Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ཟློག་དཔུང་གདུག་པ་ཟིལ་གནོན་དགྲ་བགེགས་ཀུན་འཇོམས་ཀྱི་ཟིན་བྲིས་ཞལ་ཤེས་བི་ཛཱ་ཧ་ར།
   
   
   
   
   
   
   


 
previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ཟློག་དཔུང་གདུག་པ་ཟིལ་གནོན་དགྲ་བགེགས་ཀུན་འཇོམས་ཀྱི་ཟིན་བྲིས་ཞལ་ཤེས་བི་ཛཱ་ཧ་ར།next

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ཟློག་དཔུང་གདུག་པ་ཟིལ་གནོན་དགྲ་བགེགས་ཀུན་འཇོམས་ཀྱི་ཟིན་བྲིས་ཞལ་ཤེས་བི་ཛཱ་ཧ་ར།


CMR025_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ཟློག་དཔུང་གདུག་པ་ཟིལ་གནོན་དགྲ་བགེགས་ཀུན་འཇོམས་ཀྱི་ཟིན་བྲིས་ཞལ་ཤེས་བི་ཛཱ་ཧ་ར།


CMR025_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་མན་ངག །རིགས་འཕོ་དངོས་གྲུབ་ཀྱི་བཟླས་པ་དང་། པདྨ་དབང་གི་དཀྱིལ་འཁོར་དུ་གདུག་པ་ཅན་ཟིལ་གྱིས་གནོན་ཅིང་ཚར་གཅོད་པའི་མན་ངག །སྲུང་ཟློག་མན་ངག་དང་། བྱབ་གཏོར་གྱི་བར་ཆད་སེལ་ཐབས་རྣམས་ཀྱི་དགོངས་པ་བསྟུན་ཏེ་ཟློག་དཔུང་ཞེས་བྱ་བ་གཏོར་ཟློག་རིགས་ཐམས་ཅད་བསྡུས་ཏེ་བྱ་བའི་མན་ངག །སློབ་དཔོན་རྣམས་ཀྱི་ཕྱག་ལེན་རྙིང་མ་དང་གོ་བསྟུན་ཏེ་བྱ་བ་ནི། བཅའ་ཚོགས་རྒྱས་པར་ལྕགས་འགུ་སོགས་འཇིམ་ཞལ་བྱས་ནས་དམར་གཏོར་ཁྲུ་གང་འཁོར་བརྒྱད་ཤ་ཁྲག་ལིངྒས་བརྒྱན་


CMR025_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྩེར་ཁྱུང་དང་དར་གདུགས། མཐར་རྩང་སྐོར་སྔོ་དམར་སྐུད་པས་དཀྲིས་པ་བྱ། འབྲིང་ཟངས་ལྕགས་སྣོད་དུ་དམར་གཏོར་གཙོ་འཁོར་དགུ་ཤ་ཁྲག་ལིང་གིས་བརྒྱན། ཐ་མ་ཟངས་ལྕགས་སམ་ཁམ་ཕོར་རམ་ཐོད་པ་ཤིང་སྡེར་གང་འཛོམ་དུ་དམར་གཏོར་བཟང་བ་གཅིག་ལ་ཤ་ཁྲག་ལིང་གས་བརྒྱན། ཕུགས་གཏོར་ཚོགས་མཆོད་སོགས་སྤྱི་ལྟར་བཤམས་ནས། བདག་བསྐྱེད་ལྷ་དགུ་ལྷ་ལྔ་གང་རུང་དང་། མདུན་བསྐྱེད་ལྷ་ལྔ་མཆོད་བཞི་བསྟོད་བཞི་ཚོགས་གཏོར་བསྔོས་བསྐང་གསོ་སོགས་བྱ་བ་རྒྱས་པའོ། །འབྲིང་གི་བདག་མདུན་དང་གཏོར་བསྔོས་ཚང་བ། བསྡུས་པ་ལྷ་


CMR025_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

ལྔའི་མངོན་རྟོགས་ཚར་གཅིག་གིས། བདག་མདུན་གཉིས་ཀ་དུས་གཅིག་རྙིང་མའི་ལུགས་ལྟར་བསྐྱེད་སྤྱན་འདྲེན་མཆོད་བསྟོད་བྱ། ཚོགས་མེད་ཀྱང་རུང་ལ་གཏོར་བསྔོས་ལ་བསྐང་སྤུངས་སྦྱར་རོ། །ཡིག་བཅུ་ཅུང་ཟད་བསྙེན་ཚེ་དམིགས་པ་ནི། སྐད་ཅིག་ལ་གནས་འགྱུར་ཏེ་བདག་མདུན་གྱི་གཙོ་བོ་རྟ་མགྲིན་དབུ་སྟོང་ཕྱག་སྟོང་ཕྲག་གཉིས་ཀྱིས་མཚོན་ཆ་སྣ་ཚོགས་ཐོགས་པའམ། མངོན་རྟོགས་ལྟར་ཕྱག་གཉིས་གང་རུང་ལ་འཁོར་བདེ་མཆོག །གཤིན་རྗེ་ཀིང་ཀང་དམར་ནག་འཇིགས་བྱེད་ཚེ་བདག་འཆར་ཀ་ཁྲོ་ཆུ་ལ་སོགས་སྐུ་ཡི་ཁྲོ་བོ་དང་། རྟ་ནག་ལྕགས་རིལ་རྟ་ནག་དྲེགས་པ་ལ་སོགས་གསུང་གི་ཁྲོ་བོ་དང་། ཕྱག་རྡོར་ཡེ་ཤེས་འཇིགས་བྱེད་རྡོ་རྗེ་གཞོན་ནུ་ལ་སོགས་ཐུགས་ཀྱི་ཁྲོ་བོ་དང་། ཆེ་མཆོག་དཔལ་དགུ་ལ་སོགས་ཁྲོ་བོ་རྒྱ་མཚོའི་ཚོགས་ཀྱིས་བསྐོར་བ། སྟེང་དུ་སློབ་དཔོན་པདྨ་ཞི་དྲག་དགོངས་འདུས་ཚོམ་བུ་དགུའི་ལྷ་ཚོགས་ལ་སོགས་གྲུབ་ཐོབ་རྒྱ་མཚོ་བརྒྱུད་པའི་བླ་མ་ཐམས་ཅད་ཁྲོ་ཞིང་གཏུམ་པའི་ཆ་བྱད་ཅན་ཁམས་གསུམ་ཟིལ་གྱིས་གནོན་ནུས་པའི་ཧཱུྃ་སྒྲ་སྒྲོག་པ། གཡས་ཕྱོགས་སུ་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལ་འཇིགས་པ་བརྒྱད་སྐྱོབ་སྒྲོལ་མ་བརྒྱ་རྩ་བརྒྱད་ལ་སོགས་པ་འཕགས་


CMR025_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

མ་སྒྲོལ་མའི་ཚོགས་ཀྱིས་བསྐོར་ནས་བར་ཆད་སེལ་བ། གཡོན་ཕྱོགས་སུ་གསང་བ་ཡེ་ཤེས་ཀྱི་ཌཱཀྐི་ལ་ཕག་ཁྲོས་སེང་གསུམ་སོགས་ཌཀྐི་རྒྱ་མཚོས་བསྐོར་ནས་གདུག་པ་ཅན་དབང་དུ་སྡུད་པ། འོག་ཕྱོགས་སུ་མ་མགོན་ཕྱག་བཞི་གདོང་ལྔ། དུད་སོལ་མ་ནིང་ཏྲིཀྐད་ཞིང་སྐྱོང་ཧབ་ཤ་ཚེ་རིང་མཆེད་ལྔ་བརྟན་མ་བཅུ་གཉིས་ལ་སོགས་དམ་ཅན་རྒྱ་མཚོའི་ཚོགས་རྣམས་བཀའ་ཉན་གསུང་སྡོད་ཀྱི་ཚུལ་དུ་ཀུན་ཀྱང་ཁྲོས་པའི་ཆ་བྱད་ཅན་དུ་བསྒོམ་པར་བྱ་སྟེ། དེ་ནས་ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ར་ཙ་ཧིཡ་ཧ་རི་ནི་ས་གནོད་བྱེད་སརྦ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བསྙེན་པ་བྱ་ཞིང་སྔགས་བརྗོད་པ་ཙམ་གྱིས་ཁྲོ་བོའི་དཀྱིལ་འཁོར་ཐམས་ཅད་མཁའ་འགྲོ་མའི་ཚོགས་རྣམས་དང་རྩ་བརྒྱུད་ཀྱི་བླ་མ་ཐམས་ཅད་དང་། ཆོས་སྐྱོང་ཐམས་ཅད་རང་བཞིན་གྱི་གནས་ནས་ཆར་བབ་པ་ལྟར་བྱོན་ནས། བདག་མདུན་སོ་སོ་ལ་ཐིམ་པས་གཟི་བརྗིད་རབ་ཏུ་འབར་བའི་དཀྱིལ་འཁོར་དུ་གྱུར་པར་བསྒོམ་ཞིང་རིག་པ་ངར་འདོན་ཞིང་བཟླ་བའོ། ༈ །དེ་ནས་གཏོར་སྣོད་བྷན་གྲུ་གསུམ་སྟོང་གསུམ་དང་མཉམ་པའི་ནང་དུ་གཏོར་མ་ལིངྒ་དགྲ་བགེགས་གནོད་བྱེད་མངོན་སུམ་དུ་


CMR025_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་ལ། ན་མོ། རྩ་བརྒྱུད་བླ་མ་ཞེས་པའམ་བཀུག་གཞུག་གསུམ་བྱས་ལ། བདག་མདུན་ལྷ་ཚོགས་ཐམས་ཅད་ཀྱི་ཐུགས་ཀ་ནས། མཚོན་ཆའི་ཆར་ཆེན་པོ་བབས་པས་གནོད་བྱེད་བསྒྲལ་ཏེ་རྣམ་ཤེས་ཆོས་ཀྱི་དབྱིངས་སུ་བསྟིམ། ཁོ་ཡི་སྟོབས་ནུས་ཚེ་བསོད་འོད་དམར་པོའི་ཚུལ་དུ་རང་ལ་ཐིམ་པར་དམིགས་ལ། ཡུངས་དཀར་ནག་གིས་གཏོར་མ་ལིངྒ་ལ་བྲབ་པའམ། ཕུར་པའམ་གྲི་སོགས་གདེང་ཞིང་། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྷི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ར་ཙ་ཧིཡ་ཧ་རི་ནི་ས་སརྦ་ཤ་ཏུཾ་རྨི་ཧུར་ཐུ་ཛ༔ མཱ་ར་ཡ་ཕཊ། ཅེས་པའི་སྔགས་བདུན་ཡན་སྐབས་དང་བསྟུན་ལ་བརྗོད། དེ་ནས་གཏོར་མ་ལིངྒ་བཅས་པ་ངོ་བོ་དགྲ་བགེགས་ཀྱི་ཤ་ཁྲག་སྟོབས་ནུས་ཐམས་ཅད་ལ་རྣམ་པ་ཡེ་ཤེས་ཀྱི་བདུད་རྩིའི་རྒྱ་མཚོ་སྟོང་གསུམ་དང་མཉམ་པ་ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས་པ་དེ་མདུན་བསྐྱེད་ཀྱི་ལྷ་ཚོགས་ཐམས་ཅད་ཀྱི་ཞལ་དུ་བསྟབས་པས་ཧབ་ཆིལ་ཆིལ་གསོལ་བར་བསྒོམས་ལ། །རྒྱས་པར་ལྷ་སོ་སོའི་སྔགས་སམ། བསྡུ་ན་གུ་རུ་དྷེ་ཝ་ཌཱཀྐི་ནཱི་སརྦ་དྷརྨ་པཱ་ལ་གནོད་བྱེད་དགྲ་བགེགས་ཀྱི་གཏི་མུག་ཤ་ཡི་བ་ལི་ཏ་ལ་ཁཱ་ཧི། འདོད་ཆགས་ཁྲག་གི་བ་ལིཾ་ཏ་ཁ་ཁཱ་ཧི། ཞེ་


CMR025_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

སྡང་རུས་པའི་བ་ལིཾ་ཏ་ལ་ཁཱ་ཧི། ཞེས་ལན་གསུམ་གྱིས་བསྔོས་ནས་འོག་གི་བཟློག་གཞུང་འདོན་ཚེ་ཡང་ཤ་ཁྲག་ཞལ་དུ་བསྟབས་པས་དམར་ལྗིབ་ལྡིབ་རྐན་སྒྲ་དང་བཅས་ཏེ་གསོལ་བའི་དམིགས་པ་ཁོ་ན་བྱའོ། །དེ་ཡང་དང་པོ་ཀིང་ཀང་ཡོད་པས་བསྒྲལ་ལས་དོན་བསྡུས་དང་། འཇིགས་བྱེད་ལ་བསྟབས་ནས་འདུས་པ་ལས། དེ་མིན་གོ་རིམ་མེད་ཀྱང་། དེ་ཡང་གོང་གི་བསད་སྔགས་དེས་ཡུངས་དཀར་ནག་སྔགས་ཏེ་ལིངྒ་ལ་བྲབས་ནས་དགྲ་བགེགས་གང་ལ་བྱ་བ་དེ་རེངས་བ་དང་བརྒྱལ་བ་དང་འཆིང་བར་འགྱུར་རོ། །ཞེས་དང་། རྟ་མགྲིན་དབུས་སུ་སྒོམ་པའི་སྔགས་དམིགས་དེས་ཕྲིན་ལས་ཐམས་ཅད་འདི་ཡིས་འགྲུབ་པ་ནི་བྱད་ཁ་ཟློག་ཅིང་སྲུང་འཁོར་བྱེད་པ་དང་། མཛེ་ཕོ་དང་ནད་པ་གསོ་བ་དང་སྨོན་པ་འདུལ་ཞིང་སེར་བ་བསྲུང་བ་དང་། བསད་པ་དང་མནན་པ་དང་བསྐད་པ་ལ་སོགས་པའི་ཕྲིན་ལས་གང་སྒྲུབ་ཀྱང་ཁྲོ་བོའི་དཀྱིལ་འཁོར་དུ་བསྒོམ་ཞིང་སྔགས་སྤེལ་ལ་ཕྲིན་ལས་གང་སྒྲུབ་ཀྱི་ཤམ་བུ་གདག་རེས་བྱའོ། །ཞེས་གསུངས་པ་ཉང་གཏེར་གྱི་ལུགས་པཀིའི་ཐུགས་དམ་མོ། །སྲུང་ཟློག་བྱེད་ན་རང་རྒྱལ་བ་རྒྱ་མཚོ་གོང་ལྟར་རྟ་མགྲིན་དུ་སྒོམ་པའི་ཐུགས་ཀར་ཧཱུྃཿཡིག་ནང་


CMR025_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

ངམ་རང་གི་གཡས་སུ་ཕོ་རིགས། ནོར་ཕྱུགས་ཟས་ནོར་མདུན་དུ་བསྒོམ། དེ་རྒྱབ་མི་མགོ་སྲུབ་མེད་པ་བུམ་རིལ། དེ་རྒྱབ་དཔའ་བོ་མཁའ་འགྲོ། དེ་རྒྱབ་རྡོ་རྗེ་ཁྲོ་བོ་མཚོན་ཆ་སྣ་ཚོགས་ཐོགས་པ། གནམ་ལྕགས་ཀྱི་འཁོར་ལོའི་གུར། དེ་རྒྱབ་མེ་རི་དང་གུར་ལྔ་རིམ། རང་རང་གི་ལྷ་ཚོགས་གར་བྱེད་ཅིང་ཨ་རལླི་ཡི་སྒྲ་བསྒྲོགས་པས་འོད་ཟེར་མེ་ལྟ་བུ་འཕྲོས་པས་འཁོར་ལོ་གཡས་སུ་འཁོར་བ་བྱེད་མ་དགྲ་བགེགས་ཚལ་པ་ཐ་ར་ར་སོང་བར་མེ་ཡི་གུར་གྱིས་བསྲེགས་པར་བསྒོམ་ཞིང་རྩ་སྔགས་ལ་མ་མ་བཛྲ་རཀྵ་རཀྟ་བཏགས། དགོང་ཁ་སརྦ་ཨ་པ་ན་ཡ་བཟློག་ཅེས་བཏགས་སོ། །དེ་ནས་འདོན་བྱ་གཞུང་ནས་ལོགས་སུ་བཀོད་པ་ལྟར་རོ། །འབུལ་དུས་རབ་གསེར་སྐྱེམས་བྱ། མ་གྲུབ་ན་དཀར་གཏོར་བསྔོས་ལ་རྒྱུ་ལྡོག་དང་བསྟུན་ལ་ཕྱི་རོལ་དུ་འབུལ་ལོ། །ཞེས་སྣ་ཚོགས་དབྱིག་གི་ལོ་རྒྱལ་ཟླ་བའི་ཡར་ཚེས་ལ་བླ་མ་རིན་པོ་ཆེ་རཱ་ག་ཨ་སྱས་མན་ངག་སྙན་བརྒྱུད་དུ་གསུངས་པ་བདག་བིརྱ་ས་ག་རས་བྲིས་སོ།། །།སརྦ་མངྒ་ལཾ། །སྤྱི། རྒྱ་རྒྱ་རྒྱ༔ ས་མ་ཡ༔ ཁ་ཐཾ། །


previousབཅོམ་ལྡན་འདས་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔའི་ཟློག་དཔུང་གདུག་པ་ཟིལ་གནོན་དགྲ་བགེགས་ཀུན་འཇོམས་ཀྱི་ཟིན་བྲིས་ཞལ་ཤེས་བི་ཛཱ་ཧ་ར།next