Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་དཔལ་ལྡན་ལྷ་མོ་སྦྲགས་བསྒྲུབ་སྤྲོས་མེད་རྫོགས་རིམ་ཤིན་ཏུ་ཟབ་པ།
   
   
   
   
   
   
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་དཔལ་ལྡན་ལྷ་མོ་སྦྲགས་བསྒྲུབ་སྤྲོས་མེད་རྫོགས་རིམ་ཤིན་ཏུ་ཟབ་པ།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་དཔལ་ལྡན་ལྷ་མོ་སྦྲགས་བསྒྲུབ་སྤྲོས་མེད་རྫོགས་རིམ་ཤིན་ཏུ་ཟབ་པ།


CMR025_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་དཔལ་ལྡན་ལྷ་མོ་སྦྲགས་བསྒྲུབ་སྤྲོས་མེད་རྫོགས་རིམ་ཤིན་ཏུ་ཟབ་པ་གཅིག་བཞུགས་སོ།།


CMR025_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་དེ་ཝི་ཡེ། སྤྱན་རས་གཟིགས་དབང་ཚེམས་ཀྱི་མཆེ་བ་ལས། །སྤྲུལ་པའི་ལྷ་མོ་དབྱངས་ཅན་དྲག་མོའི་སྐུ། །དུད་པའི་སོལ་བ་མ་ལ་ཕྱག་འཚལ་ལོ། །རྒྱལ་བ་རྒྱ་མཚོ་ཡི་དམ་གཙོར་བྱེད་ཅིང་། །བདུད་རྩི་སྨན་གྱི་རྒྱལ་མོའི་ཞོར་སྒྲུབ་བྲི། །མ་གཅིག་ལྷ་མོའི་བཀའ་གནང་བྱིན་གྱིས་རློབས། །རང་ཉིད་རྒྱལ་བ་རྒྱ་མཚོ་གཞུང་ལྟར་ལས། །ཐུགས་དབུས་ཟླ་སྟེང་ཧྲཱིཿལ་ཡིག་དྲུག་བསྐོར། །དེ་འོག་ཆོས་འབྱུང་ཡངས་ཤིང་རྒྱ་ཆེ་བ། །རྩེ་མོ་ཐུར་བསྟན་ཁ་གཡེར་ཕྱི་ནག་པ། །ནང་དམར་དུར་ཁྲོད་མེ་རླུང་འཚུབ་མའི་དབུས། །སྣ་ཚོགས་པདྨ་ཉི་མའི་གདན་


CMR025_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བསམ། །རང་གི་ཐུགས་ཀའི་འོད་ཟེར་འཕྲོས་པ་ཡིས། །དུད་སོལ་ལྷ་མོ་འཁོར་བཅས་སྤྱན་དྲངས་བསྒོམ། །རང་གི་མདུན་དུ་ཁྲོམ་ཚོགས་བཞིན་དུ་བཞུགས། །ལྷ་མོའི་སྤྱི་བོར་བུམ་པ་དཀར་པོའི་ནང་། །རྡོ་རྗེ་སེམས་དཔའི་སྐུ་གཅིག་གསལ་བར་བསྐྱེད། །ལྷ་མོའི་ཐུགས་ཀར་ཧཱུྃ་གི་ཟླ་ཚེས་དེ། །ཟླ་བའི་དཀྱིལ་འཁོར་གྱུར་ལས་འོད་ཟེར་འཕྲོས། །ཕྱོགས་བཅུའི་སངས་རྒྱས་དཔའ་བོ་དཔའ་མོ་ཡིས། །ཚེ་ཡི་དངོས་གྲུབ་བདུད་རྩིའི་བཅུད་ཀུན་བསྡུས། །འཇིག་རྟེན་ཀུན་གྱི་རྩི་སྨན་བཅུད་རྣམས་ནི། །ཐམས་ཅད་བསྡུས་ཏེ་བུམ་པ་ལྟེམ་གྱིས་གང་། །བུམ་པ་


CMR025_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

འཕྱུར་བ་ལྷ་མོའི་ཞལ་དུ་ཞུགས། །སྐུ་ལུས་གང་བས་ལྷ་མོ་དཀར་མོར་གྱུར། །ཞལ་ནས་བདུད་རྩི་མ་ཤོང་སྐྱུགས་པའི་ཚུལ། །བདུད་རྩི་ཆུ་བོའི་རྒྱུན་བཞིན་བབ་པ་ཡིས། །བདག་དང་བསྲུང་བྱ་ཀུན་གྱི་ཚངས་བུག་ཞུགས། །ལུས་གང་དམ་ཚིགས་ཆིག་ཉམས་ནད་རིམས་ཀུན། །རླངས་པ་སྔོ་དམར་ཚུལ་དུ་ཕྱིར་ཐོན་ནས། །ནམ་མཁའ་ལ་ནི་འཇའ་བཞིན་ཡལ་བར་གྱུར། །གཙོ་མོའི་བདུད་རྩི་འཁོར་རྣམས་ཞལ་དུ་སོང་། །འཁོར་རྣམས་ཐམས་ཅད་དཀར་མོ་ཞི་བར་གྱུར། །དེ་ལྟར་བསྒོམ་ཚེ་སྔགས་ནི་འདི་ཉིད་བཟླས། །ༀ་ཧཱུྃ་ཤི་ཡ་དེ་ཝི་ཀཱ་ལི་ཀ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ དེ་ནི་རྩ་སྔགས་ཡིན་ཞིང་དེ་ལ་ནི། །འབྲུ་བདུན་འདི་བཏགས་ཞག་བདུན་འགྲུབ་གསུངས་པ། །ཨོཾ་ཨ་ར་ལི་ཧྲིང་ཛ་ཛ༔ བདུན་ལས་མི་ཉུང་བརྒྱ་ལས་མི་མང་བཟླས། །དེ་ནས་རང་གི་ཐུགས་ཀའི་འོད་ཕོག་པས། །འཁོར་རྣམས་དབུས་ཀྱི་གཙོ་བོ་ཉིད་ལ་ཐིམ། །གཙོ་མོ་འོད་ཞུ་ཧཱུྃ་ཡིག་དཀར་པོར་གྱུར། །རང་གི་ཤངས་བུག་གཡོན་ཞུགས་དབུ་མ་བརྒྱུད། །ལྟེ་འོག་འབྲུ་གསུམ་ཉི་མའི་སྟེང་བཞུགས་པས། །ལྷ་མོ་གཙོ་འཁོར་སྔ་མ་བཞིན་དུ་གྱུར། །ལྷ་མོའི་དབུ་སྟེང་རྟ་མགྲིན་དམར་པོ་བཞུགས། །དེ་ལས་འོད་


CMR025_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་འོད་ཀྱིས་དཔོན་མོ་བསྐུལ། །དཔོན་མོར་འོད་འཕྲོས་གཡོག་མོ་ཐམས་ཅད་བསྐུལ། །གཡོག་མོ་རྣམས་ཀྱི་སོ་སོའི་ཆིབས་པར་བཅས། །གཡས་བསྐོར་ཀྱི་ལི་ལི་ལས་འོད་ཟེར་འཕྲོས། །སངས་རྒྱས་བྱང་སེམས་ཡེ་ཤེས་མ་མོའི་ཚོགས། །འཇིག་རྟེན་ལྷ་ཀླུ་གནོད་སྦྱིན་ཚེ་དབང་གིས། །དངོས་གྲུབ་བསྐུལ་ཏེ་ལྷ་མོའི་ཐུགས་ཀར་ཐིམ། །ལྷ་མོའི་སྐུ་ལུས་བདུད་རྩིས་ལྟེམ་ལྟེམ་གང་། །ཞལ་ནས་བདུད་རྩིས་རྒྱུན་བབ་བདག་ལུས་གང་། །ལྷ་མོའི་སྐུ་གསུང་ཐུགས་དང་རང་ཉིད་ཀྱི། །ལུས་ངག་ཡིད་གསུམ་དབྱེར་མེད་གཅིག་ཏུ་འདྲེས། །འཆི་མེད་ཚེ་དང་ནད་མེད་བདེ་བ་ཐོབ། །མཐར་ནི་འཁོར་རྣམས་འོད་ཞུ་གཙོ་མོར་ཐིམ། །གཙོ་མོ་འོད་ཞུ་རྟ་མགྲིན་ཉིད་ལ་ཐིམ། །རྟ་མགྲིན་འོད་ཞུ་བདག་དང་དབྱེར་མེད་པར། །དམིགས་མེད་ལྟ་བའི་ངང་ལ་ཐུན་གཅིག་བཞག །དམིགས་པ་རྒྱབ་མ་བསྒོམ་ཞིང་ཡིག་དྲུག་བཟླ། །ལྷ་མོ་ཉིད་ཀྱིས་བིརླ་པ་ལ་གནང་། དེ་ཡི་གསང་སྒྲུབ་རྒྱ་གཞུང་ནཱ་རོས་མཛད། །དེ་ཡི་འགྲེལ་བ་མར་པས་མཛད་པ་སོགས། །མདོར་ན་ལྷ་མོའི་སྒྲུབ་ཐབས་ཀུན་གྱི་མཆོག །དོན་ལ་ལྷ་མོའི་ལུགས་ཀྱི་རྫོགས་རིམ་ཡིན། །ཤིན་ཏུ་ཟབ་ཅིང་གཉན་


CMR025_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

པའི་མན་ངག་འདི། །རང་གི་རྒྱུན་ཁྱེར་ཉམས་ལེན་བྱས་པ་ལྟར། །འབྲོང་པ་བླ་མ་པདྨ་ཐབས་མཁས་ལ། །སྙིང་གི་མན་ངག་སྙིང་གཏམ་བྱས་པ་ནི། །རྟ་ལོ་ཐ་སྐར་ཟླ་བའི་དམར་པོའི་ཕྱོགས། །ཚེས་གསུམ་དགོང་ཐུན་རཱ་ག་ཨ་སྱས་སྨྲས། །འཕྲལ་དུ་ཞུ་བ་པོ་ནི་དེ་ཉིད་ཀྱིས། །ལག་པ་རླུང་གི་རྟ་ལ་ཞོན་ནས་བྲིས། །སྦ་འོས་གསལ་བར་བཀོད་པའི་ཉེས་མཆིས་ན། །སྲིད་པའི་མ་མོ་མཁའ་འགྲོ་ཀུན་ལ་བཤགས། །དགེ་བས་བདག་དང་བདག་གི་རྗེས་འཇུག་རྣམས། །ནད་རིམས་ཡམས་ནད་འཚེ་བ་ཀུན་ཞི་ཞིང་། །ནད་མེད་བདེ་བའི་དངོས་གྲུབ་ཐོབ་པར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་དཔལ་ལྡན་ལྷ་མོ་སྦྲགས་བསྒྲུབ་སྤྲོས་མེད་རྫོགས་རིམ་ཤིན་ཏུ་ཟབ་པ།next