Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་སྐོར་ལས་གཏུམ་མོའི་ཁྲིད་བདེ་ཆེན་རབ་འབར།
   
   
   
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་སྐོར་ལས་གཏུམ་མོའི་ཁྲིད་བདེ་ཆེན་རབ་འབར།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་སྐོར་ལས་གཏུམ་མོའི་ཁྲིད་བདེ་ཆེན་རབ་འབར།


CMR025_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་སྐོར་ལས་གཏུམ་མོའི་ཁྲིད་བདེ་ཆེན་རབ་འབར་ཞེས་བྱ་བ་བཞུགས་སོ།།


CMR025_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་པ་འཇིག་རྟེན་དབང་ཕྱུག་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ལ་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །དགོངས་པ་གྲོལ་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་སྤྱིར་མདོ་སྔགས་ཐམས་ཅད་ནས་སྤྱན་རས་གཟིགས་ལས་སྔགས་རྒྱ་ཆེ་ཞིང་། སངས་རྒྱས་ཐམས་ཅད་སྤྱན་རས་གཟིགས་ཀྱི་སྤྲུལ་པར་གསུངས་པས། རྒྱལ་བ་སྲས་བཅས་ཐམས་ཅད་འདུས་པར་གསུངས་པས་རྒྱལ་བ་རྒྱ་མཚོ་ཞེས་བྱའོ། །དེ་ལ་མདོ་རྒྱུད་ཉི་ཤུ་རྩ་གཅིག་སོགས་སྔ་འགྱུར་དང་། ཕྱི་འགྱུར་རྒྱུད་བཞི་སོགས་ཐམས་ཅད་འདིའི་རྒྱབ་ཆོས་སོ། །ཁྱད་པར་རྟ་མཆོག་རོལ་པའི་རྒྱུད། པདྨ་


CMR025_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་གྱི་རྒྱུད། མཁའ་འགྲོ་རྒྱ་མཚོའི་རྒྱུད་ལ་བརྟེན་ནས་ཨོ་རྒྱན་ཆེན་པོས་མཚོ་རྒྱལ་ལ་གནང་བ། མངའ་བདག་ཉང་གི་གཏེར་མ་དང་། བལ་པོ་ཤྲཱི་ལ་མཉྫས་རྒྱལ་པོ་སྲོང་བཙན་ལ་གནང་ནས་གཏེར་དུ་སྦས་པ། གྲུབ་ཐོབ་དངོས་གྲུབ་ཀྱི་གཏེར་མ་དང་། པདྨ་ཟབ་པའི་རྒྱུད་ལ་བརྟེན་ནས་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་ལྷ་ལྔའི་རྒྱ་གཞུང་ཆ་ལག་དང་བཅས་པ་གྲུབ་པའི་རྒྱལ་མོས་རས་ཆུང་པ་ལ་གནང་བ་དང་། སློབ་དཔོན་ཛ་ལེནྡཱ་རས་མཛད་པའི་རྒྱ་གཞུང་ཆ་ལག་དང་བཅས་པ་མེ་ཏྲི་པ་ནས་བརྒྱུད་པ་དང་། བཀའ་གཏེར་བཞི་པོ་གྲུབ་ཆེན་ཀརྨ་པ་ལ་


CMR025_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་སོ། །དེ་ཡང་ཆོས་རྒྱལ་རིན་ཆེན་གླིང་པའི་གཏེར་ཤོག་ལས། མ་འོངས་ལྔ་བརྒྱའི་ཐ་མ་ལ། །མ་འོངས་གདུལ་བྱ་འདུལ་བ་ཡི། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱིས། །རྒྱ་བོད་ཧོར་གསུམ་འདུ་བ་ཡི། །དུས་གསུམ་མཁྱེན་པ་མཚུར་ཕུ་ཞེས། །གྲགས་པ་ཀརྨའི་མིང་ཅན་འབྱུང་། །ཞེས་སོགས་དང་། པདྨ་ང་དང་གཉིས་སུ་མེད། །མཁའ་མཉམ་འགྲོ་བ་སྐལ་ལྡན་ལ། །གསང་གསུམ་འབྲས་བུ་ངོ་སྤྲོད་ཀྱིས། །བདེ་བ་ཆེན་པོར་འགོད་བྱེད་པ། །བཅོམ་ལྡན་སེང་གེའི་མཚན་དང་ལྡན། །བྱམས་མགོན་ཐུགས་རྗེ་ཆེན་པོའི་སྲས། །འཁོར་བ་དོང་སྤྲུགས་ཞེས་བྱ་བ། །བདེ་བར་གཤེགས་པས་ལུང་བསྟན་ཏེ། །ཞེས་གསུངས་པ་ལྟར་མིང་ཡོངས་སུ་གྲགས་པའི་ཀརྨ་པ་དང་ཐུགས་རྗེ་ཆེན་པོའི་བར་ན་བརྒྱུད་པ་གཞན་ཡོད་ཀྱང་ཉན་མེད་ཀྱང་ཉན་ཞེས་གྲུབ་ཆེན་པཀྵིའི་གསུངས་པ་ལྟར། བརྒྱུད་པ་འདི་ལ་བཀའ་བབས་པ་ལགས་སོ། །ཁྱད་པར་རྫོགས་རིམ་སྐུ་གསུམ་ངོ་སྤྱོད་ནི། ཏེ་ལོ་ནཱ་རོ་ནས་བརྒྱུད་པ་ཡིན་ཀྱང་། འདི་ནི་གཉིས་མེད་དུས་ཀྱི་འཁོར་ལོ་ཡིན་པ་རྗེ་མི་བསྐྱོད་ཞབས་ཀྱིས་རྒྱ་ཆེར་གསུངས་ཤིང་། ཨོ་རྒྱན་ཆེན་པོས་ཀྱང་། རྒྱལ་


CMR025_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

བ་རྒྱ་མཚོའི་ལྷ་ལྔ་འདི། ཐབས་ཤེས་གཉིས་སུ་མེད་པ་པདྨ་ཟབ་པའི་རྒྱུད་ལ་བརྟེན་ནས་མཛད་ཅེས་སངས་རྒྱས་གླིང་པའི་གཏེར་ཁ་ནས་གསུངས་པས། རྒྱུད་སྡེ་ཐམས་ཅད་ཀྱི་མཐོ་ཤོས་རྒྱལ་མཚན་གྱི་ཏོག་ལྟ་བུ་ལགས་སོ། །དེའི་དབང་ལུང་བརྒྱུད་པ་གཏོར་བསྔོས་ལྟར། གཞན་ཡང་མང་དུ་སྣང་མོད་ཀྱི། བྱིན་རླབས་དོན་གྱི་བརྒྱུད་པ་གྲུབ་ཆེན་ཀརྨ་པས་ནས་ཀ་ཊོ་རའི་གང་རྒྱལ་བ་རྒྱ་མཚོའི་སྒྲུབ་ཐབས་སྦ་ལྕག་གིས་དཀྲུགས་ནས། ཨོ་རྒྱན་པའི་དབུ་ལ་བཞག་སྟེ་བྱིན་རླབས་མཛད་པས་རྟོགས་པ་མཆོག་ཏུ་གྱུར་པ་སྐྱེས། སྐུ་གསུམ་ངོ་སྤྱོད་དང་བསྲེ་བའི་ཤོག་དྲིལ་ཞྭ་ནག་རྣམས་གནང་ནས་བརྒྱུད་པ་གཏད། སྤྲུལ་སྐུ་རྒྱབ་མའི་དབུ་འདོན་དགོས་ཚུལ་གསུངས་ནས། རྒྱལ་བ་རྒྱ་མཚོའི་དོན་བརྒྱུད་ཀྱང་ཟུང་འཇུག་བརྒྱུད་པ་ལྟར་ཡིན་ཞེས་ཆོས་སྒོ་བས་གསུངས། འདི་གསང་བའི་ཡི་དམ་ཡིན་པས། བཀའ་ཤིན་ཏུ་གཉན་པས་མང་དུ་སྤེལ་ན་མཁའ་འགྲོའི་ཀོ་ལོང་བསྡོམས་ནས་རང་གི་བསོད་ནམས་ལ་འབྲིང་ཞེས་ཀརྨ་པཀྵིའི་གསུངས་པའི་གནད་ཀྱིས་དབང་ལུང་ཤིན་ཏུ་དཀོན་པར་མཆིས་ནའང་། མཁས་གྲུབ་ཆེན་པོ་ལུང་རིགས་ཉི་མའམ་མཚན་གཞན་རབ་འབྱམས་སྨྲ་བ་ངག་གི་དབང་


CMR025_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

པོའི་བཀའ་དྲིན་ལས་ཡིད་ཆེས་པར་ཐོབ། གཞན་རི་ཁྲོད་པ་ཀརྨ་རྣམ་རོལ། རིག་འཛིན་སྦས་པའི་རྣལ་འབྱོར་པ་ཀརྨ་དོན་ཡོད། སྡེ་སྣོད་འཛིན་པ་ཀརྨ་རྣམ་དག །ཞབས་དྲུང་རིན་པོ་ཆེ་ངག་དབང་བཀྲ་ཤིས་དཔལ་གྲུབ། ལྷོ་རིན་པོ་ཆེ། སྤྲུལ་སྐུ་མི་འགྱུར་རྡོ་རྗེ་སོགས་ལས་སྦྲང་མས་སྦྲང་རྩི་ལེན་པ་ལྟར། འདི་སྐོར་ཐོར་བུ་སོ་སོར་ཐོབ་ཅིང་། དྲུང་སྒམ་པོའི་དྲིས་ལན་ཀརྨ་པ་དེ་བཞིན་གཤེགས་པའི་གསུང་ལས། ངེས་ཤེས་ཆེན་པོ་གྱིས་དང་དངོས་ལས་རྨི་ལམ་དུ་ཐོབ་པ་ལྷག་གསུངས་པ་དང་། ཞབས་དྲུང་རིན་པོ་ཆེས་ཀྱང་དངོས་དང་རྨི་ལམ་ཁྱད་པར་མེད་པའི་བཀའ་ཤོག་གནང་བ་ལྟར་ན། བདག་རཱ་ག་ཨ་སྱས་ཀྱང་རྗེ་ཆོས་ཀྱི་དབང་ཕྱུག་ལས་རྒྱལ་བ་རྒྱ་མཚོའི་ཆོས་སྐོར་བཀའ་རྫོགས་ལུང་རྫོགས་རྨི་ལམ་དུ་ཐོབ་སྙམ་བྱེད་དོ། །རྗེ་ཀརྨ་པཀྵིའི་ཞལ་ནས། འདི་ལ་གྲུབ་པ་ཐོབ་པའི་རྣལ་འབྱོར་པ་རྣམས་ལ་དབང་བསྐུར་རྒྱས་བསྡུས་གཏོར་དབང་ཕྱག་དབང་ལ་སོགས་ཐོབ་ནའང་། བཀའ་གསར་རྙིང་ཞི་ཁྲོ་རབ་འབྱམས་རྒྱལ་བ་རྒྱ་མཚོའི་དབང་བསྐུར་ཐོབ་པ་ཡིན་པའི་ཕྱིར་ན། དབང་བསྐུར་རྒྱས་བསྡུས་བྱིན་རླབས་སྣ་ཚོགས་ཀྱི་དབང་བཀའ་བཅུ་བཞི་སྣ་ཚོགས་གསུངས་པ་ཡང་སོ་སོར་མ་ཐོབ་


CMR025_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་། འདི་སངས་རྒྱས་ཐམས་ཅད་ཀྱི་སྤྱི་དབང་ཐེག་དགུ་རབ་འབྱམས་སྤྱི་དབང་ཐོབ་པ་ཡིན་པས་དེས་ཆོག །འདི་ལ་གྲུབ་པ་མ་ཐོབ་ཅིང་། སྐུ་བཞི་ངོ་སྤྲོད་ཀྱི་རླུང་སེམས་ལ་རྩ་ལ་མ་རྫོགས་པ་དང་། གྲུབ་རྟགས་སྣ་ཚོགས་འཛམ་གླིང་ཁྱབ་པར་འགྲན་ཟླ་མེད་པར་སྟོན་མི་ནུས་པས། ལོ་བརྒྱ་སྟོང་དུ་ཆོས་དང་དབང་བསྐུར་ཉན་བཤད་བྱས་ཀྱང་བུ་རྩེའི་རྩེད་མོ་དང་འདྲ་ཞེས་གསུངས་པ་ལྟར་ན་ནི། རྒྱལ་བ་ཡབ་སྲས་དབུ་ཞྭ་བཞེས་དུས་ཐུགས་རྗེ་ཆེན་པོའི་སྒོམ་ལུང་གནང་སྲོལ་ཡོད་ནའང་གསུང་གོ་དཀའ་སྟེ་ལན་བཞི་བཅུ་ལྷག་ཙམ་ཐོབ་པ་དང་། རྒྱལ་བ་བཅུ་པས་ཐུགས་རྗེ་ཆེན་པོའི་སྒོམ་ལུང་གནང་བ་ཁྲི་རྩ་ན་ཉན་པས་གསལ་བར་ཐོབ། ཞལ་མཇལ་རིང་དུ་ཏིང་ངེ་འཛིན་གྱི་དབང་བླངས་བ་དང་། ཚེར་ལུང་སྤྲུལ་པའི་སྐུ་ལ་ཡང་གླེགས་བམ་གྱི་དབང་ཞུས་སོ། །དེ་ནས་དོན་བརྒྱུད་པ་ཡབ་སྲས་གཉིས་ནས་བརྒྱུད་པ་ཆོག་སྙམ་མོ། །དེ་ལྟར་རྒྱུད་གཞུང་དབང་ལུང་མན་ངག་དང་བཅས་པ་ཆ་ཚང་བ་བཀའ་བབས་བྱིན་རླབས་ཀྱི་བརྒྱུད་པ་སོ་མ་ཉམས་པ་འདི་ལྟ་བུའི་ཆོས་ཉམས་སུ་ལེན་ཆོག་པ་ནི་བསྐལ་པ་དུ་མར་ཚོགས་བསགས་ཤིང་སྨོན་ལམ་རྣམ་པར་དག་པའི་སྟོབས་ལས་བྱུང་བ་ལྟོགས་པ་


CMR025_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

ཟས་དང་འཕྲད་པ་ལྟར་ཉམས་སུ་ལོངས་ཤིག །འདི་ལ་བསྐྱེད་རྫོགས་རྒྱ་ཆེ་གྲངས་མང་ཡང་། ད་ལམ་རྫོགས་རིམ་གྱི་རྩ་བ་གཏུམ་མོ་ལམ་གྱི་གཞུང་ཤིང་ཞེས་བྱ་བ་དེ་ཁོ་ན་བསྟན་པ་ཡིན། དེ་ཡང་དལ་འབྱོར་མི་ལུས་རིན་པོ་ཆེ་ཐོབ་དཀའ་ཡུན་རིང་མི་གནས་འཆི་ངེས། ཤི་ནས་ལས་འབྲས་དབང་ཆེ་བས། རིགས་དྲུག་གང་དུ་སྐྱེས་ཀྱང་སྡུག་བསྔལ་གྱི་རང་བཞིན་ཡིན་་འཁོར་བའི་རྒྱ་མཚོ་མཐའ་མེད་འདི་ནས་ད་རེས་ཐར་བར་བྱེད་དགོས། དེ་ལ་གློ་སྙིང་བྲང་གསུམ་བླ་མ་དཀོན་མཆོག་གསུམ་ལ་གཏད་ནས་སྐྱབས་ཞུ་དགོས། སེམས་ཅན་ཐམས་ཅད་ཕ་མ་ཤ་སྟག་ཡིན་པས། དེ་རྣམས་སངས་རྒྱས་ཀྱི་ས་ལ་བཀོད་འདོད་པའི་བསམ་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དགོས། ཚོགས་བསགས་པ་ལ་ཐབས་དུ་མ་ནས་འབད་ཅིང་ཁྱད་པར་ཚེགས་ཆུང་ལ་དོན་ཆེ་བ་མཎྜལ་མང་དུ་འབུལ། བྱིན་རླབས་མ་ཞུགས་ན་ཉམས་རྟོགས་མི་སྐྱེ་བས། བླ་མ་སངས་རྒྱས་ཀུན་འདུས་སུ་སྤྱི་བོར་བསྒོམ་ལ་གསོལ་བ་བཏབ། མཐར་རང་ལ་བསྟིམ། དབང་དང་བྱིན་རླབས་ཐམས་ཅད་དུས་གཅིག་ལ་ཐོབ་པར་བསྒོམ་པ་གལ་ཆེ་བས་ཅི་རིགས་སུ་བསྒོམ་པ་སྔོན་འགྲོ་བཞི་སྦྱོར་རྒྱས་བསྡུས་སྤྱི་ལྟར་


CMR025_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམས་ཏེ། སྔོན་དུ་ཕྱག་ཆེན་སོགས་ཁྲིད་གཞན་ཐོབ་པས་འཐུས་ཤིང་། དེ་ཐམས་ཅད་ཆོས་ཐུན་གཅིག་ཏུ་བསྡུས་པས་ཆོག་གོ། ༈ དེ་ཡང་གདམས་ངག་ཟབ་མོ་བསྒོམ་པ་ལ། དཔེར་ན། ཚོས་བྱེད་ཁ་ལྭ་བ་དེ་ལེགས་པར་བཀྲུས་ནས་དྲི་མ་མེད་པར་བྱས་ན། ཚོས་གང་ཡིན་ཟ་ལ། དྲི་མ་ཅན་གྱིས་ཚོས་མི་ལེན་པ་དང་འདྲ་བས་སྒྲིབ་སྦྱོང་གལ་ཆེ་ཞིང་རྗེ་སྟག་ལུང་ཐང་པ་ཆེན་པོའི་གསུངས་དང་། ཞབས་དྲུང་གིས་གནང་བའི་བཀའ་ཤོག་ལ་ཡང་། རྡོར་སེམས་ཡིག་བརྒྱ་བཟླས་པས་དྲོད་སྐྱེ་སླ་བར་གསུངས་པའི་ཕྱིར། སྔོན་འགྲོའི་ནང་ནས་འདི་གལ་ཆེ་བས། དེའི་རྩ་ཚིག་རྗེ་དཀོན་མཆོག་འབངས་ཀྱིས་མཛད་པ་འདོན་བསྒོམ་བྱའོ། །རང་གི་སྤྱི་བོར་དཔལ་ལྡན་བླ་མ་ཉིད། །རྡོ་རྗེ་སེམས་དཔའི་རྣམ་པར་བཞུགས་པ་ཡི། །ཞབས་གཡས་མཐེ་བོང་དག་ལས་ཡེ་ཤེས་ཀྱི། །བདུད་རྩི་ཚངས་བུག་ནས་ཞུགས་ལུས་གང་བས། །ལས་དང་ཉོན་མོངས་སྒྲིབ་པ་དག་པར་ཤོག །ཨོཾ་བཛྲ་སཏྭ་ས་མ་ཡ་སོགས། ཡིག་བརྒྱའམ་ཡིག་དྲུག་བཟླས། འདིའི་དོན་དྲུང་སྐྱིད་རིན་པོ་ཆེས། ཡི་གེ་བརྒྱ་པ་ལ་བརྟེན་ནས་སྒྲིབ་པ་སྦྱོང་བ་ནི། རིག་པ་གར་ཡང་མི་འགྲོ་རྩེ་


CMR025_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གི་ངང་ནས། རང་གི་སྤྱི་བོའི་སྟེང་དུ་པད་ཟླའི་གདན་ལ་བླ་མ་རྡོ་རྗེ་སེམས་དཔའ་བཞུགས་པའི་ཞབས་ཀྱི་མཐེ་བོང་ལས་ཡེ་ཤེས་ཀྱི་བདུད་རྩི་བབས། བདག་གི་ཚངས་བུག་ནས་བྷཞུགས་པས་སྒོ་གསུམ་སྡིག་སྒྲིབ་དག་པར་བསྒོམ་ཞིང་ཡི་གེ་བརྒྱ་པ་བརྗོད་པར་བྱའོ། །ཞེས་གསུངས་པ་ལྟར་དམིགས་པ་འདི་གཅིག་པུ་ལ་ཞག་བདུན་ནམ། ལྔ་སོགས་ཅི་རིགས་བྱའམ་རྟགས་ཐོན་བྱའོ། །རྟགས་ནི། རྗེ་རང་བྱུང་རྡོ་རྗེས། དེ་ལྟར་བསྒོམས་པས་ལུས་ངག་ཡིད་གསུམ་གྱི་སྡིག་སྒྲིབ་དག་པའི་རྟགས་ཁྲུས་བྱས་པ་དང་། གོས་དཀར་པོ་དྲི་མ་མེད་པ་གྱོན་པ་ལ་སོགས་པའི་རྨིས་ལྟས་འབྱུང་ཞེས་གསུངས་སོ། །གཞན་ཡང་ནམ་མཁའ་ལ་འཕུར་བ། ཉི་ཟླ་ཤར་བ། ལུས་ལས་རྣག་ཁྲག་མི་གཙང་བ་དང་འབུ་སྲིན་ཐོན་པ། ཤེལ་དང་མཆོད་རྟེན་རྙེད་པ། འོ་མ་བདུད་རྩི་འཐུང་བ། བཤལ་བ། སྐྱུགས་པ་ལ་སོགས་རྨིས་ལྟས་དང་། དངོས་སུ་ཁམས་དྭངས་རིག་པ་གསལ་བ། བློ་བདེ་བ་སོགས་འབྱུང་ངོ་། །གསང་སྔགས་རྒྱལ་པོ་བླ་ན་མེད། །ལྟུང་དང་དྲི་མ་ཐམས་ཅད་ཀྱང་། །ལན་གཅིག་ཙམ་གྱིས་དག་པར་འགྱུར། །ཞེས་ཡིག་བརྒྱའི་ཕན་ཡོན་དང་། ཕྱག་ན་རྡོ་རྗེ་གོས་སྔོན་ཅན་གྱི་


CMR025_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། ཨོཾ་བཛྲ་སཏྭ་ཧཱུྃ། ཞེས་པ་འདི་འབུམ་ཕྲག་གསུམ་གྱིས་དམ་ཚིག་ཆག་ཉམས་སྡིག་སྒྲིབ་དག་ནས་དེར་སྐྱེ་བར་གསུངས་ཏེ། རྩོད་ལྡན་དུས་སུ་བཞི་འགྱུར་དགོས་ཏེ། འབུམ་ཕྲག་བཅུ་གཉིས་བཟླས་ན་ཆག་ཉམས་སྡིག་སྒྲིབ་ངེས་པར་དག་པ་ཡིན་པས་གྲངས་ཀྱི་བསྙེན་པའམ་ཡང་ན་རྟགས་ཐོན་པར་མཛོད། དེ་ནི་ཆོས་ཐུན་གཅིག་གོ། ༈ དེ་ནས་སྐབས་འདིར་དབང་མ་བསྐུར་བར་བཤད་མི་རུང་སྟེ། བཤད་ན་སློབ་དཔོན་ལ་གསང་སྒྲོག་གི་ལྟུང་བ་འབྱུང་། སློབ་མ་ལ་ཊཱཀིའི་བཀའ་ཆད་འོང་བས། དེ་ལ་སྔོན་དུ་རྒྱལ་བ་རྒྱ་མཚོའི་དབང་ཐོབ་ན་དེས་འཐུས། མ་ཐོབ་ན་ཁྲིད་ཞུ་བ་རྣམས་ལ། རབ་རྒྱལ་བ་རྒྱ་མཚོའི་དབང་བཞི་རྒྱས་པ། འབྲིང་ལྷ་ལྔའི་གཏོར་དབང་དཀོན་མཆོག་འབངས་ཀྱིས་མཛད་པ་དེ། ཐ་མའང་ལྷ་ལྔའི་མངོན་རྟོགས་གཅིག་ཤེས་ཀུན་གྲོལ་དུ་བཅུག་པའི་རྗེས་གནང་ཐོབ་པར་བྱེད་པ་རྟག་ཏུ་གལ་ཆེའོ། །དབང་མ་ཐོབ་ན་དངོས་གྲུབ་མེད། །བྱེ་མ་བཙིར་ལ་མར་མེད་བཞིན། །དབང་བསྐུར་མེད་པར་སྟེར་བྱེད་པ། །སློབ་དཔོན་སློབ་མ་ཤི་མ་ཐག །དངོས་གྲུབ་ཐོབ་ཀྱང་དམྱལ་བར་ལྟུང་། །ཞེས་གསུངས་སོ། །ཟབ་མོའི་གདམས་


CMR025_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཞུ་ཙ་ན། །ཚོགས་ཀྱི་འཁོར་ལོ་དགོས་པ་ཡིན། །ཞེས་གསུངས་སོ། །རས་ཆུང་པས། མཁའ་འགྲོ་རྒྱ་མཚོའི་སྲོག་སྙིང་ཡོད། །ཅེས་གསུངས་པ་ནི་འདི་ཡིན་པར་བཤད། བཀའ་རྒྱས་བཏབ་ཅིང་གཉན་པའི་ཕྱིར་བརྒྱུད་པ་འཛིན་པ་རེ་མ་གཏོགས་པ་གཞན་ལ་མི་སྟོན་པ་ལེགས་པར་གདའ། བཀའ་བརྒྱུད་རྣམས་ལ་ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་ཡི་དམ་རྣམས་ལས་འདི་གསང་བའི་ཡི་དམ་ལགས་པས་ཤིན་ཏུ་གཉན་ཞིང་ཕྲག་དོག་ཆེ་བའི་ཕྱིར། གཞན་ལ་མི་སྤེལ་བའི་གཏན་ཚིག་དེ་ཡིན་པར་འདུག་གོ །ཞེས་གྲུབ་ཆེན་ཀརྨ་པས་གསུངས་པ་ལས་བཀའ་རྒྱ་གྲོལ་ཕྱིར་དང་། དཔོན་སློབ་རྣམས་ཆོས་དང་མཐུན་པའི་ལོངས་སྤྱོད་ཤུགས་ཀྱིས་འདུ་བའི་གདམས་ངག་མཆོག་ཏུ་གྱུར་པ་ཡང་འདི་ཡིན་པར་གསུངས་པའི་ཕྱིར། ནུབ་མོའི་རིགས་ལ་རྒྱལ་བ་རྒྱ་མཚོའི་ཚོགས་མཆོད་ཅི་འགྲུབ་བྱའོ། །དེ་ནས་དངོས་གཞི་གདམས་པ་ལ། རིན་པོ་ཆེ་ཀརྨ་པས་གདམས་པ་གནད་བཞི་ཆོས་ཀྱི་འཁོར་ལོ་བར་མེད་དུ་བསྐོར་བར་གསུངས་པའི་དོན། པཎ་ཆེན་ནཱ་རོ་པའི་ཞལ་ནས། ལུས་ཀྱི་གནས་ཐབས་སྒོམ་པའི་གནད། །ཅེས་དང་། རིན་པོ་ཆེ་ཀརྨ་པས། འབྱུང་བཞི་ལུས་ཀྱི་འདུག་ཚུལ་ནི།


CMR025_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་དང་ཡངས་དང་ལྷོད་དང་གསུམ། །ཞེས་དང་། རྗེ་དཀོན་མཆོག་འབངས་ཀྱིས། ལུས་ཀྱི་འདུ་འཛི་མ་ལུས་རིང་དོར་ནས། །རྐང་པ་སྐྱིལ་ཀྲུང་སྒལ་ཚིགས་མདའ་ལྟར་བསྲངས། །ལག་པ་ས་ནོན་འགུལ་སྤྱོད་རྣམ་པར་སྤངས། །ལུས་ཀྱི་བཅའ་ཐབས་ཚུལ་བཞིན་འབྱོངས་བར་ཤོག །ཅེས་གསུངས་པ་དང་། དྲུང་ཆེན་ཀུན་དགའ་རྣམ་རྒྱལ་བས། དེ་བས་བཅའ་བ་ལུས་ཀྱི་གནད། །ཅེས་དང་། ལུས་རྣམ་པར་དབེན་པ་ས་ནོན་བཏང་སྙོམས་ཀྱི་ཕྱག་རྒྱ་ཅན། ཞེས་གསུངས། རང་བྱུང་རྡོ་རྗེས། ལུས་བཏང་སྙོམས་སྤངས་ལ་རྡོ་རྗེ་སྐྱིལ་ཀྲུང་བྱ། རིག་མ་བཅོས་པར་བཞག །ཚོགས་དྲུག་སྣང་བ་དགའ་སྒྲུབ་མེད་པར་རང་མལ་རིང་ལུགས་ཆོས་ཀྱི་དབྱིངས་ཀྱི་ངང་ལ་མཉམ་པར་བཞག་ཅིང་ཡུན་རིང་དུ་གནས་པ་དང་། རང་གྲོལ་དུ་གནས་པ་ནི་ལུས་གནད་ཡིན། ལག་པ་ས་གནོན་གྱི་ཕྱག་རྒྱ་བྱས་ལ། སེམས་སེམས་ཉིད་ཀྱི་གཤིས། ཆོས་ཆོས་ཉིད་ཀྱི་དབྱིངས་ལ་རང་ལུགས་མཉམ་པར་བཞག་པ་ནི་བཅའ་བ་ལུས་ཀྱི་གནད་དོ། །ཞེས་གསུངས་པ་ལྟར་ཡུན་རིང་དུ་ལུས་གནད་བཅས་ལ། མིག་བར་སྣང་དུ་ཧད་དེ་ལྟ། སེམས་མ་ཡེངས་ཙམ་དུ་ངོ་བོ་སྐྱོང་བ་ཡིན་ཏེ།


CMR025_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུན་དུའང་འདི་ལ་གོམས་ན་སྒོམ་རང་བབས་སུ་འོང་སྟེ། རྟེན་འབྲེལ་ལུས་ལ་བསྒྲིགས་ན་རྟོགས་པ་སེམས་ལ་འཆར་བའི་གནད་དོ། །དེ་ལྟར་ལུས་དྲང་པས་རྩ་དྲང་། རྩེ་དྲང་པས་རླུང་དྲང་། རྩ་རླུང་སྒོམ་པའི་སྣོད་དུ་འགྱུར། དམིགས་པ་གང་སྒོམ་གསལ་ཆ་ཐོན། འཁྲུལ་འཁོར་དུས་མ་གཏོགས་རྒྱུན་དུ་ལུས་གནད་ཁོ་ནའོ། །དེས་ཆོས་ཐུན་གཅིག་གོ། །༈ བླ་མ་ལ་གསོལ་བ་འདེབས་པ་བྱིན་རླབས་ཀྱི་གནད་ནི། གནས་སྤྱི་གཙུག་མའི་གསོལ་འདེབས་རྒྱུན་དུ་བྱའོ། །དེ་ནས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྐུར་བསྒོམ་སྟེ། སྔོན་དུ་བསྐྱེད་རིམ་ལ་གོམས་པ་ཡིན་ན་སྐད་ཅིག་དྲན་རྫོགས་སུ་བསྒོམས་པས་འཐུས། སྔོན་དུ་མི་ཤེས་ན་ལྷ་ལྔ་ནང་གི་གཙོ་བོའི་མངོན་རྟོགས་དེ་ཞིབ་པར་ཡོད་གང་ལྟར་གཙོ་བོ་རྐྱང་པ་ཡབ་རྐྱང་པ་གསལ་བར་བསྒོམས་ཏེ། དེ་ཡང་རྣམ་པ་གསལ་བ་མེ་ལོང་གི་གཟུགས་བརྙན་ལྟ་བུ། སྣང་བ་རང་བཞིན་མེད་པ་ཆུ་ནང་གི་ཟླ་བ་ལྟ་བུ། གསལ་ལ་ངོས་བཟུང་མེད་པ་བར་སྣང་གི་འཇའ་ཚོན་ལྟ་བུར་བསྒོམ་མོ། །འདི་ལ་ཡེ་ཤེས་སྤྱན་འདྲེན་སོགས་མི་དགོས་ཏེ། ལྷ་མིན་ལ་ལྷ་སྒོམ་པ་རྡུལ་ཚོན་གྱི་དཀྱིལ་འཁོར་ལྟ་བུ་མ་ཡིན། རང་གི་ཕུང་ཁམས་སྐྱེ་མཆེད་


CMR025_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ཡེ་ནས་ལྷ་ཡི་དཀྱིལ་འཁོར་དམ་ཚིག་པ་རང་གི་སེམས་ཉིད་ཡེ་ནས་ཆོས་ཀྱི་སྐུ་ཡེ་ཤེས་སེམས་དཔའ་ཡིན་པ་བླ་མེད་ཀྱི་རྒྱུད་སྡེ་ཐམས་ཅད་ནས་རྒྱ་ཆེར་གསུངས་སོ། །དེ་ཡང་ཕྱི་མདོ་ལུགས་ནས་སེམས་སངས་རྒྱས་སུ་གསུངས་ཤིང་། བརྩོན་འགྲུས་དྲག་པོས་འབད་ཀྱང་བསྐལ་པ་གྲངས་མེད་གསུམ་དུ་འགོར་ལ། སྔགས་བླ་མེད་ནས་ཚེ་གཅིག་གིས་སངས་རྒྱས་ཐོབ་པར་གསུངས་པ་ནི། ལུས་སངས་རྒྱས་ཀྱི་རང་བཞིན་དུ་ཤེས་མ་ཤེས་ཀྱི་ཁྱད་པར་ཡིན་པར་གསུངས་སོ། །དེའི་ཕྱིར་རང་ལུས་རྒྱལ་བ་རྒྱ་མཚོ་ཡིན་པ་ལ་ཡིན་པར་གསལ་བས། དེ་མངོན་དུ་གྱུར་པ་དངུལ་རྡོ་བཞུས་པས་དངུལ་འབྱུང་བ་ལྟ་བུ་ཡིན་པས། རེ་ཞིག་ཐུགས་རྗེ་ཆེན་པོ་སྐུ་མདོག་དམར་པོ་མངོན་རྟོགས་ལྟར་མ་གསལ་བར་དུ་རྩེ་གཅིག་ཏུ་བསྒོམ། ཆོས་ཐུན་གཅིག་གོ། ༈ དེ་ནས་ཐུགས་རྗེ་ཆེན་པོའི་སྐུར་གསལ་བའི་ནང་སྟོང་པ་ཕུ་མ་ཕུས་བཏབ་པ་ལྟ་བུ། མིག་དང་རྣ་བ་དང་སོར་མོའི་རྩེ་ཚུན་སྟོང་སང་ངེ་བ། ཕྱི་དར་དམར་གྱི་གུར་ཕུབ་པ་ལྟ་བུ་ལ། ཐུགས་རྗེ་ཆེན་པོ་རྒྱན་ཆ་ལུགས་སྣང་ལ་རང་བཞིན་མེད་པར་སྒོམས་ཤིག །དེ་ནི་རིགས་ལྡན་གཞི་བཟུང་བ་ཕྱི་ལུས་ཀྱི་སྟོང་ར་ཞེས་བྱ།


CMR025_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་ཡུན་རིང་གོམས་ན་ཉམས་སྣང་སྣ་ཚོགས་སུ་འཆར་བ་དང་། སྡིག་སྒྲིབ་དག་རྟོགས་ཀྱང་འབྱུང་ངོ་། །འདི་དག་སྔ་མ་ལ་མ་གོམས་ན་ཧབ་ཐུབ་བྱས་རུང་། ལུས་ཐོབ་ཀྱང་དེ་ལས་རྟོགས་པ་མི་སྐྱེ་བས་ཕུར་ཚུགས་སུ་སྒོམས་ཤིག །ཆོས་ཐུན་གཅིག་གོ། །དེ་ནས་དཔག་བསམ་གྱི་ཤིང་འཛུགས་པ་ཞེས་ནང་རྩའི་སྟོང་ར་ནི། རང་ལུས་ཐུགས་རྗེ་ཆེན་པོ་རང་ལུས་ཚད་ཙམ་བསྒོམས་ནས། དབུ་མ་མདའ་སྨྱུག་འབྲིང་པོ་ཙམ། རོ་རྐྱང་དེ་ལས་ཕྲ་ཙམ། རྩ་འདབ་རྣམས་གྲོ་སོག་ཙམ། རང་ལུས་དེ་བས་ཆེ་བ་བསྒོམས་ན་རིགས་པས་དཔག་སྟེ། ལུས་ཀྱི་དབུས་དྲང་པོར་རྩ་དབུ་མ་མཐིང་ག །ཡར་སྣེ་སྤྱི་བོ་ཚངས་པའི་བུ་གར་ཟུག་པ་སྣ་ཚོགས་རྡོ་རྗེས་མཚན་པ། མར་སྣེ་གསང་གནས་དང་ཅུང་ཟད་མ་འབྲེལ་་ཙམ། གཡས་སུ་རོ་མ་དམར་མོ། གཡོན་དུ་རྐྱང་མ་དཀར་མོ་གཉིས་ཡར་སྣེ་སྣ་བུག་གཉིས་དང་། མར་སྣེ་ལྟེ་འོག་སོར་བཞི་ཙམ་ནས་དབུ་མའི་ནང་དུ་རྒྱུ་བ། །སྤྱི་བོ་བདེ་ཆེན་གྱི་འཁོར་ལོའི་རྩ་འདབ་སུམ་ཅུ་སོ་གཉིས་དཀར་པོ་ཁ་ཅུང་ཟད་ཐུར་ལ་ཕྱོགས་པ་གདུགས་ཀྱི་རྩིབས་མ་ལྟ་བུ། མགྲིན་པའི་རྩ་འདབ་བཅུ་དྲུག་དམར་མོ་རྩ་རྩེ་ཅུང་ཟད་གྱེན་དུ་བསྟན་པ། སྙིང་


CMR025_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

གའི་རྩ་འདབ་བརྒྱད་སྔོན་པོ་ཅུང་ཟད་ཁ་ཐུར་དུ་བསྟན་པ། ལྟེ་བའི་རྩ་འདབ་དྲུག་ཅུ་རྩ་གཉིས་སེར་པོ་ཅུང་ཟད་ཁ་གྱེན་དུ་བསྟན་པ། གསང་གནས་རྩ་འདབ་སུམ་ཅུ་རྩ་གཉིས་ལྗང་གུ་ཁ་ཐད་ལྟ་བ་ཐམས་ཅད་སྟོང་པ་གསལ་བ་བསྒོམ། ལུས་གནད་སྔར་ལྟར་ཡུན་རིང་དུ་བསྒོམ། རླུང་རང་བབ་ཏུ་བཞག །རྩ་ཐམས་ཅད་དབུ་མ་ལས་གྱེས་པ། རོ་རྐྱང་དང་མ་འདྲེས་ཤིང་མ་ཐུག་པ་སྟེ། འདི་གནས་ལུགས་ཡིན། སྒོམ་ལུགས་ཡིན་ནོ། །རྩ་མ་འབྱོངས་བར་རླུང་བཟུང་ན་ཡུར་བ་མ་བསལ་བར་ཆུ་དྲངས་པ་བཞིན་གེགས་སྐྱོན་ཐམས་ཅད་འབྱུང་བའི་ཕྱིར་རྩའི་སྟོང་ར་ཡང་ཡུན་བསྲིང་ལ། ནམ་བསྒོམ་ཡང་གཅིག་ཆར་དུ་གསལ་ཐེབ་པར་བྱའོ། །དེའི་དོན་པདྨ་ཟབ་པའི་རྒྱུད་ལས་སྟོན་པས་བཀའ་སྩལ་པ། འཁོར་ལོ་ནི་བཞི་སྟེ། བདེ་བའི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། སྤྲུལ་པའི་འཁོར་ལོ་དང་། ཞེས་དང་། རྒྱ་གཞུང་ལས། གསང་གནས་ནོར་བུའི་འཁོར་ལོ་རུ། །ཞེས་སོགས་གསུངས་པའི་དོན་ནོ། །རྩ་འདི་འབྱོངས་ན་མཁའ་འགྲོ་དང་བུད་མེད་རིགས་བཟང་དབང་དུ་འདུ། བཀྲག་མདངས་རྒྱས། ཡུལ་ཁམས་དང་ས་ཡུལ་


CMR025_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

དབང་དུ་འདུ། ཡེ་ཤེས་ཀྱི་ཌཱཀི་ལུས་དང་གྲིབ་མ་ལྟར་འཁོར་ཏེ། རྩ་ནི་ནང་གི་མཁའ་འགྲོ་མ་ཡིན་པས་དེ་དབང་དུ་འདུས་ན་ཕྱིའི་ཊཱཀི་ཐམས་ཅད་རང་དབང་མེད་པར་དབང་དུ་འགྱུར་རོ། །འབྲས་བུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་འགྲུབ་བོ། །དེས་ཆོས་ཐུན་གཅིག་གོ། ༈ རྒྱུད་ཀྱི་རྒྱལ་པོ་མ་ཧཱ་མཱ་ཡཱ་ལས། སྲོག་དང་རྩོལ་བ་འབད་ནས་སུ། །རྣལ་འབྱོར་པ་ཡི་རླུང་རྔུབ་བྱ། །ཞེས་དང་། ཏེ་ལོ་པས། རླུང་གི་གནད་བཟུང་རིག་པ་བཅུད་ལ་བོར། །ལྷ་སྣང་སེམས་འཛིན་ཡན་ལག་དུ་མ་ཡིས། །རིག་པ་དྭངས་མ་ཅི་གནས་བར་དུ་བཅུག །ཅེས་གསུངས་པ་ལྟར། གྲུབ་ཆེན་ཀརྨ་པའི་གདམས་པ་གནད་བཞི་ལས། སྲོག་རྩོལ་རླུང་གི་གནད་ནི། རང་བྱུང་རྡོ་རྗེས། སེམས་ཅན་ཐམས་ཅད་རླུང་གི་རང་བཞིན་གྱི་གནས་པས་ན། རླུང་སྒོམ་མ་ཤེས་ན་གེགས་སྣ་ཚོགས་འབྱུང་བར་གསུངས་ཏེ། དེ་ཡང་། རླུང་ཞེས་བྱ་བས་ལས་ཀུན་བྱེད། །ཅེས་གསུངས་པས་ཤིན་ཏུ་གནད་ཆེ་བ་ཡིན་ནོ། །རླུང་བཟུང་སྟེ་རླུང་གའུ་ཁ་སྦྱོར་དུ་བྱས་ཤིང་འཛིན་པའི་དུས་སུ་མཆིལ་མ་གཅིག་མིད་པ་དང་དུས་མཉམ་པོར་བཟུང་ན་ཡུན་རིང་པོར་སྒོམ་པ་ཡིན། རླུང་བཟུང་ཞིང་རིག་པ་


CMR025_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་སྟོང་འཛིན་མེད་འོད་གསལ་བའི་ངང་དུ་མཉམ་པར་བཞག །རླུང་བཏང་བའི་དུས་སུ་སྣ་བུག་གཉིས་ནས་དལ་གྱིས་བཏང་ཞིང་སྡིག་པ་དག་པར་སྒོམ་པ་ནི། དཔེར་ན་སྣོད་ཀྱི་གཡའ་ངན་པ་འཁྲུད་པ་དང་འདྲ་བས། གོང་དུ་བརྗོད་པ་བཞིན་དུ་གཟུང་འཛིན་ལ་སོགས་པ་ཐམས་ཅད་སངས་ཀྱིས་དག་པར་བསམ་པ་ནི། སྲོག་རྩོལ་རླུང་གི་གནད་ཡིན་ནོ། །ཞེས་དང་། དེའི་རྩ་ཚིག་རྗེ་དཀོན་མཆོག་འབངས་ཀྱིས། སྲོག་དང་རྩོལ་བའི་ནུས་པ་འོག་ཏུ་མནན། །ཐུར་སེལ་གྱེན་དུ་བསྟན་པའི་བུམ་ཅན་གྱིས། །རླུང་རྣམས་དབུ་མའི་དབྱིངས་སུ་དག་ནུས་ཏེ། །འགྱུར་མེད་གསུང་གི་རྣལ་འབྱོར་འགྲུབ་པར་ཤོག །ཅེས་དང་། དྲུང་སྐྱིད་རིན་པོ་ཆེས། སྲོག་རོ་རྐྱང་གི་རླུང་རྩོལ་བས་དབུ་མ་ཆེན་པོར་འགོགས་པ་གའུ་ཁ་སྦྱོར་དུ་འཛིན། ཞེས་གསུངས་པ་ལྟར། རླུང་རོ་འབུད་པ་དགུ་སྤྲུགས་བྱས་ཏེ། དལ་བུས་སྣ་བུག་གཉིས་ནས་འཇམ་ལ་རིང་བ་བརྔུབས་ནས། མཆིལ་མ་མིད་པ་དང་མཉམ་དུ་ཕོ་བ་ཐེར་བྱས་པས་ལྟེ་འོག་ཏུ་མནན་ན་རོ་རྐྱང་གཉིས་ནས་དབུ་མའི་ནང་དུ་སྔོ་སིབ་སིབ་སོང་ཞིང་ཐིམ་པར་བསྒོམ་མོ། །གནོན་མི་བདེ་ན་གཡས་བཅག །གཡོན་བཅག །རྔུབ་ཆུང་


CMR025_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

བརྩེག་གོ །མ་ཐུབ་ཙ་ན་སྣ་ནས་ལྷག་མ་མ་ལུས་པར་མདའ་ལྟར་ཤེད་ཀྱིས་བུས་སོ། །རྔུབ་དང་དགང་དང་གཞིལ་བ་དང་། །མདའ་ལྟར་འཕང་དང་རྣམ་པ་བཞི། །རླུང་སྦྱོར་བཞི་ལྡན་མ་ཤེས་ན། །ཡོན་ཏན་སྐྱོན་དུ་གསོལ་བའི་གནད། །ཅེས་གསུངས། གཞིལ་བ་དབུ་མའི་ནང་དུ་བསྟིམ་པ་ནང་གཞིལ་མཆོག་གོ །བ་སྤུའི་བུ་ག་ནས་ཕྱིར་སྔོ་སིབ་སིབ་སོང་བར་བསྒོམས་པས་རླུང་ཁུག་རིང་ངོ་། །དེའི་ཚེ་རྩ་ཁྲུས་ཡན་ལག་ལྔ་སྦྱོང་ནི། རྗེ་ཆོས་ཀྱི་དབང་ཕྱུག་གིས་གསུངས་པའི་རང་ལུགས་རྩ་ཚིག་ནི། རྐང་པ་སྐྱིལ་ཀྲུང་སྐེད་པ་བསྲངས། །ལག་གཉིས་ཁུ་ཚུར་སྤུས་སྟེང་བཞག །རླུང་རོ་བསལ་ཞིང་རླུང་བཟུང་ནས། །རྡོ་རྗེ་ཁུ་ཚུར་བརླ་གཉིས་སྟེང་། །ཟུར་ནས་བརྒྱུད་དེ་འོག་ཏུ་གཞལ། །དཔུང་པའི་དྲང་ཐད་མདུན་དུ་བརྐྱངས། །ཁུ་ཚུར་གཉིས་ཀྱིས་ནུ་སྟེང་དང་། །གྲུ་མོས་མཆན་རྡེབ་དུས་མཉམ་གསུམ། །དེ་ནས་ལག་པ་གཡོན་པ་ནི། །གཡས་ཀྱི་ཐལ་མོས་ལན་གསུམ་བཤད། །དེ་བཞིན་གཡས་ལ་ལན་གསུམ་བཤད། །དེ་བཞིན་ཐལ་མོ་ལན་གསུམ་མཉེ། །རྣ་བའི་རྒྱབ་མདུན་ཐལ་མོ་གཉིས། །བསྣོལ་ཏེ་འགྲོ་བས་མགོ་བོ་མཉེ། །ཐལ་མོ་གཉིས་ཀྱིས་ཕྲག་གོང་


CMR025_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །མདུན་དུ་གཡས་གཡོན་གསུམ་རེ་བཤད། །།རོ་སྟོད་རྒྱབ་མདུན་ཁུ་ཚུར་གཉིས། །རེས་མོས་སྟོད་དུ་གསུམ་རེ་མཉེ། །དེ་ནས་རོ་སྨད་མདུན་རྒྱབ་མཉེ། །དེ་ནས་རྐང་པ་གཡས་བརྐྱངས་ཤིང་། །ལག་པའང་ཤེད་བརྐྱང་ལུས་བརྐྱང་བྱ། །ཐལ་མོ་རྐང་པའི་སྟེང་འོག་གཉིས། །ལན་གསུམ་བཤད་ཅིང་གཡོན་ལའང་བྱ། །ཞེས་བཀའ་སྩལ་ཏོ། དེ་ལྟར་ཡུན་རིང་ཉམས་སུ་བླངས་ན་རླུང་ཁུག་རིང་པོ་ཐུབ། ལུས་ཡངས། གཉིད་ཆུང་། འགྲོས་མགྱོགས། རྦབ་གཡང་སོགས་ཀྱིས་ཧ་ཅང་མི་སྐྱོན། སངས་རྒྱས་ཐམས་ཅད་ཀྱི་གསུང་འགྲུབ་སྟེ་བསྙེན་སྒྲུབ་གང་བས་ཀྱང་ལྷག །སྐྱེས་པ་ཐམས་ཅད་དང་ཆོས་སྐྱོང་གཞི་བདག་ཕོ་རིགས་ཐམས་ཅད་དབང་དུ་འདུ། མཐར་ཐུག་ལོངས་སྤྱོད་རྫོགས་སྐུ་ཐོབ་པར་འགྱུར་རོ། །ཆོས་ཐུན་གཅིག་གོ། ༈ དེ་ནས་གཏུམ་མོ་སྒོམ་པ་ནི། རྗེ་དཀོན་མཆོག་འབངས་ཀྱི་རྩ་ཚིག་ལས། སུམ་མདོར་ཤེས་རབ་མེ་ཡི་ཉི་འོད་འབར། །མེ་ཡི་ཚུལ་དུ་བཞུགས་པ་འོད་འབར་བས། །རྣམ་སྨིན་སྒྲིབ་པའི་ཕུང་པོ་ཡང་བསྲེགས་ནས། །མས་བརྟེན་དགའ་བ་བཞི་པོ་མྱོང་བྱས་ཏེ། །དམ་ཚིག་ཕྱག་རྒྱ་སྐྱོན་མེད་འགྲུབ་པར་ཤོག །


CMR025_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་དང་། དྲུང་སྐྱིད་རིན་པོ་ཆེས། ལྟེ་བའི་རཾ་ལས་ཡེ་ཤེས་ཀྱི་མེ་མཚན་ཉིད་བཞི་ལྡན་དུ་འབར་བས་ལུས་ཐམས་ཅད་ཁྱབ་པར་སྒོམ་པ་ཁོ་ནའོ། །རང་བྱུང་རྡོ་རྗེས། ལྟེ་བར་ཡི་གེ་རཾ་ཡོངས་སུ་གྱུར་པ་ལས་ཡེ་ཤེས་ཀྱི་མེ་མཚན་ཉིད་བཞི་དང་ལྡན་པ་བསྒོམས་ནས། མེ་ཇེ་ཆེར་སོང་ནས་དབུ་མའི་ནང་དུ་རོ་རྐྱང་གཉིས་ཀྱི་རྩ་ནང་དུ་སོང་ནས་ལུས་ཐམས་ཅད་ཡེ་ཤེས་ཀྱི་མེར་གྱུར་པ་སྒོམ་ཞིང་ཡུན་རིང་དུ་སྒོམ། །ཞེས་གསུངས་པའི་དོན་ནི། ལྟེ་འོག་སོར་བཞི་རྩ་འདུས་སོར་ཆོས་འབྱུང་གི་དབྱིབས་སུ་ཡོད་པ་ནི་ཡུམ་ཕག་མོའི་དཀྱིལ་འཁོར་མཚོན། དེའི་ནང་དུ་མ་ལས་ཐོབ་པའི་ཁྲག་གི་དྭངས་མ་སྲན་མ་ཙམ་གནས་པ་ནི་ཡུམ་རྡོ་རྗེ་ཕག་མོའི་གསང་བ་ཡེ་ཤེས་དངོས་ཡིན་ལ། དབུ་མའི་ཡར་སྣེ་ཚངས་བུག་གི་འོག་ཏུ་ཕ་ལས་ཐོབ་པའི་ཐིག་ལེ་དཀར་པོའི་དྭངས་མ་དངུལ་ཆུ་ལྟ་བུ་སྲན་མ་ཙམ་གནས་པ་དེ་ཡབ་ཐུགས་རྗེ་ཆེན་པོའམ་ཧེ་རུ་ཀ་དངོས་ཡིན་པར་རྒྱུད་ཐམས་ཅད་ནས་གསུངས་པ་དེ་གཉིས་སྒོམ་པའི་གཞི་ཡིན། དེ་ལ་ཐིག་ལེ་དཀར་པོ་ཧཾ་མགོ་ཐུར་བསྟན་པ་དང་། དམར་པོ་ལ་ཨ་ཡིག་ཐུང་ངུའི་མཚན་པར་བསྒོམ། དེ་རང་ཆས་སུ་ཡོད་པར་བཤད། དེ་ནས་རླུང་བཟུང་བས་རོ་རྐྱང་གཉིས་ནས་ལྟེ་འོག་ཨ་


CMR025_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

ཐུང་ལ་ཕོག་པས། སྐད་ཅིག་ལ་རཾ་ཡིག་དམར་པོར་གྱུར་ཏེ། མེ་ཁྲོལ་ལ་སྦྱད་པ་རྒྱབ་པ་ལྟར་མེ་སོར་གང་ཙམ་འབར་ཏེ། དེ་ཡང་ཁ་དོག་དམར་བ། རེག་བྱ་ཚ་བ། དབྱིབས་སུམ་འཁྱོག་ཨ་ཡིག་འདྲ་བ། ངོ་བོ་བདེ་བ་སྐྱེད་པ་སྐད་ཅིག་ཀྱང་མི་སྡོད་པར་གཡོ་བ་བསྒོམ་པར་བྱའོ། །འདི་དྲན་ཙམ་མི་ཆོག་ཤིན་ཏུ་གསལ་བར་བསྒོམ་མོ། །ཡིད་གཞན་དུ་མ་ཡེངས་པར་མེ་ལ་རྩེ་གཅིག་ཏུ་སེམས་གནས་དགོས། སྔོན་བླ་མ་དྲུང་སྐྱིད་པས་རྟོགས་ལྡན་གསར་པ་ཞིག་ལ་འདི་ཁོ་ན་སྒོམ་བཅུག་པས། ལྟེ་འོག་ཏུ་ཆུ་བུར་མཐེ་བོང་ཙམ་བྱུང་སྐད། དངོས་སུ་ལྟེ་འོག་ཏུ་ལྕགས་སྲེག་དུམ་བུ་ཞིག་ཡོད་ན་ཚིག་སྙམ་བྱེད་དགོས། དེ་འོང་བ་ལ་སེམས་གཞན་དུ་མི་འགྲོ་དེ་ལ་ལྷན་ནེ་གནས་པ་གལ་ཆེའོ། །ཆོས་ཐུན་གཅིག་གོ། ༈ དེ་ནས་རླུང་བཟུང་བས་ལྟེ་བའི་རྩ་འཁོར་མེས་གང་། དེ་ནས་སྙིང་ག །མགྲིན་པ། སྤྱི་བོ། གསང་གནས་དང་། ལུས་ཐམས་ཅད་རིམ་པར་གང་བར་བསྒོམས་ཏེ། རྒྱས་པར་རྩ་འཁོར་རེ་རེ་ལ་ཡང་ཞག་རེར་བསྒོམ། སྐེད་འཁོར་སོགས་འཁྲུལ་འཁོར་སོ་སོར་བྱ་དགོས་རྒྱུ་ཡིན་ཡང་སྐབས་དང་བསྟུན་ཆོག་ཅིང་། འཁྲུལ་འཁོར་དྲུག་པ་


CMR025_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

ནི་རྗེ་ཆོས་ཀྱི་དབང་ཕྱུག་གིས་གསུངས་པ། ནཱ་རོ་དྲུག་སྐོར་ནི། ལག་ལེན་གྱི་སློབ་དཔོན་རྒྱུན་མི་འདྲ་བ་མང་དུ་འདུག་པ་ལ། རང་ལུགས་འཁྲུལ་མེད་གོ་བདེ་བ་སླ་བར་རླུང་སྦྱོར་མན་ཆད་སྔར་ལྟར་ལས། ལུས་ཀྱི་སྟོད་སྨད་སྔར་ལྟར་རང་བབས་ལས། སྐེད་པ་གཡས་སུ་ལན་གསུམ་བསྐོར། །གཡོན་པའང་དེ་བཞིན་ལན་གསུམ་བསྐོར། །ལྟེ་བའི་རྩ་མདུད་གྲོལ་བར་བྱེད། །ཁུ་ཚུར་པུས་སྟེང་བཞག་པ་ཡིས། །ལུས་བསྲངས་ལག་པའང་བསྲང་བཞིན་པ། །རོ་སྟོད་གཡས་གཡོན་གཅུ་བ་དང་། །དེ་བཞིན་དེ་ཕྱོགས་དྲག་ཏུ་གཅུ། །དེ་ལྟར་ལན་གསུམ་བྱས་པ་ཡིས། །སྙིང་གའི་རྩ་མདུད་གྲོལ་བར་བྱེད། །མགྲིན་པ་རྩོལ་མེད་ལྷོད་པ་ནས། །གཡས་གཡོན་གསུམ་གསུམ་བསྐོར་བ་ཡིས། །མགྲིན་པའི་རྩ་མདུད་གྲོལ་བར་བྱེད། །མགྲིན་པ་རྩོལ་མེད་སྔར་ལྟར་ལས། །ཀོས་ཀེ་བྲང་ཁར་རྡེབ་མ་ཐག མགོ་བོ་རྒྱབ་ཏུ་ཤུགས་ཀྱིས་འཕངས། །དེ་ལྟར་དགྱེ་དགུ་ལན་གསུམ་གྱིས། །སྤྱི་བོའི་རྩ་མདུད་གྲོལ་བར་བྱེད། །གཡས་ཀྱི་རྐང་ལག་སྤྲུགས་ཏེ་བརྐྱངས། །ཁུ་ཚུར་ནུ་མའི་སྟེང་དུ་དང་། གྲུ་མོ་རྩིབ་ལོགས་རྟིང་པ་ཡང་། །འཕོངས་ཚོས་སྟེང་དུ་གདབ་པ་གསུམ། །ལྷན་ཅིག་


CMR025_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

སྦྲག་སྟེ་ལན་གསུམ་རྡེག །དེ་བཞིན་གཡོན་ལ་བྱས་པ་ཡིས། །ཚིགས་ཀྱི་རྩ་མདུད་གྲོལ་བར་བྱེད། །ཁུ་ཚུར་རྡེག་པ་མ་གཏོགས་པ། །ལྷག་མ་ལུས་སྦྱོང་རྩ་ཁྲུས་ཀྱི། །སྐབས་བཞིན་ལངས་ཏེ་བྱས་པའི་མཐར། །གཡས་གཡོན་རོ་སྟོད་མདུན་ཕྱོགས་སུ། །ཐོག་མར་དལ་གྱིས་གཅུ་བྱ་ཞིང་། །དེ་ནས་རྟ་དྲེལ་སྤྲུག་པ་ལྟར། །ལུས་ཀུན་སྤྲུག་ཅིང་རླུང་རྣམས་ཀྱང་། །ཁ་ནས་ཧ་རིང་འདོན་པ་དང་། །ལྷན་ཅིག་ལྷག་མ་མེད་པར་བུས། །དེས་ནི་རྩ་ཀུན་འདུལ་བ་ཡིན། །སྐལ་ལྡན་རྣམས་ཀྱིས་ཉམས་སུ་ལོངས། །ཞེས་གསུངས་པ་ལྟར་དམིགས་པ་དང་འཁྲུལ་འཁོར་འབད། ཆོས་ཐུན་གཅིག་གོ། ༈ དེ་ནས་རླུང་བཟུང་ཞིང་ཡེ་ཤེས་མེས་ལུས་ཐམས་ཅད་གང་། བ་སྤུའི་ཁུང་ནས་ཀྱང་མེ་ལྕེ་དམར་རྟ་ཉུག་ཉུག་ལུས་ཕྱི་ནང་ཐམས་ཅད་མེའི་རང་བཞིན་དུ་བསྒོམ་ཞིང་ལུས་སྦྱོང་སོ་བདུན་མ་བྱས་ཏེ། རྩོལ་བས་ལུས་སྦྱངས་གནད་ཅེས་པ། རྗེ་དཀོན་མཆོག་འབངས་ཀྱི་རྩ་ཚིག་ལས། དེ་ཡི་ངང་ལ་གཡས་གཡོན་བསྐོར་བ་དང་། །ཡན་ལག་སྤྲུག་ཅིང་སྤྲུག་པའི་སྦྱོར་བ་ཡིས། །རྩོལ་བ་བསྐྱེད་པ་ལུས་ནི་ལས་རུང་སྟེ། །རྩ་མདུད་ཐམས་ཅད་རབ་ཏུ་གྲོལ་བར་


CMR025_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག །ཅེས་དང་། རྗེ་རང་བྱུང་ཞབས་ཀྱིས། སྐེད་པ་གཡས་སྐོར་གཡོན་སྐོར། །ཞེས་དང་། ལུས་སྦྱོང་སུམ་ཅུ་སོ་བདུན་མ་བྱ་ཞིང་སྒོམ། ཞེས་པའི་དོན་ནོ། །རྗེ་ཆོས་ཀྱི་དབང་ཕྱུག་གི་ལུས་སྦྱོང་སོ་བདུན་མ་ནི། རླུང་སྦྱོར་ཡན་ཆད་གོང་ལྟར་ཡིན་ལ། ལག་གཉིས་སྤུས་སྟེང་ས་ནོན་བྱ། །ཕོ་བ་གཡས་སུ་ལན་གསུམ་བསྐོར། །གཡོན་ལའང་དེ་བཞིན་བསྐོར་བས་དྲུག །དེ་ནས་རྡོར་བསྡམས་སྤུས་གཡས་འཁྱུད། །ཕོ་བ་སྔར་བཞིན་བསྐོར་བ་དྲུག །དེ་བཞིན་གཡོན་ལའང་སྦྱོར་བ་དྲུག །མཐེ་བོས་སྲིན་རྩ་མནན་པ་ཡིས། །རྡོ་རྗེ་ཁུ་ཚུར་བཅང་བའམ། །སོར་མོ་སོ་སོར་ཤེད་ཀྱིས་བཀུག །ཆུ་སྲིན་སྡེར་མོ་ལྟར་བྱས་ལ། །ལག་པ་པུས་མོའི་སྟེང་ངོས་ནས་། །ཁྱེར་ཏེ་མགོ་ལ་གཡོན་བསྐོར་བྱ། །སྤྲུགས་ཏེ་བརྐྱངས་པ་ལན་གསུམ་བྱ། །གཡོན་པའང་དེ་བཞིན་བྱས་པས་དྲུག །ལག་གཉིས་རྡོ་རྗེ་ཁུ་ཚུར་བྱས། །མདུན་ནས་བརྩམས་ཏེ་གཡོན་ངོས་སུ། །རྩལ་པོ་ཆེ་ཡིས་མདའ་འགེངས་ལྟར། །བཀང་ནས་གྲུ་མོ་རྩིབ་ལོགས་བསྟན། །དེ་ལྟར་གཡས་གསུམ་གཡོན་གསུམ་དྲུག །ལག་གཉིས་ཁུ་ཚུར་གཡོན་བརྐྱང་བའི། །ངོས་ནས་གཡས་ཀྱིས་ལན་གསུམ་བཤད། །


CMR025_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

དེ་བཞིན་གཡོན་གྱིས་བཤད་པས་དྲུག །དེ་བཞིན་དྲུག་དྲུག་སོ་དྲུག་ནི། །སྟེང་དུ་རླུང་རོ་འབུད་པ་དང་། །ལྷན་ཅིག་ལུས་སྤྲུག་ཁོ་ན་ནི། །སྔར་བཤད་བཞིན་བྱས་སོ་བདུན་ནོ། །ཞེས་བཀའ་བསྩལ་ཏེ། རྗེ་རང་བྱུང་རྡོ་རྗེའི་ལུས་སྦྱོང་སོ་བདུན་མ་བྱ་ཞིང་བསྒོམ་མོ། །དེས་དྲོད་སྐྱེ་བར་འགྱུར། དྲོད་ཆེན་པོ་རབ་ཞག་གཅིག །འབྲིང་ཞག་གསུམ། ཐ་མ་བདུན་ནས་སྐྱེ་ཞིང་། ཇི་ལྟར་ཐ་མར་གྱུར་ཀྱང་ཞིག་ཉི་ཤུ་རྩ་གཅིག་གིས་དྲོད་སྐྱེ་བ་ཡིན་ནོ། །ཞེས་གསུངས། འདི་སྐབས་དམིགས་པ་རླུང་དང་འཁྲུལ་འཁོར་མི་ལྡོག་པ་དང་། ལུས་ཆད་ཅིང་དུབ་པས་སྒྱུར་འདོད་པ་འོང་བ་སྟེ། གཏུམ་མོ་སྡུག་བསྔལ་གྱི་དུས་བྱ་བ་ཡིན་གསུངས། འདི་དུས་སྙིང་རུས་བསྐྱེད་དེ་རང་བྱུང་བའི་འཁྲུལ་འཁོར་བརྒྱ་སྟོང་ལ་སོགས་བྱས་ནས་ཐང་ཆད་པའི་དུས་སུ། རིག་པ་གང་དུའང་མི་འཕྲོ་བར་སལ་ལེ་སེང་ངེ་བའི་ངང་ལ་མཉམ་པར་བཞག་ཅིང་། དེ་ལྟར་དབང་པོ་རབ་ལུས་སྦྱོང་ཚར་གཅིག་གིས་ནང་དུ་འཛིན་པའི་སེམས་སྤངས་ཤིང་ཐམས་ཅད་ཆོས་སྐུར་ཤེས་པ་དང་། དབང་པོ་འབྲིང་ལ་ཟླ་བ་དྲུག་གམ་ལོ་དྲུག་ལ་སོགས་ཆོས་སྐུར་རྟོགས་པ། དབང་པོ་ཐ་མ་ཡང་ཚེ་གཅིག་གིས་སངས་


CMR025_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས་པར་གསུངས་ཏེ། དེ་ཡང་ནཱ་རོ་པའི་ཞལ་ནས་ཟླ་དྲུག་བསྒོམས་པས་རླུང་དྲུག་ཟིན། །གྲངས་མེད་གསུམ་གྱི་ས་ལམ་དེ། །སྐད་ཅིག་སུམ་ཅུ་སོ་བདུན་ལ། །དེ་ཉིད་རྟོགས་པའི་ཡེ་ཤེས་རྙེད། ཅེས་པས་མཚན་ཉིད་ལུགས་ཀྱི་བསྐལ་པ་གྲངས་མེད་གསུམ་དུ་ཚོགས་བསགས་ནས་སངས་རྒྱས་པར་འདོད་པའི་དུས། སྐད་ཅིག་སུམ་ཅུ་སོ་བདུན་ལ་སངས་རྒྱས་པར་འདོད་པ་ཡིན་པས། ལུས་སྦྱོང་བྱ་ཞིང་ཕྱག་རྒྱ་ཆེན་པོ་རྒྱུན་ཆད་མེད་པར་བསྒོམ་པར་བྱའོ། །དེ་ནི་རྩོལ་བ་ལུས་སྦྱོང་གི་གནད་དོ། །ཞེས་གསུངས། དེས་ན་གནས་སྐོར་དང་ཕྱག་དང་སྐོར་བ་ཅི་བྱས་པ་ལས་ཀྱང་འཁྲུལ་འཁོར་འདི་ལྷག་པར་ཤེས་པར་བྱས་ལ་སྙིང་རུས་བྱའོ། །དེ་ནས་ལུས་སྦྱོང་ལ་དྲོད་ཆེན་པོ་སྐྱེས་ནས་ཚ་ཧོབ་དང་། ཟས་ཀྱིས་འགྲངས་པ་དང་། །ཚད་པ་ནའམ་སྙམ་པ་དང་། སེམས་རྒྱུད་སྐམ་སྐམ་ཚིག་ཚིག་པ་བྱུང་ན། གཏུམ་མོ་དྲོད་ཀྱི་དུས་ཡིན། བདེ་བས་རྒྱས་བཏབ་པ་ནི། གཏུམ་མོའི་མེ་སྦར་བས་སྤྱི་བོའི་ཧཾ་ཡིག་ཞུ་སྟེ་བྱང་སེམས་བདུད་རྩི་དཀར་པོ་མར་བབས། སྤྱི་བོ་མགྲིན་པ་སྙིང་ག་ལྟེ་བ་གསང་གནས་གང་། གསང་བའི་རྡོ་རྗེའི་རྩེར་ཐིག་ལེ་ཉུངས་ཀར་ཙམ་ཕྱིར་མ་ཐོན་ཙམ་ལ་སེམས་གཏད།


CMR025_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ལུས་སེམས་བདེ་བ་ཅུང་ཟད་སྐྱེས་ནས་ཐིག་ལེ་ཐམས་ཅད་ཆུའི་རླབས་གྱེན་དུ་ལོག་པ་ལྟར་སྐྱ་ཆི་ལི་ལི་གྱེན་དུ་ལྡོག་ནས་སྤྱི་བོའི་ཧཾ་ཡིག་ལ་བསྟིམ་མོ། །ཡང་མེ་འབར་བས་ཧཾ་ཡིག་ལས་བྱང་སེམས་ཡུངས་ཀར་ཙམ་པའི་རྒྱུན་བབས། ལྟེ་བའི་མེ་ལ་ཕོག་པས་མེ་ནང་དུ་མར་ཁུ་བླུགས་པ་ལྟར་ཚག་སྒྲ་བཅས་མེ་ཆེར་འབར་བས་མེ་དང་ཐིག་ལེ་འདྲེས་པ་བྱང་སེམས་དཀར་དམར་འདྲེས་པའི་བདུད་རྩིས་ལུས་ཐམས་ཅད་གང་བར་བསྒོམ་མོ། །ཆོས་ཐུན་གཅིག་གོ། ༈ དེ་ནས་ལུས་ལ་བདེ་བ་སྐྱེས་ཏེ་བདེ་བའི་ངོ་བོ་འདོད་ཆགས་ཀྱི་རྣམ་པར་འཆར་བས། འདོད་ཆགས་ཆེ་བུད་མེད་དྲན་པ་སོགས་འབྱུང་ངོ་། །དེ་ནི་གཏུམ་མོ་བདེ་བའི་དུས་ཡིན་པས་སྟོང་ཉིད་ཀྱི་རྒྱས་བཏབ་པ་ནི། འདོད་ཆགས་དང་བདེ་བའི་ངོ་བོ་དེ་ལ་བལྟས་ནས་ཉམས་ལེན་བསྐྱངས་པས། རྣམ་པ་ལུས་སེམས་བདེ་རེ་བ་ལ་ངོ་བོ་སྟོང་པར་རྟོགས་ནས། བདེ་སྟོང་ཕྱག་རྒྱ་ཆེན་པོ་རྡོ་རྗེ་འཆང་གི་དགོངས་པ་ཡང་དག་པའོ། །འདི་སྐབས་ཐིག་ལེ་འཆོར་ན། མིག་གྱེན་ལ་ལྡོག །ལྕེ་རྐན་ལ་སྦྱར། ལྟོ་བ་སྒལ་ཚིགས་ལ་སྦྱར། ཉ་བཞི་ཀློད། ཧིང་རིང་པོས་རླུང་གྱེན་དུ་དྲངས། གསང་གནས་ཀྱི་ཐིག་ལེ་སྐར་


CMR025_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

མདའ་ལྟར་ཁྲ་ཆི་ལེ་སྤྱི་བོའི་ཧཾ་ལ་ཐིམ་པར་བསྒོམ་ཞིང་། ལུས་ཙོག་པུ་ལ་ཐལ་མོ་སྤྱི་བོར་སྦྱར་ལ་ཕྱག་འཚལ་བ་ལྟར་མགོ་བོ་སར་གཏུགས་པ་གསུམ་མམ་བདུན་ཙམ་བྱ། དེ་ནས་བཀྲམ་པ་ནི། ལུས་ཐམས་ཅད་ཐིག་ལེ་དཀར་དམར་གྱིས་གང་བར་བསྒོམས་ལ་མིག་རྣ་བ་ཁ་སྣ་སོར་བཅུས་བཀབ་ལ། ཧ་དྲག་པོ་དང་བཅས་པས་ལུས་སྤྲུག་བྱའོ། །དེ་རྗེས་དམིགས་མེད་ཕྱག་རྒྱ་ཆེན་པོ་ལ་དལ་གཅིག་བཞག་པས་དེས་སེལ་ལོ། །ཆོན་ཐུན་གཅིག་གོ། ༈ དེ་ལྟར་རྒྱུན་གྱི་ཉམས་ལེན་གྲུབ་ཆེན་ཀརྨ་པའི་བསྲེ་བ་སྐོར་གསུམ་བྱ་སྟེ། རྩ་བ་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་རྒྱ་གཞུང་ལས། ཕུང་པོའི་སངས་རྒྱས་སྤྱན་དྲངས་རླུང་དང་བསྲེ། །མེ་ལ་བསྟིམས་པས་དབང་བསྐུར་བདེ་ཆེན་བསྐྱེད། །ཅེས་གསུངས་པའི་དོན་ཏེ། རླུང་ཕྱིར་བུས་པས་འོད་ཟེར་ཁ་དོག་སྣ་ལྔར་གྱུར་ཏེ། སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་ཐམས་ཅད་ལ་ཕོག །སྐུ་གསུང་ཐུགས་མཉེས་པའི་མཆོད་པར་གྱུར། ཚུར་བརྔུབས་པས་ཐམས་ཅད་ཐུགས་རྗེ་ཆེན་པོའི་རྣམ་པར་བྱོན་ཏེ་དེ་ཐམས་ཅད་འོད་ཁ་དོག་སྣ་ལྔ་བདུད་རྩི་བྱང་སེམས་ཀྱི་ངོ་བོར་ཞུགས་ནས། སྣ་བུག་གཡོན་ནས་ཞུགས་ཏེ་ལྟེ་བའི་མེ་ལ་ཐིམ་


CMR025_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒོམས་ལ་རླུང་བཟུང་ཞིང་ངོ་བོ་སྐྱོང་། དེ་ནས་གྲུབ་ཆེན་བརྒྱད་ཅུ་སོགས་བླ་མ་རྣམས་དང་བསྲེ་ཞིང་བསྒོམས་པས་རྟོགས་པ་སྐྱེ་སླ་སྟེ། བླ་སྒྲུབ་གང་བས་ཀྱང་ཟབ། རྒྱུད་སྡེ་བཞིའི་ཡི་དམ་གང་འདོད་ལ་བསྲེ་ཞིང་བསྒོམ་པ་དང་། ཕག་ཁྲོས་སེང་གསུམ་མཁའ་འགྲོ་ཐམས་ཅད་དང་། མགོན་ཆེན་བཞི་ལྷ་མོ་དཔོན་གཡོག་སོགས་ལ་བསྲེ་ཞིང་བསྒོམས་པས། གཞན་སྤྲོས་བཅས་ཀྱི་སྒྲུབ་ཐབས་གང་བས་ཀྱང་ཟབ་སྟེ། བསྲེ་བ་སྐོར་གསུམ་ཞེས་ཟབ་ཁྱད་བླ་ན་མེད་པའོ། །རྒྱ་གཞུང་ལས། དམིགས་མེད་ངང་ནས་རླུང་བཟུང་བཙིར་མི་དགོས། །མཁའ་ལྟར་དག་པའི་ཆོས་སྐུ་མངོན་དུ་འགྱུར། །གསུངས་པའི་དོན་རླུང་བཟུང་ཞིང་སེམས་གང་ཤར་གྱི་ངོ་བོ་ལ་བཅོས་སླད་མེད་པར་བཞག་ཅིང་དམིགས་པ་ཅི་ཡང་མི་སྒོམ་པ་ནི། ཕྱག་རྒྱ་ཆེན་པོའི་བོགས་འདོན་རྟོགས་པ་སྐྱེ་ཐབས་བླ་ན་མེད་པའོ། །དེ་ལྟར་ཐིག་ལེ་བསྒོམས་པས་ཟས་ནོར་ཐམས་ཅད་འདུ་བཀྲག་མདངས་རྒྱས་ཤིང་སངས་རྒྱས་ཐམས་ཅད་ཀྱི་ཐུགས་འགྲུབ་པར་འགྱུར་གསུངས་སོ། །ཆོས་ཐུན་གཅིག་གོ། ༈ ད་ནི་རྒྱབ་ཆོས་ཞལ་གདམས་གེགས་སེལ་བོགས་འདོན་ནི། ཐལ་ཚུབ་དང་ཤིང་སོགས་ཀྱི་


CMR025_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དུད་པ་ཡོད་སར་རླུང་བཟུང་ན། རྩ་ནང་དུ་སོང་ནས་ནད་དུ་འགྱུར་ཞེས་བདག་གི་སློབ་དཔོན་གྱིས་གསུངས། སྣ་བུག་གཡས་ནས་རླུང་རྔུབ་དུས་ཉི་མ་དུག་གི་རླུང་ཡིན་བཟུང་ན་དུག་ལྔ་སྐྱེ། ལུས་ལྟོགས་དྲེག་དུས་བཟུང་ན་རླུང་ནད་སྐྱེ། འགྲངས་བརྒྱག་དུས་བཟུང་ན་རྩ་ལོག་རླུང་ལོག་གེགས་འོང་།། སེམས་ལ་དུག་ལྔ་དང་རྣམ་རྟོག་ངན་པ་རྒྱུ་དུས་བཟུང་ན་གེགས་སུ་འགྲོ། དེ་དུས་རླུང་རོ་བུས་པས་སྐྱོན་སེལ། རླུང་སྣ་བུག་གཡོན་ནས་རྒྱུ་དུས་བཟུང་ན། ཟླ་བ་བདུད་རྩིའི་རླུང་གིས་བདེ་སྐྱིད་འཕེལ། མཉམ་དུ་རྒྱུ་བ་ཡེ་ཤེས་ཀྱི་རླུང་ཡིན་པས་བཟུང་ན་རྟོགས་པ་སྐྱེ། དད་པ་དག་སྣང་སོགས་ཉམས་རྟོགས་བཟང་པོ་སྐྱེ་དུས་བཟུང་ན་ཕན་ཡོན་སོ་སོར་འབྱུང་ངོ་། །རླུང་བཟུང་ནས་ནག་ཐོམ་ཐོམ་འགྲོ་ན་རླུང་དྲག་ཏུ་རྔུབ་པས་ལེན། དལ་བུས་འཇམ་ལ་རིང་བ་རྔུབ། སྟོད་འཚང་འདྲ་བ་སེམས་འཕྱོ་བ། འགྲོ་འདོད་པ་བྱུང་ན། རྐང་མཐིལ་གཉིས་སུ་གསེར་གྱི་མཆོད་རྟེན་ཤིན་ཏུ་བརྗིད་པ་ལ་དམིགས་པ་གཏད། འབེབས་ཆེ་ཆུང་གང་ཐུབ་བྱ། བློ་མི་བདེ་སྟོད་འཚང་ངུ་འདོད་ཚིག་པ་ཟ་ན། ནམ་མཁར་ཟླ་བའི་གདན་ལ་ཧ་ལྗང་གུ་ཞིག་བསྒོམ། རང་གི་ཁོག་ནས་ཧ་ལྗང་གུ་གཅིག་རྗེས་


CMR025_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གཅིག་འཕྲོས། ནམ་མཁའའི་ཧ་ལ་ཐིམ་པར་བསྒོམ་ལ། དབུགས་ཐོག་གཅིག་ཏུ་ཧ་ཅི་ནུས་བརྗོད། ཐིག་ལེ་རྒྱས་དྲག་ནས་འཛག་ན་ཡར་འདྲེན་གྱི་དམིགས་པ་བྱ་གདོན་གྱིས་འཛག་ན་གསང་རྡོར་ལྕགས་སྲེག་གི་ཕུར་པར་བསྒོམ། ནད་ཀྱིས་འཆོར་ན་སྡུམ་བུ་བ་ཁ་གཡུ་ལོ་རྩ་ལོ་བརྡུང་བ་འོ་མར་བཏབ་ལ་འཐུང་། རྣ་བ་ཀུ་ཟིང་ལུས་འདར་སྔངས་ལ་སྣུམ་བྱུགས་བྱས་ཤིང་རྩམ་པ་བཏབ་ལ་ཕྱིའི་ལུས་ཐམས་ཅད་ཆུ་འཇམ་གྱིས་བཀྲུ། དེས་རྗེས་རང་གི་དྲི་ཆུས་དག་པར་བཀྲུ། སྨན་ཤུ་དག་ནག་པོ་ཞིབ་པར་བཏགས་ལ་མར་རྙིང་དང་སྦྱར་ནས་ལུས་ཁྱབ་པར་བྱུགས་པས་དྲོད་མྱུར་དུ་སྐྱེ། གོས་ཀྱང་རིམ་པར་སྲབ་བཅུག་ནས་འདྲིས་པ་གལ་ཆེ། སོ་བདུན་མའི་མཇུག་ལ་འབེབས་མང་དུ་བྱས་པས་དྲོད་སྐྱེ་མྱུར་བ་ཡིན་གསུངས་སོ། །བཤད་གྲྭ་རྣམས་རབ་འབྱམས་གྲྭ་སྐོར་བཏང་ཟེར་བའི་ཚབ། སྒོམ་ཆེན་པས་བརྟས་ཀྱང་ལོ་གསུམ་བྱས་ན་རྟོགས་ལྡན་གྱི་དྭངས་རྩེ་ཡིན་པར་བརྩི་སྲོལ་འདུག་གོ །དོན་།དམ་པ་ལ་ཡང་གསང་སྔགས་གསར་རྙིང་བླ་མེད་ཀྱི་རྒྱུ་སྡེ་ཐམས་ཅད་ཀྱི་གཞུང་ཤིང་གཏུམ་མོ་འདི་ཡིན་པར་གདའ། འདི་ལ་རྟགས་ཐོན་ན་ཕྱག་རྒྱ་ཆེན་པོ་ཆེད་དུ་མ་བསྒོམས་ཀྱང་རང་


CMR025_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་ཤུགས་ལ་འཆར་བར་གསུངས་གདའ། འདི་མ་བསྒོམས་པར་སྟོང་ཉིད་ཉམས་ལེན་ཅི་བཟང་ན་ཡང་། མདོ་ཡི་ལུགས་ཀྱི་དབུ་མ་དང་ཕར་ཕྱིན་གྱི་སྟ་གོན་ཡིན་གྱི། གསང་སྔགས་ནས་བཤད་པའི་ཕྱག་རྒྱ་ཆེན་པོ་དེ་མིན་པ་མཁས་གྲུབ་མང་པོས་བཤད་གདལ། ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དེ་ཐོབ་པར་འདོད་ན་ཆོས་འདི་ལ་རྟགས་ཐོན་པ་མི་བྱེད་ཀ་མེད་དུ་འདུག་གོ །འདིའི་མཐའ་ཆོད་རྒྱས་བཤད་ནི། སྤྱིར་བླ་མེད་རྒྱུད་ཐམས་ཅད་ན་འཐོར་ནས་ཡོད་ཅིང་། ཁྱད་པར་ཀརྨ་པཀྵིའི་གདམས་ངག་རྒྱ་མཚོ་མཐའ་ཡས་བསྲེ་བ་སྐོར་གསུམ་ཆ་ལག་དང་བཅས་པ། རང་བྱུང་བའི་ཟབ་མོ་ནང་དོན་རྩ་འགྲེལ། དྲུང་ན་རིམ་སོ་སོས་མཛད་པའི་རླུང་སེམས་གཉིས་མེད་སྐུ་གསུམ་ངོ་སྤྱོད་རྒྱས་བསྡུས་ཐམས་ཅད་འཐོར་ནས་ཡོད་དོ། །ད་ལམ་གཡེང་བ་མང་བ་དང་། ལྷགས་པ་ཆེ་ན་ཡང་བུ་པདྨ་བཟོད་པ་དང་ཨོ་རྒྱན་གཉིས་ལ་འགྲོ་ཆོས་སུ་གདམས་པ་ཡིན་པས། དོན་འཐུས་གོ་སླ་བར་ཡོད་དེ་སྔོན་དུ་ཁྲིད་མང་པོ་དང་རྩ་ཚིག་གི་ལུང་སོང་བས། འདི་རང་གི་ཉམས་ལེན་དང་གཞན་ལ་སྟོན་ཆོག་ངེས། ཟབ་ཆོས་སྙིང་པོ་འདི་ལ་བཀླག་ལུང་ཁྲོམ་ཆོས་མི་བྱེད་པར་ཉམས་ཁྲིད་དུ་སྐྱོང་བ་གལ་ཆེ། འགྲོ་དོན་


CMR025_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་ཆེན་པོ་འབྱུང་བར་གྱུར་ཅིག །དམ་ཅན་རྒྱ་མཚོས་ཀྱང་གེགས་མི་འབྱུང་བར་འགྲོ་དོན་གྱི་གྲོགས་མཛོད་ཅིག །ཅེས་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་རཱ་ག་ཨ་སྱས་སོ། །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR025_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྫོགས་རིམ་སྐོར་ལས་གཏུམ་མོའི་ཁྲིད་བདེ་ཆེན་རབ་འབར།next