན། རྩ་བ་རྣམས་ཐང་ཤིང་གི་ཡལ་ག་ལྟར་དབུ་མ་ལ་ཟུག་པ། རོ་རྐྱང་གཉིས་ལ་མ་རེག་པ། རྩ་སྣེ་ལས་རྩ་ཕྲན་མང་པོ་གྱེས་པ་ཐང་ཤིང་གི་ཡལ་གའི་རྩེ་ལ་འབོལ་ཁབ་ལྟར་ཡོད་པ། རྩ་འཁོར་གྱི་རྩ་རྣམས་གཙོ་མོ་རྣམས་ལས་ཇེ་ཕྲར་སོང་བ། ཐམས་ཅད་སོག་སྒྲུབ་ལྟར་ནང་སྟོང་པར་བསྒོམ་མོ། །དཔེར་ན་ཆུ་འདྲེན་པའི་ཐོག་མར་ཡུར་བ་ལེགས་པོར་བྱ་དགོས། དེ་མ་བྱས་ན་ཆུ་འབོ་བ་དང་། ཡུར་བ་རལ་བར་འགྱུར། དང་པོ་ཡུར་བ་ལེགས་པོར་བཟོས་པས་ཆུ་གར་འདོད་དུ་འགྲོ་བ་དང་འདྲ་བས། རྩ་འདི་ཡང་ཞག་གསུམ་དུ་བསྒོམས་ལ། རྒྱུན་དུ་ནི་བསམ་ཙམ་ནས་རྩ་གསུམ་འཁོར་ལོ་བཞི་གསལ་ཐེབ་པ་གལ་ཆེ། རྩ་ལ་སྦྱང་བ་ནི་རང་ལུས་ཇེ་ཆེར་བསྒོམས་དུས་རྩ་ཡང་དེ་དང་མཚུངས་པར་ཆེ་བ་དང་། རང་ལུས་ཇེ་ཆུང་ལ་བསྒོམས་དུས་རྩ་ཡང་དེའི་ཚོད་ཙམ་དང་། རང་ལུས་ཡུངས་འབྲུ་ཙམ་བསྒོམས་དུས་ཀྱང་རྩ་གསུམ་འཁོར་ལོ་བཞི་ཚང་བར་བསྒོམ་ཐུབ་པར་བྱའོ། །རེས་འགའ་དུས་རྩ་དབུ་མ་དེ་ཇེ་ཆེར་སོང་ནས་ལུས་ཀྱིས་གར་ཁྱབ་དབུ་


CMR025_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

མས་ཁྱབ་པར་བསྒོམས་པས། རླུང་གང་དུ་ཟིན་ཀྱང་དབུ་མར་ཟིན་ནས་ཉམས་རྟོགས་སྐྱེ་བའི་རྟེན་འབྲེལ་དུ་འགྱུར་ཏེ། དབུ་མ་དེ་གདོས་བཅས་ཀྱི་རྩ་མ་ཡིན་ཡེ་ཤེས་ཀྱི་རྩ་དེ་བསྒོམས་པའི་སྟོབས་ལས་བྱུང་བའི་རྩ་ཡིན་པའི་ཕྱིར་རོ། །གཞན་རྩ་འཁོར་བཞིའི་ནང་སྐོར་དུ་རྩ་བཞི་རེ་དང་། ཕྱིའི་ནད་བསྐྱེད་པའི་རྩ་དང་། ལུས་ཀྱི་རྩ་གནས་ཉི་ཤུ་རྩ་བཞིར་གནས་ཡུལ་ཉེར་བཞི་རྩ་སོགས་མང་དུ་ཡོད་ཀྱང་ད་རེས་འདིའི་སྐབས། འཁོར་ལོ་བཞིའི་རྩ་བརྒྱ་དང་ཉི་ཤུ། རྩ་གཙོ་མོ་གསུམ་ལས་གཞན་བསྒོམས་མི་དགོས། འདི་ལྟར་རྩ་བསྒོམས་པས་རྩ་དང་མཁའ་འགྲོ་དོན་གཅིག་པས་མཁའ་འགྲོ་དང་མ་མོ་ཐམས་ཅད་དབང་དུ་འདུས། དེའི་གནད་ཀྱིས་མོ་རིགས་ཐམས་ཅད་དད་ཅིང་གུས། རྩ་དང་ཡུལ་ཁམས་དོན་གཅིག་པས་ཡུལ་ཁམས་ཐམས་ཅད་དབང་དུ་འདུ། རྩའི་ཁམས་དག་པས་ལུས་ལ་ནད་ཉུང་བ་དང་གཟི་མདངས་འབར། རྩ་དང་སྐུ་དོན་གཅིག་པས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་བྱིན་རླབས་འཇུག །རྩ་ནི་སྤྲུལ་སྐུའི་ངོ་བོ་ཡིན་པས་ལུས་སྤྲུལ་སྐུར་འགྲུབ་སྟེ། མཐར་ཐུག་རྩ་དག་པ་སྐུ་རྡོ་རྗེའི་གོ་འཕང་ཐོབ་སྟེ། ལུས་སྤྲུལ་བསྒྱུར་ལ་དབང་ཐོབ་ནས། གང་འདུལ་དུ་


CMR025_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་ནས་སེམས་ཅན་གྱི་དོན་བྱ་བ་དང་། སྐྱེ་འཆི་མེད་པ་ཚེའི་དངོས་གྲུབ་དང་སྤྲུལ་པ་སྐད་ཅིག་རེ་ཡང་བྱེ་བ་ཕྲག་བརྒྱར་སྤྲུལ་བའི་ནུས་པ་ཐོབ་པར་བཤད་པ་ཡིན་ནོ། །ཆོས་ཐུན་བརྒྱད་དོ།། །།དེ་ནས་རླུང་བསྒོམས་པ་ལ་གོ་རྒྱུ་དང་ཉམས་སུ་ལེན་རྒྱུ་གཉིས་ལས། ནང་ལུས་ཀྱི་བསྤྲུལ་སྤྱོད་སྲོག་གི་ངོ་བོ་ཡང་རླུང་ཡིན། ཕྱིའི་འཇིག་རྟེན་ཆགས་འཇིག་དར་རྒུད་ཐམས་ཅད་རླུང་གིས་བྱེད། གསང་བ་སེམས་ཀྱི་རྣམ་པར་རྟོག་པ་སྣ་ཚོགས་སུ་འཕྲོ་བ་ཡང་རླུང་གི་རྩལ་ཡིན། དེ་ཕྱིར་རླུང་ལ་དབང་ཐོབ་ན་འཁོར་འདས་ཐམས་ཅད་ལ་རང་དབང་ཐོབ་པ་ཡིན་ཏེ། རླུང་ཞེས་བྱ་བས་ལས་ཀུན་བྱེད། །ཅེས་རྒྱུད་སྡེ་རྣམས་ནས་གསུངས་སོ། །རླུང་བཟུང་བའི་དུས། ཕྱི་ལྟར་ཤིང་དང་ལྕི་བའི་དུད་པ་ཆེན་པོ་ཡོད་དུས་མ་བཟུང་། དུ་བ་རྩ་སྦུབས་སུ་སོང་ན་ནད་འབྱུང་། ནང་ལྟར་སྣ་བུག་གཡས་ནས་རྒྱུ་དུས་མི་བཟུང་། གཡས་པ་ཉི་མ་དུག་གི་རླུང་ཡིན་པས་གེགས་སྣ་ཚོགས་འབྱུང་དུས་ཡིན། སྣ་བུག་གཡོན་ནས་རྒྱུ་བ་ཟླ་བ་བདུད་རྩིའི་རླུང་ཡིན་པས། ཐུན་མོང་གི་དངོས་གྲུབ་སྣ་ཚོགས་འགྲུབ་དུས་ཡིན་པས་བཟུང་། སྣ་བུག་གཉིས་ཀ་ནས་རྒྱུ་དུས་མཉམ་པོར་རྒྱུ་བ་ཡེ་ཤེས་ཀྱི་རླུང་ཡིན་པས། དེ་དུས་


CMR025_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ན་རླུང་དབུ་མར་ཚུད་དེ་མཆོག་གི་དངོས་གྲུབ་འབྱུང་དུས་ཡིན་པས་བཟུང་། ལུས་ཧ་ཅང་འགྲངས་ཆེས་པའི་དུས་བཟུང་ན་རླུང་མི་ཤོང་བར་རྩ་གནས་ལོག་པར་རླུང་འགྲོ་དོགས་ཡོད་པས་མི་བཟུང་། ཧ་ཅང་ལྟོགས་ཆེས་པའི་དུས་བཟུང་ན་རླུང་སྐྱེ་དོགས་ཡོད་པས་མི་བཟུང་། འགྲངས་ལྟོགས་རན་པའི་སྒྱུ་ལུས་བདེ། །ཞེས་གསུངས་པས་འགྲངས་ལྟོགས་རན་དུས་བཟུང་། འགྲངས་དུས་ལྟོགས་དུས་ཀྱང་འཇམ་རླུང་ཅུང་ཟད་ནི་སྐྱོན་མེད། རྩ་དང་རླུང་གི་སྐབས་སུ་ནངས་སྔའི་དྲི་ཆུ་བར་པ་དེ་ཐོད་པའི་ནང་དུ་བསོགས་སུ་བླུགས་ལ། དེར་སྨེ་བརྩེགས་ཀྱི་སྔགས་ཀྱིས་སྔགས་སམ། ཡང་ན་རང་ལུས་ཤེལ་གྱི་བུམ་པའི་ནང་དུ་རང་སེམས་རྡོ་རྗེ་རྣམ་འཇོམས་སམ། རྡོ་རྗེ་སེམས་དཔར་བསྒོམས། ཐུགས་ཀའི་ཧཱུྃ་ལ་སྔགས་ཀྱིས་བསྐོར་བ་ལས་བདུད་རྩི་བབས་པས་ལུས་གང་། གསང་བའི་རྡོ་རྗེ་བུམ་པའི་མཆུ་ནས་བདུད་རྩི་བབ་པར་བསྒོམས་ལ། དྲི་ཆུ་དང་པོ་དེ་དོར། ཐ་མ་ཡང་དོར། བར་པ་དེའི་ཕུད་དཀོན་མཆོག་མཆོད་པར་བསམས་ལ་ཅུང་ཟད་གཏོར། ལྷག་མ་བདུད་རྩིར་བསམས་ལ་འཁྱོར་གང་བཏུང་། དེ་འཕྲོས་ལུས་ཐམས་ཅད་དག་པར་བཀྲུས། དེ་འདྲ་སྐབས་


CMR025_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བྱས་ན། གྲིབ་སེལ། གེགས་མི་འབྱུང་། རིམས་ཀྱང་ཐུབ། ལུས་དྲོད་སྐྱེ་སླ་བ་ཡིན་ནོ། །འབལ་ཁེའི་ནང་དུ་འབལ་ལ་རྡོག་པོ་གཅིག་བལ་གྱིས་བཏུམ་པ་འོག་སྒོའི་ཞབས་སུ་བཞག་པས་འོག་རླུང་རང་བཞིན་གྱིས་ཟིན། ཡང་ན་གོས་ཀྱི་སྣེ་ཟླུམ་པོ་བཞག་པ་གལ་ཆེ། དེ་ནས་ལུས་རྡོ་རྗེ་སྐྱིལ་ཀྲུང་ངམ། སེམས་དཔའི་སྐྱིལ་ཀྲུང་། སྒལ་ཚིགས་ཤིན་ཏུ་དྲང་བར་བྱས། ལག་པ་གཉིས་ཀྱི་མཐེ་བོང་གིས་སྲིན་མཛུབ་ཀྱི་རྩ་བ་མནན་ལ་ཁུ་ཚུར་བཅངས་ནས། བརླ་རྩའི་སྟེང་དུ་བཞག །དེ་ནས་ལག་པ་གཡས་དལ་བུས་ཤད་ཀྱིས་བརྐྱངས་ལ་སྡིགས་མཛུབ་བྱས་པ་ཚུར་བསྐུམས་ལ། སྣ་བུག་གཡས་སྡིགས་མཛུབ་ཀྱིས་བཀག་ལ་སྣ་བུག་གཡོན་ནས་རླུང་དང་པོ་དལ་བུ་གཅིག །དེ་ནས་འབྲིང་གཅིག །དེ་ནས་ཤེད་ཅི་ཡོད་ཀྱིས་ཕྱིར་བུས། ཡང་གཡོན་པས་ལག་པ་དལ་བུས་བརྐྱངས་ལ་ཁུ་ཚུར་བཀུག་ནས། སྡིགས་མཛུབ་ཀྱིས་སྣ་བུག་གཡོན་བཀག །གཡས་ནས་སྔར་ལྟར་ལན་གསུམ་བུས། དེ་ནས་ཁུ་ཚུར་གཉིས་དཔྱི་མགོར་བཟུང་ལ། སྣ་བུག་གཉིས་ཀ་ནས་དང་པོ་དལ་བུས་གཅིག །དེ་ནས་འབྲིང་ཙམ་ཞིག་བུས། དེ་ནས་ཤེད་ཀྱིས་གཅིག་བུས། དེའི་ཚེ་ལུས་ཀྱི་བ་སྤུའི་བུ་ག་


CMR025_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཁྲོལ་མང་ལྟར་ཡོད་པ་དང་། སྣ་བུག་དང་བ་སྤུའི་སྒོ་ནས་ཚེ་འཁོར་བ་ཐོག་མ་མེད་པ་ནས་བསགས་པའི་སྡིག་སྒྲིབ་ཐམས་ཅད་ནག་ཉིལ་གྱིས་ཕྱིར་ཐོན་ལུས་ཐམས་ཅད་སྟོང་སང་གིས་སངས་དྲི་མ་མེད་པ་ཤེལ་ལྟ་བུ་ལ་སེམས་གཏད། དེ་ནས་རླུང་དལ་ལ་རིང་བ་རྔུབ་སྟེ་སྣའི་ཐད་སོར་བཅུ་དྲུག་གི་ཐད་ཀྱི་བར་སྣང་ནས་རླུང་ཁ་དོག་ལྔ་ལྡན་འོད་ཀྱི་སྐུད་པ་འདྲ་བ་བྱུང་ནས་སྣ་བུག་ནས་ཞུགས། རོ་རྐྱང་གཉིས་ནས་བརྒྱུད་དེ་ལྟེ་འོག་ནས་དབུ་མའི་ནང་དུ་ཞུགས་ཏེ། སྙིང་ཁའི་ཐད་དུ་ཐིམ་པར་བསྒོམས་ལ། ཕོ་བ་ཐེར་ཐེར་བྱས་རླུང་གིས་བཀང་། འོག་རླུང་བསྡམས། སྟེང་རླུང་མགྲིན་པ་མན་དུ་བསྡམས་ལ་འདུག་ཅི་ཐུབ་བྱ། མི་ཐུབ་ནད་བྱུང་ན་རླུང་ཅུང་ཟད་ཅིག་རྡུབ་ཆུང་སྣ་ནས་བྱས་ལ། བ་སྤུའི་བུ་ག་ནས་སྔོ་སང་སང་སོང་བར་བསྒོམས་ལ། ལག་པ་གཡས་ཀྱི་གྲུ་མོ་དང་དཔུང་པ་མཆན་ཁུང་དུ་གསུམ་བརྡབ། གཡོན་པས་དེ་འདྲ་བྱ། མ་ཐུབ་ན་ཡང་རྔུབ་ཆུང་དང་མཆན་བརྡབ་བྱ། དེ་ནས་མ་ཐུབ་ཤོར་ལ་ཁད་བྱུང་ན། དང་པོ་སྣ་བུག་གཉིས་ནས་དལ་བུས་དེ་ནས་ཤད་ཀྱིས་ལྷག་མ་མ་ལུས་པར་བུས། ཡང་སྔར་ལྟར་བཟུང་ངོ་། །དེ་ལ་དང་པོ་རྔུབ་པ་དང་གཅིག །དེ་


CMR025_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཕོ་བར་དགང་པ་དང་གཉིས། དེ་ནས་དབུ་མའི་ནང་ནས་བ་སྤུའི་བུ་གར་གཞིལ་བ་དང་གསུམ། དེ་ནས་མཇུག་ཏུ་སྣ་བུག་ནས་མདའ་ལྟར་འཕེན་པ་དང་བཞི་ལ་སྦྱོར་བ་བཞི་ལྡན་ཟེར་རོ། །མདའ་ལྟར་འཕེན་པའི་སྐབས་སུ་རླུང་དབུ་མ་ནས་སྤྱི་བོར་སྔོ་སང་གིས་ཐོན་པར་བསྒོམས་པ་ཡོད་ཀྱང་། ཚེ་ལ་གནོད་པ་དང་གེགས་མང་བས་རེ་རེ་ཙམ་ལས་མི་བསྒོམ་མོ། །འདི་དག་གི་སྐབས་སུ་ངག་ནས་འདོན་མི་བདེ་ཡང་། ཡི་གེ་དྲུག་པ་ཡིད་ཀྱིས་བཟླས་པ་བྱ་སྟེ། ལུས་འབྱུང་བ་ལྔ་ཡི་དྭངས་མ་རླུང་ལྔའི་སྟོབས་བསྐྱེད་པའི་སྔགས་ནི་ཡི་གེ་དྲུག་པ་ཡིན་ཏེ༔ སྤྲུལ་པའི་རྒྱལ་པོས། ཨོཾ་འབྱུང་བ་ལྔ་འདུས་ཀྱི་དྭངས་མ། མ་སེམས་ཅན་ཐམས་ཅད་ཀྱི་གོ་འབྱེད། ཎིས་སེམས་ཅན་ཐམས་ཅད་ཀྱི་ཤ་དང་རུས་པ་སྨིན་ཅིང་འཁྲངས་བར་བྱེད་༔ པད་ཚ་ཞིང་དྲོ་བར་བྱེད་པས་རྣམ་རྟོག་གི་མཚན་མ་བསྲེགས་ནས་རང་བཞིན་གདུག་པ་འདུལ། མེས་ཁྲག་གི་རླན་ཅིང་མདངས་དང་ལྡན་པར་བྱེད་པ། ཧཱུྃ་སྲོག་འཛིན་ཅིང་ལུས་འདེག་པར་བྱེད་དོ། །ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་གསུངས་སོ། །ཡང་རླུང་བཟུང་བའི་ཚེ་ཡི་གེ་དྲུག་པ་ཚར་མང་པོ་འབྲེལ་བའི་ཕྲེང་བ་སྟོང་སྐུད་ཙམ་སྣ་བུག་གཡོན་ནས་ཞུགས། རྐྱང་


CMR025_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

མའི་ལམ་ནས་བརྒྱུད་དེ་ལྟེ་འོག་ནས་གཡས་རོ་མའི་ནང་དུ་ཞུགས་པར་བསྒོམས་ལ་ཅུང་ཟད་དགང་། དེ་ནས་རླུང་ཕྱིར་འབུད་པས་སྣ་བུག་གཡས་ནས་ཕྱིར་ཐོན། ཡང་རྡུབ་པས་གཡོན་ནས་ཞུགས་པར་བསྒོམས་པ་ལན་ཁ་ཡར་བྱས་པས་རྩ་ལམ་སྦྱང་བ་ཡང་ཡིན་ནོ། །རླུང་རྡོ་རྗེའི་བཟླས་པ་ཡང་ཡིན་ནོ། །ཡང་རང་གི་ཐུགས་དབུས་དབུ་མའི་ནང་དུ་རྟ་མགྲིན་མཐེ་བོང་ཙམ་ཞིག་བསྒོམས། རླུང་ཕྱིར་འབུད་དུས་དེ་ལས་རྟ་མགྲིན་ཡུངས་ཀར་ཙམ་དཔག་ཏུ་མེད་པས་བ་སྤུ་ནས་འཇིག་རྟེན་ཁྱབ་པར་སྤྲོས་པས། བགེགས་ཐམས་ཅད་ཚར་བཅད། ཚུར་རྔུབ་པས་བ་སྤུའི་བུ་ག་ནས་ཚུར་འདུས་ནས་ལུས་ཐམས་ཅད་རྟ་མགྲིན་གྱིས་གང་བར་བསྒོམས་པ་སྲུང་འཁོར་ཡིན་པས་སྐབས་སུ་རེ་རེ་ཙམ་བསྒོམས། གཙོ་ཆེར་རླུང་སྦྱོར་བ་བཞི་ལྡན་རྒྱུན་དུ་བསྒོམས་ལུས་དལ་བར་བྱ། དྲག་ཤུལ་གྱི་ལས་སྤྱངས་ཁ་ཟས་བཅུད་ཆེ་ལ་སྔར་བས་ཅུང་ཟད་ཉུང་བ་རེ་བཟའ། རླུང་སྣ་གཡས་ནས་རྒྱུ་ཚེ་ཐུགས་དམ་ཆག་མེད་གཏོར་བསྔོས་སོགས་བྱ། གཡོན་ནས་ནམ་རྒྱུ་ལ་རླུང་བཟུང་། རླུང་གི་དམིགས་པས་སུན་ན། སེམས་ངོ་རང་བསྒོམ་ཞིང་རླུང་བཟུང་བ་ཡང་མཆོག་ཡིན། དེ་ལྟར་ཞག་བདུན་ཙམ་ཡུན་རིང་


CMR025_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

དུ་བསྒོམས་པས། སྔར་བས་རླུང་ཁུག་པ་ཇེ་རིང་དུ་འགྱུར་ཏེ། རང་སྐྱིལ་ཀྲུང་བཅས་ནས་རླུང་ནང་དུ་བཟུང་ལ། ལག་པ་གཡས་ཀྱིས་པུས་མགོ་གཡས་ལ་རེག་ཙམ་འཕུར། པུས་མགོ་གཡོན་ལ་རེག་ཙམ་འཕུར། དཔྲལ་བར་ལག་མཐིལ་རེག་ཙམ་འཕུར། དེ་ནས་སེ་གོལ་དྲུག་བརྡབ། །དེ་རྣམས་གཅིག་ཏུ་བརྩིས་ལ། ལག་གཡོན་ཕྲེང་བ་བཟུང་ལ་གྲངས་བཟུང་ནས་བརྩིས་པས། སུམ་ཅུ་སོ་དྲུག་གི་བར་རླུང་ནང་དུ་བཟུང་ཐུབ་ན། ཅུང་ཟད་བྱང་བ་ཡིན། དེ་ཡི་གཉིས་འགྱུར་ཏེ་བདུན་ཅུ་དོན་གཉིས་ཐུབ་ན་འབྲིང་། སུམ་འགྱུར་ཏེ་བརྒྱ་རྩ་བརྒྱད་ཐུབ་ན་རབ་ཡིན་ཏེ། སྡོམ་པ་འབྱུང་བ་ལས། བུམ་པ་ཅན་ལ་བསྟེན་བྱས་ནས། །དབྱེ་བ་གསུམ་གྱིས་གཞོམ་པར་བཤད། །ཐ་མ་སུམ་ཅུ་སོ་དྲུག་ཙམ། །དེ་ཡི་གཉིས་འགྱུར་འབྲིང་དེ་བཞིན། །སུམ་འགྱུར་ཆེན་པོར་ཤེས་བྱས་ཏེ། །ཞེས་གསུངས་སོ། །ལུགས་གཅིག་ལ་མི་ནད་མེད་གཅིག་མདུན་དུ་བསྡད་ནས་དེའི་རླུང་དབྱུང་རྔུབ་སོ་དྲུག་སོགས་ཀྱི་ཡུན་ལ་བཟུང་ཐུབ་པ་ལ་ཚད་བཟུང་བ་ཡང་ཡོད་དོ། །འདིའི་དོན་འབྲུག་ལུགས་ཀྱི་རླུང་དེ་ཙམ་འགོགས་ཐུབ་པ་ལ་བུམ་པ་ཅན་ཆེ་འབྲིང་ཆུང་གསུམ་གྱི་དབྱེ་བ་ཡིན་པར་བྱེད་དེ། དེ་ལ་


CMR025_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

མི་བསྐྱོད་ཞབས་ཀྱིས་བཀག་པ་མཛད། རང་ལུགས་རླུང་བུམ་ཅན་ནི་འོག་སྒོ་བསྡམས་ཏེ། མགྲིན་པ་མན་ཆད་གང་བར་བྱས་ལ་མནན་པ་བུམ་ཆེན། སྙིང་ཁ་མན་ཆད་དུ་བཀང་སྟེ་མནན་པ་བུམ་འབྲིང་། ཕོ་བ་ཁོ་ནར་བཟུང་པ་བུམ་ཆུང་སྟེ། འོག་སྒོ་ཅུང་ཟད་བསྡམས། ཕོ་བ་ཐེར་གྱིས་བརྒྱང་སྟེ། ངག་སྨྲས་ཀྱང་བཟོད་དེ། སྟེང་རླུང་རང་བབ་ཏུ་བཞག་པ། བར་རླུང་བཟུང་བ་ཡང་ཟེར། བུམ་ཆུང་ཡང་ཟེར། བར་རླུང་བཟུང་བ་ལ་ནི་དུ་བ་དང་རླུང་སྣ་གཡས་ནས་རྒྱུ་དུས་ཀྱང་བཟུང་རུང་བ་ཡིན་ནོ། །འདི་སྐབས་ཉིན་གུང་སོགས་སྟན་འབོལ་བ་ལ་འདུག་ལ། རྐང་པ་གཉིས་རྡོར་སྐྱིལ་ལམ་སེམས་སྐྱིལ་ལག་པ་གཉིས་ཁུ་ཚུར་པུས་སྟེང་དུ་སྦུབ། རླུང་རོ་བསལ་ནས་རླུང་བཟུང་ལ། ཁུ་ཚུར་གཉིས་མཐེ་བོང་གིས་སྲིན་ལག་གི་རྩ་བ་མནན་པ་དེས། དཔྱི་མགོ་ནས་མཆན་ཞབས་ནས་ཡར་དྲུད་ལ་ལག་པ་གཉིས་ཀས་དཔུང་པ་མགོ་ཐད་མདུན་ངོས་སུ་ཤེད་ཀྱིས་བརྐྱངས། ཚུར་མཉམ་དུ་བསྐུམས་ལ་ཁུ་ཚུར་གཉིས་ཀྱིས་ནུ་མ་གཉིས་ཀྱི་སྟེང་དང་། གྲུ་མོ་གཉིས་ཀྱིས་མཆན་ཞབས་སུ་བརྡབ། ཡང་ཤེད་ཀྱིས་བརྐྱངས་ནས་ཚུར་བརྡབ་པ་ལན་གཉིས་བྱ། དེ་ནས་ལག་མགོ་གཡོན་


CMR025_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔུང་ནས་སོར་མོའི་རྩེ་བར་དུ། ལག་པ་གཡས་ཀྱི་ཐལ་མོ་ལན་གསུམ་རེ་ཕར་རྒྱབ་ངོས་བྱུག །དེ་བཞིན་དུ་གཡོན་པས་གཡས་པ་ལན་གསུམ་བཤད། དེ་ནས་ལག་མགོ་གཉིས་གཅིག་གིས་གཅིག་ལ་ལན་གསུམ་རེ་འཕུར་ལ། དེ་ནས་ཐལ་མོ་གཉིས་བསྣོལ་ལ་གཅིག་རྣ་བའི་མདུན་ངོས་དང་གཅིག་རྒྱབ་ངོས་སུ་བཞག་ལ་གྱེན་དུ་མགོ་འཕུར་ནས་ལྟག་ཁུང་དུ་ལག་པ་གཉིས་བོར་བ་ལན་གསུམ་དང་། རྣ་བ་གཡོན་ནས་ཀྱང་དེ་ལྟར་ལན་གསུམ་འཕུར་རོ། །ཐལ་མོ་གཅིག་གིས་ཕྲག་གོང་ནས་ལག་པའི་མདུན་ངོས་སེན་རྩེའི་བར་ལན་གསུམ་རེ་ཕར་བྱུག་རྟགཡོན་ལའང་དེ་བཞིན་བྱ། དེ་ནས་ཁུ་ཚུར་གཉིས་བཅངས་ལ་གཅིག་སྐེད་པ་ནས་མདུན་གྱི་བྲང་རུས་གཡོན་ནས་སྒྲོག་རུས་བར་གྱེན་དུ་ལན་གསུམ་ཁུ་ཚུར་གྱིས་འཕུར་བ་དང་མཉམ་པོར། ལག་གཡོན་ཁུ་ཚུར་གྱིས་རྒྱབ་ངོས་སྐེད་པ་ནས་སོག་སྲུབ་གཡས་བར་གྱེན་དུ་ལན་གསུམ་འཕུར། དེ་གཡས་གཡོན་གཉིས་བརྗེས་ལ་ཁ་ཡ་ངོས་ལན་གསུམ་རེ་འཕུར། ཡང་ཁུ་ཚུར་གཡས་ཀྱིས་མདུན་ངོས་སྐྱེད་པ་ནས་དཔྱི་གཡོན་གྱི་ཨོཾང་ཚོས་བར་ཐུར་དུ་ལེན་གསུམ་འཕུར་བ་དང་དུས་མཉམ་དུ། ཁུ་ཚུར་གཡོན་པས་རྒྱབ་ཀྱི་སྐེད་པ་ནས་ཚང་རའི་ཨོཾང་ཚོས་


CMR025_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བར་ལན་གསུམ་འཕུར། དེ་གོ་བརྗེས་ལ་གཡོན་ངོས་ཡང་ལན་གསུམ་འཕུར་རོ། །དེ་ནས་རྐང་པ་གཡས་དང་ལག་པ་གཡས་གཉིས་ཤེད་ཀྱིས་བརྐྱངས་ལ། ལག་པའི་ཐལ་མོ་རྐང་པའི་སེན་རྩེ་ནས་བརླ་རྩ་བར་ཕྱི་ནས་བྱུག །བརླ་རྩ་ནས་སེན་རྩེ་བར་ཡར་ནང་ངོས་ནས་བྱུག་པ་ལན་གསུམ། དེ་ནས་རྐང་ལག་གཡས་གཉིས་མགྱོགས་པོར་བསྐུམས་ལ། གཡོན་གཉིས་ཤེད་ཀྱིས་བརྐྱངས་ལ། སྔར་ལྟར་ལན་གསུམ་བྱུག་གོ །དེའི་རྩ་ཚིག་རྗེ་ཐམས་ཅད་མཁྱེན་པ་དྲུག་པས་བཀའ་སྩལ་པ་ནི། རྐང་པ་དཀྱིལ་ཀྲུང་སྐེད་པ་བསྲང་། །ལག་གཉིས་ཁུ་ཚུར་པུས་སྟེང་བཞག །རླུང་རོ་བསལ་ཞིང་རླུང་བཟུང་ནས། །རྡོ་རྗེའི་ཁུ་ཚུར་བརླ་གཉིས་དང་། །ལྟ་ཟུར་ནས་བརྒྱུད་འོག་ནས་བཞག །དཔུང་པའི་དྲང་ཐད་མདུན་དུ་བརྐྱང་། །ཁུ་ཚུར་གཉིས་ཀྱི་ནུ་སྟེང་ན། །གྲུ་མོས་མཆན་བརྡབ་དུས་མཉམ་གསུམ། །དེ་ནས་ལག་པ་གཡོན་ན་ནི། །གཡས་པའི་ཐལ་མོས་ལན་གསུམ་བཤད། །དེ་བཞིན་གཡས་ལའང་ལན་གསུམ་བཤད། །དེ་ནས་ཐལ་མོ་ལན་གསུམ་མཉེ། །རྣ་བའི་མདུན་རྒྱབ་ཐལ་མོ་གཉིས། །བསྣོལ་ཏེ་འགྲོ་བས་མགོ་བོ་མཉམ། །ཐལ་མོ་གཉིས་ཀྱི་ཕྲག་


CMR025_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

གོང་ནས། །མདུན་དུ་གཡས་གཡོན་གསུམ་རེ་བཤད། །རོ་སྟོད་རྒྱབ་མདུན་ཁུ་ཚུར་གཉིས། །རེས་མོས་སྟོད་དུ་གསུམ་རེ་མཉེ། །དེ་བཞིན་རོ་སྨད་མདུན་རྒྱབ་མཉེ། །དེ་ནས་རྐང་པ་གཡས་བརྐྱངས་ཤིང་། །ལག་པའང་ཤེད་བརྐྱངས་ལུས་སྦྱིན་བྱ། །ཐལ་མོ་རྐང་པའི་སྟེང་འོག་གཉིས། །ལན་གསུམ་བཤད་ཅིང་གཡོན་ལའང་བྱ། །ཞེས་གསུངས་སོ། །ཡན་ལག་ལྔ་སྦྱོང་མི་འདྲ་བ་མང་ནའང་། འདིར་ཀར་ལུགས་མ་འཆུགས་པ་ཡིན་ནོ། །དེ་ཡང་དང་པོ་རླུང་བཟུང་ལ་སྣ་ཁ་གཅིག་གཉིས་མཚམས་སུ་རླུང་བཏང་། ཡང་བཟུང་ལ་འཕྲོ་མ་རྣམས་བྱ། བྱང་ནས་ཡན་ལག་ལྔ་སྦྱོང་ཚར་གཅིག་མ་རྫོགས་བར་དུ་རླུང་མི་བཏང་བར་བྱའོ། །རླུང་མ་བྱུང་བར་ཐིག་ལེ་བསྒོམས་ཀྱང་ནུས་པ་མི་འབྱུང་བས། འདི་ལ་ཞག་བདུན་ཙམ་བསྒོམས་པ་གལ་ཆེའོ། །འདིར་གེགས་སེལ་སོགས་དང་བཤད་པ་མང་ཡང་ལོགས་སུ་སྟོན་པར་བྱའོ། །དངོས་གཞི་རླུང་སྦྱོར་བ་བཞི་ལྡན་དང་འཁྲུལ་འཁོར་ལྔ་པོ་འདི་ལ་ཡུན་རིང་སྒོམས་ཤིག དེ་ནས་ཐིག་ལེ་བསྒོམས་པ་ལ་ཡང་གོ་བར་བྱ་རྒྱུ་དང་ཉམས་སུ་ལེན་རྒྱུ་དང་གཉིས་ལས། དང་པོ་ནི། དབུ་མའི་ཡར་སྣེ་སྤྱི་བོ་ནས་ཐིག་ལེ་དཀར་པོའི་དྭངས་མ་ཡུངས་ཀར་


CMR025_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ་ཡོད་དེ། དེ་ནི་ཡབ་ཧེ་རུ་ཀའི་ངོ་བོ་སྟེ། འདི་སྐབས་སུ་ཐུགས་རྗེ་ཆེན་པོའི་ངོ་བོ། སྤྱི་གཙུག་དེ་ཡང་ནང་གི་འོག་མིན་གྱི་གནས། ལྟེ་བར་ཐིག་ལེ་དམར་པོ་ཁྲག་ཐམས་ཅད་ཀྱི་དྭངས་མ་སྲན་མ་ཙམ་ཡོད་པ་དེ་གསུམ་ཕག་མོའི་ངོ་བོ། འདི་སྐབས་སུ་ཡུམ་གསང་བ་ཡེ་ཤེས། ལྟེ་འོག་དེ་ནང་གི་ནུབ་ཕྱོགས་ཨུ་རྒྱན་གྱི་ཡུལ་ཡིན། དེ་གཉིས་གཙོ་བོ་ཡིན་ལ། དེ་ཡི་འཁོར་ལྟ་བུ་རྩ་འཁོར་ལོ་བཞི་ལྟེ་བ་ལ་སྐུ་གསུང་ཐུགས་ཡེ་ཤེས་བཞིའི་ངོ་བོའི་ཐིག་ལེ་བཞི་དང་། རྩ་འདབ་རྣམས་སུ་དེའི་འཁོར་གྱི་ཐིག་ལེ་གནས། དེ་བཞིན་དུ་ལུས་ལ་ཡུལ་ཉེར་བཞིའི་རྩ་གནས་ཀྱི་རྩ་རྣམས་ཡུལ་སོ་སོའི་མཁའ་འགྲོ། རྩ་དེ་ལ་རྒྱུ་བའི་ཐིག་ལེ་ནི་ཡུལ་ཉེར་བཞིའི་དཔའ་བོ་ཡིན། མདོར་ན་རྩ་ཁྱིམ་ལྟ་བུ། རྩ་དང་ཐིག་ལེ་ནོར་ལྟ་བུ། རྩ་དང་ཐིག་ལེ་དེ་རྣམས་ལ་ཡེ་ཤེས་ཀྱི་ལྷ་དང་དཔའ་བོ་མཁའ་འགྲོ་རྣམས་རང་བཞིན་གྱིས་གནས། ཐིག་ལེ་འཕེལ་བས་ཚེ་དང་བསོད་ནམས་ཐམས་ཅད་རང་བཞིན་གྱིས་འཕེལ། ཡེ་ཤེས་རང་བཞིན་གྱིས་སྐྱེ། ཐིག་ལེ་ཉམས་པས་ཡེ་ཤེས་དང་དངོས་གྲུབ་བསོད་ནམས་ཉམས། ཐིག་ལེ་ཡུངས་ཀར་ཙམ་ཉམས་པས་རྩ་གནས་ཀྱི་མཁའ་འགྲོ་མ་སྟོང་རྩ་བརྒྱད་ལ་ཁྲག་


CMR025_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

གི་ཕུར་པ་རེ་རེ་བཏབ་པ་དང་འདྲ་བས། མཁའ་འགྲོ་མ་རྣམས་ངུ་དི་རེ་ཡོད་པར་བཤད། རླུང་བཟུང་བས་དྲོ་སྐྱེ། དེས་བྱང་སེམས་ཞུ་ཞིང་འཕེལ། དེས་བདེ་བ་སྐྱེ། དེས་མི་རྟོག་པའི་ཡེ་ཤེས་ཤུགས་ཀྱིས་འཆར་བས་ཐབས་ཟབ་མོའི་ལམ་ཡིན་ནོ། །དེ་ལ་བསྒོམ་བྱ་རང་ཉིད་ཐུགས་རྗེ་ཆེན་པོ་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་པའི་དབུ་མའི་ཡར་སྣེ་ཚངས་བུག་ནས་ཚུར་བསྲིངས་ནས་དཔྲལ་བའི་སྨིན་མཚམས་སུ་ཟུག་སྨིན་མཚམས་སུ་རུས་གྲུ་གསུམ་གྱི་ནང་དུ། རླུང་སེམས་ཀྱི་ངོ་བོ་ཐིག་ལེ་དཀར་པོ་དཀར་ལ་འཚེར་བ་སྣུམ་ལ་འདྲིལ་བ་བདེ་བའི་ཚོར་བ་དང་ལྡན་པ་ཞིག་བསྒོམས་པ་ལ་གསལ་ཐེབ་པ་དང་། རླུང་བཏང་བ་དང་མཉམ་དུ་སྤྱི་བོར་གནས། རླུང་རྔུབ་པས་དབུ་མའི་ནང་དུ་མར་བྱུང་། རླུང་དགང་བའི་ཚེ་གསང་གནས་ཀྱི་རྩེར་བདེ་ཕྲི་ལེ་གནས་པར་བསྒོམས། རླུང་ཕར་བཏང་བ་དང་མཉམ་དུ་སྤྱི་གཙུག་ཏུ་སོང་སྟེ་སྨིན་མཚམས་སུ་གནས་པར་བསྒོམས། དེ་ལྟར་སྦྱང་བའི་ཐུན་མཚམས་སུ་ཐིག་ལེ་སྨིན་མཚམས་སུ་སོང་ནས་དེར་ཐིམ་པར་བསྒོམས་ལ་མི་དམིགས་པར་བཞག །དེ་ལྟར་བསྒོམས་པས་ལུས་ལ་རང་བཞིན་གྱི་བདེ་བ་བསྐྱེད་པར་གསུངས་པ་ཡིན་ནོ། །ཐིག་ལེ་ལ་གནོད་པའི་


CMR025_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

མེ་དང་ཉི་མ་ལ་ཧ་ཅང་བསྡད་ཆེས་པ་མི་བྱ་སྟེ། དེའི་དོན་ཐིག་ལེའི་ཡོན་ཏན་ལུས་དཀར་ཞིང་བཀྲག་མདངས་བཟང་བར་འོང་རྒྱུ་ལ་མེ་ཉི་མ་བསྡད་ན་དེ་མི་འོང་བ་ཡིན་གྱིས། ཧ་ཅང་མི་རུང་བའི་སྐྱོན་ནི་མེད། ཐིག་ལེ་འཕེལ་བའི་རྫས་ཤ་ཆང་ཅུང་ཟད་བརྟེན་པར་གསུངས་ཏེ། ཚོགས་རྫས་སུ་བྱིན་གྱིས་རླབས་པའི་ཤ་ཆང་ཡིན་གྱི། དེ་མ་ཡིན་པར་བཟའ་བ་ནི་མ་ཡིན་ནོ། །བདེ་བའི་གནད་ཡིན་པས་དཀའ་ཐུབ་ཀྱིས་ལུས་རྒུད་པ་མི་རུང་སྟེ། ལུས་ཉམས་བཟང་ན་ཐིག་ལེ་འཕེལ། དེ་འཕེལ་ན་ཡེ་ཤེས་འཕེལ་ཕྱིར་བཟའ་བཏུང་ལུས་ལ་གང་འཕྲོད་ཚིམ་པར་བྱ་བ་ཡིན་ནོ། །སྙན་བརྒྱུད་རྣམས་ནས་སྟོབས་དང་མྱོས་བྱེད་རྒྱུན་དུ་བརྟེན། ཞེས་པ་དེ་ལའང་དགོངས་པའོ། །གལ་ཏེ་ཐིག་ལེ་བསྒོམས་པ་ཙམ་ནས་ལུས་སེམས་ལ་བདེ་བ་ཁྱད་པར་ཅན་སྐྱེ་ཐུབ་པའི་རིགས་ཀྱང་ཡོད་པས། དེ་ལྟར་བདེ་བ་ཤར་ན་བདེ་བ་ཕལ་པར་ཤོར་ན་འདོད་ཆགས་ཀྱི་དབང་དུ་འགྲོ་བས། བདེ་བའི་ངོ་བོ་ལ་བལྟས་པས་བདེ་སྟོང་དབྱེར་མེད་ཀྱི་ངང་ལ་བཞག་པར་གལ་ཆེའོ། །དེའི་དངོས་གཞི་རྩ་ཐིག་རླུང་གསུམ་བསྒོམ་བྱ་སོགས་ཐིག་ལེ་དེའང་ཞག་གསུམ་བསྒོམ་པར་མཛོད་ཅིག །དེ་ལ་ཆུ་ཟླའི་གར་


CMR025_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཞེས་བྱ་བ་སྟེ་ཐིག་ལེའི་དམིགས་རིམ་མོ། །དེ་ལྟར་རྩ་རླུང་ཐིག་ལེ་གསུམ་གྱི་དམིགས་རིམ་རྩ་བ་སོང་ནས། དེའི་བོགས་འདོན་པ་ལ། དང་པོ་དྲོད་ཀྱི་བོགས་འདོན་གཏུམ་མོ་བསྒོམ་པ་ཡིན། རྩ་གསུམ་འདུས་མདོར་མ་ལས་ཐོབ་པའི་རཀྟའི་དྭངས་མ་སྲན་མ་ཙམ་ཡོད་པ་འདི་ཉིད་རླུང་གིས་བསྐུལ་ནས་གྱེན་དུ་འབར་ཞིང་མ་དག་པའི་ཕུང་ཁམས་སྐྱེ་མཆེད་བསྲེགས་ནུས་པ་ཡུམ་རྡོ་རྗེ་ཕག་མོའི་ངོ་བོར་བཞུགས་པ། དེ་གྱེན་དུ་འབར་བ་ནས་སུམ་འཁྱོག་ཨ་ཐུང་ངུའི་གཟུགས་སུ་གནས་པས་ཨ་ཐུང་ཟེར། ཉོན་མོངས་པ་ཐམས་ཅད་གཅོད་པས་གཏུམ། །ཕག་མོའི་ངོ་བོ་ཡིན་པས་མོ་ཞེས་བྱ་སྟེ། དེ་ཉིད་བསྒོམ་པ་ནི། རང་ཉིད་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་བའི། ལྟེ་འོག་སོར་བཞི་མན་ཆད་ནང་གཅིག་ཏུ་གྱུར་པའི་ནང་། ལྟེ་བའི་འོག་གསང་བའི་སྟེང་རྒྱུ་ཞབས་གཉེར་འཚམས་ཀྱི་ཐད་དབུས་མའི་ནང་དུ་མེའི་ཆོས་འབྱུང་གྲུ་གསུམ་གྱི་དབུས་སུ། ཡེ་ཤེས་ཀྱི་གཏུམ་མོ་ཐིག་ལེ་དམར་པོ་སྲན་མ་ཙམ་ཁ་དོག་དམར་ལ་རེག་བྱ་ཚ་བ། ངོ་བོ་སྟོང་པ་ཉིད། རྣམ་པ་བདེ་བ་སྟེ། མཚན་ཉིད་བཞི་དང་ལྡན་པར་བསྒོམས། དེ་ནས་རླུང་བཟུང་བས་རོ་རྐྱང་གཉིས་


CMR025_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སོང་བས། མེ་ཁྲོལ་ལ་སྦྱད་པ་བརྒྱབས་པ་ལྟར་རྩེ་ནས་མེ་དམར་གྱུར་གྱིས་འབར་དེར་མེ་དེ་ཡང་གཅན་གཟན་གྱི་སྤུ་ཙམ་རྩེ་མོ་སུམ་འཁྱོག་ཏུ་ཡོད་པ་ལ་སེམས་གཏད། དེ་ནས་ཁབ་ཙམ་སྐད་ཅིག་ཀྱང་མི་སྡོད་པར་གསལ་བ། དེ་ནས་སོར་བཞི་ཙམ་ལ་སེམས་གཏད། དེ་ནས་མེ་དེ་ཡང་རྩ་བ་སྦོམ་པ་རྩེ་མོ་ཕྲ་ཞིང་གཡོ་བ་སྐད་ཅིག་ཀྱང་མི་སྡོད་པར་གཡོ་བ། རྩེ་མོ་དྷུ་ཏིའི་ནང་ན་དམར་ཉུག་ཉུག་བྱེད་པར་བསྒོམ། དེར་རླུང་བཟུང་བས་མེ་ཆེར་འབར་ཏེ། ལྟེ་བའི་རྩ་འདབ་དྲུག་ཅུ་རེ་བཞི་མེས་གང་བར་བསྒོམས་ལ། འཁྲུལ་པའི་འཁོར་དྲུག་པ་བྱ་སྟེ། དང་པོ་རྐང་པ་རྡོར་སྐྱིལ་ལམ་སེམས་སྐྱིལ་བྱ། ལ་ཚིགས་བསྲངས། ལག་གཉིས་ཁུ་ཚུར་སྲིན་ལག་མཐེ་བོང་གིས་མནན་ལཾ། བརླ་རྩ་དཔྱི་ཟུར་དུ་མནན་ལ། སྒལ་ཚིགས་ཆེར་མི་འགུལ་བར་ཕོ་བ་གཡས་སུ་ལན་གསུམ་གཡོན་དུ་ལན་གསུམ་བསྐོར་རོ། །དེས་ལྟེ་བའི་རྩ་མདུད་གྲོལ་ལོ། །དེ་ནས་རླུང་བཟུང་བས་མེ་ཆེར་འབར་སྙིང་ཁའི་རྩ་འདབ་ཐམས་ཅད་མེས་གང་བར་བསྒོམས་ལ། ལག་གཉིས་མཐེ་བོང་སྲིན་རྩ་མནན་ནས་བརླ་རྩ་དཔྱི་ཟུར་ཁུ་ཚུར་གྱིས་མནན། དཔུང་པ་བརྒྱངས་ལ་ངོ་དང་རོ་སྟོད་གཉིས་ག་ཕྱོགས་


CMR025_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཏུ་གཡས་སུ་དྲག་གཅུ་གཡོན་དུ་དྲག་གཅུ་བ་གསུམ་རེ་བྱ། དེས་སྙིང་ཁའི་རྩ་མདུད་གྲོལ་བར་བྱེད་དོ། ཡང་རླུང་བཟུང་བས་མགྲིན་པའི་རྩ་འདབ་བཅུ་དྲུག་མེས་གང་བར་བསྒོམས་ལ། ལག་པ་སྔར་བཞིན་ལ། མགྲིན་པ་ལྷོད་ལ་གཡས་བསྐོར་དུ་ལན་གསུམ། གཡོན་བསྐོར་དུ་ལན་གསུམ་བསྐོར་བས། མགྲིན་པའི་རྩ་མདུད་གྲོལ་ལོ། །དེ་ནས་རླུང་བཟུང་བས་ཡེ་ཤེས་ཀྱི་མེ་འབར་སྤྱི་བོའི་རྩ་འདབ་སུམ་ཅུ་སོ་གཉིས་གང་བར་བསྒོམས་ལ། མགོ་འགུགས་པས་མ་ནེ་བྲང་ལ་རྡེབ་མ་ཐག །མགོ་བོ་ཤེད་ཀྱིས་རྒྱབ་ལྟག་ཁུང་དུ་འཕེན། དེ་ལྟར་དགྱེ་དགུ་ལན་གསུམ་གྱིས། སྤྱི་བོའི་རྩ་མདུད་གྲོལ་ལོ། །རླུང་བཟུང་བས་མེ་ཆེར་འབར་ལག་པ་གཡས་དང་རྐང་པ་གཡས་ཀྱི་རྩ་ཐམས་ཅད་གང་བར་བསྒོམས་ལ། རྐང་པ་གཡས་དང་ལག་པ་གཡས་དུས་མཉམ་དུ་སྤྲུག་སྟེ་ཤེད་ཀྱིས་བརྐྱངས། དེ་མ་ཐག་དུས་མཉམ་དུ་དྲག་ཏུ་བསྐུམས་ནས། ཁུ་ཚུར་ནུ་མའི་སྟེང་དུ་གྲུ་མོས་རྩིབ་ལོགས་སྟེང་དང་རྐང་པའི་ཕྱི་རྙིང་གི་ཨོཾང་ཚོས་སྟེང་དུ་དུས་གཅིག་ལ་བརྡབ། དེ་འདྲ་གསུམ་བྱ། ཡང་རླུང་བཟུང་བ་དང་བཅས་མེ་འབར་ནས་རྐང་པ་གཡོན་དང་ལག་པ་གཡོན་གྱི་རྩ་འཁོར་ཐམས་ཅད་མེས་གང་བར་


CMR025_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ལ། ལག་གཡོན་དང་རྐང་གཡོན་དུས་མཉམ་དུ་སྤྲུག་ཅིང་བརྐྱངས། དེ་མ་ཐག་བསྐུམ་པ་ཁུ་ཚུར་དང་གྲུ་མོ་ཕྱི་རྟིང་གསུམ་གྱི་ནུ་མ་རྩིབ་ལོགས་ཨོཾང་ཚོས་གསུམ་ལ་བརྡབ། དེས་ཚིགས་ཀྱི་རྩ་མདུད་གྲོལ་ལོ། །དེ་ནས་རླུང་བཟུང་བས་རྐང་མཐིལ་ཡན་སྤྱི་བོའི་མན་གྱི་ལུས་ཐམས་ཅད་མེས་གང་། བ་སྤུའི་བུ་ག་ནས་མེ་ལྕེ་དམར་ཉུག་ཉུག་བྱུང་བར་བསྒོམས་ལ། རྐང་ལག་གཡས་གཉིས་ཁུ་ཚུར་དང་གྲུ་མོ་ཕྱི་རྟིང་ལ་མི་རྡེབ་པར་བརྐྱང་བསྐུམ་ལན་གསུམ་བྱ། གཡོན་ཡང་དེ་ལྟར་ལན་གསུམ་བྱས་མ་ཐག་གཡས་གཡོན་རོ་སྟོད་ཆ་གཉིས་དལ་དབུས་མདུན་ངོས་སུ་གཡས་གཅུ་གཡོན་གཅུ་བྱས་ལ། དེ་མ་ཐག་ལུས་ཐམས་ཅད་རྟའི་སྤྲུག་གསིག་འདྲ་བ་བྱས་མ་ཐག །ཁ་ནས་ཧཱ་ཧཱ་ཞེས་པ་དང་མཉམ་དུ་རླུང་ཐམས་ཅད་ཁ་ནས་ཕར་ལྷག་མ་མེད་པར་འབུད་དོ། །དེས་རྩ་ཐམས་ཅད་འདུལ་བ་ཡིན་ནོ། །དེ་རྣམས་དང་པོ་འཁྲུལ་འཁོར་རེ་རེ་དང་དམིགས་པ་རེ་རེ་ནས་སྦྱང་དེ། གོམས་ནས་རླུང་མི་བཏང་བར་རླུང་ཁུག་པ་གཅིག་གི་ནང་དུ་འཁྲུལ་འཁོར་དེ་དྲུག་ཐམས་ཅད་རྫོགས་པར་བྱ་བ་ཡིན་ནོ། །དེ་ལྟར་འཁྲུལ་འཁོར་འདི་དྲུག་ཟབ་ཆོས་ཐམས་ཅད་ནས། འཁྲུལ་འཁོར་དྲུག་པ་ཟེར།


CMR025_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་དྲུག་ལྟར་ན་རོ་དྲུག་བསྐོར་དུ་དྲག་སྟེ། འདི་ལ་ཕྱག་ལེན་ཅུང་ཟད་མི་འདྲ་བ་མང་ཡང་རང་ལུགས། རྗེ་ཆོས་ཀྱི་དབང་ཕྱུག་གིས་གསུངས་པའི་རྩ་ཚིག་ནི། ལུས་ཀྱི་སྟོད་སྨད་རང་བབ་ལ། །ཕོ་བ་གཡས་སུ་ལན་གསུམ་བསྐོར། །གཡོན་ལ་ཡང་དེ་བཞིན་བསྐོར་བ་ཡིས། །ལྟེ་བའི་རྩ་མདུད་གྲོལ་བར་བྱེད། །རོ་སྟོད་གཡས་གཡོན་གཅུ་བ་དང་། །བཞིན་ཀྱང་དེ་ཡི་ཕྱོགས་དྲུག་གཅུད། །དེ་ལྟར་ལན་གསུམ་བྱས་པ་ཡིས། །སྙིང་ཁའི་རྩ་མདུད་གྲོལ་བར་བྱེད། །མགྲིན་པའི་རྩོལ་དུ་ལྷོད་ཀློད་ནས། །གཡས་གཡོན་གསུམ་གསུམ་བསྐོར་བ་ཡིས། །མགྲིན་པའི་རྩ་མདུད་གྲོལ་བར་བྱེད། །མགྲིན་པ་རྩོལ་མེད་སྔར་ལྟར་ལ། །ཀོས་ཀོས་བྲང་ལ་བརྡེག་མ་ཐག །མགོ་བོ་རྒྱབ་ཏུ་ཤུགས་ཀྱིས་འཕངས། །དེ་ལྟར་དགྱེ་དགུ་ལན་གསུམ་གྱིས། །སྤྱི་བོའི་རྩ་མདུད་གྲོལ་བར་བྱེད། །གཡས་ཀྱི་རྐང་ལག་སྤྲུག་སྟེ་བརྐྱངས། །ཁུ་ཚུར་ནུ་མའི་སྟེང་དུ་དང་། །གྲུ་མོ་རྩིབ་ལོགས་རྟིང་པ་ཡང་། །འཕོངས་ཚོས་སྟེང་དུ་བརྡབ་པ་གསུམ། །ལྷན་ཅིག་སྦྲག་སྟེ་ལན་གསུམ་བརྡེག །དེ་བཞིན་གཡོན་ལའང་བྱས་པ་ཡིས། །ཚིགས་ཀྱི་རྩ་མདུད་གྲོལ་བར་བྱེད། །ཁུར་ཚུར་རྡེབ་པ་མ་རྟོགས་པ། །


CMR025_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

ལྷག་མ་ལུས་སྦྱོང་རྩ་ཁྲུས་ཀྱིས། །སྐབས་བཞིན་ལན་རེ་བྱས་པའི་མཐར། །གཡས་གཡོན་རོ་སྟོད་མདུན་ཕྱོགས་སུ། །ཐོག་མར་དལ་གྱིས་གཅུ་བྱ་ཞིང་། །དེ་ནས་རྟ་དྲེལ་སྤྲུག་པ་ལྟར། །ལུས་ཀུན་སྤྲུག་ཅིང་རླུང་རྣམས་ཀྱང་། །ཁ་ནས་ཧ་རིང་འདོན་པ་དང་། །ལྷན་ཅིག་ལྷག་མ་མེད་པར་བུས། །དེས་ནི་རྩ་ཀུན་འདུལ་བ་ཡིན། །སྐལ་ལྡན་རྣམས་ཀྱི་ཉམས་སུ་ལོངས། །ཞེས་གསུངས་སོ། །འདི་ལྟར་གཏུམ་མོ་སྒོམ་ཚེ་གོས་ཅུང་ཟད་བསྲབ་པར་བྱ། དེ་ཡང་གོས་སྤུ་ཅན་གྱོན་ན་དྲོད་སྐྱེས་མ་སྐྱེས་མི་ཚོར་བ་ཡིན། དྲོད་ཀྱང་ལུས་སྟོད་སྨད་གང་རུང་ནས་ལག་མཐིལ་ཙམ་ཇེ་ཆེར་སྐྱེ་བ་ཡང་ཡོད། ལུས་ཕྱི་ནས་དྲོད་སྐྱེ་བ་དང་། ནང་ནས་སྐྱེ་བ་ཡང་ཡོད། འདི་སྐབས་ལུས་དྲི་ཆུས་བཀྲུས་རྗེས། སྨན་ཤུ་དག་ནག་པོ་ཞིབ་པར་བཏུལ་ལ་མར་རྙིང་ཁ་ཚ་དང་སྦྱར་ཏེ། ལུས་ལ་བྱུག་དྲོད་སྐྱེ་མྱུར་བར་གསུངས་སོ། །འཁྲུལ་འཁོར་ཉིན་རེ་ཚར་རེ་ཙམ་ལས་མ་འཕྲོད་ནའང་། རྒྱུན་དུ་མེའི་དམིགས་པ་ཁོ་ན་བསྒོམ། ཡང་རླུང་ཁུག་པ་བཅུས་ལྟེ་བའི་རྩ་འཁོར་གང་། དེ་ནས་རླུང་ཁུག་བཅུས་མེ་མར་སོང་རྐང་མཐིལ་ཡན་གང་། བཅུས་སྙིང་ཁ། བཅུས་མགྲིན་པ། བཅུས་སྤྱི་བོ་


CMR025_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

གང་བར་བསྒོམས་ནས་རླུང་དང་སྦྲགསཔས་དྲོད་སྐྱེ་མྱུར། ཐུན་མཚམས་སུ་མེ་ཐམས་ཅད་ལྟེ་བའི་ཐིག་ལེ་ཨ་ཐུང་ལ་ཐིམ་པར་བསྒོམས་ལ་དམིགས་པར་བཞག་གོ །གཏུམ་མོ་བསྒོམས་པས་ཟས་སྔར་ལས་ཞུ་ཆེ་བས་ལྟོགས་སྣང་ཆེ་བ་དང་། གོས་བསྲབས་པས་དྲོས་པ་དང་། ཉེ་ལོགས་ཀྱི་ཆུ་སོགས་ཆེར་མི་འཁེང་བ་དང་། ལུས་ལ་དྲོད་ཆེ་བ་དང་། སྣང་བ་དྲོའུ་རེ་བ་འཁྱག་སྣང་ཆུང་བ་འབྱུང་ངོ་། །སྦ་ལྕག་མའི་གཞུང་ལས། མེ་འབར་ཉོན་མོངས་རབ་བསྲེགས་ནས། །ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་གོ་བདེ་བར་བྱས་སོ། །འདི་ལྟར་གཏུམ་མོ་སྒོམ་ཚེ་དྲོད་སྐྱེ་བའི་འཁྲུལ་འཁོར་གྱིས་ལུས་གནད་ཐབ་མགར་གྱི་ཕྱག་རྒྱ་བཅོ་བརྒྱད་ཅེས་ཀྱང་བྱ། མེ་ཐབས་དྲུག་ཆིངས་ཞེས་ཀྱང་བྱ་སྟེ། ལུས་ཙོག་པུར་འདུག །སྒལ་ཚིགས་བསྲངས། ལོང་མོའི་ཐད་རྐང་འགག་གཉིས་སྤུས་མོ་གཉིས་བསླང་བའི་སྟེང་དུ། ལག་པ་གཉིས་བསྣོལ་ཏེ་གྲུ་མོ་གཉིས་སྤུས་མོ་གཉིས་ཀྱི་སྟེང་དུ་བཞག །ལག་མཐིལ་གཉིས་དཔུང་པ་གཡས་གཡོན་སྟེང་དུ་སྦྱར། དེ་རྒྱབ་ནས་བསྒོམ་ཐག་ཡོད་ན་བཅིང་ངོ་། །དེས་རྐང་པ་ཐབ་མགར་གྲུ་གསུམ་པ་གཉིས། ལག་པ་ལ་བཞི་སྟེ་དྲུག །ནང་རྩ་ལ་ཡང་དེ་ལྟར་


CMR025_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

དྲུག །གསང་བ་རླུང་དང་ཐིག་ལེ་ལ་ཡང་དྲུག་ཏུ་འབྱུང་བས་མེ་ཐབ་དྲུག་གསུམ་བཅོ་བརྒྱད་འབྱུང་བ་ཡིན། འདི་འཁྱག་དུས་དང་རྣམ་སྣང་ཆོས་བདུན་མ་ཐུབ་དུས་བྱ། འདི་ལྟར་ནུབ་སྔས་སྤངས་ན་ཡང་འདི་ལྟར་གོམས་ན་ཙོག་པུར་ཉལ་ཆོག་པ་ཡིན། འདི་སྐབས་སུ་རྩ་གསུམ་འཁོར་ལོ་བཞིར་གསལ་བཏབ། ལྟེ་བའི་གཏུམ་མོ་འབར་བས་འཁོར་བའི་སྟོན་བྱེད་པའི་རྩ་ཐམས་ཅད་དང་རྩ་མདུད་ཐམས་ཅད་བསྲེགས། ཡེ་ཤེས་ཀྱི་དབུ་མ་མ་གཏོགས་འཁོར་བའི་དབུ་མ་ཡང་བསྲེགས། མདོར་ན་མ་དག་པའི་ལུས་ཕུང་ཁམས་སྐྱེ་མཆེད་ཞི་ཐམས་ཅད་བསྲེགས་ནས། དག་པ་ཡེ་ཤེས་ཀྱི་ལུས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པའི་ལུས། ཕྱི་ནང་ཐམས་ཅད་ཡེ་ཤེས་ཀྱི་མེ་འབར་བའི་རང་བཞིན་དུ་གྱུར། རེས་འགའ་སྐུ་ལུས་ལས་འབར་བའི་མེ་དཔག་ཚད་ཙམ་གྱིས་བར་དུ་འབར་ཏེ་གནོད་བྱེད་ཐམས་ཅད་བསྲེགས། མེ་ཚུར་འདུས་ཇེ་ཆུང་དུ་ལྟེ་བའི་ཨ་ཐུང་ལ་ཐིམ། ཡང་རླུང་བཟུང་བས་ཇེ་ཆེར་འབར། བ་སྤུའི་བུ་ག་དང་དབང་པོའི་སྒོ་དང་ཚངས་བུག་ནས་ཐོན། ལུས་ཐམས་ཅད་ལ་གོས་ལྟར་དཀྲིས་པར་བསྒོམས་པས་དྲོད་སྐྱེ་བར་གསུངས་སོ། །དེ་ལ་དངོས་སུ་དྲོད་ཕེབ་པ་ལ་རླུང་བཟུང་


CMR025_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

བའི་ངང་ནས་འཁྲུལ་འཁོར་གལ་ཆེ་བས། སྐབས་འདིར་ལུས་སྦྱོང་སོ་བདུན་མ་བྱ་སྟེ། དེའི་སྡོམ་ཚིག་ཞྭ་དམར་དྲུག་པས་བཀའ་སྩལ་པ། ས་ནོན་བྱས་ལ་ཕོ་བ་ནི། །གཡས་གཡོན་གསུམ་གསུམ་བསྐོར་བ་དྲུག །པུས་མོ་གཡས་པར་འཇུས་ནས་ནི། །དེ་བཞིན་དྲུག་དང་གཡོན་ལའང་དྲུག །མཐེ་བོང་སྲིན་རྩ་མནན་ནས་ཀྱང་། །གཡས་གཡོན་ཁུ་ཚུར་ཞགས་འཕེན་དྲུག །གཡས་གཡོན་མདའ་འགེང་བྱེད་པ་དྲུག །གཡས་གཡོན་ལག་པའི་ནང་བཤད་དྲུག །ལུས་ཀུན་སྤྲུག་དང་སོ་བདུན་ནོ། །ཞེས་གསུངས་ཏེ་གོ་སླ་ན་ཡང་། དང་པོ་ལག་པ་གཉིས་པུས་མོའི་སྟེང་དུ་བཀབ་ལ་ཕོ་བ་གཡས་སྐོར་གཡོན་སྐོར་གསུམ་སྟེ་སྒལ་ཚིགས་ཆེར་མི་འགུལ་བར་བྱ། དེ་ནས་ལག་པ་གཉིས་སོར་མོ་བསྣོལ་བས་པུས་མོ་གཡས་ལ་འཇུས་ལ་ཕོ་བ་གཡས་སྐོར་གསུམ་གཡོན་སྐོར་གསུམ། དེ་ནས་མཐེ་བོང་སྲིན་རྩ་མནན་པའི་ཁུ་ཚུར་རེ་རེ། ཡང་ན་སོར་མོ་བརྐྱང་བ་ཤེད་ཀྱིས་བཀུག་སྟེ། སྡུམ་བུ་ཆུ་སྲིན་སྡེར་མོ་འདྲ་བ་བྱས་ལ། ལག་པ་པུས་མོའི་སྟེང་ངོས་ན་ཁྱེར་ཏེ་མགོ་ལ་གཡོན་སྐོར་གཅིག་བྱས་མ་ཐག །ལག་པ་སྤྲུག་ལ་ཤེད་ཀྱིས་གཡས་བརྐྱང་དེ་འདྲ་གསུམ་བྱ། གཡོན་པས་ཀྱང་མགོ་ལ་གཡས་སུ་


CMR025_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་ཞིང་སྔོན་ལྟར་གསུམ། ལག་གཉིས་ཁུ་ཚུར་བྱས་ལ་མདའ་འཕེན་བཏང་བྱས་ལ། གྲུ་མོས་རྩིབ་ལོགས་ལ་བརྡབ་པ་གསུམ། གཡོན་པས་གཡས་ངོས་ལྟར་ལག་པ་གཞུ་བཟུང་བ་ལྟར་མདའ་འཕེན་བཏང་གསུམ་སྔར་ལྟར། ལག་གཉིས་ཁུ་ཚུར་བྱས་ལ་ལག་གཡོན་བརྐྱང་བའི་ནང་ངོས་གཡས་ཀྱིས་ལན་གསུམ་བཤད། གཡས་ལའང་དེ་ལྟར་གསུམ་བྱ། དེ་ནས་རླུང་རོ་འབུད་པ་དང་མཉམ་དུ་ལུས་རྟའི་སྤུག་གསིགས་ལྟར་ཧྲི་ལི་ལི་སྤྲུག་པ་དང་སོ་བདུན་ཏེ། དང་པོ་སོ་སོར་བྱ། གོམས་ནས་རླུང་ཁུག་པ་གཅིག་གི་སྟེང་དུ་སོ་བདུན་རྫོགས་པར་བྱ་དགོས་པ་ཡིན་ཞེས་རྟོགས་ལྡན་རྣམས་ཀྱིས་གསུངས་སོ། །འཁྲུལ་འཁོར་ལ་བརྩོན་པར་ཞུའོ། །དེ་ནས་བདེ་བའི་བོགས་འདོན་པ་ནི། རང་ཉིད་ཐུགས་རྗེ་ཆེན་པོ་རྩ་གསུམ་འཁོར་ལོ་བཞི་གསལ་བཏབ་ལ། སྤྱི་བོ་བདེ་ཆེན་འཁོར་ལོའི་དབུས་དབུ་མའི་ནང་དུ། བྱང་སེམས་དཀར་པོ་དྭངས་མ་ཐིག་ལེ་དཀར་པོ་དབྱིབས་ཟླ་བ་ཉ་གང་བ་འདྲ་བ་དཀར་ལ་འཚེར་བའི་ལྟེ་བའི། ཡི་གེ་ཧཱུྃ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ་གཅིག་བསྒོམས། ལྟེ་བ་སྤྲུལ་པའི་འཁོར་ལོའི་དབུས་དྷུ་ཏིའི་ནང་དུ་ཡེ་ཤེས་ཀྱི་གཏུམ་མོ་མེའི་ཐིག་ལེ་དམར་པོ་སྲན་


CMR025_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

མ་ཙམ་བསྒོམས། རླུང་བཟུང་བས་མེ་སོར་གང་ལྷག་ཙམ་འབར་བའི་འོད་དེས། དཔེར་ན་མར་མེའི་རྩེས་ཡ་ཟད་ཀྱི་མར་ཁུ་ཐུབ་པ་ལྟར། ཧཾ་ཡིག་དང་ཟླ་བ་ཅུང་ཟད་རྡུལ་ནས་ཧཾ་ཡིག་རྩེ་ནས་ཟག་ལ་ཁད་དུ་གྱུར། ཡང་རླུང་བཟུང་བས་མེ་སོར་གཉིས་ཙམ་འབར་བས། ཧཾ་ཡིག་གི་རྩེ་ནས་བྱང་སེམས་དཀར་པོ་ཡུངས་ཀར་ཙམ་ཐིག་པ་འཛག་པ་ལྟར་མང་དུ་འཛག་པ་དབུ་མའི་ནང་ནས། མགྲིན་པར་བབ། དེ་ནས་སྙིང་ཁར་བབ། ཡང་རླུང་བཟུང་བས་མེ་སོར་བརྒྱད་ཙམ་འབར་བས་ཐིག་ལེ་མར་བབསནས་གཏུམ་མོའི་མེ་དང་གཉིས་མེད་དུ་འདྲེས་མ་ཐག་་དཀར་ལ་དམར་བའི་མདངས་ཆགས་པའི་ཐིག་ལེའི་ལུས་ཐམས་ཅད་གང་ནས་ལུས་སེམས་ཐམས་ཅད་བདེ་བ་ཆེན་པོའི་ཁྱབ་པོར་བསྒོམས། ཡང་རླུང་བཟུང་བས་གཏུམ་མོའི་མེ་དབུ་མའི་ནང་དུ་ཡར་ནར་གྱིས་སོང་། སྤྱི་བོའི་ཧཾ་ཡིག་ལ་རེག་མ་ཐག་ལུས་ཐམས་ཅད་ཐིག་ལེ་དམར་པོས་གང་། སླར་ཧཾ་ཡིག་ལས་ཐིག་ལེ་དཀར་པོ་བབ་པས་མེ་ཞི་སྟེ་མེ་ལྟེ་བར་སོར་བཞི་ཙམ་དུ་གྱུར་མ་ཐག་ལུས་ཐམས་ཅད་བྱང་སེམས་དཀར་པོས་གང་བས་བདེ་བ་ཚད་མེད་སྐྱེས་པར་བསྒོམས། དེ་ནས་འབྲོས་དེད་ཀྱི་དམིགས་པ་ཞེས་བྱའོ། །དེ་ལྟར་བསྒོམས་པས་


CMR025_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་བ་སྐྱེ་མ་ཐུབ་ན། པུས་མོ་གཉིས་སྦྱར་རྐང་མགོ་གཉིས་ཕྱིར་བསྐྱེད་ལག་པ་གཉིས་པུས་མོ་ལ་འཁྱུད་དེ། རླུང་བཟུང་ལ་སྤྱི་བོའི་ཧཾ་ཡིག་ལས་ཐིག་ལེ་ཧཱུྃ་ཡིག་དཀར་པོ་བདེ་བའི་རང་བཞིན་གཅིག་ཚད་དེ་དབུ་མའི་ནང་ནས་མར་བྱུང་། གསང་གནས་རྡོ་རྗེའི་རྩེ་མོར་བདེ་ཕྲི་ལེ་གནས་པར་བསྒོམས་ལ། འོག་རླུང་ཡར་རྔུབ་པ་དང་ཕྱིར་ཕུལ་བའི་ཚུལ་མང་དུ་བྱས་པས་བདེ་བ་སྐྱེ། ཐིག་ལེ་འཆོར་དོགས་ཙམ་ན་ཧཱུྃ་ཡིག་དེ་སྤྱི་བོར་རྒྱངས་ཀྱིས་སོང་ནས་སྤྱི་བོའི་ཧཾ་ལ་ཐིམ། སྤྱི་བོའི་ཚངས་བུག་རྡོ་རྗེ་རྒྱ་གྲམ་དཀར་པོ་ཞིག་གིས་བཀག་པར་བསྒོམས་ལ་ཕྱག་ཆེན་ངང་ལ་བཞག་གོ །བདག་གི་མཁས་གྲུབ་ལུང་རིགས་ཉི་མའི་ཞལ་ནས། གཏུམ་མོ་སྡུག་བསྔལ་གྱི་དུས་སུ་སྙིང་རུས་བསྐྱེད། གཏུམ་མོ་འདོད་ཆགས་ཀྱི་དུས་སུ་སྟོང་ཉིད་ཀྱིས་རྒྱས་གདབ། ཅེས་གསུངས་པས། དང་པོ་རྩ་རྒོད་རླུང་རྒོད་མི་ཆུན། འཁྲུལ་འཁོར་བྱས་པས་ལུས་ངལ་ཅིང་དུབ། དམིགས་པ་མང་བས་མི་ཟིན། སྐྱུར་སྙིང་འདོད་པ་འབྱུང་། དེ་དུས་མི་སྐྱུར་བར་སྙིང་རུས་བསྐྱེད་དགོས། དེ་ནས་བདེ་དྲོད་ཀྱི་ཉམས་ཅུང་ཟད་སྐྱེས་ན་སོ་གཞོན་པའི་སྟེང་དུ་ཐིག་ལེ་འཕེལ་བས་འདོད་ཆགས་ཤས་ཆེ། བུད་མེད་


CMR025_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ཡིད་ལ་འཕྲེང་། དེ་དུས་བདེ་བ་དེའི་ངོ་བོ་ལ་བལྟས་པས་བདེ་བ་དང་སྟོང་པ་འདྲེས་ན་ཏིང་ངེ་འཛིན་བཟང་པོ་འཆར་བ་ཡིན་པར་འདུག །གེགས་སེལ་མང་དུ་གསུངས་ཀྱང་། གྲང་བའི་ནད་ཐམས་ཅད་དང་གདོན་གྱི་གནོད་པ་ཐམས་ཅད་གཏུམ་མོའི་མེ་སྦར་བས་སེལ། ཚད་པའི་ནད་དང་རླུང་ནད་དང་། གློ་མི་བདེ་བའི་ནད་ཐམས་ཅད་ཐིག་ལེ་འབེབས་པའི་དམིགས་པས་སེལ། འདུས་པའི་ནད་ཐམས་ཅད་རླུང་དང་མེ་དང་ཐིག་ལེ་གསུམ་ཆ་སྙོམ་དུ་བསྒོམས་པས་སེལ། བྱིང་རྨུགས་ཐམས་ཅད་རླུང་བཟུང་བས་སེལ། རྣམ་རྟོག་འཕྲོ་རྒོད་ཐམས་ཅད་གཏུམ་མོའི་ཐིག་ལེ་ཁོ་ན་ལ་སེམས་བཟུང་ངོ་། །དེ་ལྟར་ཐིག་ལེའི་དམིགས་པ་འདི་ཡུན་རིང་བསྒོམ། མདོར་ན་རྒྱུན་དུ་རང་ཐུགས་རྗེ་ཆེན་པོ་རྩ་གསུམ་འཁོར་ལོ་བཞིར་གསལ་བཏབ། རླུང་བཟུང་མེ་སྦར་ཐིག་ལེ་དབབ་ངོ་བོ་ལྟ་བ་ཁོ་ན་རྒྱུན་དུ་ཉམས་སུ་ལོངས་ཤིག །དེ་ནས་མི་རྟོག་པའི་བོགས་དབྱུང་བ་ནི། ལུས་རྣམ་སྣང་གི་ཆོས་བདུན་སྤང་ལ་ཕུར་པ་བཏབ་པ་ལྟར་གཡོ་འགུལ་མེད་པར་བཅའ། མིག་ནམ་མཁའ་སྔོ་སང་ངེ་བའི་དཀྱིལ་དུ་ལྕེ་རེ་ལྟ། རླུང་འཇམ་རླུང་ཅུང་ཟད་བཟུང་ལ། མེ་དང་ཐིག་ལེ་དང་རྩ་དང་སྟོང་ར་སོགས་


CMR025_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

གང་ཡང་ཡིད་ལ་མི་བསམ་པར། ལུས་ངག་ཡིད་གསུམ་འདི་བྱ་འདི་བྱེད་མེད་པར་ལྷན་ནེ་བཞག་གོ །དེའི་ཚེ་ཡི་དམ་གྱི་སྐུའམ། རྩ་དང་རླུང་དང་ཐིག་ལེ་དང་། དྲོད་དང་བདེ་བ་ལ་སོགས་པའི་རྣམ་རྟོག་ཤར་ནའང་། གང་ཤར་དེའི་ངོ་བོ་ལ་བཅོས་སླད་མེད་པར་བཞག །ཡང་ཐ་མལ་པའི་རྟོག་པ་ཅིག་འཕྲེང་བྱུང་ན་ཡང་དེའི་ངོ་བོ་ལ་ཅེར་གྱིས་བལྟས་ལ་བཞག །དེ་ལྟར་བཞག་པས་རིག་པ་དྭངས་སེང་ངེ་བ་ཆུ་དྭངས་མ་ལྟ་བུ་དང་། གསལ་སེང་ངེ་བ་མར་མེ་རླུང་གིས་མ་བསྐྱོད་པ་ལྟ་བུ་དང་། རྣམ་རྟོག་ཆེར་མི་སྐྱེ་བ་རྒྱ་མཚོ་རླུང་གིས་མི་བསྐྱོད་པ་ལྟ་བུའི་ཉམས་འཆར་རོ། །དེ་ནས་རྒྱུན་དུ་ནི་སྐད་ཅིག་དྲན་རྫོགས་སུ་ཐུགས་རྗེ་ཆེན་པོ་རྩ་གསུམ་འཁོར་ལོ་བཞི་སྤྱི་བོའི་ཧཾ་དང་ལྟེ་བའི་ཨ་ཐུང་རྣམས་གསལ་བཏབ། རླུང་རོ་བུས་ལ་རླུང་བཟུང་ལྟེ་བའི་གཏུམ་མོ་སྦྱར་བས་སྤྱི་བོའི་ཧཾ་ལས་བྱང་སེམས་བབས་པས་རྩ་གནས་གང་། བདེ་བའི་ཉམས་སྐྱེས་ཙམ་ན་དེའི་ངོ་བོ་ལ་བལྟས་ལ་བདེ་སྟོང་དབྱེར་མེད་དུ་བསྲེ། བདེ་སྟོང་འདྲེས་པའི་ཉམས་དེ་སྐྱེ་ཅི་ཐུབ། གནས་ཅི་ཐུབ། ཡུན་བསྲིང་ཅི་ཐུབ་ལ་འབད། དེ་ཡང་ད་ནངས་སྔ་མོ་རླུང་འབུད་པ་དགུ་སྤྲུག་ཅིག་བྱས་པས་ཁམས་དང་རིག་པ་


CMR025_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

གསལ། དེ་ནས་རྒྱུན་དུ་རླུང་བཟུང་མ་འཕྲོད་ན་ཡང་། དེ་ཉིན་རླུང་ནམ་བཟུང་བཟུང་འབུད་པ་དགུ་སྤྲུག་མི་དགོས། སྣ་གཉིས་ནས་ལན་རེ་འབུད་པས་ཆོག །ལུས་གནད་ཀྱང་རྣམ་སྣང་ཆོས་བདུན་ནམ། མེ་ཐབ་དྲུག་ཆིངས་རླུང་ནམ་བཟུང་ཐུབ་ན་ལེགས། མ་ཐུབ་ན་ཡང་སྒལ་ཚིགས་དེ་དྲང་པོར་བསྲངས་ནས་ལུས་ཇི་ལྟར་བྱས་ཀྱང་བཟུང་རུང་། ཉལ་བའི་ཚེ་ཡང་སྔས་དམའ་བ་ལ་ཧྲིང་ཉལ་བྱས་ཏེ་སྒལ་ཚིགས་དྲང་པོར་ཡོད་ན་འཇམ་རླུང་བཟུང་རུང་བར་གསུངས། ཡང་གཏུམ་མོའི་གནད་ཀྱིས་གོས་བསྲབས་པས་དྲོས་པའི་འཁྲུལ་འཁོར་ནི། སྔས་དམའ་བར་བྱས་ལ་མགོ་བཀུག་ནས། ལག་མཐིལ་གཉིས་ཀྱིས་མཁལ་མ་གཉིས་བཀབ་ལ་རླུང་ཅུང་ཟད་བཟུང་ལ། གཏུམ་མོའི་དམིགས་པས་ལུས་ཐམས་ཅད་མེས་གང་། མེ་ཕྱིར་འཕྲོས་གོས་དང་སྔས་གདན་ཐམས་ཅད་མེའི་ཕུང་པོར་བསྒོམས་ལ་ཉལ། གཉིད་ལ་འགྲོ་ཁ་རླུང་བཏང་ལ་གཉིད་ལོག་གོ །ཡང་ན་ཁྱི་ཉལ་སྒོར་མོ་བྱ་སྟེ། པུས་མོ་གཉིས་བྲང་ལ་སྦྱར་རྐང་མཐིལ་གཡས་པས་བོལགོང་གཡོན་མནན། མ་ནེ་པུས་མགོ་ལ་བརྟེན། ལག་གཡོན་པའི་མཐིལ་གྱིས་མཁལ་མ་བཀབ། ལག་གཡས་འགྲམ་པ་བརྟེན། སྔས་མཐོ་


CMR025_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དམན་ཅི་བདེར་བྱས་ལ། འཇམ་རླུང་བཟུང་བས་གཏུམ་མོའི་མེ་འབར་ལུས་ཐམས་ཅད་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་ཉལ་མལ་གནས་ཁང་དཔག་ཚད་ཙམ་དུ་འབར་བར་བསྒོམས་ལ་དམིགས་པ་རྩེ་གཅིག་ཏུ་གཏད། གཉིད་ལ་འགྲོ་ལ་ཁད་དུ་རླུང་བཏང་ལ་ཉལ་ལོ། །འདི་དག་ནི་གཏུམ་མོ་གོས་སུ་གྱོན་པ་དང་གདན་དུ་འདིང་བའི་གདམས་པ་ཞེས་ཀྱང་བྱའོ། །འདི་ཡན་གྱི་ཐབས་ལམ་གཏུམ་མོའི་དམིགས་རིམ་རྩ་བ་ནི་རྫོགས་སོ། །དེ་ལྟར་བསྒོམས་པས་ནཱ་རོ་ཆོས་དྲུག་དང་། ནི་གུ་ཆོས་དྲུག །གསར་རྙིང་རྒྱུད་སྡེ་བླ་མེད་ལུགས་ཐམས་ཅད་ཀྱི་རྩ་བ་རླུང་གི་གདམས་པ་ཐམས་ཅད་ཀྱི་དོན་ཐམས་ཅད་འཐུས་པ་ཡིན་ནོ། །ད་དུང་འདི་ཡི་གེགས་སེལ། བོགས་འདོན། བསྲེ་བ་སྐོར་གསུམ་སོགས་ནི་ཟད་མེད་པས་མུས་ཀྱིས་ཅི་ནུས་ཞུའོ། །ཞེས་པ་ཨ་རཱ་གས་སློབ་བུ་མཐར་ཕྱིན་ལ་རིམ་བཞིན་ཉམས་ཁྲིད་གདམས་པ་རེ་ཞིག་རྫོགས་སོ།། །།མངྒ་ལཾ། །ཨེ་ཀ་པྲིཙྪ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR025_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་གྱི་མན་ངག་ཟིན་བྲིས་རབ་ཏུ་གསལ་བ་བླ་མེད་རྡོ་རྗེ་ཐེག་པའི་ལམ་རིམ་ཇི་ལྟ་བ་མ་ནོར་བ།next