Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་བ་རྒྱ་མཚོའི་རྫོགས་རིམ་འཁོར་ལོ་ལྔའི་མན་ངག
   
   
   
   
   
   
   
   
   


 
previousརྒྱལ་བ་རྒྱ་མཚོའི་རྫོགས་རིམ་འཁོར་ལོ་ལྔའི་མན་ངགnext

རྒྱལ་བ་རྒྱ་མཚོའི་རྫོགས་རིམ་འཁོར་ལོ་ལྔའི་མན་ངག


CMR025_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོའི་རྫོགས་རིམ་འཁོར་ལོ་ལྔའི་མན་ངག་བཞུགས་སོ། །


CMR025_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། བླ་མ་སྤྱན་རས་གཟིགས་དབང་ལ། །སྒོ་གསུམ་གུས་པས་ཕྱག་འཚལ་ནས། །འཁོར་ལོ་ལྔ་ཡི་མན་ངག་བཀོད། །ཡི་དམ་ཌཀིའི་བཀའ་གནང་སྩོལ། །དེ་ཡང་ཐབས་ཤེས་གཉིས་སུ་མེད་པའི་རྒྱུད་ཆེན་པོ་པདྨ་ཟབ་པ་ལས། འཁོར་ལོ་ནི་བཞི་སྟེ། །བདེ་བའི་འཁོར་ལོ་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་དང་། སྤྲུལ་པའི་འཁོར་ལོའོ། །ཞེས་དངོས་སུ་འཁོར་ལོ་བཞི་གསུངས་ནས། གྲུབ་ཆེན་རྣམས་ཀྱིས་མན་ངག་གི་འཁོར་ལོ་ལྔ་གསུངས་པ་སྟེ། བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོས་མཛད་པའི་སྦ་ལྕག་མའི་གཞུང་


CMR025_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མེ་ལ་བསྟིམས་པས་ཡེ་ཤེས་སྦྱར། །ཞེས་པས་འཁོར་ལོ་ལྔར་མདོར་བསྟན་ནས། མེ་འབར་ཉོན་མོངས་རིབ་བསྲེགས་ནས། །ཞེས་དང་། དེ་ནས་རང་གི་འདོམས་བར་དང་། །ཡཾ་ལས་རླུང་གིས་ད་ལ་གཡོས། །གསང་གནས་ལྷ་ཚོགས་མེ་འབར་ཏེ། །འཁོར་ལོ་བཞི་ཡི་རྩ་འཁོར་རྣམས། །ལྟོས་ཆགས་མེད་པའི་མེ་སྦར་ཏེ། །ལྟེ་བའི་ཨ་ལས་གཏུམ་མོ་སྦྱར། །སྤྱི་བོའི་ཧཾ་ལ་རེག་པ་ཡིས། །བྱང་ཆུབ་སེམས་ཀྱི་རྒྱུན་བབས་ནས། །འཁོར་ལོ་བཞི་ཡི་ལྷ་ཚོགས་རྣམས། །བདེ་བ་ཆེན་པོར་འབར་བ་དང་། །ཞེས་པ་དང་། བ་མཁལ་མ་ལས། འབྱུང་བ་


CMR025_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ཡིད་དཀྲུག་འཁོར་ལོ་ལྔའི་རིམ་པ་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཞེས་གསུངས་པའི་དོན་གྲུབ་ཆེན་ཀརྨ་པས་རྒྱ་ཆེར་གསུངས་པ་རྣམས་ཉམས་སུ་ལེན་ཚུལ་ནི། དབེན་པར་རྩ་བ་གསུམ་དང་ཆོས་སྐྱོང་ལ་གཏོར་མ་ཕུལ། བར་ཆད་མེད་པར་གསོལ་བ་བཏབ་ནས། ལུས་གནད་བཅས་ཏེ། རང་ལུས་དང་ཕྱི་རོལ་གྱི་དངོས་པོ་ཅི་མཐོང་ཚད་ནང་སྟོང་སང་ངེ་བ་བསྒོམ་པ་དང་། རང་དང་དངོས་པོ་ཅི་མཐོང་ཐམས་ཅད་ཆུང་བ་ཡུངས་དཀར་ཙམ་དང་ཆེ་བ་རི་རབ་ཙམ་དང་ནང་སྟོང་པར་བསྒོམ་པ་མ་དག་པའི་སྟོང་ར་དང་། རང་ལུས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་ཆ་ལུགས་ཡོངས་སུ་རྫོགས་པ་ནང་སྟོང་པ་དར་དམར་གྱི་གུར་ཕུབ་པ་ལྟ་བུ། དེ་ཡང་ཤིན་ཏུ་ཆེ་བ་དང་། ཡུངས་འབྲུ་ཙམ་དུ་བསྒོམ་པ་དང་། རང་སེམས་འོད་ལྔའི་གོང་བུར་གྱུར་པ་གཙུག་ཏོར་ནས་ཞབས་མཐིལ་བར་དུ་སེམས་བཟུང་བ་དང་། ཡང་རང་ཉིད་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས་སྔོན་པོ། རིན་ཆེན་རིགས་ཀྱི་སེར་པོ། པདྨ་རིགས་ཀྱི་དམར་པོ། ལས་ཀྱི་རིགས་ཀྱི་ལྗང་གུ། དེ་ཡང་ཆེ་བ་ཆུང་བར་བསྒོམ་པ་དང་། རང་ལུས་ཟླུམ་པོ། དཀར་པོ། གྲུ་བཞི། སེར་པོ། ཟླ་གམ། དམར་པོ། ཟུར་


CMR025_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ། ནག་པོ་སོགས་སྔོན་པོ་རེ་ལ་ཁ་དོག་ལྔ་ཚང་བར་བསྒོམ་པ་དབྱིབས་དང་ཁ་དོག་ལྔ་ལ་བསླབ་སྟེ། དེ་དག་གིས་སྣང་བརྙན་གྱི་སྐུ་བསྒྲུབ་པའོ། །སྡོམ་འབྱུང་ལས། སྙིང་གའི་ཆུ་སྐྱེས་ལུས་སོན་པ། །ཆུ་ཤིང་མེ་ཏོག་ལྟར་སྟོང་གསལ། །ཧཾ་ནི་འཕྱོ་ཞིང་འོག་ཏུ་བལྟ། །མར་སྣ་མར་མེ་ལྟ་བུས་བརྒྱན། །དེ་འོག་བྱང་སེམས་མ་ཉམས་འབབ། །ཨ་ཝ་དྷུ་ཏི་ཞེས་བྱར་བཤད། །ཅེས་གསུངས་པས། དེ་ནས་རང་ཉིད་རྒྱལ་བ་རྒྱ་མཚོ་དར་གུར་ལྟ་བུའི་དབུས་སུ། ཨ་ཝ་དྷུ་ཏི་གྲོ་སོག་ཙམ་པ་སྤྱི་བོ་ནས་ལྟེ་འོག་གཉིས་པོར་ཆེར་ཟུག་པ། སྔོ་ལ་དྲང་པ། གསལ་ལ་སྟོང་པ་སྟེ་མཚན་ཉིད་བཞི་ལྡན། གཡས་རོ་མ་དམར་པོ། གཡོན་རྐྱང་མ་དཀར་པོ་གཉིས་ཡར་སྣེ་སྣ་བུག་དང་། མར་སྣེ་ལྟེ་འོག་ནས་ཡི་གེ་ཆའི་འཕོང་ལྟར་དབུ་མའི་ནང་དུ་ཆུད་པ། སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་རྩ་འདབ་སོ་གཉིས་ནམ་མཁའི་ཁམས་འཁོར་ལོ་དཀར་པོའི་དབྱིབས། མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་བཅུ་དྲུག་མེ་ཁམས་པདྨ་དམར་པོའི་དབྱིབས། སྙིང་ཁ་ཆོས་ཀྱི་འཁོར་ལོ་རྩ་འདབ་བརྒྱད་ཆུ་ཁམས་རྡོ་རྗེ་སྔོན་པོའི་དབྱིབས། ལྟེ་བ་སྤྲུལ་པའི་འཁོར་ལོ་རྩ་འདབ་རེ་བཞི་སེར་པོ་ས་


CMR025_Page_0446
[མ་དཔེ་གཟིགས་ན་འདིར་གནོན།]

ཁམས་རིན་པོ་ཆེའི་དབྱིབས། གསང་གནས་བདེ་སྐྱོང་འཁོར་ལོ་རྩ་འདབ་སོ་གཉིས་རླུང་ཁམས་ལྗང་གུ་རལ་གྲིའི་འཁོར་ལོའི་དབྱིབས་གདུགས་དང་གདུགས་འཁྱོགས་ལྟ་བུ། ཡན་ལག་ལྷུ་ཚིགས་བཅུ་གཉིས་སུ་རྩ་འདབ་སུམ་ཅུ་རེ། སོར་ཚིགས་རྣམས་ལ་རྩ་འདབ་དྲུག་རེ་རྣམས་རོ་རྐྱང་ལས་གྱེས་པའི་ཚུལ་ཏེ་ལག་པ་གཡས་ཀྱི་རྩ་ཐམས་ཅད་རླུང་ཁམས་ལྗང་གུ། ལག་གཡོན་མེ་ཁམས་དམར་པོ། རྐང་པ་གཡས་ཆུ་ཁམས་སྔོན་པོ། རྐང་པ་གཡོན་ས་ཁམས་སེར་པོ། གཙོ་བོ་གསུམ་ལས་གྱེས་པའི་རྩ་ཕྲན་སྟོང་ཕྲག་བདུན་ཅུ་རྩ་གཉིས་པ་ཚན་གསུམ་དང་། དེ་ལས་ཕྲ་བའི་རྩ་བྱེ་བ་ཕྲག་ཕྱེད་དང་བཞི་པོ་ཐམས་ཅད་མཚན་ཉིད་བཞི་ལྡན་མོས་པ་ཙམ་དུ་བསྐྱེད། སཾ་བྷུ་ཊི་ལས། ལྟེ་བར་ཨ་ཡིག་གཟུགས་ཀྱིས་ནི། །ཐུར་དུ་རྒྱུ་ནི་རབ་ཏུ་དྲན། །སྙིང་གར་ཡང་ནི་ཧཱུྃ་ཉིད་དེ། །རིང་བ་བ་ལོ་གཉིས་དང་བཅས། །མགྲིན་པར་ཨོཾ་གྱི་གཟུགས་ཀྱིས་ནི། །མ་མ་གསུམ་བརྗོད་པ་ལུ་ཏ། །དཔྲལ་བར་ཧཾ་གྱི་རྣམ་པ་འདི། །སྒྲ་དང་ཚིག་གི་མི་ཤེས་པས། །ཞེས་གསུངས་པས། ལྟེ་བར་ཨཱཿ སྙིང་ཁར་ཧཱུྃ། མགྲིན་པར་ཨོཾ། སྤྱི་བོར་ཧཾ་རྣམས་སྐུ་བཞིའི་ས་བོན་དུ་བསྒོམས་པས་བྱིན་གྱིས་


CMR025_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

བརླབས་ནས། རང་ལུས་དང་རྩ་རྣམས་ཆེ་བ་དང་། ཤིན་ཏུ་ཆེ་བ་དང་། ཆུང་བ་ཤིན་ཏུ་ཆུང་བར་བསྒོམ་པ་ནི། དཔག་བསམ་ཤིང་འཛུགས་པ་ལས། རྩ་བ་ཡལ་ག་དབྱིབས་དང་ཁ་དོག་ལ་བསླབ་པ་རྣམས་རྒྱས་པར་སོ་སོར་ཕྱེའོ། །བརྟག་གཉིས་ལས། ལོ་ལ་རྭ་ས་ཀུནར་མ། ཞེས་སོགས་དང་། རྡོ་རྗེ་ཕྲེང་བར། རྩ་ཡི་འཁོར་ལོ་ལེགས་རྒྱས་པ། །ཞེས་དང་། དྲི་མེད་འོད་ལས། ནང་གི་མཁའ་འགྲོ་མ་ནི་རྩ་བསྒོམ་པ་འདི་དག་ཡིན་ཅིང་། དེས་འཇིགས་པ་བརྒྱད་སོགས་ཞི་བར་བཤད་དེ། རང་བྱུང་བའི་གཞུང་ལས། རྩ་གསུམ་འཁོར་ལོ་ལྔ་གསལ་གདབ། །ཅེས་གསུངས་པའི་དོན་ཡིན་ནོ།། །།གཉིས་པ་རླུང་ནི་རྒྱུད་ལས། འགོག་པ་བཞི་པ་དང་། ཞེས་དང་། བདག་མེད་པའི་ཤེས་རབ་ཡི་གེ་ཕྲ་མོ། དཀར་པོ་དང་དམར་པོ་དང་སྔོན་པོ་དང་སེར་པོ་དང་། ཟིན་པ་བཞི་དང་། ཞེས་གསུངས་ཏེ། །འབྱུང་བ་བཞི་རླུང་འགོག་པ་དང་། ཡི་གེ་ཕྲ་མོ་རླུང་འབྱུང་རྔུབ་རྡོ་རྗེའི་བཟླས་པ་དང་། སྲོག་རྩོལ་བུམ་ཅན་དང་། འབྱུང་བཞིའི་རླུང་གི་ཁ་དོག་ལ་སློབ་པ་རྣམས་བསྟན་ཏེ། རྡོ་རྗེའི་སྙིང་པོས་མཛད་པའི་གཞུང་ལས། རླུང་བཟུང་


CMR025_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

དབང་བསྡུས་བྱང་སེམས་རང་བཞིན་ཞུ། །བརྔུབས་ནས་མེ་ལ་བསྟིམས་པས་ཡེ་ཤེས་འབར། །ཞེས་དང་། བ་མཁལ་མའི་མན་ངག་ལས། རླུང་རོ་ཐང་གསུམ་བུས་ནས་ལས་དང་ཉོན་མོངས་པའི་སྒྲིབ་པ་དང་། ལུས་ངག་ཡིད་གསུམ་གྱི་ནད་གདོན་སངས་ཀྱིས་དག་པར་བསམ། ཚུར་རྔུབ་པ་དལ་གྱིས་བཟུང་ནས། དུས་གསུམ་གྱི་སངས་རྒྱས་བྱང་ཆུབ་སེམས་དཔའ་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྡུས་ནས། རྩ་གཡོན་དུ་ཞུགས་ཏེ་དབུ་མར་ཚུད་པས་ལུས་ཐམས་ཅད་རྒྱས་ནས་བདེ་སྟོང་གི་ཉམས་རྒྱས་པར་བསམ། ཞེས་གསུངས་པ་ལྟར་མྱུར་འགྲོའི་རྩལ་སྦྱངས་པ་ནི། འབུད་པ་དགུ་སྤྲུགས་དང་བཅས་ནད་གདོན་སྡིག་སྒྲིབ་སངས་ཀྱིས་དག་པར་བསྒོམ། དལ་བུས་བརྔུབས་ནས་འཁོར་འདས་ཀྱི་བསོད་ནམས་ཡོན་ཏན་བསྡུས་པར་བསམ་ལ་ལྟེ་འོག་ཏུ་མནན། མི་ཐུབ་པ་ན་ལྷག་མ་མ་ལུས་པ་སངས་ཀྱིས་བཏང་། སྣ་བུག་གཡས་ནས་སྐུའི་ངོ་བོ་ཨོཾ་གྱིས་དབྱུང་། གཡོན་ནས་ཐུགས་ཀྱི་རང་བཞིན་ཧཱུྃ་གིས་རྡུབ། སྲོག་གི་ངོ་བོ་ཨཱལ་གནས་པར་བསམ་པ་དང་། གཡས་ཉི་མ་ཨཱས་དབྱུང་། གཡོན་ཟླ་བ་ཨོཾ་གྱིས་རྡུབ། ནང་དུ་སྒྲ་


CMR025_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

གཅན་ཧཱུྃ་གིས་གནས་པར་བསམ་པ་དང་། ཧཱུྃ་གིས་རྡུབ་ལ་ཨཱས་དབྱུང་། ཨོཾ་གྱིས་གནས་པར་བསམ་པ་དང་། ཨོཾ་གྱིས་རྔུབ་མ་ཎི་པདྨེས་གནས་པ་ཧཱུྃ་གིས་དབྱུང་བ་སྟེ། པདྨ་རྒྱལ་པོའི་རྒྱུད་ལས། ཨོཾ་མ་ཎི་པདྨེ་ཧཱུྃ། རྡོ་རྗེའི་བཟླས་པ་འདི་ཡིན་ནོ། །དེ་ལ་མ་ཡེངས་ངང་དུ་འདུ། །སེམས་ལ་ཡེ་ཤེས་ཆེན་པོ་སྐྱེ། །ཞེས་དང་། རྒྱུད་ལས། །བདག་མེད་པ། ཡི་གེ་ཕྲ་མོའོ། །ཞེས་གསུངས་པའི་དོན་ནི། ཡང་སྙིང་འདུས་པ་ལས། རྡུབ་པ་རླུང་ལ་ཨོཾ་དང་མ། །གནས་པ་རླུང་ལ་མ་ཎི་པད། །འབྱིན་པའི་རླུང་ལ་མེ་ཧཱུྃ་ཧྲཱིཿ ༈ ཡེ་ནས་རང་བྱུང་རང་ལ་རྫོགས། །དེ་དོན་ཤེས་བྱ་རླུང་གི་བཟླས། །ཞེས་གསུངས་སོ། །སྤོས་དུད་ལྟར་བརྔུབས་ནས་སྲོག་རྩོལ་རླུང་རྡོ་རྗེའི་ཐོད་སྦྱོར་ལྟེ་བར་བཟུང་། དེ་ནས་སྙིང་ཁ་དང་མགྲིན་པ་སྤྱི་བོར་བསྒོམ། སྐབས་སུ་བ་སྤུ་ནས་གཞིལ་བ་དང་། ཁ་དོག་ལྔ་ལྡན་ཚངས་བུག་ནས་ལན་རེ་མདའ་ལྟར་འཕང་ངོ་། །སྟེང་སྲོག་རྩོལ་གྱི་རླུང་བུམ་ཅན་དང་། འོག་ཐུར་སེར་གྱི་བུམ་ཅན་དང་། བར་ཐམས་ཅད་ཞལ་གྱི་བུམ་ཅན། གསང་བ་ཞལ་སྦྱོར་གྱི་བུམ་ཅན་བཞི་ལ་ཞལ་བཞི་ཞེས་བྱའོ། །རིན་པོ་ཆེ་ཀརྨ་པས། རྒྱལ་བ་རྒྱ་


CMR025_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་སྐོར་གསུམ་ལས། སྲོག་རྩོལ་རླུང་རྒྱུན་ཆད་མེད་པར་བསྒོམ་ཞིང་། ཞེས་གསུངས་པའི་དོན་ནོ། །དེ་ནས་བོགས་འདོན་ནི། དེ་ནས་སྣ་བུག་གཉིས་ཀྱི་འོག་ངོས་ནས། ས་རླུང་སེར་པོ་སོར་བཅུ་གཉིས་པ་དང་། སྣའི་ཀ་བའི་ངོས་ནས་ཆུ་རླུང་དཀར་པོ་སོར་བཅུ་གསུམ་པ་དང་། སྣ་མཁལ་ངོས་ནས་མེ་རླུང་དམར་པོ་སོར་བཅུ་གཉིས་པ་དང་། སྟེང་གཉིས་ནས་རླུང་གི་རླུང་ལྗང་གུ་སོར་བཅོ་བརྒྱད་པ་དང་། དབུས་ནམ་མཁའི་རླུང་སྔོན་པོ་སོར་བཅུ་དྲུག་པ། རྒྱུ་བ་ལ་མཉམ་པར་བཞག་གོ །གསང་གནས་སུ་བདེ་བའི་རང་བཞིན་རླུང་ཁ་དོག་དཀར་པོ་སྲན་མ་ཙམ་ནོར་བུའི་རྩེ་ནས། རྩ་བའི་བར་རླུང་གིས་འཐེན་ཕུལ་བྱས་པས་བདེ་ཉམས་སྐྱེ། ས་རླུང་སེར་པོ། ཆུ་རླུང་དཀར་པོ། མེ་རླུང་དམར་པོ། རླུང་གི་རླུང་ལྗང་གུ། ནམ་མཁའི་རླུང་སྔོན་པོ་རྣམས་ཐིག་ལེའི་ཙ་ན་ཀའི་འབྲས་བུ་ཙམ་འཁོར་ལོ་ལྔ་ཀར་བསྒོམ། ས་རླུང་གྲུ་བཞི། ཆུ་རླུང་ཟླུམ་པོ། རླུང་གི་རླུང་ཟླ་གམ། མེ་རླུང་གྲུ་གསུམ། ནམ་མཁའི་རླུང་ཟུར་དྲུག་སོ་སོའི་ཁ་དོག་ཅན། ཀུན་ཁྱབ་འོད་ཀྱི་དཀྱིལ་འཁོར་འབྱུང་བ་ལྔའི་མཚན་ཉིད་ཅན་བསྒོམས་པས་བོགས་དབྱུང་ངོ་། །རྒྱུད་ལས། དཀར་པོ་དང་


CMR025_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་དང་སྔོན་པོ་དང་སེར་པོ་བཞི་འབྱུང་བ་བཞིའི་རླུང་དེ་དག་བསྟན་ཅིང་ཟིན་པ་བཞི་དང་ཞེས་པས་འབྱུང་བ་བཞིའི་རླུང་ཟིན་ཅིང་བསྟན་ཏོ། །རྡོ་རྗེ་ཕྲེང་བ་ལས། རྣལ་འབྱོར་པས་ནི་རླུང་བསྒོམས་ན། །མྱུར་དུ་དངོས་གྲུབ་ཐོབ་པར་འགྱུར། །ཅེས་དང་། སྡོམ་འབྱུང་ལས། རླུང་གི་རྣལ་འབྱོར་མི་ཤེས་དང་། །གང་ཞིག་ཤེས་ཀྱང་མི་བསྒོམ་དེ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས། །ཉེ་བར་འཁོར་བའི་སྲིན་བུར་གྱུར། །རྡོ་རྗེ་མཁའ་འགྲོ་ལས། དགོངས་པ་ཡི་ནི་ལུས་དག་ནས། །དུག་དང་རིམས་ཀྱིས་རྩ་བ་འཕྲོག ། ཅེས་དང་། སྡོམ་འབྱུང་ལས། ཡང་ན་བུམ་པ་ཅན་སྦྱོར་བས། །ཐམས་ཅད་དུ་ནི་འཆི་ལས་རྒྱལ། །དུས་ཞབས་སྙན་བརྒྱུད་ལས། ཟླ་བ་དྲུག་ཏུ་དབེན་བྱས་པས། །ཞག་རེ་རླུང་རེ་འགགས་འགྱུར་ཏེ། །ཉི་ཁྲི་ཆིག་སྟོང་དྲུག་བརྒྱ་འགགས། །ཞེས་གསུངས་སོ། །ཀྱེའི་རྡོ་རྗེ་ལས། དབྱུང་བ་ཉིད་ཀྱིས་གཏོར་བར་བྱེད། །རྡུབ་པ་ཡིས་ནི་དབང་དུ་བྱེད། །དགང་པ་ཡིས་ནི་འགུགས་པར་བྱེད། །གཞིལ་བ་ཡིས་ནི་རིང་བར་བྱེད། །ཅེས་གསུངས་སོ། །གོང་གི་རྡོར་བཟླས་ནི། དགོངས་པ་ལུང་བསྟན་པ་ལས། ཧཱུྃ་གིས་སེམས་ཅན་ཡང་


CMR025_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

དག་སྤྲོ། །སངས་རྒྱས་ཐུགས་སུ་ཡང་དག་བརྟག །ཨོཾ་གྱིས་སེམས་ཅན་ཡང་དག་སྡུད། །སངས་རྒྱས་སྐུར་ནི་རབ་ཏུ་བརྟག །ཨཱཿཡིས་གནས་པར་འགྱུར་བའོ། །ཞེས་དང་། ཀློག་དང་ཁ་བཏོན་མེད་མོད་ཀྱི། །འོན་ཀྱང་བཟླས་པ་ཡིན་པར་བཤད། །ཅེས་དང་། གསང་འདུས་རྒྱུད་ཕྱི་མར། དང་པོ་ཡི་གེའི་སྦྱོར་བ་ལས། །རྟག་ཏུ་དབུགས་ནི་རྡུབ་པར་བྱེད། །བརྒྱད་པའི་ཐ་མ་དང་ལྡན་པ། །ཡི་གེ་ཧཱུྃ་ནི་ཐིག་ལེར་བཅས། །རྣལ་འབྱོར་པས་དབུགས་གཏོང་བར་བྱེད། །འདིར་ནི་ཅི་དགའི་བཟླས་པར་བཤད། །ཅེས་དང་། བདེ་མཆོག་སྟོད་འགྲེལ་ལས། ཡི་གེའི་བཟླས་གསུམ་སྲོག་ཡན་ལག །ཅེས་དང་། ཉི་མ་སྒྲུབ་པ་ལས། འཇུག་དང་གནས་དང་དབྱུང་བ་གསུམ། །ཡི་གེ་གསུམ་གྱིས་རྩ་ལམ་སྦྱངས། །ཞེས་གསུངས་པའི་དོན་ནོ། །ཀུན་དྷ་ལི་ཆུ་ཟླའི་གར་བསྒྱུར་ནི། རྒྱུད་ལས། བདེ་བའི་གནས་ནས་བདེ་བའི་ལམ། །ཞེས་དང་། རྒྱ་གཞུང་ལས། རླུང་བཟུང་རིག་པ་ཕྱོགས་མེད་སྦྱངས། །ཞེས་གསུངས་སོ། །རྡོ་རྗེ་ཕྲེང་བར། འཁོར་ལོ་དྲུག་གི་རྩ་ཕུག་ན། །ཟླ་བ་ཕྱེད་པའི་ཆ་ལྟ་བུ། །སྟེང་ཉིད་རླུང་གི་འཁོར་ལོར་གནས། །ཕྱེད་མན་


CMR025_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

གང་བ་མེད་པ་དང་། །ཞེས་ནས། བག་ཆགས་ཆུ་ཟླ་བཞི་ཡི་ཐིག་ལེ་ནི། ཞེས་དང་། ནམ་མཁའ་དང་མཉམ་པ་ལས། ཡི་གེ་ཧཾ་གྱི་དབྱིབས་འདྲ་སྟེ། །ནོར་བུ་ཀུ་ཤའི་མདོག་ལྟ་བུ། །དཀར་ལ་འཚེར་དང་གཟི་མདངས་སྣུམ། །ཞེས་པའི་དོན་ནི། དབུ་མའི་ཡར་སྣེ་སྨིན་མཚམས་སུ་སྐྱོགས་པའི་ནང་དུ་ཐིག་ལེ་དཀར་ལ་འཚེར་བ། སྣུམ་ལ་འདྲིལ་བ་ཡུངས་ཀར་ཙམ་བསྒོམ། རླུང་རྔུབ་པས་སེང་སྒྲ་དང་བཅས་པས་བདེ་ཆེན་འཁོར་ལོར་དྲངས། གཞིལ་བས་སྤྱི་བོའི་རྩ་འདབ་སོ་གཉིས་ལ་རེས་མོས་སུ་གཡས་སྐོར་དུ་སྦྱངས། དེ་བཞིན་དུ་འཁོར་ལོ་བཞི་ཀ་ལ་གཡས་སྐོར་དུ་སྦྱངས་ན་ལུགས་འབྱུང་། གཡོན་སྐོར་དུ་སྦྱངས་ན་ལུགས་ལྡོག་གོ །རྔུབ་པས་འཁོར་ལོ་བཞི་ཡི་རྩ་ལ་སོག་ཕྲུག་འོ་མས་གང་བ་ལྟར། གཞིལ་བས་འཁོར་ལོའི་དབུས་སུ་བསྡུ་བ་དང་། ཐིག་ལེ་དབུ་མའི་མར་སྣེ་རྒྱལ་མཚན་གྱི་རྩེར་ལུགས་འབྱུང་ལུགས་ལྡོག་བྱས་སྐབས་སུ་རྡོ་རྗེར་བསྟིམ་ལ་འཇའ་ཡལ་བ་ལྟར་བསམ། སྨིན་ཕྲག་ནས་གསང་གནས་བར་ཐིག་ལེ་དབབ་ལྡོག་དང་། འོག་སྲིན་པོའི་སྒོ་ནས་ཐུར་སེལ་གྱི་རླུང་ལ་བསྟེན་ནས། གསང་གནས་ཀྱི་ཐིག་ལེ་དམར་པོ་བདེ་བའི་ཐིག་ལེ་ལྟར་སྦྱངས་པས་


CMR025_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བའི་ཐིག་ལེ་བོགས་ཐོན་ཞིང་། སྙིང་གར་སྲོག་འཛིན་རླུང་གི་ཐིག་ལེ་དྭངས་མ་ལྔ་འདུས་ཀྱི་གོང་བུ་སྔོན་པོ་མཚན་ཉིད་བཞི་ལྡན་དུ་བསྒོམས་ནས། སྤྱི་བོ་ནས་གསང་གནས་བར་སྦྱངས༔ སྟེང་འོག་བཅིངས་པས་རེས་མོས་སམ་བུམ་ཅན་བཟུང་བས་མི་རྟོགས་པའི་བོགས་དབྱུང་ངོ་། །དེ་ནས་གཏུམ་མོ་བསྒོམ་པ་ནི།། རྒྱུད་ལས། བདེ་དང་སྟོང་པའི་མཚན་ཉིད་ཅན། །ཐབས་དང་ཤེས་རབ་བསྒོམ་ལས་བྱུང་། །ཞེས་པ་བདེ་སྟོང་གི་ཡེ་ཤེས་ཐབས་ལམ་གཏུམ་མོ་དང་། ཤེས་རབ་སྟོང་ཉིད་སྒོམ་པ་ལས་འབྱུང་བར་བསྟན་ནས། བདག་མེད་པའི་ཡི་གེ་ཕྲ་མོ། ཞེས་པའི་སྐབས་སུ། ཨ་ཐུང་དང་། དཀར་པོ་དང་དམར་པོ་དང་སྔོན་པོ་དང་སེར་པོ་ཞེས་པས། དེ་སྐབས་གཏུམ་མོའི་རིགས་བཞི་ལ་འཇུག་སྟེ། རྡོ་རྗེ་སྙིང་པོ་སྦ་ལྕག་མ་ལས། ལྟེ་འོག་བདེ་ཆེན་གཏུམ་མོ་མེ་སྦར་དམིགས། ཞེས་དང་། ཕྱག་ཆེན་ཐིག་ལེར། ཡང་དག་པ་ཡི་ཐིག་ལེར་དབང་པོ་ཤིང་། །དེ་ཡིས་གཏུམ་མོ་སྦྱར་བར་བྱའོ། །ཞེས་དང་། ཞལ་ལུང་ལས། སུམ་མདོར་ཡེ་ཤེས་མེ་སྦར་བས། །ཞེས་སོགས་གསུངས་པའི་དོན་ཏེ། ཡུམ་གསང་བ་ཡེ་ཤེས་ཌཱཀིའི་ངོ་བོ་ཡེ་ཤེས་ཀྱི་མེས་མ་དག་པའི་


CMR025_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

ཕུང་ཁམས་སྐྱེ་མཆེད་ཐམས་ཅད་བསྲེགས་ནས་ཟག་མེད་ཡེ་ཤེས་ཀྱི་སྐུ་ཚེ་གཅིག་ལ་ཐོབ་པར་བྱ་སྙམ་དུ་སེམས་བསྐྱེད་དོ། །མེ་ཐབ་དྲུག་ཆིངས་བྱས་ལ། རང་ཉིད་རྒྱལ་བ་རྒྱ་མཚོའི་སྟོང་ར་རྩ་གསུམ་འཁོར་ལོ་ལྔར་གསལ་བའི་སྤྱི་བོར་པད་ཉི་ལ་བླ་མ་མེ་ཡི་སྐུ་ཅན་ལ་མཆོད་བསྟོད་གསོལ་བ་བཏབ་ནས་རང་ལ་བསྟིམས་པས་དྲོད་སྐྱེ་བར་བསམ། རྩ་གསུམ་འདུས་མདོར་མེ་ཡི་ཆོས་འབྱུང་པད་ཉི་ལ་ཐིག་ལེ་མེ་ཡི་རྣམ་པ་གསང་བ་ཡེ་ཤེས་ཀྱི་ངོ་བོ་ཡུམ་བསྐྱེད་པ་ཙམ་དང་། དེ་ཉི་མའི་དཀྱིལ་འཁོར་ལྟ་བུ་དང་། ཨ་ཟླ་ཚེས་ནོར་བུ་འབར་བ་ལྟ་བུ་དང་། ཨ་ཤད་སྐྱེར་ཚེར་གྱི་དབྱིབས་དང་། ཨ་སུམ་འཁྱོགས་གཅན་གཟན་གྱི་སྤུ་ཙམ་དང་མར་མེ་སོར་གཅིག་ཙམ་དང་། རྩེ་མོ་རྣོ་ཞིང་འགུལ་པ་རྩ་བ་དལ་ཞིང་འཇམ་པ་གཉིས་ལ་རེས་མོས་སུ་སེམས་གཏད་པ་དང་། དཀར་ཞིང་ཟླུམ་པོར་འབར་བས། གྲུ་བཞི་སེར་པོ། ཟླ་གམ་དམར་པོ། ཟུར་གསུམ་ལྗང་གུ་འབར་བ་དང་། ཨ་ཐུང་མེ་ཡི་ཐིག་ལེ་སྲན་མ་ཙམ་ལ་སེམས་གཏད། གསང་བ་ཡེ་ཤེས་ཡུངས་དཀར་ཙམ་ཤིན་ཏུ་གསལ་བ་ལ་སེམས་བཟུང་བ་རྣམས་བསྙེན་པའོ། །དེ་ནས་ལྟེ་བར་འདོད་ཆགས་ཀྱི་ངོ་བོ་རཾ་དམར་པོ། སྙིང་


CMR025_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

གར་ཞེ་སྡང་གི་ངོ་བོ་ཕྲོ་ལྗང་སྔོན། མགྲིན་པར་ཕྲག་དོག་གི་ངོ་བོ་པོ་སྔོན་པོ། སྤྱི་བོར་གཏི་མུག་གི་ངོ་བོ་ཏཾ་དཀར་པོ་བསམ་མོ། །ལྟེ་འོག་ཨ་ཐུང་ལས་མེ་དྲག་ཏུ་འབར། ལྟེ་བའི་རོ་བསྲེགས་ལོངས་སྐུའི་ངོ་བོ་མེ་ལྗང་གུ་རལ་གྲིའི་འཁོར་ལོ་ལྟར་འབར་ལྟེ་བའི་རྩ་འདབ་རེ་བཞི་གང་། རྐང་པའི་རྩ་འདབ་ཐམས་ཅད་དུ་བབ་ལ་བསྲེགས་པས་ཨཱརུ་གྱུར་ཏེ་སྤྲུལ་སྐུའི་ས་བོན་ཐེབ། ཨ་ཐུང་ཆོས་སྐུའི་ངོ་བོ་མཐིང་ཀར་འབར། སྙིང་ཁའི་ཕྲེ་བསྲེགས་ཧཱུྃ་དུ་བསྒྱུར་བས་ཆོས་སྐུ་ཐོབ། སྙིང་ཁའི་རྩ་འདབ་ཏུ་འཁོར་ལོ་རྡོ་རྗེའི་འཁོར་ལོ་ལྟར་འབར་རྩ་ཕྲན་ཁྱབ། །ལག་པ་གཉིས་འབར། ཨ་ཐུང་ལོངས་སྐུའི་ངོ་བོ་དམར་པོ་འབར་པོ་བསྲེགས། ཨོཾ་དུ་གྱུར་པས་ལོངས་སྐུ་ཐོབ། མགྲིན་པའི་འཁོར་ལོའི་པདྨའི་འཁོར་ལོ་ལྟར་འབར་རྩ་ཕྲན་ཁྱབ། ཨ་ཐུང་བདེ་བ་ཆེན་པོའི་ངོ་བོ་དཀར་པོ་འབར་སྤྱི་བོའི་ཏཾ་བསྲེགས། ཧཾ་དུ་གྱུར་པས་བདེ་བ་ཆེན་པོའི་སྐུ་འགྲུབ། ཆོས་ཀྱི་འཁོར་ལོ་ལྟར་འབར་བས་རྩ་ཕྲན་ཁྱབ། རྩ་སྟོང་ཕྲག་བདུན་ཅུ་རྩ་གཉིས་ཚན་གསུམ་དང་། རྩེ་ཕྲན་བྱེ་བ་ཕྱེད་བཞི་འབར། གཏུམ་མོ་གློག་ལྟ་བུས་ལུས་ཁེངས། མཛོད་སྤུ་ནས་ཐོན་མགོ་ལ་ལན་གསུམ་དཀྲིས་ནས་སྣོད་བཅུད་ཐམས་ཅད་བདུད་


CMR025_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

རྩིར་ཞུ་ནས་ཚུར་འདུས་སྤྱི་བོ་ནས་ཞུགས་པས། སྤྱི་བོའི་ཧཾ་ལས་ཐུགས་རྗེ་ཆེན་པོ་དཀར་པོ། མགྲིན་པའི་ཨོཾ་ལས་ཐུགས་རྗེ་ཆེན་པོ་དམར་པོ། སྙིང་གའི་ཧཱུྃ་ལས་ཐུགས་རྗེ་ཆེན་པོ་མཐིང་ག །ལྟེ་བའི་ཨཱལས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྗང་གུར་གྱུར། བདུད་རྩིས་རྩ་གནས་ཐམས་ཅད་ཁེངས་པར་བསམ་པ་ནི་སྐུ་བཞི་འགྲུབ་པའོ། །དེ་ནས་སྤྱི་བོར་གཏི་མུག་གི་ས་བོན་ཨོཾ་དཀར་པོ། མགྲིན་པར་འདོད་ཆགས་ཀྱི་ས་བོན་ཨཱཿདམར་པོ། སྙིང་གར་ཞེ་སྡང་གི་ས་བོན་ཧཱུྃ་མཐིང་ཀ །ལྟེ་བར་ང་རྒྱལ་གྱི་ས་བོན་ཧཱུྃ་སེར་པོ། །གསང་བར་ཕྲག་དོག་གི་ས་བོན་ཨཱལྗང་གུ་བསམ། རླུང་ཚུར་བརྔུབས་ནས་བདག་དང་སེམས་ཅན་ཐམས་ཅད་ཀྱི་དུག་ལྔའི་སྒོ་ནས་བསགས་པའི་ལས་སྒྲིབ་དང་དུག་ལྔ་ཐམས་ཅད་བསྟིམ། གསང་བ་ནས་འོག་ཏུ་རཾ་ཡིག་ལས་གཏུམ་མོ་འབར། ཡི་གེ་ལྔ་བསྲེགས། རིགས་ལྔའི་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དུ་བསྐྱེད་ཅིང་རྩ་འདབ་རྣམས་སུ་ཡང་དྷ་ཀི་རང་རང་གི་རིགས་ཅན་གྲི་ཐོད་འཛིན་པ་བསམ། སྤྱི་བོའི་ཧཾ་ཞུ་བ་ལས་བདུད་རྩི་བྱང་སེམས་བབ། ལྷ་ཐམས་ཅད་ཀྱི་ཞལ་དུ་ཞུགས་པས་བདེ་སྟོང་གི་ཡེ་ཤེས་ཆེར་འབར་བར་བསམས་ཏེ། རྒྱས་


CMR025_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

པར་རང་བྱུང་བས་མཛད་པ་ཟབ་ཆོས་རྒྱ་མཚོ་མཐའ་ཡས་ལས་གསུངས་པ་ལྟར་རོ། །རྒྱུད་ལས། སྤྱི་བོར་ཡིག་འབྲུ་བསམས་ནས་ནི། །བྱིན་རླབས་བདེ་བས་ལུས་གང་ངོ་། །ཞེས་དང་། རྡོ་རྗེ་སྙིང་པོའི་གཞུང་ལས། མེ་འབར་ཉོན་མོངས་རབ་བསྲེགས་ནས། །ཞེས་དང་། དེ་ནས་རང་རིག་འདོམས་བར་ནས། །ཡཾ་ལས་རླུང་གི་ད་ལ་གཡོས། །གསང་གནས་ལྷ་ཚོགས་མེ་འབར་ཏེ། །འཁོར་ལོ་བཞི་ཡི་གཙོ་འཁོར་རྣམས། །ལྟོས་ཆགས་མེད་པའི་མེ་སྦར་ཏེ། །ལྟེ་བའི་ཨ་ལས་གཏུམ་མོ་སྦར། །སྤྱི་བོར་ཧཾ་ལ་རེག་པ་ཡིས། །བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས། །འཁོར་ལོ་བཞི་ཡི་ལྷ་ཚོགས་རྣམས། །བདེ་བ་ཆེན་པོ་འབར་བ་དང་། །ཞེས་དང་། བ་མཁལ་མ་ལས། འཁོར་ལོ་ལྔའི་རིམ་པ་བླ་མའི་ཞལ་ལས་ཤེས་པར་བྱའོ། །ཞེས་དང་། བརྟག་གཉིས་ལས། ལྟེ་བའི་གཏུམ་མོ་མེ་འབར་བས། །དེ་བཞིན་གཤེགས་པ་ལྔ་བསྲེགས་ནས། །སྤྱན་མ་ལ་སོགས་ཡང་བསྲེགས་ཏེ། །བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་གསུངས་པའི་དོན་ཏེ། འདི་ལ་མན་ངག་ཟབ་རྒྱས་མན་ངག་རྒྱ་ཆེར་བཞུགས་པ་ལས་ཤེས་པར་བྱའོ། །དེ་ནས་གཏུམ་མོ་རིགས་ལྔའི་རིགས་


CMR025_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་ནི། རྒྱུད་ལས། བདག་མེད་པ་ཡི་ཡི་གེ་ཕྲ་བོ་དང་། དཀར་པོ་དང་དམར་པོ་དང་སྔོན་པོ་དང་སེར་པོ་དང་ཞེས་པ་འདིའི་སྐབས་གཏུམ་མོ་ཨ་ཐུང་རིགས་བསྒྱུར་བར་འཇུག་ཅིང་། བདེ་གཤེགས་རིགས་ལྔ་ལྟེ་བར་འདུས་པའི་མཚམས་འཁོར་ལོ་གྲུ་གསུམ་དཀར་ཞིང་དམར་བ་ལ། །ཐིག་ལེ་ཁ་དོག་ལྔ་བསམས་ཏེ། །སངས་རྒྱས་ལྔ་རུ་མཚོན་པར་བྱ། །སྲོག་འགང་པ་དང་ལྡན་བྱས་ཏེ། །སྐད་ཅིག་རེ་ལ་འབར་འགྱུར་ཏེ། །འཇིག་རྟེན་ཁམས་ནི་མཆོད་པའི་གནས། །རྡོ་རྗེ་འཛིན་པར་ཉིད་དུ་འགྱུར། །ཞེས་གསུངས་པའི་དོན་ནོ། །རྣམ་སྣང་སྤྱན་རས་གཟིགས་ཀྱི་ངོ་བོ་ཨ་ཐུང་དཀར་པོ་སྲན་མ་ཙམ། དེ་ནས་མི་དཀར་པོ་འབར་བས་ལུས་ཁེངས་གཏི་མུག་དང་གཟུགས་ཕུང་བསྲེགས། སངས་རྒྱས་རིགས་དང་ནམ་མཁའི་བཅུད་བསྡུས། རྣམ་སྣང་སྤྱན་རས་གཟིགས་སུ་གྱུར། རྡོ་རྗེ་སྤྱན་རས་གཟིགས་ཀྱི་ངོ་བོ་ཨ་ཐུང་སྔོན་པོ་ལས་མེ་སྔོན་པོ་འབར། ཞེ་སྡང་དང་རྣམ་ཤེས་སྦྱངས། རྡོ་རྗེ་རིགས་དང་ཆུ་བཅུད་ཐམས་ཅད་བསྡུས། རྡོ་རྗེ་སྤྱན་རས་གཟིགས་སུ་རང་ཉིད་གྱུར། རིན་ཆེན་སྤྱན་རས་གཟིགས་ཀྱི་ངོ་བོ་ཨ་ཐུང་སེར་པོ་ལས་མེ་སེར་པོ་འབར། ང་


CMR025_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་དང་ཚོར་ཕུང་སྦྱངས། རིན་ཆེན་རིགས་དང་ས་བཅུད་བསྡུས་རིན་ཆེན་སྤྱན་རས་གཟིགས་སུ་གྱུར། པདྨ་སྤྱན་རས་གཟིགས་ཀྱི་ངོ་བོ་ཨ་ཐུང་དམར་པོ་ལས་མེ་དམར་པོ་འབར། འདོད་ཆགས་དང་འདུ་ཤེས་ཕུང་པོ་སྦྱངས། པདྨ་རིགས་དང་མེ་ཡི་བཅུད་བསྡུས་པདྨ་སྤྱན་རས་གཟིགས་སུ་གྱུར། ཀརྨ་སྤྱན་རིས་གཟིགས་ཀྱི་ངོ་བོ་ཨ་ཐུང་ལྗང་གུ་ལས། བྱ་གྲུབ་ཡེ་ཤེས་ཀྱི་ངོ་བོ་མེ་ལྗང་གུ་འབར། ཕྲག་དོག་དང་འདུ་བྱེད་སྦྱངས་ནས་ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས་ཀྱི་བྱིན་རླབས་དང་རླུང་བཅུད་བསྡུས་ཀརྨ་སྤྱན་རས་གཟིགས་སུ་གནས་འགྱུར། སུམ་མདོར་བྷཾ་ལས་ཆོས་དབྱིངས་ཡེ་ཤེས་ཀྱི་མེ་དཀར་པོ་འབར། ལུས་ཀྱི་ཕྱི་ནང་བརྟན་གཡོ་ཁྱབ་། ལ་་བདག་དང་སེམས་ཅན་ཐམས་ཅད་ཀྱི་གཟུགས་ཕུང་དང་གཏི་མུག་སྦྱངས། སེམས་ཅན་ཐམས་ཅད་རྣམ་སྣང་སྤྱན་རས་གཟིགས་ཀྱི་སར་བཀོད། མེ་ཚུར་འདུས་རང་ཉིད་རྣམ་སྣང་སྤྱན་རས་གཟིགས་དཀར་པོར་གྱུར། །དེ་བཞིན་སུམ་མདོར་ཨོཾ་ལས་མེ་ལོང་ཡེ་ཤེས་ཀྱི་མེ་མཐིང་ཀ་དང་། ཛི་ལས་མཉམ་ཉིད་ཡེ་ཤེས་ཀྱི་མེ་སེར་པོ། ཁཾ་ལས་སོར་རྟོག་ཡེ་ཤེས་ཀྱི་མེ་དམར་པོ། ཧཱུྃ་ལས་བྱ་གྲུབ་ཡེ་ཤེས་ཀྱི་མེ་ལྗང་གུ་སོགས་འགྲེས་ཤེས་པར་བྱའོ། །མེའི་རྡོ་རྗེ་


CMR025_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

སྔོན་པོ་རྩེ་ལྔ་པ་དང་། མེའི་རིན་ཆེན་སེར་པོ་ཆ་དགུ་པ་དང་། མེ་ཡི་པདྨ་དམར་པོ་འདབ་སྟོང་དང་། མེ་ཡི་རལ་གྲི་ལྗང་གུ་འབར་བའི་དབྱིབས་དང་། མེའི་འཁོར་ལོ་དཀར་པོ་རྩིབས་སྟོང་རྣམས་རྩ་གནས་དང་ལུས་ཀྱི་ཕྱི་ནང་འཇིག་རྟེན་ཁམས་ཐམས་ཅད་འབར་བས། རང་གཞན་གྱི་ཕུང་པོ་ལྔ་དུག་ལྔ་སྦྱངས་ནས་སྐུ་ལྔ་ཡེ་ཤེས་ལྔའི་ངོ་བོར་གྱུར་པ། སུམ་མདོར་མེའི་ཆོས་འབྱུང་ཉི་མ་ལ་ཕྱག་རྒྱ་ཆེན་པོའི་ངོ་བོ་ཐིག་ལེ་ཁ་དོག་སྣ་ཚོགས་ལས་མེ་འབར། ཁ་དོག་སྣ་ཚོགས་ལྔ་ལྡན་འབར་བས་ལུས་གང་། རྩ་རླུང་ཐིག་ལེའི་མ་དག་པའི་ཆ་ཐམས་ཅད་བསྲེགས། དྭངས་མ་ཡེ་ཤེས་ཀྱི་རྩ་ཐིག་རླུང་དུ་བསྒྱུར། ལུས་ཕྱི་ནང་འཇིག་རྟེན་ཐམས་ཅད་བསྲེགས། །སྟོང་ཉིད་ནམ་མཁའི་རང་བཞིན་དུ་བྱས། ཚུར་འདུས་དམིགས་མེད་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་གོ །དེ་ནི་བསྒྱུར་སྦྱངས་ཡེ་ཤེས་ཀྱི་འཁོར་ལོ་ཞེས་ཀྱང་བྱའོ། །རྒྱུད་ལས། ལས་ཀྱི་མཁའ་འགྲོས་རྣལ་འབྱོར་གྱི། །སེམས་ལ་བདེ་བ་ཆེན་པོ་སྟེར། །པདྨ་མཁའ་འགྲོས་རབ་དགའ་སྟེར། །རིན་ཆེན་མཁའ་འགྲོས་མཆོག་དགའ་སྟེར། །རྡོ་རྗེ་མཁའ་འགྲོས་བདེ་སྟོང་གཉིས་མེད་སྟེར། །ཞེས་དང་། སྡོམ་འབྱུང་


CMR025_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

ལས། ཤེས་རབ་གཟུགས་ཀྱིས་ལ་ལ་ནི། །རོ་མ་ཐབས་ཀྱི་མན་ངག་གནས། །དེ་དག་དབུས་སུ་གནས་ལྷ་མོ། །ཨ་ཡིག་སྣ་ཚོགས་གཟུགས་ཅན་མ། །ལྷ་མོ་སྐུ་བཞིའི་བདག་ཉིད་མ། དངོས་གྲུབ་ཐམས་ཅད་རབ་སྩོལ་མ། །ཞེས་དང་། སྤྱིར་ཐིག་ལས། རྒོད་མེ་འདྲ་ངོ་བོ་ལ། ཕག་མོ་ཐིག་ལེར་བརྗོད་པ་སྟེ། །ལས་ཀྱི་རླུང་གིས་བསྐུལ་བ་ཡིས། །ལྟེ་བའི་དཀྱིལ་འབོར་དུ་ནི་འབར། །ཞེས་གསུངས་པའི་དོན། སུམ་མདོར་རྡོ་རྗེ་ཊཱཀིའི་ངོ་བོ་ཨ་ཐུང་མཐིང་ཀ་མར་མེ་ཙམ། དེ་ལས་མེ་མཐིང་ཁ་མར་མེ་ཙམ་འབར། ལུས་ཐམས་ཅད་གང་ཕྱིར་འཕྲོས། བདག་དང་སེམས་ཅན་ཐམས་ཅད་ཀྱི་རྣམ་ཤེས་ཕུང་པོ་དང་ཞེ་སྡང་སྦྱངས། སངས་རྒྱས་ཐམས་ཅད་ཀྱི་ཐུགས་ཀྱི་བྱིན་རླབས་དང་ཆུ་བཅུད་བསྡུས། སྤྱི་བོ་ནས་ཞུགས་ལུས་ཁེངས། དེ་བཞིན་དུ་སངས་རྒྱས་ཌཱཀི་དཀར་མོ། རིན་ཆེན་སེར་མོ། པདྨ་དམར་མོ། ལས་ཀྱི་རིགས་ལྗང་གུ་འགྲེས་སུ་བྱའོ། །དེ་ནས་རིགས་དྲུག་གི་གནས་སྦྱང་བ་ནི༔ རྒྱུད་ལས། ལས་དང་ཉོན་མོངས་འགག་པར་བྱ། །སྡུག་བསྔལ་ཆེན་པོ་བདེ་བར་འདྲེན། །ཞེས་དང་། སྦ་ལྕག་མའི་རྒྱ་གཞུང་ལས། སྐྱེ་འགྲོ་སེམས་ཅན་བྱམས་སྡང་


CMR025_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །དུས་དང་གནད་དུ་གང་འགྲོ་བྱ། །རླུང་དང་དབྱེར་མེད་བསྡུས་པར་བསྟིམ། །ཞེས་དང་། འགྲོ་དྲུག་སེམས་ཅན་དབང་བསྡུས་བྱང་སེམས་བསྒོམ། །སྙིང་རྗེ་སྐྱེ་དུས་རླུང་རྔུབ་མེ་ལ་བསྟིམ། །སྤྲུལ་སྐུ་འགྲོ་འདུལ་ཕྲིན་ལས་ཅིར་ཡང་འདུལ། །ཞེས་གསུངས་པའི་མན་ངག་རང་གི་སྤྱི་བོར་དབུས་སུ་ཨ་དཀར་པོ། མགྲིན་པར་སུ་དམར། སྙིང་གར་ནཾ་སྔོ། ལྟེ་བར་ཏྲི་ལྗང་། གསང་བར་པྲ་དམར། འདོམས་བར་དུ་ནག་པོ་རྣམས་ཕོ་མོ་རྟེན་འབྲེལ་དུ་གཉིས་རེ་རིགས་དྲུག་གི་ས་བོན་དུ་བསྒོམ། །སེམས་ཅན་ལ་སྙིང་རྗེ་བསྐྱེད་ལ། རླུང་བརྔུབས་པས་བདག་གཞན་སེམས་ཅན་ཐམས་ཅད་ཀྱི་ཚེ་རབས་ཐོག་མེད་ནས་རིགས་དྲུག་ཏུ་སྐྱེ་བའི་ལས་སྒྲིབ་ཐམས་ཅད་བསྡུས་ཏེ་ས་བོན་སོ་སོ་ལ་ཐིམ་པས། །སྤྱི་བོར་ལྷ། མགྲིན་པར་ལྷ་མ་ཡིན། སྙིང་གར་མི། ལྟེ་བར་དུད་འགྲོ། གསང་བར་ཡི་དྭགས། འདོམས་བར་འོག་སྒོ་དམྱལ་བ་རྣམས་གནས་སྣང་ཇི་ལྟར་སོ་སོའི་སྡུག་བསྔལ་བཅས་པ་གསལ་བཏབ། རླུང་བཟུང་བས་ལྟེ་འོག་ཨ་ཐུང་ལས་མེ་ལྕེ་ཐུར་དུ་སོང་དམྱལ་བ་བསྲེགས། ཧཱུྃ་སྔོན་པོར་གྱུར། །ཡི་དྭགས་བསྲེགས་མེ་དམར་པོར་གྱུར། མེ་ལྕེ་གྱེན་དུ་


CMR025_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བས་ལྟེ་བའི་དུད་འགྲོ་བསྲེགས་པས་པད་སེར་པོར་གྱུར། སྙིང་གར་མི་བསྲེགས་པས་ཀྱི་སྔོན་པོ། མགྲིན་པའི་ལྷ་མ་ཡིན་བསྲེགས་པས་མ་དམར་སྐྱ། སྤྱི་བོའི་ལྷ་བསྲེགས་པས་ཨོཾ་དཀར་པོར་གྱུར། ཧཱུྃ་ལས་མེ་འབར་ཡི་གེ་ལྔ་བསྲེགས་ཐིག་ལེ་རང་མདོག་ཏུ་གྱུར་པ་ལས་འོད་འཕྲོས་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ལྷ་ཚོགས་ཐམས་ཅད་མཆོད་ཅིང་སྤྱན་དྲངས་སྤྱི་བོའི་སྤྱན་རས་གཟིགས་ཡབ་ཡུམ་དཀར་པོ། མགྲིན་པར་གསུང་གི་དམར་པོ། ཐུགས་ཀར་ཐུགས་ཀྱི་མཐིང་ཀ །ལྟེ་བར་ཡོན་ཏན་སེར། གསང་བར་ཕྲིན་ལས་ལྗང་གུ་གསལ་བཏབ་དེ་དག་གི་ཐུགས་ཀར་ཨོཾ་དང་མ་དང་ཎི་དང་པད་དང་མེ་དང་ཧཱུྃ་ལས་ཡི་གེ་དྲུག་གམ་ཡིག་བཅུས་བསྐོར་བར་བསྒོམས་ལ་ཡིད་བཟླས་བྱའོ། །རྡོ་རྗེ་ཕྲེང་བ་ལས། །གང་ཕྱིར་མཁའ་འགྲོ་རྣམས་སྡུད་པ། །དེ་ཕྱིར་སྡུད་པ་མཁའ་འགྲོར་བརྗོད། །ལྟེ་བའི་དབུས་གནས་རྟག་བཞུགས་པས། །ཉི་མ་སྟོང་དང་མཚུངས་པའི་འོད། །ཡེ་ཤེས་ཆེན་པོའི་མེ་བྱུང་བས། །ཀུན་རྟོག་ཐམས་ཅད་འཇོམས་པར་བྱེད། །འབར་བས་ཕུང་པོའི་རྣམ་རྟོག་འདི། །བསྲེགས་བྱས་བར་ཆད་མེད་པའི་ལུས། །དེ་རྒྱས་ཁམས་ཀྱི་རྣམ་རྟོག་འདི། །


CMR025_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུས་ནས་སླར་ཡང་རང་བཞིན་གྱི། །གཟུགས་དང་འཛིན་པ་རྣམས་དང་ནི། །དེ་རྒྱབ་དེ་ནི་སླར་ཡང་སྡུད། །དེ་ལྟར་གང་ལ་བྱིན་རླབས་བཞིན། །འཆིང་བ་ཐམས་ཅད་སྲེག་པར་བྱེད། །རླུང་གིས་དེ་ཉིད་རིག་པ་ཡི། །རྣམ་པར་རྟོག་པ་ཙམ་ཡང་ནི། །བསྲེགས་པ་ཙམ་དུ་ཐེ་ཚོམ་མེད། །ཅེས་གསུངས་པའི་དོན་ཏེ། དེ་ཡན་སྟོད་ལས་བྱང་ཆུབ་སྒྲུབ་པའི་གཏུམ་མོ་ཡིན་ནོ། ༈ །ཕྱག་ཆེན་ཐིག་ལེ་ལས། རླུང་གིས་མེ་ནི་སྦྱར་བའོ། །ཞེས་དང་། འཛུམ་པ་དང་ནི་འབྱེད་པ་ཡི། །རླུང་གི་མེ་ནི་ཁོང་དུ་ཆུད། །ཡང་དག་པ་ཡི་དབང་པོ་ཤིང་། །དེ་ཡིས་གཏུམ་མོ་སྦྱར་བའོ། །ཞེས་དང་། ནམ་མཁའ་དང་མཉམ་པའི་རྒྱུད་བྲོ་འགྱུར་ལས། ཙཎྜ་ལཱི་ཡི་བྱེ་བྲག་རྟགས། །དང་པོ་རང་ནི་ཙཎྜ་ལཱི། །གཉིས་པ་གཏུམ་མོའི་ཙཎྜ་ལཱི། །གསུམ་པ་ཁ་སྦྱོར་ཙཎྜ་ལཱི། །དེ་བཞིན་གཅེར་བུའི་ཙཎྜ་ལཱི། །དེ་ཉིད་ཡང་དག་དབྱེ་བ་བསྟན། །གཅེར་བུ་གཏུམ་མོ་ཤིན་ཏུ་གཏུམ། །ཞེས་གསུངས་པ་དང་། སྦ་ལྕག་མའི་རྒྱ་གཞུང་ལས། ལྟེ་འོག་བདེ་ཆེན་གཏུམ་མོ་མེ་སྦར་དམིགས། ཞེས་གསུངས་པའི་དོན་དྲོད་བསྐྱེད་པའི་དམིགས་པ་ནི། སུམ་མདོར་ཉི་མ་ལ་ཨ་ཡི་


CMR025_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

མཐར་གསལ་བྱེད་སོ་གཉིས་མེའི་ཕྲེང་བར་གཡོན་འཁོར་དང་། སྙིང་གར་པདྨ་འདབ་བརྒྱད་དབུས་སུ་ཨོཾ། ཕྱོགས་བཞིར་ཧཱུྃ་ཧཱུྃ་ཧཱུྃ་ཨཱཿ མཚམས་བཞིར་མཱ་ལཱི་པཾ་ཏཾ་རྣམས་ཕུང་པོ་ལྔ་དང་ཁམས་བཞིའི་རང་བཞིན་དུ་གནས་པ། ལྟེ་འོག་ཉི་གདན་ལ་གཏུམ་མོ་ཧ་ཡིག་གི་དབྱིབས་ཅན་ལས་མེ་དྲག་ཏུ་འབར་ནས་ཡི་གེ་དགུ་བསྲེགས་པ་དང་། སུམ་མདོར་མེ་ཡི་ཆོས་འབྱུང་ལ་མེ་ཡི་གཏུམ་མོ་བྱ་མ་སར་སྒོ་ང་ཙམ་ལས་མེ་འབར་ལུས་གང་བུ་ག་དགུ་ནས་མེ་འཕྲོས་པས་གོས་དང་གནས་མལ་ཁྱིམ་དང་ལུང་པ་འཛམ་གླིང་དང་སྟོང་གསུམ་མེས་གང་བ་དང་། སུམ་མདོར་རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས་ཅན། དེའི་སྟེང་དུ་མེ་དཀྱིལ་ཟུར་དྲུག་གཡོན་དུ་འཁོར་བ་ལས། མེ་འབར་ལུས་གང་བ་ལས། བུ་ག་དགུ་ནས་མེ་འཕྲོས་པས་གོས་དང་གནས་མལ་ཁྱིམ་དང་ལུང་པ་འཛམ་གླིང་དང་སྟོང་གསུམ་མེས་གང་བ་དང་། སུམ་མདོར་རླུང་གི་དཀྱིལ་འཁོར་གཞུ་ཡི་དབྱིབས་ཅན། དེའི་སྟེང་དུ་མེ་དཀྱིལ་ཟུར་དྲུག་གཡོན་དུ་འཁོར་བ་ལས་མེ་འབར་སོགས་གོང་ལྟར་དང་། ཆོས་འབྱུང་མ་ནི། ཉལ་ས་མེའི་ཆོས་འབྱུང་ཟུར་གསུམ་གྱི་ཟུར་གསུམ་ལ་རཾ་ལས་མེའི་ཕུང་པོ་གསུམ་བསྒོམ། རཾ་ཕྲེང་མ་ནི། ཡན་ལག་


CMR025_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཉིང་ལག་གི་རྩ་གནས་ཐམས་ཅད་རཾ་ཡིག་བསམ་ལ་རླུང་གི་གཡས་གཡོན་དུ་འཚུབ་ཅིང་འབར་བ་དང་། བསྲུབ་ཤིང་མ་ནི། དབུ་མའི་བསྲུབ་ཤིང་ལ་རོ་རྐྱང་གིས་བསྲུབས་པས་མེ་འབར་ཏེ་ལུས་ཕྱི་ནང་གང་བ་དང་། ཏིལ་རྡུང་མ་ནི། སྨད་ཀྱི་མེ་སྟོད་དང་སྟོད་ཀྱི་མེ་སྨད་དུ་འབར་བར་དམིགས་ལ་ཁྲུ་གང་བའི་སྟེང་དུ་བསྡེབ་པ་དང་ལངས་ནས་སྡེབ་པའོ། །ཉི་མ་གུར་ཁང་མ་ནི། ཉི་མའི་གདན་དང་རྒྱབ་ཡོལ་དང་གདུགས་དང་མདུན་དང་གཡས་གཡོན་དུ་ཉི་མའི་གུར་ཁང་བསྒོམ། ཉི་མ་སུམ་བརྩེགས་མ་ནི། མགྲིན་པ་དང་ལྟེ་བ་གདན་གསུམ་ལ་ཉི་མའི་དཀྱིལ་འཁོར་བསྒོམ་པ་དང་། གུར་ཐབས་མ་ནི། ནང་གི་མེ་ལས་འཕྲོས་པའི་ཕྱི་རོལ་དུ་མེའི་རྭ་བ་དེའི་ནང་མེ་ཡི་འཁོར་ལོ་རྩིབས་སྟོང་། དེའི་་ནང་དུ་མེའི་ཟ་མ་ཏོག་མེའི་བླ་རེ་ཡོལ་བ་དྲྭ་བ་དྲྭ་ཕྱེད་འཕྱང་བའི་སྟེང་དུ་བླ་མ་མེའི་རང་བཞིན་ཅན་ཏོག་གི་ཚུལ་དུ་བསྒོམ་པ་དང་། རང་ཡི་དམ་གྱི་ལྟེ་བར་ཉི་གདན་ལ་བླ་མ་མེའི་སྐུ་ཅན་ལས་འོད་ཟེར་འཕྲོས་པས་རྒྱལ་བ་སྲས་བཅས་སྤྱན་དྲངས་ནས་བླ་མར་ཐིམ་པས་མེ་འབར་ནས་ལུས་ཕྱི་ནང་སྣོད་བཅུད་ཐམས་ཅད་བླ་མའི་ཐུགས་རྗེ་ཡེ་ཤེས་མེའི་འོད་ཕུང་བསྒོམ་པ་བླ་མའི་


CMR025_Page_0468
[མ་དཔེ་གཟིགས་ན་འདིར་གནོན།]

གཏུམ་མོའོ། །འཕགས་མན་ནི། ལུས་གཡོ་ཞིང་ལུས་ཀྱི་ཆ་ཤས་ཐམས་ཅད་དུ་ཡེ་ཤེས་ཀྱི་མེ་འབར་བ་དང་འདུ་བར་སེམས་གཏད་དོ། །ཁང་བཟང་མ་ནི། ཨ་ཐུང་ལས་མེ་འབར་བ་སྤུའི་བུ་ག་ཐམས་ཅད་ནས་གཡོན་དུ་འཁྱིལ། བུ་ག་དགུ་ནས་ཁ་དོག་ལྔ་ལྡན་འཕྲོས་ནས་མདུན་རྒྱབ་གཡས་གཡོན་སྟེང་འོག་ཐམས་ཅད་དུ་འཁྲིགས་ཏེ་གཞལ་ཡས་ཁང་དུ་གྱུར། ཇེ་ཆེར་འབར་བས་འཇིག་རྟེན་གྱི་ཁམས་གང་བར་བསྒོམ། རྩ་གནས་ལྔ་པོར་རྩའི་གྲངས་དང་མཉམ། ཐིག་ལེ་སྤྱི་བོར་དཀར་པོ་སོ་གཉིས་སོགས་གཙོ་འཁོར་གྱི་ཚུལ་ཡན་ལག་ཉིང་ལག་རྣམས་སུ་ཐིག་ལེ་སྣ་ཚོགས་བསྒོམས་པ་ལས། མེས་རེག་སྟེང་འོག་ནས་སྙིང་ཁར་འབར་སྙིང་ཁ་ནས་སྟེང་འོག་ཏུ་འབར་བ་དང་། ཐིག་ལེའི་ཚབ་ཏུ་རཾ་ཡིག་བཀོད་ནས་གོང་ལྟར་མེ་འབར་བ་དང་། གསང་བར་ཨེ། སྤྱི་བོར་པཾ། མགྲིན་པར་མ། ལྟེ་བར་ཡ། སྙིང་གར་ཧཱུྃ་བཀོད་པ་ལས་མེ་འབར་བ་དང་། སྟེང་འོག་གཉིས་དང་། ཡང་སྤྱི་བོར་འཁོར་ལོ། སྙིང་གར་རྡོ་རྗེ། མགྲིན་པར་པདྨ། ལྟེ་བར་རིན་པོ་ཆེ། གསང་བར་གྲི་གུག་གམ་རྒྱ་གྲམ་ལས་མེ་སྟེང་དང་འོག་ཏུ་འབར་བ་དང་། སྤྱི་བོར་སྤྱན་མ། མགྲིན་པར་གོས་དཀར། སྙིང་


CMR025_Page_0469
[མ་དཔེ་གཟིགས་ན་འདིར་གནོན།]

གར་དབྱིངས་ཕྱུག་ལྟེ་བར་མཱ་མ་ཀཱི། གསང་བར་དམ་ཚིག་སྒྲོལ་མ་རྣམས་ལས་མེ་སྟེང་འོག་ཏུ་འབར་བར་བསྒོམ་མོ། །དེ་ནས་ཡུམ་གཙོ་བོར་བཏོན་པའི་གཏུམ་མོ་ནི། རྒྱུད་ལས། སྐུ་མདོག་དམར་མོ་སྤྱན་གསུམ་པ། །རུས་པའི་རྒྱན་ཆ་སྣ་ཚོགས་ལྡན། །ཕྱག་གཡས་རྡོ་རྗེའི་གྲི་གུག་འཛིན། །གཡོན་པ་ཐོད་པ་བདེ་བས་གང་། །ཞེས་དང་། རང་བྱུང་བའི་སྐུ་གསུམ་ངོ་སྤྱོད་ལས་ཀྱང་གཏུམ་མོའི་སྐབས་སུ་ཕག་མོ་ཌཱཀི་ལྔ་དང་བཅས་པ་སྒོམ་པར་གསུངས་པ་དང་། སྐུ་གསུམ་ངོ་སྤྲོད་དྲུང་པའི་ཕྱག་བྲིས་ལས་ཀྱང་རང་ཉིད་རྗེ་བཙུན་མར་གསལ་བའི་ལྟེར་བར་རཾ་ལས་ཡེ་ཤེས་ཀྱི་མེ་མཚན་ཉིད་བཞི་ལྡན་དུ་འབར་བས་ལུས་ཐམས་ཅད་ཁྱབ་པར་བསྒོམ་པ་ཁོ་ནའོ། །ཞེས་གསུངས་པས། རང་གི་ཡུམ་གསང་ཡེ་ཕྱག་གཉིས་མར་སྒོམ་པའི་སྟོང་རེ་རྩ་གསུམ་འཁོར་ལོ་བཞི་གསལ་བའི་ལྟེ་བར་ས་ལྗང་གུ་ལ་ས་རེ་བཞིས་སྐོར། དེ་བཞིན་སྙིང་གར་ནི་དགུ། མགྲིན་པར་རི་བཅུ་བདུན། སྤྱི་བོར་ཧ་སོ་གསུམ་རྣམས་རིགས་བཞི་མཁའ་འགྲོའི་ངོ་བོ། གསང་གནས་སུ་ཧྲཱིཿདང་རཾ་ལས་མེ་འབར་འཁོར་ལོ་བཞིའི་ས་བོན་རྣམས་བསྲེག །རང་མདོག་གི་མེ་སོ་སོར་འབར་ཞིང་། ལག་གཡས་


CMR025_Page_0470
[མ་དཔེ་གཟིགས་ན་འདིར་གནོན།]

ཧ་དང་གཡོན་རི། རྐང་པ་གཡས་ནི་གཡོན་ས། ཡན་ལག་ཉིང་ལག་ཐམས་ཅད་དུ་ཡི་གེ་བཞི་ལས་མེ་འབར་ཞིང་འཁྱིལ་བས་ལུས་ནང་ཐམས་ཅད་ཡེ་ཤེས་ཀྱི་མེར་བསྒོམ་པ་ནི་གངས་ཀྱི་སེང་ཆེན་མའོ། །རང་ཉིད་གསང་བ་ཡེ་ཤེས་གསེར་མདོག་གྲི་ཐོད་ཅན་ལ་ཕྱོགས་བཅུའི་རྒྱལ་བ་སྲས་བཅས་རྩ་བ་གསུམ་ཐམས་ཅད་སྤྱན་དྲངས་ལ་རང་ལ་ཐིམ་པས་ལུས་ཕྱི་ནང་ཡེ་ཤེས་ཀྱི་མེ་དཔུང་དུ་གྱུར། སླར་ཡང་སྤྱན་དྲངས་ལ་བསྟིམས་པས་མེ་ཆེར་འབར་སྟོང་གསུམ་འཇིག་རྟེན་ཐམས་ཅད་མེ་ཡི་ཕུང་པོར་གྱུར་པ་ལ་སེམས་གཏད་པ་མེ་དཔུང་འབར་བ་མའོ། །དེ་དག་ནི་གཏུམ་མོ་རབ་ཀྱི་ཆེ་བ་འདོན་པའི་དམིགས་བསྐོར་ཏེ། འདི་སྐབས་རྫས་ཀྱི་གཏུམ་མོ་ནི་གཞན་དུ་ཤེས་སོ། །དེ་ནས་ཕྲིན་ལས་སྒྲུབ་པ་ནི། སམྦུ་ཊི་ལས། ཐབ་ཁུང་ལྟེ་བའི་་དཀྱིལ་འཁོར་ལས། །ལས་ཀྱི་རླུང་གིས་བསྐྱོད་པ་ཡིས། །ཚངས་པའི་མེ་ནི་གཏུམ་མོ་འབར། །ཞེས་དང་། སྡོམ་འབྱུང་ལས། ཨ་ཡིག་སྣ་ཚོགས་གཟུགས་ཅན་ལ། །ལྷ་མོ་སྐུ་བཞིའི་བདག་ཉིད་མ། །དངོས་གྲུབ་ཐམས་ཅད་རབ་སྩོལ་མ། །ཞེས་དང་། ལྷ་མོ་སྣ་ཚོགས་གཟུགས་ཅན་ནོར་བུ་བཞིན། གཞུང་ལས། རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ། །རྡོ་


CMR025_Page_0471
[མ་དཔེ་གཟིགས་ན་འདིར་གནོན།]

རྗེ་ཆོས་ཀྱི་དངོས་གྲུབ་སྩོལ། །རིན་ཆེན་རིགས་ཀྱི་མཁའ་འགྲོ་མ། །ནོར་དང་བསོད་ནམས་དངོས་གྲུབ་སྩོལ། །པདྨ་རིགས་ཀྱི་མཁའ་འགྲོ་མ། །ཆགས་པ་དབང་སྡུད་དངོས་གྲུབ་སྩོལ། །ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །དགྲ་བགེགས་ཚར་ཆོད་དངོས་གྲུབ་སྩོལ། །ཞེས་པའམ་མན་ངག་ལས། རྩ་གསུམ་འདུས་པར་རླག་བྱེད་ཀྱི་གཏུམ་མོ་ཟླུམ་ཞིང་དཀར་པོའི་མེ་ཐབ་ཏུ། གསང་བ་ཡེ་ཤེས་དཀར་མོ་ཞལ་གྱེན་དུ་གདང་བ་ལ། རླུང་རྔུབ་པའམ། རླུང་རྔུབ་པ་དང་བཟའ་བཏུང་ཏིལ་སོགས་སུ་དམིགས་ཏེ་ཕུལ་བས་ཞི་བའི་ལས་མཛད་པར་བསམ་པ་དང་། བརྟན་བྱེད་གཏུམ་མོ་སེར་པོ་གྲུ་བཞིའི་ཐབས་སུ་གསང་ཡེ་གསེར་མདོག་ལ་དྭཊ་འབྲས་སོགས་ཕུལ་བས་རྒྱས་པའི་ལས་མཛད་པ་དང་། འབར་བའི་ཙཎྜི་ལཱི་ཟླ་གམ་གྱི་མེ་ཐབ་ཏུ་གསང་ཡེ་དམར་མོ་ལ་མེ་ཏོག་ཕུལ་བས་དབང་གི་ལས་སྒྲུབ་པ་དང་། གཡོ་བྱེད་ཙཎྜ་ལཱི་མེ་ཐབ་ལྗང་གུ་གྲུ་གསུམ་དུ་གསང་ཡེ་ལྗང་གུ་ལ། དྲག་པོའི་རྫས་ཕུལ་བས་ཚར་གཅོད་ཀྱི་ལས་སྒྲུབ་པ་དང་། མེའི་ཆོས་འབྱུང་དམར་པོ་ལ་གསང་ཡེ་ནག་པོ་ཞལ་གྱེན་དུ་གདང་བ་ལ། རླུང་རྡུབ་པས་རང་བཞིན་གྱི་སྡིག་སྒྲིབ་སྡིག་པ་རྭ་ཅན་གྱི་རྣམ་པར་


CMR025_Page_0472
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་དུ་བསྟབས་པས་སྡིག་སྒྲིབ་སྦྱངས་བ་དང་། གསང་གནས་མེའི་ཆོས་འབྱུང་མཐིང་ནག་ལ། ཨ་ཐུང་རང་བཞིན་བེར་ནག་ཅན་ནམ་ལྷ་མོའམ་ཕྱག་བཞི་དྲུག་གུར་མགོན་སོགས་ལས་ཀྱི་ལྷ་ཁྲོ་བོ་གང་ཡང་རུང་བ་ཞལ་གྱེན་ལ་བསྒྲད་པ་ལས། རྔུབ་པ་དང་བསྟུན་རྡོ་རྗེ་འཚུབ་མ་དྲག་པོས་དགྲ་བགེགས་ཐམས་ཅད་བསྡུས་ཏེ། རང་གི་ཞལ་བརྒྱུད་གསང་གནས་མགོན་པོའི་ཞལ་དུ་རྐང་མཐིལ་སྐྱ་ལྷག་ལྷག་སོང་བར་བསམས་པས་དྲག་པོའི་ལས་སྒྲུབ་པའོ། །དེ་བཞིན་འབུམ་ལྔར། ལྟེ་བའི་དབུས་གནས་དཔའ་བོ་ནི། །ཟེའུ་འབྲུ་སྦས་པའི་སྤྱོད་ཡུལ་ཅན། །མཉམ་ཕྱིར་ཤེས་རབ་ཐབས་ལྡན་པ། །རྡོ་རྗེ་སེམས་དཔའ་རབ་ཏུ་བཤད། །དེ་ཉིད་འཇིག་རྟེན་གསུམ་འདས་པ། །ཧེ་རུ་ཀ་ནི་ཕྱག་གཉིས་བརྗོད། །ཅེས་དང་། །རྡོ་རྗེ་ཚེ་ཕྲེང་བར། གང་ཕྱིར་མཁའ་འགྲོ་རྣམས་སྡུད་པོ། །དེ་ཕྱིར་སྡུད་པ་མཁའ་འགྲོ་བརྗོད། །ལྟེ་བའི་དབུས་ནས་རྟག་བཞུགས་པ། །ཉི་མ་སྟོང་དང་མཚུངས་པའི་འོད། །ཡེ་ཤེས་ཆེན་པོའི་མེ་བྱུང་བས། །ཀུན་རྟོག་ཐམས་ཅད་འཇོམས་པར་བྱེད། །ཅེས་དང་། རྡོ་རྗེ་སྙིང་པོས། མེ་འབར་ཉོན་མོངས་རབ་བསྲེགས་ནས། །སོགས་གསུངས་པའི་དོན་ནོ། །གོང་


CMR025_Page_0473
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་ལྟེ་བར་གཏུམ་མོའི་ངོ་བོ་ཞི་རྒྱས་དབང་དྲག་གི་ཐབ་ཏུ་རྒྱལ་བ་རྒྱ་མཚོའམ་རིགས་བཞིའི་སྤྱན་རས་གཟིགས་ཡུམ་དང་འཁྲིལ་བ་ཨ་ཐུང་གི་ངོ་བོར་བསྒོམས་ལ་ཏིལ་སོགས་འབུལ་བ་སྔར་ལྟར་བྱས་ལ་ཕྲིན་ལས་བཞི་སྒྲུབ་བོ། །དེ་ནི་སྨད་དུ་ཕྲིན་ལས་བཞི་སྒྲུབ་པའི་མེ་དམིགས་ཡིན་ལ། ལས་རབ་འབྱམས་སྒྲུབ་པ་ནི། གཏུམ་མོ་ཟས་སུ་ཟ་བ་ནི། མགྲིན་པར་བླ་མ། སྙིང་གར་ཡི་དམ། ལྟེ་བར་ཆོས་སྐྱོང་རྣམས་མེའི་རང་བཞིན་ལ་བཟའ་བཏུང་འདོད་ཡོན་ལྔ་དང་ལྡན་པའི་རང་བཞིན་ཕུལ་བས་བདེ་དྲོད་ཉམས་རྟོགས་ཐམས་ཅད་སྐྱེ་བབར་བསྒོམ། ཙཎྜ་ལཱི་གོས་སུ་གྱོན་པ་ནི། སྤྱི་བོར་བླ་མ་མེའི་སྐུ་ཅན་ལ། མེའི་སྟོད་གཡོགས་དང་མེའི་སྨད་གཡོགས་རྒྱན་ཆ་བྱུང་སྟེ་ལུས་ལ་གྱོན་ཞིང་བརྒྱན་པས་ལུས་ཐམས་ཅད་རབ་ཏུ་ཚ་བར་བསམ་མོ། །ཙཎྜ་ལཱི་གདན་དུ་བཏིང་བ་ནི། འོག་ཏུ་མེ་འབར་བ་ནི་མེ་ཡི་རིན་པོ་ཆེའི་ཁྲི་དང་གདན་དང་རྒྱབ་ཡོལ་དུ་བསྒོམ་མོ། །ཙཎྜ་ལཱིའི་རྟ་ཞོན་པ་ནི། རང་ཉིད་ཡི་དམ་མེ་ཡི་རང་བཞིན་ཅན་ལ། རླུང་གི་ལྷ་མོ་མེའི་གཤོག་པ་གཉིས་ཀྱིས་མཆན་ཁུང་ནས་བཏེག །རྐང་འོག་ནས་རླུང་དཀྱིལ་བ་དན་དང་བཅས་མྱུར་དུ་རྒྱུག་པ་ལ་སེམས་གཏད། ཙཎྜ་


CMR025_Page_0474
[མ་དཔེ་གཟིགས་ན་འདིར་གནོན།]

ལཱིས་གོས་ཀྱི་སྲེད་པ་གཅོད་པ་ནི། ཨ་ཐུང་ལ་སེམས་གཏད་པས་མེ་ལྕེས་ལུས་ཕྱི་ནང་གང་ཞིང་མེའི་མཁའ་འགྲོ་མ་མང་པོས་གར་བྱེད་པར་བསམས་ལ་རང་ཡེང་དྲག་ཏུ་འཁྲབ་བོ། །ཙཎྜ་ལཱིས་ཟས་ཀྱི་འཁྲི་བ་གཅོད་པ་ནི། ཧ་སེབ་ཀྱིས་རླུང་ཕོ་བར་བཟུང་ཞིང་རྩ་ཡི་ནང་ཐམས་ཅད་སྒྲུབ་གུ་ཧྲིག་གེ་ཡོད་པའི་ནང་དུ་བདུད་རྩི་རེག་འཇམ་གྱིས་ལུས་གང་ཞིང་དྲོད་དང་ལུས་རྒྱས་པར་བསྒོམ། སྐོམ་ཚད་ཞི་བར་བྱེད་པ་ནི། ལུས་ཀྱི་རྩ་གནས་རྣམས་སུ་ཆུ་ལས་གྲུབ་པའི་རྡོ་རྗེ་ཊཱཀི་གྲངས་མེད་པས་མེར་གྱིས་གང་བར་བསྒོམས་ནས། ཆུ་རླུང་བཟུང་ངོ་། །ཙཎྜ་ལཱིས་དགྲ་བགེགས་ཚར་གཅོད་པ་ནི། སྙིང་གར་མེའི་རང་བཞིན་གར་སྟབས་ཅན་གྱི་འོད་ཟེར་ལས་མེའམ་རལ་གྲི་དང་། གྲི་གུག་དགྲ་སྟ་ལ་སོགས་མཚོན་ཆ་སྣ་ཚོགས་འཕྲོས་ཏེ་གནོད་བྱེད་ཀྱི་མགོ་ལུས་གཏུབས་པས་རྡུལ་དུ་བརླགས་པར་བསྒོམ་མོ། །ཙཎྜ་ལཱི་གནས་མལ་དུ་བཀོད་པ་ནི། ཡུལ་ཕྱོགས་ཐམས་ཅད་མེའི་ཆོས་འབྱུང་དུར་ཁྲོད་རྭ་བ་མེ་རི་དང་བཅས་པའི་གཞལ་ཡས་ཁང་རབ་ཏུ་འབར་བར་བསྒོམ་མོ། །ཙཎྜ་ལཱི་འཁོར་ལོ་མ་ནི། གང་དུ་འདུག་པའི་གནས་མེའི་འཁོར་ལོ་རྩིབས་སྟོང་ཁ་དོག་ལྔ་ལྡན་སྒོམ་པ་དང་། ཙཎྜ་ལཱི་བླང་དོར་


CMR025_Page_0475
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནི། འཁོར་ལོ་ཕྱི་ནང་རིམ་པ་ལྔ་པ་ཆ་ཀི་བསམ་གྱིས་མི་ཁྱབ་པས་ཧཱུྃ་སྒྲ་དང་བཅས་ཏེ་སྲུང་བའོ། །མཚམས་བཞི་ཙཎྜ་ལཱི་ནི། སུམ་མདོར་རཾ་ལས་མེ་སྦར་སྣ་བུག་གཡས་ནས་བྱུང་གཡོན་དུ་ཞུགས། རྩ་འཁོར་ཐམས་ཅད་ཁྱབ་པར་བསྒོམ། ཙཎྜ་ལཱིས་ནད་འདོན་པ་ནི། ན་སར་རཾ་ཡིག་ལས་མེ་འབར་བས་ནད་བསྲེགས། མལ་དུ་བདུད་རྩི་གོང་བུ་བླ་མའི་ངོ་བོར་བཞུགས་པར་བསྒོམ། རྩའི་གཏུམ་མོ་ནི། རྩ་གསུམ་པོ་ཁ་དོག་དམར་ཞིང་རེག་བྱ་ཚ་བར་བསྒོམ། རླུང་གི་གཏུམ་མོ་ནི། ལུས་གསལ་སྟོང་ལ་དབུགས་འོགྲོ་འོང་གནས་པ་གསུམ་དྲོ་ཞིང་སྲེག་པའི་རང་བཞིན་དུ་བསམས་ལ་རྡོར་བཟླས་བྱའོ། །ཐིག་ལེའི་གཏུམ་མོ་ནི། ལྟེ་བར་དབུ་མའི་ནང་རཀྟའི་རང་བཞིན་བྱང་སེམས་དམར་པོ་སྲན་མ་ཙམ་དྲོད་ཀྱི་རང་བཞིན་ཅན་བསྒོམ་པའོ། །བདུད་རྩིའི་ཙཎྜ་ལཱི་ནི། ལྟེ་བར་རིན་པོ་ཆེའི་བུམ་པར་པདྨའི་སྣོད་ལས་བྱུང་བའི་བདུད་རྩིའི་རྒྱུན་བབས་ལུས་ངག་ཡིད་གསུམ་ཉམས་རྟོགས་མཐུ་ནུས་སྨིན་པ་དང་འཕེལ་བ་རྒྱས་པའི་ནུས་པ་འབར་བས་འཁོར་ལོ་ཐམས་ཅད་གང་བར་བསམ། ལྟེ་བར་ཙཎྜ་ལཱི་གསང་བ་ཡེ་ཤེས་ཞལ་ཕྱག་རྫོགས་པ་མེ་ཡི་རང་བཞིན་ཅན་དང་། ལྟེ་


CMR025_Page_0476
[མ་དཔེ་གཟིགས་ན་འདིར་གནོན།]

བར་ཧཱིའམ་ཝཾ་གང་རུང་གཏུམ་མོའི་ངོ་བོར་འབར་བསྲེགས་སྨིན་པའི་བདག་ཉིད་ཅན། ཙཎྜ་ལཱི་ལྷའི་སྐུ་སྣ་ཚོགས་ལ་གསལ་གདབ་ཅིང་ལྷའི་སྐུ་བྱེ་བ་མཐའ་ཡས་སྤྲོ་བསྡུ་བྱ་བ་དང་། །དབྱངས་གསལ་བྱེད་དུ་མར་བསམ་ཞིང་སྤྲོ་བསྡུ་དང་། རྡོ་རྗེ་དམར་པོ་སོགས་ཕྱག་མཚན་དུ་མར་བཀོད་ནས་ཕྱག་མཚན་མཐའ་ཡས་སྤྲོ་བསྡུ་བྱ་བ་ནི་སྐུ་གསུང་ཐུགས་ཀྱི་ཙཎྜ་ལཱིའོ། །ཙཎྜ་ལཱི་ཟླ་བའི་ཁ་དོག་ལྟར་འཚེར་བ་དང་། གསེར་བཙོ་མ་དང་། པདྨ་རཱ་ག་དང་། ཨིནྡྲ་ནི་ལའི་མདོག་ཅན་ལ་རང་འོད་ཀྱིས་འཇིག་རྟེན་ཁྱབ་པར་འཕྲོས་པས་གང་ལ་རེག་པས་ཞི་རྒྱས་དབང་དྲག་གི་ལས་འགྲུབ་པར་བསྒོམ་པ། ལས་བཞིའི་གཏུམ་མོ་དང་། གཏུམ་མོ་འབར་བའི་དབུས་སུ་རྡོ་རྗེ་དམར་པོ་རྩེ་ལྔ་པའི་ལྟེ་བར་སངས་རྒྱས་ཚེ་དཔག་མེད་ན་བཟའ་དཀར་མོ་དང་སྦྱོར་བ་ལ། བདེ་གཤེགས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡེ་ཤེས་ཀྱི་བདུད་རྩིའི་བཅུད་བསྡུས་པས་འཆི་བདག་འཇོམས་པའོ། །སྐྱོན་བསལ་བ་ནི། །ས་ཁམས་གཏུམ་མོ་གསེར་གྱི་མཆོད་སྡོང་བང་རིམ་ཟུར་བཞི་རྡོ་རྗེ་ཕྱེད་པ་བཞིས་མཚན་པ་གཡོ་བའི་དངོས་པོ་མེད་པར་བྱས་པར་བསམ་པ་དང་། ཆུ་ཁམས་གཏུམ་མོ་བདུད་རྩིའི་མཚོ་ལ་བུམ་པ་དཀར་པོ་ལྔ་


CMR025_Page_0477
[མ་དཔེ་གཟིགས་ན་འདིར་གནོན།]

ཚོམ་གྱིས་བསྲེགས་པའི་དངོས་པོ་ཞི་བར་བསམ་པ་དང་། མེ་ཁམས་གཏུམ་མོ་མེ་ཐབ་འབར་བས་བརླན་པ་ཞི་བ་དང་། རླུང་ཁམས་གཏུམ་མོ་གཞུའི་དབྱིབས་ཅན་ལྗང་ཁུ་བ་དན་གྱིས་མཚན་པས་བརྟན་པ་གཡོ་བར་བྱེད་པ་དང་། ནམ་མཁའི་གཏུམ་མོ་རྩིབས་དྲུག་རྡོ་རྗེས་མཚན་པས་འདུས་པའི་སྐྱོན་བསལ་བར་བསམ་པའོ། །རྫུ་འཕྲུལ་གྱི་གཏུམ་མོ་ནི༔ མགྲིན་པར་ན་ད་དམར་པོ་གཅིག་ཏུ་གཡོ་བ་ལ་སེམས་གཏད་དོ། །གདན་མཚམས་འཛིན་པའི་ཙཎྜ་ལཱི་ནི། སྣ་བུག་འདུས་མདོར་རཾ་ཡིག་ལས་མེ་འབར་བས་གཡས་ནས་ཕྱིར་ཕྱུང་གཡོན་ནས་ནང་དུ་དྲངས་ཏེ་མགོ་མགྲིན་སྙིང་ལྟེ་སོགས་ལུས་ཁྱབ་པར་བསམ་ཞིང་བརྔུབས་ནས་དགང་བར་བྱའོ། །གང་གི་མི་དམིགས་ཐམས་ཅད་ལ་དུས་གསུམ་གྱི་རྟོག་པ་ཕྲལ་ནས་ཕྱག་ཆེན་ངང་དུ་བཞག་པས་མཆོག་གི་གཏུམ་མོ་དང་ཐུན་བསྡུ་བའི་སྐབས་སུ་རྩ་ཐམས་ཅད་མི་དམིགས་ལ་བསྡུས་ནས་བསྔོ་སྨོན་བྱའོ། །སྒྱུ་ལུས་ཀྱི་གཏུམ་མོ་ནི། ལྟེ་བར་ཙཎྜ་ལཱི་སེར་པོ་འབར་བའི་དབྱིབས་ཅན་བསྒོམ། །འོད་གསལ་གྱི་གཏུམ་མོ་ནི། སྙིང་གར་རིན་པོ་ཆེ་སྔོན་པོ་འབར་བའི་དབྱིབས་ཅན། རྨི་ལམ་གྱི་གཏུམ་མོ་ནི། མགྲིན་པར་དམར་པོ་


CMR025_Page_0478
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་དབྱིབས་ཅན་བསྒོམ་པ་གནས་སྐབས་བཞིའི་གཏུམ་མོའོ། དེ་ལྟར་བསྒོམས་པས་གནས་སྐབས་སུ་ལུས་ནད་གདོན་གྱིས་མི་ཚུགས་ཤིང་ཕྱི་རོལ་གྲང་བའི་རྐྱེན་ཐམས་ཅད་དང་། བྲལ་ཞིང་བདེ་དྲོད་ཀྱི་ཡོན་ཏན་འབྱུང་བ་ནི་བསྒོམས་འབྲས་ཚད་ལ་དབབ་པའོ། །དེ་ནས་ཐིག་ལེའི་རྣལ་འབྱོར་སྒྲུབ་པ་ཆེན་པོ་ནི། རྒྱུད་ལས། སྤྱི་བོར་ཡིག་འབྲུ་བསམས་ནས་ནི། །བྱིན་རླབས་བདེ་བས་ལུས་གང་ངོ་། །ཞེས་དང་། སྦ་ལྕག་མའི་གཞུང་ལས། རླུང་བཟུང་དབང་བསྡུས་བྱང་སེམས་རང་བཞིན་ཞུ། །ཞེས་དང་། ལྟེ་བའི་ཨ་ལས་གཏུམ་བློམོ་སྦྱར། །སྤྱི་བོའི་ཧཾ་ལ་རེག་པ་ཡིས། །བྱང་ཆུབ་སེམས་ཀྱི་རྒྱུན་བབས་པས། །འཁོར་ལོ་བཞི་ཡི་ལྷ་ཚོགས་རྣམས། །བདེ་བ་ཆེན་པོ་འབར་བ་དང་། །ཞེས་དང་། ཕྱག་ཆེན་ཐིག་ལེ་ལས། དེ་ནས་མེ་འབར་ཡན་ལག་གི །བདེ་ཆེན་འཁོར་ལོ་ཞུ་བར་འགྱུར། །ཞུ་བས་རྩ་ནི་ཐམས་ཅད་ལ། །མཆོག་གི་བདུད་རྩི་འཛག་པའོ། །ཞེས་དང་། ཁ་སྦྱོར་ལས། བདུད་རྩི་རྒྱུན་གཟུགས་ཀྱིས་འཛག་པ། ཞེས་དང་། ཧེ་བཛྲ་ལས། བསྲེགས་པས་རི་བོང་ཅན་ཧཾ་འཛག །ཅེས་དང་། ཙཎྜ་ལཱི་དང་། རྡོ་རྗེ་ཕྲེང་བར། རི་བོང་


CMR025_Page_0479
[མ་དཔེ་གཟིགས་ན་འདིར་གནོན།]

མཚན་མའི་ཆ་འདི་རྣམས། །དགའ་བའི་ཐིག་ལེ་བཅུ་དྲུག་སྟེ། །ཨཱ་ལིའི་ངོ་བོ་ཤེས་པར་བྱ། །ཞེས་གསུངས་པའི་དོན། སྤྱི་བོར་ཟླ་བའི་བླ་མ་བདུད་རྩིའི་རྒྱན་ཆ་ཅན་ལ་གསོལ་བ་བཏབ་ནས་རང་ལ་བསྟིམས་པས་ཟག་མེད་བདེ་ཆེན་གྱི་སྐུ་ཐོབ་པར་བསྒོམ་པ་དང་། སྨིན་ཕྲག་ཏུ་རྩ་གནས་དམར་པོ་ལ་ཐིག་ལེ་དཀར་པོ་ཡུངས་དཀར་ཙམ་མཚན་ཉིད་བཞི་གཡོན་དུ་འཁོར་བ་དང་། སུམ་མདོར་ཨ་ཐུང་སུམ་འཁྱོགས་བདེ་ཆེན་གྱི་འཁོར་ལོ་བྱང་སེམས་ཐིག་ལེའི་མཚན་ཉིད་བཞི་ལྡན་མགོ་ཐུར་བསྟན་དང་། དེའི་རྩ་གནས་སུ་ཨེ་ཝཾ་མ་ཡ་དེ་ལས་འོད་ཟེར་འཕྲོས་པས་འོག་མིན་ནས་ཧེ་རུ་ཀ་ཡབ་ཡུམ་སྦྱོར་མཚམས་ནས་བྱང་སེམས་དཀར་དམར་སྤྱན་དྲངས། དེ་ལ་ཐིམ་མེ་ཅུང་ཟད་འབར་བས་སྤྱི་བོའི་ཐིག་ལེ་ཕྲ་མོ་གཅིག་ཆད། དེ་མེ་ལ་ཐིམ་པས་ཆེར་འབར་བདེ་བ་སྐྱེས། བྱང་སེམས་ལས་བདུད་རྩིའི་རྒྱུན་བ་དག་མང་ཙམ་བབ་སྟེ། རྩ་བའི་མེ་ལ་ཐིམ་པས་དགའ་བདེ་སྐྱེས་པར་བསམ། དེ་ལ་དགའ་བཞིའི་ཡེ་ཤེས་ངོས་བཟུང་བ་ནི། རྒྱུད་ལས། ཐམས་ཅད་བདེ་བའི་རང་བཞིན་ལ། །བདེ་བར་རྟོགས་པ་ཁོ་ནའོ། །བདེ་བ་བཞི་དང་རྒྱུ་དང་འབྲས་ལྡན་པ། །ཞེས་དང་། རྡོ་རྗེ་


CMR025_Page_0480
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་བ་ལས། དེ་རྗེས་ལུགས་འབྱུང་བཤད་པར་བྱ་སྟེ། །བདེ་ཆེན་འཁོར་ལོའི་སྤྱི་བོ་ལས། །དེ་ནི་དགའ་བར་བཤད་པ་ཡིན། །ལོངས་སྤྱོད་འཁོར་ལོའི་མཆོག་དགའ་དང་། །དགའ་བྲལ་ཆོས་ཀྱི་འཁོར་ལོ་ནས། །སྤྲུལ་པའི་འཁོར་ལོ་ལྷན་ཅིག་སྐྱེས། །དགའ་བ་ཉམས་སུ་མྱོང་བར་བྱེད། །སྤྲུལ་པའི་འཁོར་ལོ་དགའ་བ་དང་། །མཆོག་དགའ་ཆོས་ཀྱི་འཁོར་ལོ་གནས། །ལོངས་སྤྱོད་བྲལ་བའི་དགའ་བ་དང་། །ལྷན་ཅིག་སྐྱེས་དགའ་བདེ་བ་ཆེ། །མངོན་བརྗོད་ལས། ལྟེ་བ་སྙིང་པད་ཉི་མའི་དབུས། །ལྕེ་རྩ་དང་ནི་མགོ་སྟེང་དུ། །དགའ་བ་དང་ནི་མཆོག་དགའ་ཉིད། །དམ་པར་ལྡན་དང་ལྷན་ཅིག་སྐྱེས། །དང་པོ་འདབ་མ་དྲུག་ཅུ་བཞི། །གཉིས་པ་བརྒྱད་པ་མཆོག་ཡིན་ཏེ། །གསུམ་པ་འདབ་མ་བཅུ་དྲུག་པ། །བཞི་པ་སུམ་ཅུ་སོ་གཉིས་གདབ། །ཕོ་མོ་ལྟེ་བའི་རྩ་གནས་ལ། །ལྷན་ཅིག་སྐྱེས་དགའ་ཁྲག་འཐུང་མཆོག །ཅེས་གསུངས་པའི་དོན་ནི། རང་ཉིད་རྒྱལ་བ་རྒྱ་མཚོའི་རྩ་གནས་ལྔར་རིགས་ལྔའི་ཐུགས་རྗེ་ཆེན་པོ་ཡབ་ཡུམ་འཁོར་རྩ་འདབ་ཀྱི་གྲངས་དང་མཉམ་པའི་རིགས་ཀྱི་ཌཱཀི་དང་བཅས་པ་གསལ་གདབ་ནས་རླུང་བཟུང་བས་ལྟེ་འོག་གི་གཏུམ་མོ་ཡར་མར་


CMR025_Page_0481
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འབར། འཁོར་ལོའི་ལྷ་རྣམས་དང་ཉེ་བ་ན་ཐམས་ཅད་རང་མདོག་ཐིག་ལེའི་རྩ་དང་མཉམ་པར་གྱུར། མེ་ཡི་ངད་ཀྱིས་སྤྱི་བོའི་ཧཾ་ལས་བྱང་སེམས་བདུད་རྩིའི་ཆར་ཟིམ་ལྟ་བུ་བབས་པས། ཐིག་ལེ་རྣམས་ལྷའི་སྐུ་སྔར་བས་བཀྲག་མདངས་རྒྱས་པར་གྱུར། ལུས་སེམས་དགའ་བདེ་སྐྱེས་པར་དམིགས་པ་དང་། མེ་ལྕེ་སྤྱི་བོའི་ཧཾ་ཡིག་ལ་རེག་པས་ཧཾ་གི་འོད་ཟེར་ཕྱོགས་བཅུར་འཕྲོས་པས། ཕྱོགས་བཅུའི་རྒྱལ་བ་སྲས་དང་བཅས་པ་བྱང་སེམས་དཀར་དམར་དུ་ཞུ་བ་སྤྱི་བོ་ནས་ཞུགས། ཧཱུྃ་ལས་བདུད་རྩིའི་རྒྱུན་བབས་པས་ལྷ་རྣམས་ཀྱི་ཞལ་དུ་ཞུགས་སྐུ་ལུས་བདེ་བ་རྒྱས་ཤིང་སྤྱི་བོའི་རྩ་འདབ་སོ་གཉིས་གང་བས་དགའ་བའི་ཡེ་ཤེས་སྐྱེས། མགྲིན་པའི་རྩ་འདབ་བཅུ་དྲུག་གང་། མཆོག་དགའི་ཡེ་ཤེས་སྐྱེས། སྙིང་གའི་རྩ་འདབ་བརྒྱད་གང་། དགའ་བྲལ་གྱི་ཡེ་ཤེས་སྐྱེས། ལྟེ་བའི་རྩ་འདབ་རེ་བཞི་གང་། ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས། དེ་ནས་གསང་བར་དཀར་དམར་འདྲེས། བདེ་བ་ཁྱད་པར་ཅན་སྐྱེ་བར་བསྒོམ། རྒྱུད་ལས། བདེ་བ་བཟུང་བ་དང་པོ་ཡིན། །བདེ་བ་གནས་པ་གཉིས་པ་ཡིན། །བདེ་བ་མི་འཆོལ་གསུམ་པ་ཡིན། །དེ་ལ་མ་ཆགས་བཞི་པ་


CMR025_Page_0482
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཞེས་གསུངས་པས་རྡོ་རྗེའི་བུ་ག་ཧཱུྃ་དམར་པོས་བཀག་ནས་རིག་པ་སྤྱི་བོའི་ཧཾ་ལ་གཏད་པ་ནི་བཟུང་བ་དང་། བདེ་བའི་ངོ་བོ་ལ་བལྟས་ནས་ཡེ་ཤེས་ངོས་བཟུང་ནས་ཧཱུྃ་རིང་དང་ཁོང་འདྲེན་དྲག་པོས་ཆུའི་རླབས་ལྡོག་པ་ལྟར་སྐྱ་ཆི་ལི་ལི་གྱེན་དུ་རྩ་གནས་རྣམས་ལ་དྲངས་ཏེ། གསང་བ་ནས་ལྟེ་བར་དྲངས་པ་དགའ་བ། སྙིང་གར་མཆོག་ཏུ་དགའ་བ། མགྲིན་པར་དགའ་བྲལ། སྤྱི་བོར་ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སྐྱེས། དེ་མ་ཐག་དཀར་དམར་འདྲེས་པའི་བདེ་བ་ཆེན་པོས་ལུས་ཐམས་ཅད་ཁྱབ་པར་བསམ་ལ་ལུས་དྲག་ཏུ་སྤྲུག་གོ །ཡང་སྤྱི་བོར་ཨོཾ་མགོ་ཐུར་བསྟན། ལྟེ་འོག་ཨ་ཐུང་ལས་མེ་ཅུང་ཟད་འབར་བས་དགའ་བཞིའི་འགྲོས་དང་། བདེ་སྟོང་རྒྱས་པར་བསམས་ལ་གོང་བཞིན་ནོ། །ཨོྃ་གྱི་མཐར་ཨཱ་ལི་གཡས་སུ་འཁོར་བ་དང་། ཙཎྜ་ལཱིའི་མཐར་ཀཱ་ལིའི་མེའི་རང་བཞིན་གཡོན་དུ་འཁོར་བ་ལས་མེ་ཅུང་ཟད་འབར་བའི་ངད་ཀྱིས་སྤྱི་བོའི་དབྱངས་ལས་བདུད་རྩི་ཆར་ཟིམ་ལྟ་བུ་བབས་པས་ལྷ་ཐམས་ཅད་རང་ལུས་དང་བཅས་པ། དགའ་བདེའི་ཁྱབ་པ་དང་། བདུད་རྩིའི་རྒྱུན་རྟ་རྔ་ཙམ་བབས་པས་དགའ་བཞིའི་འགྲོས་སྦྱར། སྐུ་བཞིའི་ས་བོན་བཞག་པ་དང་། ལྟེ་བར་ཨ་སྤྱི་བོར་པད་


CMR025_Page_0483
[མ་དཔེ་གཟིགས་ན་འདིར་གནོན།]

ཟླའི་ཨེ་ལས་བྱང་སེམས་འོད་ཟེར་འཕྲོས་པས་སྨིན་མཚམས་དགའ་འཁྱིལ་དུ་གྱུར། གཡོན་དུ་འཁོར་བས་བླ་མ་ཡི་དམ་དཔའ་བོ་དྷ་ཀིའི་བྱིན་རླབས་བསྡུས་ཨ་ལ་ཐིམ་པས་བདེ་སྟོང་སྐྱེས། ཨེ་ལས་མེ་འབར་བའི་ངད་ཀྱིས་ཨེ་ལས་བདུད་རྩི་བབ་པ་ཨ་ལ་ཐིམ་པས་རང་ཉིད་བདེ་ཕྲིལ་ཕྲིལ་དུ་སོང་། ཨ་དང་ཨེ་བརྗེ་རེས་བྱ་བ་དང་། གཏུམ་མོའི་མེ་ཅུང་ཟད་འབར་ཧཱུྃ་ལས་བདུད་རྩི་ཡུངས་འབྲུ་ཙམ་ཆད་ནས་ཨ་ཐུང་ལ་ཐིམ་བདེ་བར་བསམ་པ་འབར་འཛག་དང་། ཨ་ཐུང་འབར་བས་ཧཾ་ལས་བདུད་རྩི་རྟ་རྔ་ཙམ་རྒྱུན་མ་ཆད་པར་བབ་པ་འབྲེལ་ཆགས། གཏུམ་མོ་སྤྱི་བོའི་བར་འབར་ཧཱུྃ་ལས་བདུད་རྩི་བབས་པས་མེ་དེད་པའི་ཚུལ་གསང་བར་སླེབ་པ་འབྲོས་འདེད་དེ། རྩ་འཁོར་ལྔ་དང་རྩ་གནས་ཉེར་བཞི་དང་འཁོར་ལོ་བཅུ་གཉིས་ཚིགས་ཕྲན་དྲུག་ཅུ་བ་སྤུའི་རྩ་བྱེ་བ་ཕྱེད་བཞི་རྣམས་ཀྱི་འབྲོས་དེད་བྱ་གསུངས་སོ། །སྤྱི་བོར་བྱང་སེམས་དཀར་པོ་སྙིང་གར་སླེབ། ལྟེ་བའི་དམར་པོ་སྙིང་གར་སླེབ། ཉི་ཟླ་ཁ་སྦྱོར་བདེ་བ་རང་བཞིན་གྱི་བར་དུ་རང་སེམས་ཧཱུྃ་དུ་བསྒོམ་པ་དང་། གནོད་བྱེད་གདོན་བགེགས་བཀུག་ནས་སྙིང་གའི་བདུད་རྩི་དཀར་དམར་གྱི་དབུས་སུ་བདུད་རྩིས་ཚིམས་ནས་བྱང་ཆུབ་


CMR025_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་དང་ལྡན་པར་བསྒོམ་མོ། །ཐུན་མཚམས་ཐིག་ལེ་དཀར་དམར་ཧཱུྃ་དང་ཨ་ཐུང་ལ་བསྡུ་ཞིང་བསྔོ་སྨོན་བྱའོ། །སྤྱི་བོའི་ཧཾ་ལས་ཧཱུྃ་དཀར་པོ་གཅིག་བྱུང་བ་རྒྱལ་མཚན་རྩེར་བསྒོམས་ལ་ཐེན་ཕུལ་བྱ། འཆོར་བར་དོགས་ཚེ་ཀཿདམར་ནག་གིས་བཀག་ལ་ཧཱུྃ་སྤྱི་བོར་བསྡུ་བ་བདེ་བ་ཆེན་པོའི་བོགས་དབྱུང་ངོ་། །བློ་བྲལ་བྱར་མེད་ངང་ལ་བདེ་འབོལ་ལེ་རྗེན་ནེ་བཞག་པས་ལྡོག་བཀྲམ་བཟུང་གསུམ་དུས་གཅིག་ལ་འབྱུང་ཞིང་མི་རྟོག་པའི་བོགས་དབྱུང་ངོ་། །དེ་ལྟར་བསྒོམས་པའི་འབྲས་བུ་ནི། རྒྱུད་ལས། སེམས་ཀྱི་རྣམ་པར་རྟོག་པ་གང་། །གཉིས་སུ་མེད་པའི་ཡེ་ཤེས་ཏེ། །བདེ་དང་སྟོང་པའི་མཚན་ཉིད་ཅན། །ཐབས་དང་ཤེས་རབ་བསྒོམ་ལས་བྱུང་། །ཞེས་གསུངས་པས། སེམས་གཉིས་འཛིན་གྱི་རྟོག་པ་འདི་ཐམས་ཅད་ནི། །བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ཡེ་ནས་ཡིན་པ་དེ་ནི། ཐབས་ལམ་ཟབ་མོ་དང་ཤེས་རབ་སྟོང་ཉིད་ཟུང་འཇུག་ཏུ་བསྒོམས་པས་མངོན་འགྱུར་ཞེས་པ་ཡིན་ལ། བདེ་བ་ཆེན་པོའི་སྐུ་འགྲུབ་པ་ཡིན་ཏེ། རྒྱུད་ལས། ཨེ་མ་ཧོ༔ བདེ་བ་ཆེན་པོའི་སྐུ་ཆེན་པོ། །ཞེས་སོགས་དང་། འདིའི་རྟོགས་པ་རྩལ་རྫོགས་ན་འཁོར་འདས་ཐམས་ཅད་བདེ་བ་རོ་འབྱམས་སུ་འཆར་ཏེ།


CMR025_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་ལས། འཁོར་བ་མྱ་ངན་འདས་པའི་ཆོས། །དངོས་པོ་རྡུལ་ཙམ་ཡོད་མ་ཡིན། །ཐམས་ཅད་བདེ་བ་ཆེན་པོར་སྦྱངས། །དུས་ཀྱི་ཚད་ནི་སྐད་ཅིག་ལ། །སྡུག་བསྔལ་གྱིས་ནི་བར་ཆད་དུ། །བྱ་བར་ནུས་པ་མ་ཡིན་ནོ། །ཐམས་ཅད་བདེ་བའི་རང་བཞིན་ལ། །བདེ་བར་རྟོགས་པ་ཁོ་ནའོ། །ཞེས་དང་། པདྨའི་རིགས་ཀྱི་གདུལ་བྱ་ཆགས་ཅན་ལ། །པདྨའི་དམ་ཆོས་རྩ་རླུང་ཐིག་ལེ་ཡི། །འདོད་ཆགས་ལམ་ཁྱེར་བཤད་པས། །པདྨའི་རིགས་ཀྱི་སངས་རྒྱས་འོད་དཔག་མེད་ཀྱི་གོ་འཕང་འཐོབ་སྟེ། བདེ་སྟོང་གཉིས་མེད་གར་དབང་རྡོ་རྗེ་འཆང་ལྟ་བུ་འགྱུར་བ་ཡིན་ཏེ། པདྨ་རྒྱལ་པོའི་རྒྱུད་ལས། པདྨའི་རིགས་ཀྱི་གདུལ་བྱ་ལ། །པདྨའི་དམ་ཆོས་ལེགས་བཤད་པས། །པདྨའི་རིགས་ཀྱི་སངས་རྒྱས་འཐོབ། །བདེ་བ་སྟོང་པ་གཉིས་མེད་འཛིན། །ཞེས་དང་། ཐབས་དང་ཤེས་རབ་གཉིས་མེད་སྒོམ། །བདེ་དང་སྟོང་པའི་འབྲས་བུ་ནི། །རྒྱུད་ཆེན་འདི་ཡི་བརྗོད་བྱའོ། །ཞེས་གསུངས་སོ། །དེ་བཞིན་དུ་བྱང་ཆུབ་སེམས་དཔའ་རྡོ་རྗེ་སྙིང་པོའི་རྒྱ་གཞུང་ལས། འཁོར་འདས་གཉིས་མེད་དགོངས་པ་བསྐྱང་བར་བྱའོ། །ཞེས་དང་། དམིགས་མེད་ངང་དུ་རླུང་


CMR025_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཅིར་མི་དགོངས། །མཁའ་ལྟར་དག་པ་ཆོས་སྐུ་མངོན་དུ་འགྱུར། །ཞེས་དང་། རྗེ་རང་བྱུང་བས། འཁོར་ལོ་ལྔ་མའི་གཞུང་ཆེན་པོ་ཉིད་ལས། དེ་ལྟར་བསྒོམ་ཞིང་བླ་མའི་མན་ངག་བཞིན་དུ་བསྲེ་བ་དང་བསྲེས་ནས་བསྒོམས་ན། མཆོག་ཐུན་མོང་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་སྟེ་འོད་གསལ་ཆེན་པོ་འགྲོ་འོང་མེད་པ་མངོན་དུ་གྱུར་ནས་མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར་རོ། །ཞེས་དང་། འཇམ་དབྱངས་ཆེན་པོས། བདེ་སྟོང་དབྱེར་མེད་བདེ་བ་ཆེན་པོའི་སྐུ་ལ་བདེ་གསལ་ཆེན་པོ་མངོན་དུ་བྱས་པ་འཁོར་ལོ་ལྔ་ཡི་མན་ངག་ཅེས་དང་། ཕྱག་ཆེན་ཐིག་ལེ་ལས། ཇི་ལྟར་བུ་ག་མེད་སྣོད་དུ། །ཆུ་རྣམས་ཟད་པ་མེད་གནས་ལྟར། །དེ་ཡི་བདེ་བ་བརྟན་པར་འགྱུར། །བརྟན་པས་ལྷན་ཅིག་སྐྱེས་པ་དགའ། །དེ་ཕྱིར་སངས་རྒྱས་མི་ཟད་པ། །རྣལ་འབྱོར་པ་ཡིས་ངེས་པར་ཐོབ། །ཅེས་དང་། སཾ་བྷུ་ཊི་ལས། དེ་ཕྱིར་དེ་རྒྱུས་ཅི་ཞིག་བྱ། །མདོར་བསྡུས་པ་ནི་སངས་རྒྱས་ཉིད། །བསྐལ་བ་བྱེ་བ་གྲངས་མེད་པས། །ཇི་སྲིད་སངས་རྒྱས་གང་ཐོབ་པ། །གང་གི་དམ་པ་བདེ་བ་ཁྱོད། །སྐྱེ་བ་འདི་ནས་ཐོབ་པར་འབྱུང་། །རྡོ་རྗེ་མཁའ་འགྲོའི་རྒྱུད་ལས། ཤེས་རབ་ཀྱི་ནི་མི་


CMR025_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་ན། །གང་ཚེ་སེམས་ནི་མི་གཡོ་བ། །དེ་ནི་བྱང་ཆུབ་ཆེན་པོ་ནི། །ངེས་པར་སྟེར་བ་ཉིད་དུ་བཤད། །ཅེས་དང་། བདེ་མཆོག་སྡོམ་འབྱུང་ལས། དགའ་བ་ཡོངས་སུ་ཤེས་པ་ཡི། །ཤེས་རབ་ཕ་རོལ་ཕྱིན་པ་མཆོག །དགའ་བའི་འབྲས་བུ་ལ་གནས་པ། །འདི་ནི་དངོས་མེད་བྱང་ཆུབ་བོ། །གཉིས་པ་དབྱེར་མེད་རོ་གཅིག་པར། །དགའ་བའི་བདེ་བ་ཆེན་པོ་འདི། །ཤེས་རབ་སྙིང་རྗེའི་དབྱེ་བ་ནི། །སྒྲོལ་བ་དང་ནི་འོད་ཟེར་བཞིན། །འདི་གཉིས་མི་ཕྱེད་བདག་ཉིད་དོ། །རོ་གཅིག་དངོས་པོ་སེམས་ཡིན་ནོ། །ཤེས་རབ་ཐབས་ནི་མཉམ་སྦྱོར་བ། །རྫོགས་པའི་བྱང་ཆུབ་སྒྲུབ་བྱེད་པ། །དེ་ཉིད་ལ་ནི་བླ་མེད་པ། །སངས་རྒྱས་ཀུན་དང་རབ་ཏུ་བཞུགས། །དབྱེར་མེད་རྣལ་འབྱོར་ཡན་ལག་རིགས། །གང་གི་གནས་ན་རྡོ་རྗེ་སེམས། །ཇི་སྲིད་རྫོགས་པའི་བྱང་ཆུབ་འགྱུར། །དེ་བས་བསྡད་པར་བྱས་ན་ནི། །སྒྲུབ་པོ་བདེ་མཆོག་རྫོགས་བར་དུ། །ཇི་སྲིད་བར་དུ་མྱོང་བར་འགྱུར། །ཞེས་དང་། གཞན་ཡང་ཐུན་མོང་གི་ཡོན་ཏན་ཐམས་ཅད་ཀྱང་རླུང་མཆོག་ཏུ་གྱུར་པའི་གང་ཟག་རྣམས་ལ་འབྱུང་བར་གསུངས་ཏེ། རྣལ་འབྱོར་གསུམ་གྱི་རྩ་བ་ལས། །


CMR025_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་ལྔ་མངོན་ཤེས་དྲུག་འབྱུང་སྟེ། །ཆུ་སྲིན་ལ་སོགས་ཁྱིམ་རྣམས་སུ། །མ་རིག་ལ་སོགས་ལུགས་ལྡོག་པས། །ས་ནི་བཅུ་གཉིས་ཐོབ་པར་འགྱུར། །རྟོག་པ་མེད་པའི་ཆོས་ཅན་ཤུལ། །སྐད་ཅིག་གཅིག་ལ་མངོན་སངས་རྒྱས། །ཞེས་དང་། རྡོ་རྗེ་གུར་ལས། མིག་སྨན་དང་ནི་རྐང་མགྱོགས་དང་། །རལ་གྲི་དང་ནི་ས་འོག་འགྲུབ། །རིལ་བུ་དང་ནི་མཁའ་སྤྱོད་ཉིད། མི་སྣང་བ་དང་བཅུད་ཀྱི་ལེན། །ཞེས་དང་། ལྷ་མོ་བཞིས་ཞུས་པ་ལས། རིལ་བུ་མིག་སྨན་དངོས་གྲུབ་དང་། །ས་འོག་རལ་གྲི་དངོས་གྲུབ་ཉིད། །ནམ་མཁའ་འཕུར་དང་མི་སྣང་དང་། །ཤི་བ་མེད་དང་ནད་འཇོམ་མོ། །ཞེས་དང་། གྲུབ་ཆེན་ཀརྨ་པའི་རྒྱ་མཚོ་སྐོར་གསུམ་ལས། རང་བྱུང་ཡེ་ཤེས་ཡི་གེ་ལྔ། །ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ ཕྱི་ནང་གསང་གསུམ་དེ་ཁོ་ན་ཉིད་ཀྱི་གནད་དང་མ་བྲལ་བར་ཅི་ནུས་སུ་བཟླ་ཞིང་སྲོག་རྩོལ་རླུང་རྒྱུན་ཆད་མེད་པར་བསྒོམ་ཞིང་གང་དང་གང་ཡིན་ན་ཡང་བྱིན་རླབས་ངག་ནུས་ཕྲིན་ལས་ལོངས་སྤྱོད་རྣམས་སྒྲུབ་པ་ཇི་ལྟར་བྱས་པའི་རྟགས་རབ་འབྲིང་ཐ་གསུམ་མི་འབྱུང་མི་སྲིད་ཕྱིར། ལག་ལེན་ཐམས་ཅད་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་དང་། ཞེས་དང་། པདྨ་རྒྱལ་པོའི་རྒྱུད་


CMR025_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

ལས། མཆོག་གི་དངོས་གྲུབ་འདོད་པ་ནི། །སྟོང་པ་ཉིད་ལ་ཡང་ཡང་དུ་བདེ་བས་རྒྱས་གདབ་བོ། །ཞེས་གསུངས་སོ། །འདི་ལྟར་འཁོར་ལོ་ལྔ་ཡི་མན་ངག་ནི། །རྒྱུད་ཀྱི་རྩ་ཚིག་རྒྱ་གཞུང་རྡོ་རྗེའི་གསུངས། །ཉམས་ལེན་དམིགས་བསྐོར་གྲུབ་ཆེན་པཀི་ཡིས། །གཉན་རས་ལ་ནི་ཉམས་ཁྲིད་བསྐྱང་བའི་གསུངས། །སང་ག་ལཀྵས་རང་བྱུང་རྗེ་ལ་གདམས། །སེམས་དཔའ་རང་བྱུང་རྡོ་རྗེས་ཡི་གེར་བཀོད། །དེ་ཡི་མན་ངག་བཀའ་བརྒྱུད་རིན་ཆེན་གྱི། །གསུངས་ལས་བྱུང་བ་བརྗེད་ཐོར་མདོར་བསྡུས་ཤིང་། །ངེས་ཤེས་འདྲེན་བྱེད་རྒྱུད་གཞུང་ལུང་རྒྱབ་བཅས། །ལེགས་པར་བཀོད་འདི་རང་གི་ཉམས་ལེན་དུ། །རཱ་གའི་མིང་ཅན་བདག་གིས་བྲིས་པ་ལ། །ཉེས་འགལ་མཆིས་ན་ལྷ་དང་ཌཀིར་བཤགས། །དགེ་བས་བདག་དང་འགྲོ་བ་མ་ལུས་པ། །ཚེ་གཅིག་སྤྱན་རིས་གཟིགས་དབང་སྐུ་འགྲུབ་ཤོག །མངྒ་ལཾ། བྷ་ཝནྟ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR025_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྒྱལ་བ་རྒྱ་མཚོའི་རྫོགས་རིམ་འཁོར་ལོ་ལྔའི་མན་ངགnext