Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
པདྨ་ཟབ་པའི་རྫོགས་རིམ་གྱི་སྔོན་འགྲོ་བཞི་སྦྱོར།
   
   
   
   
   
   
   
   
   
   
   


 
previousཔདྨ་ཟབ་པའི་རྫོགས་རིམ་གྱི་སྔོན་འགྲོ་བཞི་སྦྱོར།next

པདྨ་ཟབ་པའི་རྫོགས་རིམ་གྱི་སྔོན་འགྲོ་བཞི་སྦྱོར།


CMR025_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

པདྨ་ཟབ་པའི་རྫོགས་རིམ་གྱི་སྔོན་འགྲོ་བཞི་སྦྱོར་བཞུགས་སོ།།


CMR025_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། བཅོམ་ལྡན་ཐུགས་རྗེ་ཅན་ལ་ཕྱག་འཚལ་ནས། །པདྨ་ཟབ་པ་རྒྱུད་ཀྱི་མན་ངག་བྲི། །ཆོས་བདག་ཌཱཀིས་བཀའ་གནང་བྱིན་གྱིས་རློབས། །འདིར་པདྨ་ཟབ་པའི་རྫོགས་རིམ་གྱི་སྔོན་འགྲོ་བཞི་སྦྱོར་ནི། དང་པོ་སྐྱབས་འགྲོ་སེམས་བསྐྱེད་ནི། པདྨ་ཟབ་པའི་རྒྱུད་ཆེན་པོ་ལས། རྒྱལ་བ་ཤཱཀྱ་ཐུབ་པ་བྱོན་ནས། ཞེས་པ་སངས་རྒྱས་དང་། ང་ཡི་བསྟན་པ་དྲི་མེད་འདི། །ཞེས་པ་ཆོས་དང་། ལམ་ལྔ་ས་བཅུ་ཞེས་པ་ཐེག་ཆེན་དང་། བྱིན་གྱིས་བརླབས་པ་དང་སྡོམ་ལེན་དང་གསོ་སྦྱོང་དང་བཤགས་པ་དང་ཞེས་པ་ཐེག་པ་ཐུན་མོང་གི་དགེ་འདུན་དཀོན་


CMR025_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་བསྟན་ནས། དད་པ་གསུམ་དང་ལྡན་པ་དང་། ཞེས་པས། སངས་རྒྱས་དེ་ཐོབ་འདོད་པའི་མན་ངག་ཆོས་ལ་ཡིད་ཆེས་པ། དགེ་འདུན་ལ་དང་བའི་དད་པ་སྟེ། དེས་སྐྱབས་འགྲོ་ཤུགས་ལ་བསྟན་པ་ཡིན་ཏེ། དེ་ལ་ཡང་ཕྱི་ནང་གསང་གསུམ་ལས། དང་པོ་སངས་རྒྱས་ཀྱི་ཞིང་ཁམས་རྣམ་པར་དག་པ་བདེ་བ་ཅན་ལྟ་བུའི་དབུས། རིན་པོ་ཆེ་ཡི་གཞལ་ཡས་ཁང་ཆེན་པོ་སེང་གེས་བཏེག་པའི་ཁྲི་ལ་སྟོན་པ་ཤཱཀྱ་ཐུབ་པ་ས་གནོན་མཉམ་བཞག་ཅན། གཡས་སུ་པོ་ཏི་གླེགས་བམ། གཡོན་དུ་སྟོན་པ་མཆོག་བརྒྱད་གནས་བརྟན་བཅུ་དྲུག་སོགས་ལྷུང་བཟེད་འཁར་གསིལ་


CMR025_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། དེའི་མདུན་དུ་སྐྱབས་འགྲོ་བྱ་སྟེ། སངས་རྒྱས་ལ་སྐྱབས་སུ་མཆིའོ་སོགས་བྱ་བ་ཕྱིའི་སྐྱབས་འགྲོ་དང་། སེམས་བསྐྱེད་ནི། རྒྱུད་ལས། སྙིང་རྗེ་ཆེན་པོས་སེམས་ཅན་བཟུང་། །ཞེས་གསུངས་པའི་དོན། སེམས་ཅན་ཐམས་ཅད་ཕ་མ་ཤ་སྟག་ཡིན་པས། དེ་ཐམས་ཅད་བདེ་བ་ལ་བཀོད། སྡུག་བསྔལ་དང་བྲལ་ནས་སངས་རྒྱས་ཀྱི་ས་ལ་བཀོད་པའི་ཕྱིར་དུ། བདག་གིས་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་སྤྱན་རས་གཟིགས་ཀྱི་གོ་འཕང་བསྒྲུབ་པར་བྱ་སྙམ་དུ་སེམས་བསྐྱེད་ནས། ཕྱོགས་བཅུ་དུས་གསུམ་བཞུགས་པའི་ཞེས་སོགས་སེམས་བསྐྱེད་བྱའོ།། ༈ ནང་གི་སྐྱབས་འགྲོ་ནི། རྒྱུད་ལས། ཨེ་མ་ཧོ༔ སངས་རྒྱས་སྤྱན་རས་གཟིགས། ཞེས་པའི་ལོངས་སྐུ་རྣམ་དག་གངས་ཅན་མཚོ། ཨེ་མ་ཧོ༔ དམ་ཆོས་ཐུགས་རྗེ་འཆང་། །ཞེས་པ་ཐེག་པ་ཆེན་པོའི་ཆོས། ཨེ་མ་ཧོ༔ གསང་སྔགས་འདུས་རེ་ཆེ། །ཞེས་པ་བྱ་སྤྱོད་རྣལ་འབྱོར་རྒྱུད། ཨེ་མ་ཧོ༔ སྔགས་ཀྱི་དོན་ཆེན་ཡིན། །ཞེས་པ་བླ་མེད་རྒྱུད་སྡེ་ཆོས་དཀོན་མཆོག །ཨེ་མ་ཧོ༔ པདྨ་རིགས་རྣམས་ཀྱང་། ཞེས་པས་བྱང་སེམས་དང་སྔགས་ཀྱི་རྣལ་འབྱོར་བསྟན་ནས། དེ་ལ་སྐྱབས་སུ་འགྲོ་བ་


CMR025_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

ནི། དད་པ་གསུམ་དང་ལྡན་པ་ནི། ཞེས་པས་བསྟན་ཏེ། མདུན་གྱི་ནམ་མཁར་པད་ཉིའི་གདན་ལ་བླ་མ་རྡོ་རྗེ་འཆང་། དེའི་སྟེང་གི་ཆ་ལ་བཀའ་བརྒྱུད་བླ་མ། གཡས་སུ་ཐུབ་པ་གངས་ཅན་མཚོ་ལོངས་སྐུའི་ཆ་ལུགས་ཅན་ལ་སངས་རྒྱས་སྟོང་། རྒྱབ་ཏུ་ཡུམ་ཆེན་མོ་ལ་གླེགས་བམ། གཡོན་དུ་ཉེ་སྲས་བརྒྱད་ལ་དགེ་འདུན། མདུན་དུ་རྒྱལ་བ་རྒྱ་མཚོ་ལ་རྒྱུད་སྡེ་བཞི་ཡི་ལྷ་ཚོགས། འོག་ཏུ་བེར་ནག་ཅན་ལ་ཆོས་སྐྱོང་སྲུང་མས་བསྐོར་བོར་བསྒོམས་ལ། བདག་གཞན་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་སོགས་སྐྱབས་འགྲོ་དང་། ཕྱོགས་བཅུ་དུས་གསུམ་སོགས་སེམས་བསྐྱེད་གཞུང་ལྟར་བྱའོ། །སེམས་བསྐྱེད་ལུང་གི་རྒྱུད་ལས། སྙིང་རྗེ་ཆེན་པོས་སེམས་ཅན་བཟུང་། །ཞེས་གསུངས་པའོ། ༈ །དེ་ནས་གསང་བའི་སྐྱབས་སེམས་ནི། རྒྱུད་ལས། དད་པ་དྲག་པོས་བླ་མ་བསྟེན། །ཞེས་གསུངས་ཏེ། མདུན་གྱི་ནམ་མཁར་རིན་པོ་ཆེའི་ཁྲི་པད་ཉི་ལྔ་ཚོམ་ལ། དབུས་སུ་བླ་མ་ལོངས་སྤྱོད་རྫོགས་སྐུ་བཅོམ་ལྡན་འདས་རྒྱལ་བ་རྒྱ་མཚོའི་ཆ་ལུགས་དང་། རྒྱབ་ཏུ་བླ་མ་ཆོས་སྐུ་སྣང་བ་མཐའ་ཡས། གཡོན་དུ་བླ་མ་སྤྲུལ་སྐུ་པདྨ་འབྱུང་གནས། གཡས་


CMR025_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བླ་མ་སངས་རྒྱས་རིན་པོ་ཆེ་ཀརྨ་པའི་སྐུ་བསྒོམས་ལ། བདག་གཞན་ནམ་མཁའི་མཐའ་སོགས་སྐྱབས་སེམས་བྱ་ཞིང་། རྒྱས་པར་ན་སྡོམ་བཟུང་ཡང་བྱ། རྒྱུད་སཾ་བྷ་ཏྲི་ལས། །སྐྱབས་སུ་འགྲོ་བའི་རིམ་པ་ནི། །ཤིན་ཏུ་ལེགས་པར་སྦྱངས་ནས་ནི། །སྔགས་དང་རྒྱུད་ཀྱི་རིམ་པ་ཡི། །གསང་བའི་དེ་ཁོ་ན་ཉིད་བསྒྲགས། །ཞེས་དང་། ཕག་མོའི་རྟོགས་བརྗོད་ལས་གང་ཞིག་སངས་རྒྱས་སྐྱབས་སོང་བར། །དེ་ནི་ངན་འགྲོར་འགྲོ་མི་འགྱུར། །ལྷ་ཡི་ལུས་ནི་སྤངས་ནས་ཀྱང་། །མི་ཡི་ལུས་སུ་སྐྱེ་བར་འགྱུར། །ཆོས་དང་དགེ་འདུན་ལ་ཡང་འགྲེས་སོ། །དཀོན་མཆོག་གསུམ་ལ་སྐྱབས་སུ་སོང་ན་འཇིགས་པ་མེད་པ་ཐོབ་པར་འགྱུར་ཞེས་གསུངས། སྤྱོད་འཇུག་ལས། བྱང་ཆུབ་སེམས་ཀྱི་ཕན་ཡོན་གང་། །གལ་ཏེ་དེ་ལ་གཟུགས་མཆིས་ན། །ནམ་མཁའི་ཁམས་ནི་ཀུན་གང་ནས། །དེ་ནི་དེ་བས་ལྷག་པར་འགྱུར། །ཞེས་གསུངས་སོ། །མཐར་སྐྱབས་ཡུལ་རང་ལ་བསྡུས་ཏེ་མི་དམིགས་པ་དོན་གྱི་སྐྱབས་འགྲོའོ། ༈ །གཉིས་པ་རྡོར་སེམས་སྒོམ་བཟླས་ནི། རྒྱུད་ལས། འདི་ཡི་སྡིག་པ་བཤགས་པའི་མཆོག །ཅེས་དང་། རྒྱུད་སྡེ་རྩེ་མོ་ལས། རིག་པའི་རྒྱལ་པོ་འདི་


CMR025_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས་ན། །ལྟུང་དང་དྲི་མ་ཐམས་ཅད་ཀྱང་། །ལན་གཅིག་ཙམ་གྱིས་དག་པར་བྱེད། །ཅེས་དང་། རྟ་མཆོག་རོལ་པའི་རྒྱུད་ལས། གསང་སྔགས་རྒྱལ་པོ་བླ་ན་མེད། །ལན་གཅིག་བརྗོད་པ་ཙམ་གྱིས་ནི། །སྡིག་པ་མ་ལུས་ཟད་བྱེད་ཅིང་། །ལས་རྣམས་མ་ལུས་འགྲུབ་པར་བྱེད། །ཅེས་གསུངས་པ་དང་། རྒྱུད་ལས། ལུས་ངག་དྲི་མ་འཁྲུ་བ་དང་། །གསུམ་ཀའི་དྲི་མ་འཁྲུ་བ་དང་། །ཞེས་གསུངས་པའི་དོན། དེ་བཞིན་གཤེགས་པ་དང་མཚུར་ཕུ་འཇམ་དབྱངས་སོགས་ཀྱིས་ཀྱང་། རྒྱལ་བ་རྒྱ་མཚོའི་བསྐྱེད་རྫོགས་ཀྱི་ཐོག་མར། རྡོར་སེམས་སྒོམ་བཟླས་རྒྱས་པར་གསུངས་པས། རང་གི་སྤྱི་བོར་པད་ཟླ་ལ་ཧཱུྃ་ཡིག་བརྒྱས་བསྐོར་བ་ལས་འོད་འཕྲོས་དོན་གཉིས་བྱས། ཚུར་འདུས་སྔགས་ཕྲེང་གཡས་སུ་འཁོར་བ་ལས་བདུད་རྩིའི་རྒྱུན་བབས་པས་ལུས་གང་སྒྲིབ་པ་དག་པར་བསྒོམས་ལ་ཡིག་བརྒྱ་བཟླས་པ་དང་། སྤྱི་བོར་པད་ཟླ་ལ་རྡོ་རྗེ་དཀར་པོ་རྩེ་ལྔ་པའི་འོད་འཕྲོས་དོན་སོགས་གོང་ལྟར་དང་། སྤྱི་བོར་པད་ཟླར་ཧཱུྃ་ལས་རྡོ་རྗེ་སེམས་དཔའ་ཡབ་རྐྱང་བསྒོམ་པ་དང་། ཡུམ་རྡོ་རྗེ་སྙེམས་མས་འཁྱུད་པ་ཅན་དང་། སྤྱི་བོར་པད་ཟླ་ལྔ་ཚོམ་ལ་བུདྡྷ་སེམས་དཔའ་དཀར་པོ་


CMR025_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལོ་དྲིལ་བུ་ཅན་གྱི་ཐུགས་ཀར་ཨོཾ་ལས་བུའི་ཡིག་བརྒྱ། ཤར་རྡོ་རྗེ། ལྷོ་རིན་ཆེན། ནུབ་པདྨ། བྱང་ཀརྨ་སོགས་ལྔ་ཚོམ་བསྒོམ་པའམ། སྤྱི་བོར་པདྨ་འདབ་བཞི་ལྔ་ཚོམ། དབུས་སུ་སངས་རྒྱས་སེམས་དཔའ་རིགས་ལྔ། ཤར་དུ་རྡོ་རྗེ་སེམས་དཔའ་རིགས་ལྔ་སོགས་ཉེར་ལྔ་བསྒོམ་པའམ། ལྔ་ཚོམ་རེ་རེ་བཞིན་སྒོམ་པ་དང་། སྤྱི་བོར་རྡོ་རྗེ་སེམས་དཔའ་དཀར་དམར་མདངས་ལྡན་ལ། རྡོ་རྗེ་རྣལ་འབྱོར་མས་འཁྱུད་པ་དང་། ཕྱོགས་བཞིར་རྡོར་སེམས་རིགས་བཞི་ལ། སྤྱན་མ་སོགས་ཡུམ་བཞི་འཁྱུད་པར་ལྔ་ཚོམ་བསྒོམ་པའམ། །རེ་རེ་ནས་བསྒོམ་པའམ། སྤྱི་བོར་རྡོར་སེམས་ཧེ་རུ་ཀ་སྔོན་པོའམ་དཀར་པོ་ལ་ཕག་མོ་དམར་མོས་འཁྱུད་པའི་ཐུགས་ཀར་ཧཱུྃ་ལ་ཧེ་རུ་ཀའི་ཡིག་བརྒྱས་བསྐོར་བར་བསྒོམས་ལ། དེ་དག་གི་འོད་ཀྱིས་དོན་གཉིས་བྱས། སྔགས་ཕྲེང་དང་སྐུ་ལས་བདུད་རྩི་བབས་པས་བདག་གི་ལུས་གང་སྡིག་སྒྲིབ་དག་པར་བསམས་ལ། སོ་སོའི་ཡིག་བརྒྱ་དང་། ཨོཾ་བཛྲ་སཏྭ་ཧཱུྃ་སོགས་སྙིང་པོ་བཟླས་མཐར་རང་ལ་བསྟིམ་མོ། །ཞར་བྱུང་ཕྱི་ཁྲུས་ནི། པདྨ་རྒྱལ་པོའི་རྒྱུད་ལས། ལུས་ནི་ཁྲུས་ཀྱིས་གཙང་བར་བྱ། །ཞེས་གསུངས་པས། བུམ་པར་ཆུ་གཙང་དྲི་བཟང་


CMR025_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱར་བ་བླུགས་ཏེ་རྡོར་སེམས་ཡབ་རྐྱང་ངམ། རིགས་ལྔའི་བསྐྱེད་བསྟིམ་བཟླས་པ་མཆོད་བསྟོད་བྱས་ལ། ཡེ་ཤེས་པ་གཤེགས། དམ་ཚིག་པ་ཞུ་བའི་ཆུས་རང་གཞན་བཀྲུ་བ་ཕྱིའི་ཁྲུས་དང་། བུམ་པ་རྫས་ལྡན་དུ་རྡོར་སེམས་ཡབ་ཡུམ་མམ། སེམས་དཔའ་རིགས་ལྔ་ཡབ་ཡུམ་བསྐྱེད་བསྟིམ་མཆོད་བསྟོད་བྱས། བྱང་སེམས་བབས་པས་བུམ་པ་གང་བར་བསམ། དམ་ཚིག་པ་ཞུ་བས་ཁྲུས་བྱས་ནང་གི་ཁྲུས་དང་། རང་ལུས་གསེར་གྱི་བུམ་པར་སྒོམ་པའི་དབུས་སུ་རང་སེམས་ཧེ་རུ་ཀ་རྡོར་སེམས་ཡབ་ཡུམ་དུ་བསྐྱེད་ནས་སྐུ་ལས་བདུད་རྩི་བབས་པར་བསམས་ལ། ཧེ་རུ་ཀའི་ཡིག་བརྒྱ་བཟླས་ནས་དྲི་ཆུ་བར་པ་ཀ་པཱ་ལར་བླུགས་ནས་ཁྲུས་བྱ་གསང་བ་དང་། ཆོས་ཐམས་ཅད་མི་དམིགས་པའི་ངང་ལ་ཡིག་བརྒྱ་བཟླས་ཏེ། སྡིག་སྒྲིབ་ཉམས་གྲིབ་སོགས་རང་བཞིན་མེད་པར་མཐོང་བ་དེ་ཁོ་ན་ཉིད་ཀྱི་ཁྲུས་སོ། །པདྨ་རྒྱལ་པོའི་རྒྱུད་ལས། ངག་གི་དྲི་མ་བཤགས་ནས་ཀྱང་། །ཞེས་གསུངས་པས། བུམ་པར་རྡོར་སེམས་བསྐྱེད་པའི་བུམ་ཆུས་ནངས་སྔ་བར་བསངས་བར་བྱ་བ་དང་། བཟའ་བཏུང་གི་ཟས་གྲིབ་དང་། ཟས་ནོར་གྱི་གྲིབ་ཆེན་སྲུང་བ་དང་། གཞན་ཉམས་


CMR025_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

གྲིབ་ཅན་ལ་དབང་བྱིན་རླབས་སོགས་བྱ་དགོས་བྱུང་ན་བུམ་ཆུས་རང་ལུས་དངོས་སུ་བཀྲུ་བ་དང་། མ་གྲུབ་ན་ནང་ཁྲུས་བཏུང་བ་དང་། ཁ་བཤལ་བ་དང་། རང་ལུས་མེ་ལོང་ལ་འཆར་བཅུག་ལ་བཟླས་པ་ལ་སོགས་བྱས་པས་ཉམས་གྲིབ་སེལ་ཞིང་། སྒོམ་བཟླས་བྱས་ན་སྡིག་སྒྲིབ་དག་པའི་རྟགས། ལུས་ཡངས། གཉིད་ཆུང་། ཁམས་དྭངས། སྙིང་བདེ་དགའ་བ་སོགས་འབྱུང་། རྨི་ལམ་དུ་ཁྲུས་བྱས། གཅེར་བུར་འབུད་པ། ལུས་ལས་རྣག་ཁྲག་འཛག་པ། འཁྲུ་བ། སྐྱུག་པ་སོགས་དང་། གོས་དཀར་གྱོན་པ་སོགས་འབྱུང་ངོ་། ༈ གསུམ་པ་མཎྜལ་རྒྱུད་ལས། མཎྜལ་མཆོད་དང་འབུལ་བ་དང་། །མཎྜལ་རྒྱུ་མདོག་མི་འདྲ་བ། །བྱེ་བ་འབུམ་ཚོ་ཞེ་དྲུག་ནི། །སངས་རྒྱས་པདྨ་རབ་རྒྱས་དང་། །འཕགས་པ་སྤྱན་རས་གཟིགས་ལ་འབུལ། །ཞེས་གསུངས་པ་དང་། གཤིན་རྗེ་གདོང་དྲུག་རྒྱུད་ལས། འཛམ་བུ་གླིང་དང་གླིང་གཞན་རྣམས། །ནོར་བུ་རིན་ཆེན་གྱིས་བཀང་སྟེ། །སྟོང་གསུམ་ལ་སོགས་མ་ལུས་རྣམས། །ཞུམ་པ་མེད་པར་བྱས་ཏེ་འབུལ། །ཞེས་དང་། མཁན་པོ་དགྲ་ལས་རྒྱལ་བས། ཐུབ་པར་མཎྜལ་ཕུལ་བ་ཡིས། །ཕ་རོལ་ཕྱིན་པ་དྲུག་ཐོབ་ཅིང་།


CMR025_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

གསེར་གྱི་མདོག་ལྟར་འགྱུར་བ་སྟེ། །ནད་རྣམས་ཀུན་དང་བྲལ་བར་འགྱུར། །ཟླ་བ་ལྟར་མཛེས་གསལ་བ་ཡི། །ལྷ་དང་མི་ཡི་རྒྱལ་པོར་སྐྱེ། །ནོར་དང་གསེར་ནི་འབྱོར་བར་འགྱུར། །བདེ་བར་གཤེགས་པ་དམ་པ་ཐོབ། །ཅེས་དང་། འདུལ་བ་ལུང་རྣམ་འབྱེད་ལས། རྩྭ་སྐམ་ཕུང་པོ་རི་བོར་སྤུངས་པ་ཡང་། །མེ་སྟག་ཉུང་འབྲུ་ཙམ་གྱིས་སྲེག་པ་ལྟར། །དཀོན་མཆོག་གསུམ་པོ་མཆོད་པའི་བྱིན་བརླབས་ཀྱིས། །སྡིག་པའི་ཕུང་པོ་མ་ལུས་སྲེག་པར་བྱེད། །ཅེས་གསུངས། ༈ དེ་ནས་མདུན་དུ་སྒྲུབ་པའི་མཎྜལ་ནི། སྐུ་གསུང་ཐུགས་རྟེན་མཆོད་པ་ཅི་འབྱོར་བཤམས་ལ། མདུན་དུ་སེང་ཁྲི་པད་ཟླ་ལྔ་ཚོམ་གྱི་དབུས་སུ། ཤཱཀྱ་ཐུབ་པ་གསེར་མདོག་ཕྱོགས་བཞི་ཐུབ་པ་སྔོན་པོ་དཀར་པོ་དམར་པོ་ལྗང་གུ་རྣམས་རིགས་སོ་སོའི་ཕྱག་རྒྱ་ཅན་ལ། བསྐལ་བཟང་སངས་རྒྱས་སྟོང་དང་། འཕགས་པ་ཉན་ཐོས་རང་རྒྱལ་སོགས་སྤྲུལ་སྐུ་རྒྱ་མཚོས་བསྐོར་བ་ལ། མཆོད་པའི་མཎྜལ་རིན་པོ་ཆེའི་ཚོམ་བུ་བཀོད། མེད་ན་ཕྱག་རྒྱ་བྱས་ལ་ཡིད་ཀྱིས་བཀོད་སྤྲུལ་ཏེ། གླིང་བཞི་རི་རབ་བྱེ་བ་ཕྲག །བཀྲ་ཤིས་རྫས་རྟགས་བརྒྱད། སྐྱེད་ཚལ་ཀུན་དགའ་ར་བ་གཞལ་ཡས་ཁང་།


CMR025_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

གདུགས་བླ་བྲེ་རྒྱལ་མཚན་འཕན། ཁྲི་གདན། འབྲས་ཆན་དང་ལྷའི་ཞལ་ཟས་སོགས་སྤྲུལ་སྐུ་ལ་འོས་པ་ཐམས་ཅད་འབུལ་ལོ། ༈ །མདུན་གྱི་ཁྲི་དབུས་མ་ལ་རྡོ་རྗེ་འཆང་ཆེན་པོ་དེའི་མདུན་དུ་རྒྱལ་བ་རྒྱ་མཚོ་ལ་བླ་མེད་རྒྱུད། གཡས་སུ་རྣམ་སྣང་ལ་རྣལ་འབྱོར་རྒྱུད། རྒྱབ་ཏུ་ཕྱག་རྡོར་འབྱུང་འདུལ་ལ་སྤྱོད་རྒྱུད། གཡོན་དུ་དོན་ཡོད་ཞགས་པ་ལ་བྱ་རྒྱུད་ཀྱི་ལྷ་ཚོགས་བསྒོམས་ལ། གླིང་བཞི་རི་རབ་རྒྱལ་སྲིད་འདོད་ཡོན་ལྔ་མཆོད་པའི་ལྷ་མོ་བཅུ་དྲུག་ལ་སོགས་ལོངས་སྐུ་ལ་འོས་པ་ཐམས་ཅད་འབུལ་ལོ། ༈ །མདུན་གྱི་ཁྲི་དབུས་མ་ལ་རྩ་བའི་བླ་མ་རྒྱན་དྲུག་གསོལ་བ་བཀའ་བརྒྱུད་རྒྱ་མཚོ་རྣམ་སྣང་དབྱེར་མེད་པ། མདུན་དུ་མི་བསྐྱོད་པ་ལ་རྒྱུད་སྡེ་བཞིའི་ལྷ་ཚོགས། གཡས་སུ་རིན་འབྱུང་ལ་དུས་གསུམ་སངས་རྒྱས། །རྒྱབ་ཏུ་སྣང་མཐའ་ལ་གླེགས་བམ། གཡོན་དུ་དོན་གྲུབ་ལ་འཕགས་ཚོགས་ཐམས་ཅད་ཀྱིས་བསྐོར་བ་ལ། རང་གི་ལུས་པགས་པ་ས་གཞི། ཡན་ལག་གླིང་བཞི། མགོ་བོ་རི་རབ། མིག་ཉི་ཟླ། ཤ་ཁྲག་ལྷ་མའི་ལོངས་སྤྱོད་ལ་དམིགས་ཏེ་འབུལ་ལོ། ༈ །གདན་དབུས་མར་ཡུམ་ཆེན་མོ་ལ་སྲས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱིས་


CMR025_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

བསྐོར་བར་དམིགས་ལ། དེ་དག་མཆོད་པའི་ཕྱིར་མི་དམིགས་པའི་ངང་ལ་བཞག་པ་དེ་ཁོ་ན་ཉིད་ཀྱི་མཎྜལ་ཏེ། བྱང་ཆུབ་སེམས་དཔའ་སེང་གེའི་མདོ་ལས། སངས་རྒྱས་མཆོད་པ་གང་ཞེ་ན། གང་ལ་སེམས་མེད་པ། སངས་རྒྱས་སུ་འདུ་ཤེས་མེད་པ། ཆོས་སུ་འདུ་ཤེས་མེད་པ་དེ་བཞིན་གཤེགས་པ་ལ་མཆོད་པའོ། །ཞེས་གསུངས། དེ་ཐམས་ཅད་ལ་མཐར་ཚོགས་ཞིང་རང་ལ་བསྟིམས་ལ་མཉམ་པར་བཞག །ཚོགས་རྫོགས་རྟགས་ཁམས་བདེ། ཉམས་བཟང་པོ་སྐྱེ། ཟས་མ་ཟོས་ཀྱང་མི་ལྟོགས། ཤེས་རབ་ཆེན་པོ་སྐྱེ་བར་འགྱུར། ཉམས་དང་རྨི་ལམ་དུ་ཉི་མ་ཤར་བ། གྱེན་ལ་འགྲོ་བ། མེ་ཏོག་གི་ཐང་ལ་ཕྱིན་པ། བུད་མེད་བཟང་པོས་ཟས་སྐོམ་སྟེར་བ། ལྷ་ཁང་ལྟ་བ་སོགས་རྨིའོ། ༈ །དེ་ནས་བཞི་པ་བླ་མའི་རྣལ་འབྱོར་ནི། རྒྱུད་ལས། བླ་མ་ལ་དད་གུས་མཉམ་པར་བལྟ། །ཞེས་གསུངས་པ་ནི། བླ་མ་སངས་རྒྱས་ཀུན་དང་མཉམ་པར་བལྟ། །ཞེས་གསུངས་པའི་དོན་ཏེ། དད་པ་དྲག་པོས་བླ་མ་བསྟེན། །ཞེས་པ་བླ་མའི་རྣལ་འབྱོར་བསྟེན་པ་ཡིན་ཏེ། དེ་དང་མཚུངས་པར་བརྟག་གཉིས་ལས། གཞན་གྱིས་བརྗོད་མིན་ལྷན་ཅིག་སྐྱེས། །གང་


CMR025_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཡང་ནི་མི་སྐྱེ་སྟེ། །བླ་མའི་དུས་ཐབས་བསྟན་པ་དང་། །བདག་གི་བསོད་ནམས་ལས་ཤེས་བྱ། །ཞེས་དང་། གུར་ལས། གང་ཕྱིར་རྡོ་རྗེ་འཛིན་པ་ཞེས། །དེ་ནི་སློབ་དཔོན་གཟུགས་སུ་འཛིན། །སེམས་ཅན་ཕན་བཏགས་དམིགས་ནས་ནི། །ཐ་མལ་པ་ཡི་ཚུལ་དུ་གནས། །ཞེས་དང་། བ་ཚྭ་ཅན་གྱི་ཆུ་ཀླུང་གི་མདོ་ལས། ལྔ་བརྒྱ་ཐ་མར་གྱུར་པ་ན། །ཀློང་ཉིད་སློབ་དཔོན་གཟུགས་སུ་འོང་། །ང་ཡིན་བསམ་པའི་ཡིད་བྱོས་ལ། །དེ་ཚེ་དེ་ལ་གུས་པ་བསྐྱེད། །ཅེས་དང་། དམ་ཚིག་བཀོད་པ་ལས། མཚན་དང་དཔེ་བྱད་ལྡན་པའི་ལྷ། །བསྐལ་པ་འབུམ་དུ་བསྒོམས་པ་བས། །བླ་མ་དྲན་པ་འབུམ་ཆར་མིན། །བསྙེན་སྒྲུབ་བཟླས་པ་ས་ཡ་བས། །བླ་མའི་གསོལ་འདེབས་ལན་གཅིག་དགའ། །ཞེས་དང་། །ཨ་ཏི་བཀོད་པ་ལས། དྲིན་དང་ལྡན་པའི་བླ་མ་དེ། །སྙིང་གི་དཀྱིལ་དང་སྤྱི་བོའི་གཙུག །ཡན་ལག་མཐིལ་དུ་གང་བསྒོམས་པ། །སངས་རྒྱས་སྟོང་གི་ཡོན་ཏན་དེ། །གང་ཟག་དེ་ཡིས་འཛིན་པར་འགྱུར། །ཞེས་དང་། སྒྱུ་འཕྲུལ་དྲྭ་བ་ལས། སློབ་དཔོན་ཇི་ལྟར་བལྟ་ཞེ་ན། །བླ་མ་སངས་རྒྱས་ཀུན་དང་མཉམ། །།དེ་ཉིད་རྟག་ཏུ་རྡོ་རྗེ་འཆང་། །དེ་བཞིན་


CMR025_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་པ་རིན་ཆེན་ཏོག །དེ་ནི་དེ་ཡིས་རྒྱ་མཚོ་ཆེ། །ཡིད་བཞིན་ནོར་བུ་རིན་ཆེན་བཞིན། །ཞེས་དང་། སྡོམ་འབྱུང་ལས། བླ་མ་སངས་རྒྱས་བླ་མ་ཆོས། །དེ་བཞིན་བླ་མ་དགེ་འདུན་ཏེ། །བླ་མ་དཔལ་ལྡན་རྡོ་རྗེ་འཆང་། །ཀུན་གྱི་བྱེད་པོ་བླ་མ་ཡིན། །ཞེས་དང་། ཡེ་ཤེས་གྲུབ་པ་ལས། གང་ལ་བླ་མའི་དྲིན་ཡོད་དེ། །དེ་ཡིས་དེ་ཉིད་མཆོག་རྙེད་འགྱུར། །བླ་མ་སངས་རྒྱས་ཆོས་འགྱུར་ཞེས། །དགེ་འདུན་ཡང་ནི་དེ་ཉིད་དེ། །དེ་འདྲའི་དྲིན་དེ་ཤེས་གྱུར་པ། །དེ་བས་དཀོན་མཆོག་གསུམ་མཆོག་མིན། །ཞེས་དང་། རྡོ་རྗེ་ཕྲེང་བ་ལས། བླ་མ་དང་ནི་རྡོ་རྗེ་འཛིན། །ཐ་དད་པ་ནི་མི་བལྟའོ། །ཞེས་དང་། སྣང་བ་བསམ་གྱིས་མི་ཁྱབ་པར། །སེམས་ཅན་འདི་དག་མི་ཤེས་ཏེ། །དེ་དག་ཉིད་ལ་སྙིང་རྗེའི་ཕྱིར། །འདྲེན་པའི་ཆོས་སྟོན་མཛད་པ་འདི། །སངས་རྒྱས་རྣམས་ཀྱི་ཐུགས་རྗེ་ཡིན། །ཞེས་དང་། ཡེ་ཤེས་ཐིག་ལེའི་རྒྱུད་ལས། བླ་མ་སྟོན་པ་བླ་མ་མགོན། །བླ་མ་རྡོ་རྗེ་འཛིན་པ་ཉིད། །ཅེས་གསུངས། དེ་ལྟ་བུའི་རྒྱུད་ལུང་དེ་དག་གི་མན་ངག་ཉམས་སུ་ལེན་ཚུལ་ནི། རང་གི་སྤྱི་བོར་པད་ཟླ་ལ་བླ་མ་སྤྲུལ་སྐུ་པདྨ་འབྱུང་གནས་སམ། ཀརྨ་


CMR025_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

པ། དེའི་སྟེང་དུ་བཀའ་བརྒྱུད་བླ་མ། མདུན་དུ་ཡི་དམ་རྒྱལ་བ་རྒྱ་མཚོ། གཡས་སུ་སངས་རྒྱས་ཤཱཀྱ་ཐུབ་པ། རྒྱབ་ཏུ་གླེགས་བམ། གཡོན་དུ་དགེ་འདུན། འོག་ཏུ་ཆོས་སྐྱོང་རྣམས་བསྒོམས་ལ་གསོལ་འདེབས་བྱ་བ་དང་། བླ་མ་ལོངས་སྐུ་གངས་ཅན་མཚོ་དང་། བླ་མ་རྡོ་རྗེ་འཆང་ལ་སོགས་གོང་ལྟར་བསྒོམ་པ་དང་། བླ་མ་འཇམ་དབྱངས་དང་། བླ་མ་ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོ། བླ་མ་ཕྱག་ན་རྡོ་རྗེ་བསྒོམ་པ་དང་། བླ་མ་སྒྲོལ་མ་ཡིད་བཞིན་འཁོར་ལོ་དང་། བླ་མ་རྡོ་རྗེ་འཇིགས་བྱེད་དང་རྟ་མགྲིན་སོགས་ཁྲོ་བོ་གང་འདོད་བསྒོམ་པ་དང་། བླ་མ་ཚེ་དཔག་མེད་དང་། འོད་དཔག་མེད་དང་། མི་འཁྲུགས་པ་དང་། སྨན་ལྷ་དང་། བླ་མ་རྡོ་རྗེ་འཆང་དཀར་པོ། དམར་པོ་དང་། །སྔོན་པོ། བླ་མ་རིགས་ལྔ་ལོངས་སྐུ་དང་། རང་གང་མོས་པའི་ཡི་དམ་དུ་བསྒོམ་ལ་གསོལ་བ་བཏབ། འོད་ཟེར་དང་ཆོས་རྒྱུན་གཅིག་མའི་དབང་བླང་རིང་ལ་བསྟིམ། བླ་མ་རྡོ་རྗེ་འཆང་ཡབ་ཡུམ་སངས་རྒྱས་ཀུན་འདུས་ཀྱི་གནས་ལྔར། ཨོཾ་ཧཱུྃ་ཧཱུྃ་ཧཱུྃཨཱལས་འོད་ཟེར་ཡིག་འབྲུ་སྤྲོས་ནས་རང་གི་གནས་ལྔར་ཐིམ་པས། བུམ་པ་ཅོད་པན་རྡོ་རྗེ་དྲིལ་བུའི་དབང་ཐོབ་པས་


CMR025_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

ཉོན་མོངས་པ་ལྔ་དག །རིག་པའི་དབང་ལྔ་ཐོབ། སྐུ་ལྔའི་ས་བོན་བཞག་པར་བསམ་པ་དང་། སྦྱོར་མཚམས་བྱང་སེམས་ཀྱི་རྒྱུན་གསང་དབང་དང་། རང་ཉིད་སྤྱན་རས་གཟིགས་རྒྱལ་བ་རྒྱ་མཚོའི་སྐུར་གྱུར་པ་ལས། བླ་མའི་ཡུམ་ལས་ཕག་མོ་གཅིག་འཕྲོས་ནས་རིག་མར་བསྟེན་པས་དགའ་བཞི་མྱོང་། མཐར་བླ་མ་རང་ལ་བསྟིམས་པས་ཕྱག་ཆེན་རྟོགས་པ་སྐྱེ་བར་བསམས་ལ་མཉམ་པར་བཞག །བླ་མ་བཀའ་བརྒྱུད་ཀུན་འདུས་སྨུག་ནག་རྒྱན་དྲུག་ཅན་ཕག་མོ་ལ་འཁྱུད་ཅིང་ཀླད་ཁྲག་དྲོན་མོ་མི་རྩིབ་ཀྱིས་གསོལ་བཞིན་པ་ལས་སྔར་ལྟར་དབང་བཞི་བླང་། ཟས་ཟ་དུས་བླ་མ་མགྲིན་པར་ཛ་ལྷའི་སྐུར་བསྒོམས་ནས་མཆོད་པར་བསམས་པས་ལོངས་སྤྱོད་འཕེལ་ཞིང་ཚོགས་རྫོགས་པ་དང་། འཇིགས་པའི་ཚེ་བླ་མ་ཐུགས་རྗེ་ཆེན་པོ་སྐྱབས་སྦྱིན་ཅན་རྒྱབ་ཏུ་བསྒོམ། འགྲོ་དུས་བླ་མ་སྒྲོལ་མ་སྐྱབས་སྦྱིན་ཅན་ནམ་མཁར་བསྒོམས་པས་སྐྱབས་འཛིན་ཅིང་འོག་ཏུ་འགྲོ་བས་འཇིགས་པ་སེལ་བ་དང་། འདུག་པའི་ཚེ་བླ་མ་སྟོན་པ་ས་གནོན་ཅན་རྣམ་སྣང་དུ་སྤྱི་བོར་བསྒོམས་ནས་རང་དང་གནས་གཉིས་ཀ་ལ་བསྟིམས་པས་འཕོ་འཕྱུགས་མི་འབྱུང་བ་དང་། ཉལ་དུས་བླ་མ་ཐུགས་རྗེ་ཆེན་པོ་འོད་ཀྱི་སྐུ་


CMR025_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

ཅན་མཐེ་བོང་ཙམ་སྙིང་གར་བསྒོམས་པས་འོད་གསལ་ཟིན་པ་དང་། ནད་ལ་ཡང་གང་ན་སར་བླ་མ་སྨན་ལྷའི་སྐུར་བསྒོམས་ཚ་བ་ལ་ལྷུང་བཟེད་ནས་བདུད་རྩི་གྲང་རེག་ཅན་ག་པུར་གྱི་རང་བཞིན་དང་། གྲང་བ་ལ་ཕྱག་གཡས་པ་ཨ་རུ་ར་ལས་འོད་ཟེར་མེ་ལྟ་བུ་འཕྲོས། འདུས་པ་ལ་འོད་ཟེར་བདུད་རྩིའི་ཆུ་རྒྱུན་ལྟ་བུ་བདེ་བའི་རང་བཞིན་ཅན་བབ་པར་བསྒོམ། བྱིང་རྨུག་དུས་བླ་མའི་སྨིན་མཚམས་སུ་འོད་ཀྱི་སྐུ་ཤེལ་གོང་ལྟ་བུ་དང་འཕྲོ་རྒོད་བླ་མའི་གསང་གནས་སུ་གསེར་ལྟར་ལྕི་བའི་རང་བཞིན་དུ་བསྒོམ་པར་བྱའོ། །དེ་དག་སྤྲོ་ན་གནས་གསུམ་བྱིན་རླབས་ཡེ་ཤེས་པ་སྤྱན་དྲངས་དབང་བསྐུར་རྒྱས་གདབ་འོད་ཟེར་སྤྲོ་བསྡུ། རྒྱལ་བ་རྒྱ་མཚོ་མ་ལུས་པ་བསྟིམ། ཡན་ལག་བདུན་པ། མཎྜལ། གསོལ་འདེབས། འདོད་གསོལ་རྒྱས་པར་བྱའོ། །བསྡུ་ན་སྐད་ཅིག་གཅིག་ལ་བསྐྱེད་ལ་སྐྱབས་ཡུལ་ཐམས་ཅད་བསྟིམས་ནས། གསོལ་འདེབས་མང་ཉུང་ཅི་རིགས་དང་། ཏིང་ངེ་འཛིན་གྱི་དབང་བླང་བ་ཁོ་ནས་ཆོག་གོ །ཤིན་ཏུ་བསྡུས་པ་སྤྲོས་མེད་ལ་དགའ་བས། དེ་ལྟར་སྔོན་འགྲོ་བཞི་པོ་ཐམས་ཅད་ལ་ཡིད་ཀྱིས་དམིགས་པ་རྣམས་གསལ་བོར་བསྒོམ་ཞིང་། ངག་ཡི་གེ་དྲུག་པ་ཁོ་ན་བཟླས་ཀྱང་


CMR025_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

ཆོག་སྟེ། སྤྲུལ་པའི་རྒྱལ་པོས། སྐྱབས་འགྲོ་སེམས་བསྐྱེད་དང་། སྒྲིབ་སྦྱང་ཚོགས་བསགས་དང་། གསོལ་གདབ་ཐམས་ཅད་ལ་ཡི་གེ་དྲུག་པ་ཁོ་ནས་མ་ཚང་བ་མེད་པ་རྒྱ་ཆེར་གསུངས་པའི་ཕྱིར་རོ། །དེ་ནས་པདྨ་ཟབ་པའི་རྒྱུད་ཆེན་གྱི། །རྫོགས་རིམ་སྔོན་འགྲོ་རྣམ་བཞིའི་མན་ངག་འདི། །རྒྱུད་རྒྱལ་ཉིད་ཀྱི་རྡོ་རྗེའི་ཚིག་རྐང་ལས། །མདོ་རྒྱུད་གཞན་གྱི་ལུང་རྒྱབ་འདྲེན་བྱེད་པའི། །རིག་འཛིན་བརྒྱུད་པའི་མན་ངག་གིས་བརྒྱན་ནས། །རང་དང་གཞན་ལ་ཕན་ཕྱིར་གསལ་བར་བྱ། །འདི་བྲིས་འགལ་འཁྲུལ་ཉེས་པའི་ཆ་མཆིས་པ་།རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་དྲུང་དུ་བཤགས། །འདི་བྲིས་དགེ་བས་བདག་གཞན་ཚེ་འཕོས་ཚེ། །བདེ་ཆེན་དག་པའི་ཞིང་དུ་བརྫུས་སྐྱེས་ནས། །ས་བཅུ་ཐོབ་ནས་ནམ་མཁའི་མཐར་ཁྱབ་པའི། །སྤྱན་རས་གཟིགས་ཀྱི་ཕྲིན་ལས་སྒྲུབ་བྱེད་ཤོག །ཅེས་པ་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པ་རཱ་ག་ཨ་སྱའི་མིང་ཅན་དེས་ཆོ་འཕྲུལ་ཆེན་པོ་ནག་པའི་ཚེས་གཉིས་ཉིན་པར་རྫོགས་པར་སྦྱར། སརྦ་མངྒ་ལཾ།། །།


CMR025_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཔདྨ་ཟབ་པའི་རྫོགས་རིམ་གྱི་སྔོན་འགྲོ་བཞི་སྦྱོར།next