Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
རྒྱལ་བ་རྒྱ་མཚོའི་བོགས་འདོན་བསྲེ་བའི་སྐོར།
   
   
   
   
   
   


 
previousརྒྱལ་བ་རྒྱ་མཚོའི་བོགས་འདོན་བསྲེ་བའི་སྐོར།next

རྒྱལ་བ་རྒྱ་མཚོའི་བོགས་འདོན་བསྲེ་བའི་སྐོར།


CMR025_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོའི་བོགས་འདོན་བསྲེ་བའི་སྐོར་རྣམས་བཞུགས་སོ།།


CMR025_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀི་ཤྭ་ར་ཡེ། འཕགས་པ་འཇིག་རྟེན་དབང་ཕྱུག་ལ་ཕྱག་འཚལ་ལོ། །འདིར་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྩ་རླུང་གི་མན་ངག །བོགས་འདོན་གྱི་སྐབས་ནས་བསྲེ་བའི་མན་ངག་མང་པོ་ཞིག་གོ་རིམ་ངེས་པར་བཤད་པར་བྱའོ། །ཆོས་བདག་ཀླུ་ཀིས་བཀའ་ཡི་གནང་བ་སྩལ་དུ་གསོལ། དེ་ལ་རྗེ་གྲུབ་ཆེན་ཀརྨ་པཀྵིའི་མན་ངག་བསྲེ་བ་སྐོར་གསུམ་གྱི་ནང་ནས། རླུང་མཁའ་འགྲོ་དང་བསྲེ་བ་འདི་ད་རེས་དགོས་པར་བྱུང་བས་བསྒོམ་པར་བྱ་སྟེ། རང་ཉིད་ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་རྩ་གསུམ་འཁོར་ལོ་བཞི་དང་བཅས་པ་གསལ་བར་བསྒོམ་པའི། ལྟེ་འོག་སོར་


CMR025_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

བཞིའི་ཐད་དབུ་མའི་ནང་རོ་རྐྱང་དབུ་གསུམ་གཅིག་ཏུ་འདུས་པའི་སར། རང་གི་ཐིག་ལེ་དམར་པོའི་དྭངས་མ། ཨ་ཐུང་ཕག་མོའི་ངོ་བོ། སྲིད་པའི་མ་མོ་མཁའ་འགྲོ་ཐམས་ཅད་གཅིག་ཏུ་འདུས་པའི་ངོ་བོ་ཐིག་ལེ་དམར་པོ་སྲན་མ་ཙམ། ལྕགས་སྲེག་ལྟར་རེག་བྱ་ཚ་བ། མེ་སོར་བཞི་ཙམ་གྱེན་དུ་འབར་བར་བསྒོམ། ནམ་མཁའ་དང་བར་སྣང་ཐམས་ཅད་ལྷ་མོ་རི་ཁྲོད་ལོ་མ་གྱོན་མ་སེར་མོ་སེར་དཀར་དམར་བའི་ཞལ་གསུམ་ཁྲོ་ཞིང་བཞད་པ། སྤྱན་དགུས་བགེགས་ལ་གཟིར་བ། ཕྱག་དྲུག་གིས་གཡས་གསུམ་རྡོ་རྗེ་དགྲ་སྟ་མདའ། གཡོན་གསུམ་སྡིགས་མཛུབ་ཞགས་པ་དང་


CMR025_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་ཐུགས་ཀར་བསྒྲེང་བ་དང་། ཤིང་གི་ཡལ་ག་དང་རྨ་བྱའི་མདོངས། གཞུ་འཛིན་པ། ཞབས་གཡས་བསྐུམ་གཡོན་བརྐྱངས་པས་པད་ཉི་དང་ནད་བདག་མནན་པ། ཤིང་ལོ་རྨ་བྱའི་མདོངས་ཀྱི་ཤམ་ཐབས་ཅན། རིགས་ལྔས་དབུ་བརྒྱན་ཅིང་། སྐུ་ལ་མེ་དཔུང་འབར་ཞིང་འཚུབས་པས་ཡམས་ནད་རིམས་ནད། ནད་བདག་དང་བཅས་པ་བསྲེགས། དེ་བ་སྐུ་ལས་བདུད་རྩི་ཁ་དོག་ལྔའི་ཆར་འབེབས་པས་རང་དང་བསྲུང་བྱའི་ཡམས་ནད་ཐམས་ཅད་བཀྲུ་བ། དེའི་ཐུགས་ཀར་པཾ་ཡིག་ལ་པི་ཤ་ཙིའི་སྔགས་ཀྱིས་བསྐོར་བ་དང་བཅས་པ། །ཡེ་ཤེས་པ་དང་དམ་ཚིག་པ་དབྱེར་མེད་པས་ནམ་མཁའ་བར་སྣང་གང་བར་བསྒོམ། རླུང་གཅིག་ཚུར་རྩུབ་པས་དེ་ཐམས་ཅད་འོད་ཁ་དོག་ལྔའི་རང་བཞིན་དུ་གྱུར་ནས་སྣ་བུག་ནས་ཞུགས་ཏེ་རོ་རྐྱང་གཉིས་ནས་བརྒྱུད། ལྟེ་འོག་གི་མེ་ལ་ཐིམ་པར་བསྒོམས་ལ་རླུང་ཐུབ་ཏང་དུ་བཟུང་སྟེ། དེ་ཚེ་སེམས་ཅི་ཡང་མི་དམིགས་པ་རང་སེམས་ཀྱི་ངོ་བོ་ལ་བལྟའོ། །སེར་མོ་ཕྱག་དྲུག་མ་འདི་རྒྱུད་སམ་བྷུ་ཊི་དང་སྒྱུ་འཕྲུལ་དྲྭ་བའི་རྒྱུད་ནས་གསུངས་པས་ཤིན་ཏུ་ཁུངས་བཙུན་པས་ལེགས་སོ། ༈ །ཡང་ཞལ་ཕྱག་མང་བ་དེ་དམིགས་པ་ཟིན་དཀའ་ན། སེར་མོ་ཞལ་


CMR025_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་ཕྱག་གཡས་རྡོ་རྗེ་ཕྱར་ཞིང་གཡོན་སྡིགས་མཛུབ་ཐུགས་ཀར་བསྒྲེང་བ་ཞབས་སྐྱིལ་ཀྲུང་པད་ཟླ་ལ་བཞུགས་པ། སྐུ་ལས་མེ་འབར་བས་ཡམས་ནད་བདག་པོ་དང་བཅས་པ་བསྲེག་ཅིང་། བདུད་རྩི་ཁ་དོག་ལྔའི་ཆར་འབེབས་པས། ཡམས་ནད་བཀྲུ་བ་གོང་ལྟར་བསྒོམས་ལ། རླུང་བཟུང་བས་ཐམས་ཅད་འོད་དུ་ཞུ་བ་ལྟེ་འོག་མེ་ལ་བསྟིམས་ལོ་མཉམ་བཞག་བསྒོམ་པར་བྱའོ། ༈ །ཡང་དམིགས་པ་གཅིག་གིས་སུན་ནས། དམིགས་པ་མང་པོ་བསྒོམ་པར་སྤྲོ་ན། ལོ་མ་ཅན་ཞལ་གསུམ་ཕྱག་བཞི་སེར་མོ། གཡས་གཉིས་རྡོ་རྗེ་་དགྲ་སྟ་གཡོན་གཉིས་སྡིགས་མཛུབ་རྨ་བྱའི་མདོངས་འཛིན་པ་དང་། ཡང་ལྗང་མོ་ཞལ་གསུམ་ཕྱག་དྲུག་པ་རྒྱན་ཆ་ལུགས་ཕྱག་མཚན་སོགས། སེར་མོ་ཞལ་གསུམ་ཕྱག་དྲུག་མ་དང་འདྲ་བ་བསྒོམས་ལ་སྤྲོ་བསྡུ་སྔར་ལྟར་བྱ་སྟེ། འདི་དག་གི་སྐབས་སུ་སྔགས་ཡིད་བཟླས་ཡི་གེ་དྲུག་པ་ཁོ་ནས་ཆོག་སྟེ། སྤྲོ་ན་ཐུན་མཇུག་ཏུ་ཡིག་དྲུག་ལ་པི་ཤ་ཙི་ཚར་བདུན་ཙམ་བཏགས་ཀྱང་ལེགས་སོ། ༈ །ཡང་དེ་ཉིད་དྲག་མོར་བསྒོམ་ན། མདུན་དུ་ལྷ་མོ་དུད་སོལ་མ་བསྒོམས་ལ། བཛྲ་ས་མཱ་ཛཿ ཞེས་ཡེ་ཤེས་པ་བསྟིམ་ལྷ་མོའི་ཐུགས་ཀའི་ཧཱུྃ་གི་ཟླ་ཚེས་ཟླ་བའི་དཀྱིལ་


CMR025_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ལས་འོད་ཟེར་དཀར་པོ་འཕྲོས་པས་ཕྱོགས་བཅུའི་འཇིག་རྟེན་ཐམས་ཅད་ཀྱི་བདུད་རྩིའི་བཅུད་བསྡུས་ཏེ། ལྷ་མོའི་སྤྱི་བོར་བུམ་པ་དཀར་པོའི་ནང་དུ་ཞུགས། བུམ་པ་ནས་བདུད་རྩི་དཀར་པོ་ལྷུད་ལྷུད་བབས་པས་ལྷ་མོའི་ཞལ་དུ་ཞུགས་པས་སྐུ་ལུས་ངང་ལྟེམ་གྱིས་གང་། མ་ཤོང་ནས་སྐྱུགས་པའི་ཚུལ་དུ་ཞལ་ནས་བདུད་རྩིའི་ཆར་བྱུང་བས་རང་དང་བསྲུང་བྱའི་ནད་རིམས་ཐམས་ཅད་བཀྲུས་ནས་ལུས་ཤེལ་སྒང་ལྟར་གྱུར། དེ་ནས་རླུང་བཟུང་བས་ལྷ་མོ་འོད་དུ་ཞུ་བ་སྣ་བུག་ནས་རླུང་དང་མཉམ་དུ་ལྟེ་འོག་གི་གཏུམ་མོའི་མེ་ལ་ཐིམ་པར་བསྒོམས་ནས། །རླུང་ཐུབ་ཐང་དུ་བཟུང་དེའི་ཚེ་སེམས་ཕྱག་རྒྱ་ཆེན་པོའི་ངང་ལ་བཞག་པར་བྱའོ། །ཨོཾ་ཏྲི་ཡེའི་སྔགས་ཡིག་དྲུག་ལ་བཏགས་ལ་བདུན་ཙམ་བཟླས་ཀྱང་རུང་། གཙོ་བོར་ཡིག་དྲུག་ཡིད་བཟླས་བྱའོ། །རིམས་ནད་སེལ་བའི་བསྲེ་བའོ། །ཞེས་ཨ་རཱ་གས་མཐར་ཕྱིན་ལ་གདམས་པའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱལ་བ་རྒྱ་མཚོའི་བོགས་འདོན་བསྲེ་བའི་སྐོར།next