Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྫོགས་རིམ་འཁོར་ལོ་ལྔའི་མན་ངག་གི་དུམ་བུ།
   
   
   
   
   
   
   
   


 
previousརྫོགས་རིམ་འཁོར་ལོ་ལྔའི་མན་ངག་གི་དུམ་བུ།next

རྫོགས་རིམ་འཁོར་ལོ་ལྔའི་མན་ངག་གི་དུམ་བུ།


CMR025_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས་རིམ་འཁོར་ལོ་ལྔའི་མན་ངག་གི་དུམ་བུ་བཞུགས་སོ། །


CMR025_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། བླ་མ་ཐུགས་རྗེ་ཆེན་པོ་ལ་ཕྱག་འཚལ་ལོ། །འཁོར་ལོ་ལྔ་ཡི་མན་ངག་དུམ་བུ་བཀོད། །ཆོས་བདག་ཌཱཀིས་བཀའ་གནང་བྱིན་གྱིས་རློབས། །རང་ཉིད་རྒྱལ་བ་རྒྱ་མཚོའི་སྐུ་སྟོང་ར་རྩ་གསུམ་འཁོར་ལོ་ལྔ་གསལ་བའི་སྤྱི་བོར་ཨོཾ་མགོ་ཐུར་བསྟན་ལ་ཨེ་ཝཾ་མ་ཡ། མགྲིན་པར་ཨཱདམར། སྙིང་ཁར་ཧཱུྃ་མཐིང་། ལྟེ་བར་ཧཱུྃ་སེར་རྣམས་ཨ་ནུ་ཏ་རས་བསྐོར་བ། གསང་གནས་སུ་རླུང་དཀྱིལ་གཞུ་དབྱིབས་སྟེང་དུ་ཆོས་དབྱིངས་ཀྱི་ངོ་བོ་མེའི་ཆོས་འབྱུང་དབུས་སུ་པད་ཉི་ལ་ཧཱིདམར་པོ་ལ་ཧ་རི་ནི་སས་བསྐོར་བ། དེ་རྣམས་ཕྱག་མཚན་བསྒྱུར། དེ་ནས་སྤྱི་བོར་རྣམ་


CMR025_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

སྣང་། མགྲིན་པར་འོད་དཔག་མེད། སྙིང་གར་མི་བསྐྱོད་པ། ལྟེ་བར་རིན་འབྱུང་སྤྱན་རས་གཟིགས། གསང་བར་རྡོ་རྗེ་རྣལ་འབྱོར་མར་བསྒོམ། རྩ་འདབ་འོད་ཀྱིས་ཡེ་ཤེས་པ་བསྟིམ་དབང་བསྐུར་རྒྱས་བཏབ། སྤྲོ་ན་སོ་སོའི་སྔགས་ཨ་དང་སཱ་ཧཱའི་བར་བཅུག་ལ་བཟླས། ཐུན་མཚམས་གཏོར་མ་བསྔོ་ཞིང་འདོད་གསོལ་བྱའོ། །གསོལ་འདེབས་བརྒྱུད་པའི་བླ་མ་ཡི་དམ་ལ་བྱ། དེ་ནས་སྒྱུ་ལུས་ལྟེ་བ། འོད་གསལ་སྙིང་ག །རྨི་ལམ་མགྲིན་པ། གཏུམ་མོ་དུས་ལྟེ་འོག་གི་འཁོར་ལོ་ལ་སེམས་གཏད་པས་ཟིན་སླ་ཞིང་། སྐུ་བཞི་ཡེ་ཤེས་ལྔ་ཕྲིན་ལས་སྒྲུབ་པའི་རྟེན་


CMR025_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

འབྲེལ་དེ། རྒྱུད་ལས། འཁོར་ལོ་ནི་བཞི་སྟེ་ཞེས་དང་། སྐུ་གསུང་ཐུགས། ཞེས་དང་། ཡིག་འབྲུ་བཞི་ཞེས་དང་། ཟིན་པ་བཞི་སོགས་གསུངས་པའི་མན་ངག་གོ། ༈ །དེ་ནས་བླ་སྒྲུབ་བྱིན་རླབས་རྒྱ་མཚོ་ནི། རྒྱུད་ལས། སྤྱི་བོར་བླ་མ་བསྡུས་ནས་ནི། །ཟག་མེད་བདེ་བས་ལུས་དགང་ངོ་། །ཞེས་དང་། དད་པ་དྲག་པོས་བླ་མ་བསྟེན། །ཞེས་གསུངས་པའི་གདམས་པ་ནི། རྣམ་སྣང་སྤྱན་རས་གཟིགས་ཀྱི་དཔྲལ་བར་རྡོ་རྗེ་འཆང་སྔོན་པོ། མགྲིན་པར་དྭགས་པོ་དཀར་སེར་དགེ་སློང་ཆ་ལུགས། ཐུགས་ཀར་དུས་མཁྱེན་དམར་སྨུག །མདུན་དུ་ཏེ་ལོ་དཀར། གཡས་སུ་ནཱ་རོ་སྨུག་ནག །དེ་གཉིས་རྒྱུན་དྲུག །རྒྱབ་ཏུ་མར་པ་དཀར་དམར་སྔགས་ཆས། གཡོན་དུ་མི་ལ་སྔོ་སངས་རྣལ་འབྱོར་པའི་ཆས། དེ་དྲུག་ཀས་བྷནྡྷ་བདུད་རྩིས་གང་བ་རེ་རེ་བསྣམས་པའོ། །ཡེ་ཤེས་པ་བསྟིམ་པ་མཆོད་བསྟོད་གསོལ་བ་གདབ། དེ་དག་ལས་འོད་འཕྲོས་སྣོད་བཅུད་ཐམས་ཅད་ལ་ཁྱབ། ཐམས་ཅད་འོད་དུ་ཞུ་ཚུར་འདུས་བླ་མ་རྣམས་ལ་བསྟིམ། འོད་ཀྱི་རང་བཞིན་དུ་ཞུ་ནས་བདག་ལུས་དབྱེར་མེད་དུ་གྱུར་པས་རང་ལུས་འཇའ་ཡལ་བ་ལྟར་བསྒོམས་ལ་མཉམ་གཞག་གོ །དེ་ལྟར་ཡུན་


CMR025_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཅུང་ཟད་བསྒོམས་པས་བྱིན་རླབས་མྱུར་དུ་ཞུགས་པས་ཕྱག་ཆེན་གྱི་རྟོགས་པ་འབད་མེད་དུ་སྐྱེ།། འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་པ་སོགས་ཡོན་ཏན་དུ་མ་དང་ལྡན་པའོ། །མགྲིན་པའི་འཁོར་ལོ་ལ་བརྟེན་ནས་ཚེ་སྒྲུབ་པ་ནི། རྒྱུད་ལས། ལོངས་སྤྱོད་འཁོར་ལོ་དང་། ཞེས་དང་། ལྷ་བཞི་དང་། ང་ནི་པདྨ་རྒྱལ་པོ་སངས་རྒྱས་ཡིན། །སངས་རྒྱས་རིགས་ལྔའི་ནང་ནས་ང་མཆོག་ཡིན། །ཞེས་གསུངས་པའི་མན་ངག་ནི། མགྲིན་པར་པདྨ་སྤྱན་རས་གཟིགས་ཀྱི་སྤྱི་བོར་འོད་དཔག་མེད་ཀྱི་ཐུགས་ཀར་ཧཱུྃལས་འོད་འཕྲོས་ཚེ་ཉམས་པ་ཡར་བ་བརྐུས་པ་ཐམས་ཅད་བསྡུས་འོད་དཔག་མེད་དང་སྤྱན་རས་གཟིགས་ལ་ཐིམ་འོད་ཟེར་གྱིས་ལུས་གང་འཆི་མེད་རྡོ་རྗེའི་སྐུར་གྱུར། དེ་བཞིན་ས་ཆུ་མེ་རླུང་ནམ་མཁའི་བཅུད་དང་ལྷ་ཀླུ་མི་བསོད་ནམས་ཅན་གྱི་ཚེ་དཔལ་དང་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཡོན་ཏན་ཐམས་ཅད་བསྡུས་པ་གོང་ལྟར་བསྒོམ་པ་ནི་ཚེ་སྒྲུབ་འཆི་མེད་མཆོག་སྩོལ་ཞེས་བྱའོ། །སྙིང་ག་ཆོས་ཀྱི་འཁོར་ལོ་ལ་བརྟེན་ནས་མཆོག་གི་འོད་གསལ་བསྒོམ་པ་ནི། རྒྱུད་ལས། ཆོས་ཀྱི་འཁོར་ལོ་དང་། ཞེས་དང་། སྟོང་པ་ཉིད་ལ་སྒྲོ་འདོགས་


CMR025_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

སྤངས། །ཞེས་དང་། ཤེས་རབ་ཕུན་སུམ་ཚོགས་པ་ལ། །ཆོས་ཀྱི་རྣམ་གྲངས་ཆེན་པོ་བསྟན། །ཅེས་དང་། རང་བཞིན་སྟོང་པའི་ཡེ་ཤེས་ཀྱིས། །དྲི་མ་ཕྲ་བ་ལུས་པ་མེད། །ཅེས་བ་མཁལ་མའི་གཞུང་ལས། ཆོས་དབྱིངས་ཡེ་ཤེས་དངོས་གྲུབ་སྩོལ། །མ་ཧཱ་མུ་དྲའི་དངོས་གྲུབ་སྩོལ། །ཞེས་དང་། སྦ་ལྕག་མའི་གཞུང་ལས། མཁའ་ལྟར་དག་པས་ཆོས་སྐུ་མངོན་དུ་འགྱུར། །ཞེས་གསུངས། དེའི་མན་ངག་ལ། སྙིང་གར་མི་བསྐྱོད་སྤྱན་རས་གཟིགས་ཀྱི་ཐུགས་ཀར་མེ་ལོང་གཡའ་དག་པ་ལ་བཻཌཱུརྱའི་ཧཱུྃ་ཡིག་དེ་ལས་འོད་ཟེར་འཕྲོས་ཕྱི་སྣོད་ཐམས་ཅད་འོད་ཟེར་དུ་བྱས། ནང་བཅུད་སྣ་ཚོགས་འོད་སྣ་ཚོགས་པར་བསྡུས་ནས་རང་ལ་བསྟིམ། རང་ཉིད་འོད་ཟེར་མཐའ་ཡས་པས་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་ཁྱབ་མཐར་ནམ་མཁའ་ལ་སྤྲིན་དེང་བ་ལྟར་བསྒོམ་ལ་དུས་གསུམ་གྱི་རྟོག་པ་རྒྱུན་བཅད་ནས་ཡིད་ལ་མི་བྱེད་ཕྱག་རྒྱ་ཆེན་པོའི་ངང་དུ་བཞག་པས་མཆོག་སྒྲུབ་སངས་རྒྱས་ལག་འཆང་གི་གདམས་པའོ། །དེ་ནས་སྤྲུལ་པའི་འཁོར་ལོ་ལ་བརྟེན་ནས་ལོངས་སྤྱོད་སྒྲུབ་པ་ནི། རྒྱུད་ལས། སྤྲུལ་པའི་འཁོར་ལོའོ། །ཞེས་དང་། སྟོང་གསུམ་གྱི་སྟོང་ཆེན་པོ་འཇིག་རྟེན་གྱི་ཁམས་


CMR025_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་ན། ཆོས་བྱེད་པ་རྣམས་ལ་ལོངས་སྤྱོད་ཀྱི་གཏེར་ཆེན་པོ་དང་འཕྲད་པར་འགྱུར་རོ། །ཞེས་དང་། པདྨ་རྒྱལ་པོའི་རྒྱུད་ལས། ཐུན་མོང་གི་དངོས་གྲུབ་འདོད་པས་ནི་ཡིད་ཆེས་པར་བྱས་ལ་གསོལ་བ་ཉིན་མཚན་དུ་དྲག་པོར་གདབ་བོ། །ཞེས་དང་། གྲུབ་ཆེན་ཀརྨ་པས་རྒྱལ་བ་རྒྱ་མཚོ་སྐོར་གསུམ་ལས། བྱིན་རླབས་ངག་ནུས་ཕྲིན་ལས་ལོངས་སྤྱོད་རྣམས། །སྒྲུབ་པ་ཇི་ལྟར་བྱས་པའི་རྟགས། །ཞེས་དང་། སྦ་ལྕག་མའི་གཞུང་ལས། སྔགས་བཟླས་དུས་སུ་འོད་ཟེར་ལྕགས་ཀྱུའི་དབྱིབས། །མེ་ལྟར་ཚ་ལ་གདུག་པའི་ཚོགས་འཕྲོས་པས། །སྐྱེ་འགྲོའི་སྙིང་ནས་བཟུང་སྟེ་བཀུག་བྱས་ལ། །རིག་པའི་ངོ་བོ་ཐུགས་ཀའི་ཧིལ་ཐིམ། །ལུས་པོ་འོད་དུ་ཞུ་ནས་ལྟེ་བར་བསྡུ། །ཞེས་གསུངས་པའི་མན་ངག་ལ། ལྟེ་བར་རིན་འབྱུང་སྤྱན་རས་གཟིགས་དང་དེ་ཡི་སྤྱི་བོར་རིན་འབྱུང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་སྐྱེ་འགྲོ་ཐམས་ཅད་དབང་དུ་བསྡུས། ཁྱད་པར་བསྒྲུབ་བྱ་ཕོ་ཐམས་ཅད་ལ་རྡོ་རྗེ་ལྕགས་ཀྱུ་སྙིང་གར་བཏབ། མོ་རྣམས་ལ་ཨུཏྤལ་ཞགས་པ་ལྕགས་ཀྱུའི་དབྱིབས་པདྨར་བཏབ་ནས། དེ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་ལྟེ་བའི་ལྷ་ལ་ཐིམ་


CMR025_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

པས། དེའི་ནུས་པས་ལུས་དང་ཁྱིམ་ཐམས་ཅད་འོད་ཟེར་གྱིས་གང་བས་མངའ་ཐང་ལོངས་སྤྱོད་འབྱོར་པ་དབང་ཐང་མངའ་རིས་ནོར་ཕྱུགས་ཟས་ནོར་ལོངས་སྤྱོད་ཐམས་ཅད་བསྡུས། །ཀུནྡའི་འོད་ཀྱིས་སྣོད་བཅུད་ཐམས་ཅད་འོད་ཟེར་སྣ་ཚོགས་ཀྱིས་ཁྱབ་པར་བསམ་པ་ནི་ནོར་སྒྲུབ་དོན་ཡོད་ཞགས་པ་ཞེས་བྱའོ། །དེ་ནས་དྲག་པོའི་ལས་སྒྲུབ་པ་ནི། རྒྱུད་ལས། སྐུ་མདོག་དམར་ལ་སྤྱན་གསུམ་པ། །རུས་པའི་རྒྱན་ཆ་སྣ་ཚོགས་ལྡན། །ཕྱག་གཡས་རྡོ་རྗེ་གྲི་གུག་འཛིན། །གཡོན་ན་ཐོད་པ་བདེ་བས་གང་། །ཞེས་པའི་མན་ངག་ལས། གསང་གནས་སུ་ཕུང་ཁམས་སྐྱེ་མཆེད་ཐམས་ཅད་སྲེག་པར་བྱེད་པ་གཏུམ་མོ་མེའི་རང་བཞིན་ལ། རྣམ་པ་ཡུམ་ཕག་མོ་གསང་ཡེ་སྐུར་ཕྱག་གཉིས་གྲི་ཐོད་ཅན། ཞལ་གྱེན་དུ་གདངས་པ་མེ་དཔུང་འབར་བའི་ཀློང་དུ་བཞུགས་པ་གསལ་བཏབ། དེའི་སྐུ་ལས། འོད་ཟེར་གློག་ལྟ་བུ་འཕྲོས། དགྲ་བགེགས་ཐམས་ཅད་རང་དབང་མེད་པར་བཀུག་ནས་རང་གི་ཞལ་ནས་བརྒྱུད། གསང་བའི་ཌཱཀི་མའི་ཞལ་དུ་རྐང་མཐིལ་སྐྱ་ལྷག་ལྷག་གསོལ་བས། སྐད་ཅིག་ལ་འཇོམས་ཤིང་གསོལ་བས་མེད་པར་བྱས་པས། ཌཀིའི་འོད་ཀྱིས་རང་ལུས་ཕྱི་ནང་ཐམས་


CMR025_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ཅད་འོད་ཕུང་དུ་གྱུར་པར་བསྒོམ། སྟོང་ཉིད་དུ་བཞག་གོ །དེ་ནི་དྲག་དམིགས་དགྲ་བགེགས་ཀུན་འཇོམས་ཀྱི་དམིགས་རིམ་མོ། །འདི་བྲིས་ཉེས་པ་ཌཱཀིའི་ཚོགས་ལ་བཤགས། །དགེ་བས་དངོས་གྲུབ་རྣམ་གཉིས་མྱུར་ཐོབ་ཤོག །ཅེས་པ་ཨ་རཱ་གས་སོ། །བཀྲ་ཤིས། །ཞལ་དྲོ། ཤུ་བྷཾ། དགེའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR025_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousརྫོགས་རིམ་འཁོར་ལོ་ལྔའི་མན་ངག་གི་དུམ་བུ།next