Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
དམིགས་རིམ་རྩ་ཚིག་གནམ་ཆོས་དཀར་ལུགས་ཟུང་འཇུག་བརྒྱུད་པ།
   
   
   
   
   
   
   
   
   
   
   
   


 
previousདམིགས་རིམ་རྩ་ཚིག་གནམ་ཆོས་དཀར་ལུགས་ཟུང་འཇུག་བརྒྱུད་པ།next

དམིགས་རིམ་རྩ་ཚིག་གནམ་ཆོས་དཀར་ལུགས་ཟུང་འཇུག་བརྒྱུད་པ།


CMR025_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཀར་ལུགས་ཟུང་འཇུག་པ། །རྒྱལ་བ་རྒྱ་མཚོའི་ལྷ་ལྔ་ཡི། །དམིགས་རིམ་རྩ་ཚིག་བརྗེད་ཐོ་ནི། །ཉམས་ལེན་སྟོང་ཉིད་ལྟ་བའི་ངང་། །རྒྱལ་བ་རྒྱ་མཚོའི་ལྷ་ལྔ་པོ། །མཁའ་ལ་འཇའ་ཤར་བཞིན་དུ་བསྒོམ། །རྣམ་པ་གསལ་ལ་ངོ་བོ་སྟོང་། །བསྐྱེད་རྫོགས་ཟུང་འཇུག་ངང་ཉིད་དུ། །ཐུགས་ཀར་ཟླ་སྟེང་ཧྲཱིཿདམར་ལ། །།ཡིག་དྲུག་གཡས་སུ་འཁོར་བཞིན་ལས། །འོད་ཟེར་ཁ་དོག་སྣ་ཚོགས་འཕྲོས། །ཕྱོགས་བཅུའི་ཞིང་ཁམས་རབ་འབྱམས་ནས། །བཞུགས་པའི་སངས་རྒྱས་བྱང་ཆུབ་སེམས། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས། །ཐམས་ཅད་འོད་དེས་མཆོད་པས་མཉེས། །ཐམས་ཅད་ཐུགས་རྗེ་ཆེན་པོ་རུ། །གྱུར་ནས་ཁ་བ་བུ་ཡུག་ལྟར། །བྱོན་ནས་རང་ལ་སིབ་སིབ་ཐིམ། །སླར་ཡང་འོད་ཟེར་འཕྲོས་པ་ཡིས། །སྣོད་ཀྱི་འཇིག་རྟེན་བདེ་བ་ཅན། །རིགས་དྲུག་སེམས་ཅན་ལྷ་ཡི་སྐུ། །ཕོ་རྣམས་ཐམས་ཅད་སྤྱན་རས་གཟིགས། །མོ་རྣམས་གསང་བ་ཡེ་ཤེས་མ། །བདུད་དང་ལོག་འདྲེན་རྟ་མགྲིན་སྐུ། །འཇའ་འོད་ཐིག་ལེ་འཁྲུགས་པའི་ཞིང་། །སྒྲ་སྐད་ཐམས་ཅད་ཡི་གེ་དྲུག །སེམས་ཀྱི་དྲན་རྟོག་ཕྱག་རྒྱ་ཆེ། །སྟོང་གསལ་ཆུ་ཟླ་ལྟ་བུར་


CMR025_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

བསྒོམ། །མ་དག་སྣང་བ་རང་སར་ཞི། །སེམས་ཉིད་ཡེ་ནས་ཆོས་ཀྱི་སྐུ། །མ་རྟོགས་མ་ཤེས་འཁོར་བར་འཁྱམས། །ཤེས་ཤིང་རྟོགས་ནས་གདེང་ཐོབ་ན། །ཡེངས་དང་མ་ཡེངས་ཅི་ཞིག་ཡོད། །ཡེངས་ཡང་ཆོས་སྐུ་འགྱུར་བ་མེད། །མ་ཡེངས་དེ་བས་བཟང་རྒྱུ་མེད། །དེ་ནི་ཕྱ་ལེ་ཡ་ལེ་མཐོང་། །སྒོམ་འདེབས་ཤེས་པ་ཐམས་ཅད་དེ། །བསྒོམ་བཤིག་ཤེས་པ་ངོ་མཚར་ཆེ། །དེ་སྔ་ཕན་ཆད་བསྒོམས་པས་ཕུང་། །ད་ནི་མ་བསྒོམ་འཛིན་པ་ཐོངས། །རང་སེམས་བཟོ་མེད་ལྷུག་པར་ཞོག །དེ་ལྟར་བཞག་པའི་དུས་ཚོད་ལ། །ནང་གི་སེམས་ཉིད་ནམ་མཁའ་ལྟར། །བསྒོམ་བྱ་སྒོམ་བྱེད་སྤུ་ཙམ་མེད། །ཕྱི་ཡི་སྣང་བ་སྣ་ཚོགས་འདི། །ཆུ་ནང་ཤར་བའི་ཟླ་གཟུགས་ལྟར། །རྣམ་པ་གསལ་ཡང་ངོ་བོ་སྟོང་། །འཇའ་ཚོན་མེ་རླུང་གཟུགས་བརྙན་ལྟར། །ཐམས་ཅད་རང་སེམས་ཀློང་དུ་ནི། །རོ་གཅིག་ཆུ་ལ་ཆུ་བཞག་འདྲ། །དེ་ལྟར་མ་རྟོགས་སེམས་ཅན་ལ། །།ཤུགས་འབྱུང་བྱམས་དང་སྙིང་རྗེ་བསྐྱེད། །དེ་ལྟར་རིམ་གཉིས་རྣལ་འབྱོར་ལ། །ཡུན་རིང་སྒོམ་པར་ནུས་སྲིད་ན། །ནམ་ཞིག་བྱིན་རླབས་ཕེབས་པའི་རྟགས། །རྒྱལ་བ་རྒྱ་མཚོའི་སྐུ་གསུང་ཐུགས། །རང་གི་ལུས་


CMR025_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

ངག་ཡིད་གསུམ་དང་། །དབྱེར་མེད་ཆུ་ལ་ཆུ་བཞག་ལྟར། །གོ་བའི་སྐྱ་རིས་མ་ཡིན་པར། །གདེང་ནས་རྟོགས་པའི་ཉམས་ཤིག་ཤར། །སངས་རྒྱས་ཀུན་གྱི་ཐུགས་རྒྱུད་དང་། །སེམས་ཅན་ཀུན་གྱི་སེམས་ཉིད་དང་། །རྣལ་འབྱོར་རང་སེམས་དབྱེར་མེད་འདྲེས། །ལྟ་བ་འཁོར་འདས་དབྱེར་མེད་ཡིན། །ནམ་མཁས་གར་ཁྱབ་སེམས་ཀྱིས་ཁྱབ། །སེམས་ཀྱིས་གར་ཁྱབ་ཆོས་སྐུས་ཁྱབ། །དེ་འདྲའི་ཉམས་རྟོགས་ཤར་བའི་དུས། །ནད་པའམ་ནི་ཚེ་འདས་ལ། །སེམས་ཉིད་བསྲེས་ལ་ཉམས་ལེན་སྐྱོངས། །ནད་གདོན་*་སྡིག་སྒྲིབ་དེ་ཡིས་སེལ། །བསྲེ་བའི་གདམས་པ་ངོ་མཚར་ཆེ། །ཉམས་ལེན་དེའི་ངང་བསྔོ་བ་བྱ། །འཁོར་གསུམ་ཡོངས་དག་བསྔོ་བ་མཆོག །དེ་ངང་མོས་གུས་གསོལ་འདེབས་བྱ། །བླ་མ་ཆོས་སྐུའི་སྒྲུབ་པ་ཡིན། །རང་དང་འབྲེལ་ཚད་འགྲོ་བ་རྣམས། །བདེ་ཆེན་ཞིང་དུ་སྐྱེ་བ་ཡི། །བསྔོ་བ་སྨོན་ལམ་རྒྱུན་དུ་ཐོབ། །དེ་རུ་འགྲོ་བའི་ངེས་ཤེས་བསྒོམ། །ནམ་ཞིག་འཆི་བའི་དུས་ཙམ་ན། །སྤྱི་བོར་འོད་དཔག་མེད་པ་བསྒོམ། །རང་ལུས་རྒྱལ་བ་རྒྱ་མཚོར་གསལ། །རང་སེམས་སྤྱི་བོའི་ཐིག་ལེ་རུ། །འཕོ་བའི་དམིགས་པ་ཉེར་གཅིག་


CMR025_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

ཙམ། །དེ་ནས་ཅི་ཡང་མི་བསྒོམ་པར། །ཉམས་ལེན་ངོ་བོའི་ངང་དུ་བཞག །ཐིམ་རིམ་འཁྲུལ་སྣང་ཅི་ཤར་ཡང་། །གང་ཤར་བཟོ་མེད་ལྷུག་པར་ཞོག །ཕྱི་དབུགས་ཆད་ནས་འོད་གསལ་ནི། །ཚུར་ལ་ཤར་དུས་ངོས་ཟིན་པར། །དེ་སྟེང་བཞག་པས་ཐུགས་དམ་ཟིན། །ལུས་སེམས་བྲལ་ནས་རང་ཉིད་ནི། །ཤི་བར་ཤེས་ཚེ་མ་ཆག་པར། །བདེ་བ་ཅན་དུ་ཏ་ལེར་བྱོན། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །རྒྱ་མཚོ་ལྔ་ཡི་ལྷ་ཚོགས་ཀྱི། །ཐུགས་རྗེ་བྱིན་རླབས་བདེན་པའི་མཐུས། །ཀརྨ་ཤེས་རབ་རྒྱ་མཚོ་ཡི། །ནད་གདོན་སྒྲུབ་པའི་བར་ཆད་ཞི། །ཚེ་བསོད་ཉམས་དང་རྟོགས་པ་དང་། །ཚེ་དང་སྒྲུབ་པ་མཐར་ཕྱིན་ནས། །འབྲེལ་ཚད་དོན་དང་ལྡན་ནས་ཀྱང་། །བདེ་བ་ཅན་གྱི་ཞིང་ཁམས་སུ། །བརྫུས་སྐྱེས་སྤྲུལ་སྐུ་ཐོབ་པར་ཤོག །དེ་སྐད་རཱ་ག་ཨ་སྱས་ཡིས། །རྟོགས་ལྡན་དཀའ་བ་ཆེར་དཔྱད་ནས། །ཚ་བ་དགོངས་སུ་རྗེས་འབྲངས་ནས། །ཚག་གླའི་ཚུལ་དུ་བྲིས་པ་དགེ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདམིགས་རིམ་རྩ་ཚིག་གནམ་ཆོས་དཀར་ལུགས་ཟུང་འཇུག་བརྒྱུད་པ།next