Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གཉིས་ཀྱི་སྒྲུབ་ཐབས་རྣམས་ཀྱི་དུས་རྟགས་གྲངས་ཀྱི་བསྙེན་ཚད་ཕན་ཡོན་དང་བཅས་པ་མདོར་བསྡུས་པ།
   
   
   
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གཉིས་ཀྱི་སྒྲུབ་ཐབས་རྣམས་ཀྱི་དུས་རྟགས་གྲངས་ཀྱི་བསྙེན་ཚད་ཕན་ཡོན་དང་བཅས་པ་མདོར་བསྡུས་པ།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གཉིས་ཀྱི་སྒྲུབ་ཐབས་རྣམས་ཀྱི་དུས་རྟགས་གྲངས་ཀྱི་བསྙེན་ཚད་ཕན་ཡོན་དང་བཅས་པ་མདོར་བསྡུས་པ།


CMR025_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གཉིས་ཀྱི་སྒྲུབ་ཐབས་རྣམས་ཀྱི་དུས་རྟགས་གྲངས་ཀྱི་བསྙེན་ཚད་ཕན་ཡོན་དང་བཅས་པ་མདོར་བསྡུས་པ་བཞུགས་སོ།།


CMR025_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་རཱ་ཡ། རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཞབས་ལ་འདུད། །རྒྱལ་བ་རྒྱ་མཚོའི་ལྷ་དགུ་ལྷ་ལྔ་གཉིས། །སྒྲུབ་པའི་དུས་རྟགས་གྲངས་ཀྱི་བསྙེན་པའི་ཚད། །ངེས་ཤེས་བསྐྱེད་ཕྱིར་གཞུང་གི་ལུང་འདྲེན་བཀོད། །ལྷ་དགུའི་རྒྱ་གཞུང་གྲུབ་ཆེན་ཛ་ལན་རས་མཛད་པ་ལས། གྲངས་ཀྱི་བསྙེན་པ་འབུམ་ཕྲག་གསུམ་དང་། དུས་ཀྱི་བསྙེན་པ་མཚན་མའི་བསྙེན་པ་ནི། ནམ་མཁའ་དང་ས་གཞི་འོད་དམར་པོས་གང་བར་མེ་ཏོག་དམར་པོ་འཐུ་བ་དང་། གླང་པོ་ཆེ་ལ་ཞོན་ནས་རི་བོ་ཏ་ལར་ཕྱིན་པ་དང་། བུད་མེད་རྒྱུན་གྱིས་བརྒྱན་པས། མེ་ཏོག་བདག་ལ་


CMR025_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་ཞིང་མ་ཎིའི་དབྱངས་སྒྲོགས་པ་དང་། སྤྲིན་ལྡིང་བའི་ཐོག་ཏུ་འདུག་པ་དང་། དེ་བཞིན་གཤེགས་པའི་སྐུའི་མདུན་དུ་ཕྱིན་པ་ལ་སོགས་པ་དང་། རིན་པོ་ཆེའི་སྐས་ལ་འཛེག་པ་ལ་སོགས་པའི་རྨིས་ལྟས་བཟང་པོ་རྣམས་འབྱུང་བའོ། །ཞེས་དང་། ཨོ་རྒྱན་རིན་པོ་ཆེས་མཛད་པའི་རཏྣ་གླིང་པའི་གཏེར་ཁ་ལྷ་དགུ་ལས། སྒྲུབ་པའི་རྟགས་ཕྱིའི་རྟགས་སུ་ལུས་བདེ། ཁམས་དྭངས་རིག་པ་དྭངས། གཏོར་མ་ཁོལ་བ་འབྱུང་། ནང་རྟགས་སུ་ཉམས་དང་རྨི་ལམ་དུ་བུད་མེད་ཀྱི་ཚོགས་འདུ། བདག་ལ་བསྐོར་བ་དང་མཆོད་པ་བྱེད་པ་དང་། གྱེན་ལ་འགྲོ་བ། གནམ་ལ་འཕུར་


CMR025_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

བ། རྒྱན་ཐོགས་པ། ཆུ་བོ་བརྒལ་བ། ཉི་ཟླ་ཤར་བ། གསང་ཚིག་སྨྲ་བ། མེ་ཏོག་དམར་པོ་འཐུ་བ་སོགས་དཔག་མེད་འབྱུང་ངོ་། །བྱུང་ཡང་དགག་སྒྲུབ་མི་བྱ་མཉམ་ཉིད་དུ་བཞག །ཅེས་དང་། བུམ་ཆུ་གཏོར་མ་བྷན་ལ། །གཟུངས་ཆུ་གཟུངས་རིལ་མང་དུ་ནི། །བསྒྲུབས་ནས་འགྲོ་བ་ཡོངས་ལ་སྤེལ། །རིན་ནི་མ་ཎི་འུར་རྒྱག་བླང་། །འདི་ནི་ཡོན་ཏན་བརྗོད་མི་ལོངས། །སྐྱེ་བ་བདུན་ནས་པདྨ་ཅན། །འོད་དཔག་མེད་པའི་སྲས་སུ་འགྱུར། །སྒྲུབ་པ་བྱེད་པའི་རྣལ་འབྱོར་པས། །ཚེ་འདིར་རིག་འཛིན་ཐོབ་པར་འགྱུར། །དང་དུ་ལོངས་ཤིག་སྐལ་པ་ཅན། །ཨེ་མ་རྒྱལ་བ་རྒྱ་མཚོའི་གསང་སྒྲུབ་འདི། །མ་འོངས་དོན་ལ་གཅེས་དགོངས་ནས། །བདག་འདྲ་པདྨས་ཡི་གེར་བཀོད། །ཅེས་དང་། རང་བྱུང་རྡོ་རྗེའི་ལྷ་དགུ་ཚིགས་བཅད་མ་ལས། གྲངས་ཀྱི་བསྙེན་པོ་འབུམ་ཚོ་བཅུ་གཉིས། རྒྱལ་བའི་དཀྱིལ་འཁོར་མཐོང་བར་གསུངས། །ཞེས་དང་། གཉན་རས་ཀྱི་ཞལ་གདམས་རང་བྱུང་བས་ཡི་གེར་བཀོད་པ་ལྷ་དགུའི་དམིགས་རིམ་ལས། དེ་ལྟར་བསྒོམ་ཞིང་བླ་མའི་མན་ངག་བཞིན་བསྲེ་བ་དང་སྦྱར་ནས་བསྒོམས་ན་མཆོག་ཐུན་མོང་གི་དངོས་གྲུབ་ཚེ་འདི་ཉིད་ལ་ཐོབ་སྟེ། འོད་


CMR025_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་ཆེན་པོ་འགྲོ་འོང་མེད་པ་མངོན་དུ་གྱུར་ནས། མཁའ་སྤྱོད་ཀྱི་དངོས་གྲུབ་ཐོབ་པར་འགྱུར། ཅེས་གསུངས་སོ། །རང་བྱུང་རྡོ་རྗེའི་ལུས་དཀྱིལ་ཚིགས་བཅད་མ་དང་། པདྨ་ཟབ་པའི་རྒྱུད་གཉིས་ཚིག་དོན་མཐུན་པར། ལུས་ཀྱི་དཀྱིལ་འཁོར་ལེགས་བསྒོམས་པས། །སངས་རྒྱས་སྤྱན་གྱི་རྣལ་འབྱོར་གྱིས། །ལུས་ལ་བདེ་བ་སྟེར་བར་བྱེད། །གོས་དཀར་དྲོད་ལ་བདེ་བ་སྟེར། །མཱ་མ་ཀཱི་ཡིས་ཁྲག་ལའོ། །སྒྲོལ་མས་དབུགས་ལ་བདེ་བ་སྟེར། །ལས་ཀྱི་མཁའ་འགྲོས་བདེ་ཆེན་སྟེར། །པདྨ་མཁའ་འགྲོས་རབ་དགའ་ཉིད། །རིན་ཆེན་མཁའ་འགྲོས་མཆོག་དགའ་འོ། །རྡོ་རྗེ་བདེ་སྟོང་གཉིས་མེད་སྟེར། །གཟུགས་ཀྱི་མཐོང་བ་ཐམས་ཅད་དང་། །སྒྲ་དྲི་རོ་དང་རེག་ལ་སོགས། །ཐམས་ཅད་བདེ་བ་སྟེར་བར་བྱེད། །དེ་ལྟའི་ཡོན་ཏན་ཐོབ་པར་འགྱུར། །ཅེས་གསུངས་སོ། །ལྷ་ལྔའི་སྒྲུབ་ཐབས་གྲུབ་པའི་རྒྱལ་མོས་མཛད་པའི་རྒྱ་སྐད་ཅན་ལ། བསྙེན་རྟགས་ནི། བུད་མེད་གཅེར་བུ་དཔག་མེད་འདུ་བ་དང་། །མཆོད་རྟེན་རྩེ་ལ་བསྡད་པ་དང་། །འོད་དམར་ཁྱིམ་རྣམས་གང་བ་དང་། །སྨན་གྱི་དྲི་ཡིས་ཁྱབ་པ་དང་། །མངོན་པར་ཤེས་པ་འབྱུང་བ་དང་། །འགྲོ་བ་


CMR025_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་མོ་འདུ་བ་དང་། །རྒྱན་ཅན་བུད་མེད་འདུ་བ་དང་། །ཟང་ཟིང་དགོས་འདོད་འབྱུང་བའི་རྟགས། །ལས་སྦྱོར་རྫས་སྨན་དེ་ཉིད་ནི། །གང་དུ་འགྲོ་ལ་སྦྱིན་པར་བྱ། །རྣམ་སྨིན་ཕུང་པོ་ནམ་དོར་བར། །འོད་དཔག་ཞིང་དུ་ཐེ་ཚོམ་མེད། །ཅེས་གསུངས་སོ། །ཉང་གི་གཏེར་ཁ་བ་མཁལ་མའི་གཞུང་ལས། དེ་ལྟར་སྒོམ་བཟླས་བྱས་པའི་རྟགས་ནི། ལུས་བདེ་བ་དང་། ཡང་བ་དང་། སྣང་བ་དང་། འཛིན་པ་ཆུང་བ་དང་། སྣང་བ་སྒྱུ་མ་ལྟར་མཐོང་བ་དང་། འོད་དང་། སྒྲ་དང་། དྲི་ཞིམ་པོ་འབྱུང་ངོ་། །ཞེས་དང་། གྲུབ་པའི་རྒྱལ་མོས་རས་ཆུང་པ་ལ་གནང་བའི་ལྷ་ལྔའི་གསང་སྒྲུབ་གཅིག་བརྒྱུད་མ་ལས། འདི་ནི་སྐད་ཅིག་དྲན་པ་ཙམ་གྱིས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་མྱུར་དུ་ཐོབ། །མཁའ་སྤྱོད་གནས་སུ་ཁྲིད་པར་བྱེད་པའི་རྟགས། །འཆི་ཚེ་རྟགས་དང་མཚན་མ་འཇའ་དང་ནི། །སྐུ་གདུང་རིང་བསྲེལ་ཤ་རི་རམ་ལ་སོགས། །འབྱུང་བར་འགྱུར་ཏེ་ཐེ་ཚོམ་ཡོད་མ་ཡིན། །ཞག་བདུན་གྱིས་ཞལ་མཐོང་བ་དང་། དངོས་གྲུབ་མ་ལུས་པ་འབྱུང་བ་ཡིན་པས། ཤིན་ཏུ་གསང་བར་བྱའོ། །སློབ་དཔོན་དུ་མི་འཛིན་ཅིང་རང་གིས་བརྒྱུད་པ་མིན་པ་ལ་གསང་བར་བྱའོ། །


CMR025_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་དང་། ལྷ་ལྔའི་རྒྱ་གཞུང་ཆེན་པོ་རྡོ་རྗེ་སྙིང་པོས་མཛད་པ་ལས། ལྟས་དང་ཆོ་འཕྲུལ་མཁའ་འགྲོའི་རྟགས། །དངོས་གྲུབ་མཚན་མ་ལ་སོགས་པ། །བཟང་ངན་བྱེ་བྲག་ཅི་ལྟར་ཡང་། །གང་ལ་དགའ་དང་མི་དགའ་བའི། །མཚན་མར་འཛིན་པར་མི་བྱའོ། །དེ་ལྟར་ཞག་བདུན་ཉེར་གཅིག་སོགས། །ཟླ་གསུམ་ཟླ་དྲུག་ལ་སོགས་པར། །མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ། །ཅེས་གསུངས་སོ། །ཉང་གི་གཏེར་ཁ་ལྷ་ལྔ་གཙོ་བོ་བསྙེན་པའི་སྐབས་ལས། དེ་ལྟར་དུས་ཀྱི་བསྙེན་པ་ཞག་ཉི་ཤུ་རྩ་གཅིག །གྲངས་ཀྱི་བསྙེན་པ་འབུམ་ཚོ་གསུམ། མཚན་མའི་བསྙེན་པ་རྟགས་བྱིན་ཆེ་བ་དང་། ལུས་བདེ་བ་དང་། ཡང་བ་དང་། སྣང་བ་ལ་འཛིན་པ་ཆུང་བ་དང་། སྣང་བ་སྒྱུ་མ་ལྟར་འབྱངས་བ་དང་། འོད་དང་། སྒྲ་དང་། དྲི་ཞིམ་པ་རྣམས་འབྱུང་། ཞེས་དང་། དེ་ཡི་སྒྲུབ་པའི་སྐབས་ནས། རྟགས་ནི་ལུས་བདེ་བ་དང་། ཡང་བ་དང་། སྣང་བ་ལ་འཛིན་པ་ཆུང་བ་དང་སྣང་བ་སྒྱུ་མ་ལྟར་མཐོང་བ་དང་། འོད་དང་སྒྲ་དང་། དྲི་ཞིམ་པ་རྣམས་འབྱུང་ངོ་། །ཞེས་དང་། ཉང་གི་གཏེར་ཁ་ནང་སྒྲུབ་སྙན་བརྒྱུད་ཡི་གེར་བཀོད་པ་ལས། དེ་ལྟར་


CMR025_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

དུས་ཀྱི་བསྙེན་པ་ཞག་ཉི་ཤུ་རྩ་གཅིག །གྲངས་ཀྱི་བསྙེན་པ་འབུམ་ཚོ་གསུམ། མཚན་མའི་བསྙེན་པའི་རྟགས། བྱིན་ཆེ་བ་དང་། ལུས་བདེ་བ་དང་། ཡང་བ་དང་། སྣང་བ་ལ་འཛིན་པ་ཆུང་བ་དང་། སྣང་བ་སྒྱུ་མ་ལྟར་མཐོང་བ་དང་། འོད་དང་། སྒྲ་དང་། དྲི་ཞིམ་པ་རྣམས་འབྱུང་ངོ་། །ཞེས་དང་། རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་ཐབས་སངས་རྒྱས་གླིང་པའི་གཏེར་ཁ་ལས། དེ་ལྟ་བུའི་ཚུལ་གྱི་ཏིང་ངེ་འཛིན་བརྟན་ཞིང་བསྙེན་པ་ཐེམ་ནས། གསང་སྔགས་ཕྱི་ནང་གི་བཀའ་ཐམས་ཅད་ལ་བྱན་ཚུད་ནས་ལས་ཚོགས་ཐམས་ཅད་ལ་ཐོགས་ཟློཔ་མེད་པར་འགྱུར་རོ། །ཞེས་དང་། དེའི་ཁྱེར་སོ་གསུམ་གྱི་གདམས་ངག་ལས། ཨེ་མ་ཡི་དམ་ལྷ་སྒྲུབ་བསྙེན་པ་བྱེད་པ་ལས། །ཁྱེར་སོ་གསུམ་ལྟར་ཚུལ་བཞིན་གནས་གྱུར་ན། །མཆོག་དང་ཐུན་མོང་དངོས་གྲུབ་ཚེ་འདིར་འགྲུབ། །ས་མ་ཡ། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་སྒྲུབ་པ། ཡབ་ཡུམ་གཉིས་མེད་ཀྱི་རྒྱུད། པདྨ་རྒྱལ་པོ་དང་པདྨ་ཟབ་པའི་རྒྱུད་ལས་བཏུས་ཏེ། དགེ་སློང་པདྨ་འབྱུང་གནས་ཀྱིས་མཛད་པའོ།། །།ས་མ་ཡ༔ རྒྱ་རྒྱ་རྒྱ༔ བརྡ་ཐིམ༔ རྒྱལ་པོ་སྲོང་བཙན་སྒམ་པོ་ལ་མཁའ་འགྲོས་ལུང་བསྟན་པའི་རྒྱལ་བ་རྒྱ་


CMR025_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

མཚོའི་སྒྲུབ་ཐབས་ལ། དེ་ལྟ་བུའི་དུས་ན་རྒྱུན་མི་འཆད་པ་གསུམ་ཡང་འབྱུང་སྟེ། སྣང་བ་ལྷའི་དཀྱིལ་འཁོར་ལ་མི་དང་མི་མ་ཡིན་པ་གང་ཡང་མེད་པས་མཚམས་རྒྱུན་མི་འཆད་པའོ། །གྲག་པ་སྔགས་ཀྱི་དཀྱིལ་འཁོར་ལ། ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པ་མན་པ་གང་ཡང་མེད་པས། འཛབ་བཟླས་རྒྱུན་མི་འཆད་པའོ། །དེ་ལྟ་བུའི་དུས་ན་འདུ་བ་རྣམ་པ་གསུམ་ཡང་འབྱུང་སྟེ། ལུས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་པས། འགྲོ་བ་མི་ཐམས་ཅད་འདུས་ཏེ་མོས་གུས་བྱེད། ངག་ཐུགས་རྗེ་ཆེན་པོའི་གསུང་དུ་འགྲུབ་པས། བཀའ་ཉན་ཅིང་ཅི་སྨྲས་ཆོས་སུ་འགྲོ། སེམས་ཐུགས་རྗེ་ཆེན་པོའི་ཐུགས་སུ་འགྲུབ་པས། ཆོས་ཉིད་ཀྱི་དགོངས་པ་གདེང་ནས་རྟོགས་པ་སྟེ། བྱིན་རླབས་ཀྱི་གཞན་དོན་འགྲུབ་སྟེ་དགོངས་པར་གྲོལ་ལོ། །ཞེས་གསུངས་སོ། །གྲུབ་ཆེན་པཀྵིའི་བཀའ་འབུམ་པོ་ཏི་བརྒྱད་ཀྱི་ནང་ནས། དཀོན་མཆོག་འབངས་ཀྱིས་བཏུས་པ་ནི། དེ་ལྟར་བསྐྱེད་རྫོགས་ཟུང་འཇུག་ཏུ་ཉམས་སུ་བླངས་ན། ཕན་ཡོན་བསམ་གྱིས་མི་ཁྱབ་པ་འབྱུང་སྟེ། གང་གིས་མ་ཎི་པདྨེ་དབྱངས་ལེགས་པར་བསླབས་ནས་རྒྱུན་ཆད་མེད་པར་ཡུལ་ཁམས་ཀུན་ཏུ་དབྱངས་སུ་བླང་ན། དཔའ་བོ་མཁའ་


CMR025_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

འགྲོ་རྒྱ་མཚོ་ཐམས་ཅད་ཀྱིས་བྱིན་གྱིས་བརླབ་ཅིང་རབ་ཏུ་གནས་ནས་སྐུ་བཞི་འདུ་འབྲལ་མེད་པའི་དོན་རྟོགས་ཤིང་། སྐུ་ལྔའི་སངས་རྒྱས་རང་ཉིད་ལ་རྫོགས་པར་འགྱུར་རོ། །ཞེས་པ་དང་། ཁ་པ་ནས། བླ་མ་ཀརྨ་པ་ནི་ཕྱོགས་བཅུར་ཕྲིན་ལས་སྣ་ཚོགས་སྒྲུབ་པ་སྟེ། ཕྱག་རྒྱ་ཆེན་པོ་དང་ཡི་གེ་དྲུག་མས་བྱེད་པ་ཡིན་པས་གདུལ་བྱར་གྱུར་པ་རྣམས་ཀྱང་ཐུགས་རྗེ་ཆེན་པོའི་བསྐྱེད་རྫོགས་གཉིས་ལ་གོམས་ཤིང་གྲུབ་པ་ཐོབ་ནས། འགྲོ་དོན་བསམ་གྱིས་མི་ཁྱབ་ཅིང་སྣང་བ་མཐའ་ཡས་ཀྱི་ཞིང་ཁམས་མཐོང་ཞིང་ས་ལམ་རྫོགས་པར་འགྱུར་རོ། །ཞེས་དང་༔ བླ་མ་རིན་པོ་ཆེ་ཀརྨ་པ་དང་། ཐུགས་རྗེ་ཆེན་པོའི་བར་ན་བརྒྱུད་པ་ཡོད་ཀྱང་ཉན་མེད་ཀྱང་ཉན། ཀུན་གྱིས་བསྒྲུབས་ན་འགྲུབ་ཐག་ཤིན་ཏུ་ཉེ་བ་ཡིན་ནོ། །ཞེས་སོགས་གསུངས་པའི་ཕྱིར་རོ། །ཨོཾ་མ་ཎི་པདྨེ་ཧཱུྃ། རྡོ་རྗེ་འཆང་གི་ལུང་། རང་བྱུང་རྡོ་རྗེའི་གཏམ། འགྲོ་བ་རིགས་དྲུག་བར་དོ་དང་བཅས་པ་ལ་ཟློ་བ། ད་ལྟའི་དུས་འདིར་སེམས་ཅན་ཐམས་ཅད་སྡུག་བསྔལ་ལས་གྲོལ་བར་བྱ་བའི་ཕྱིར། ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་འདི་ཀུན་གྱིས་སྒོམས་ཤིག །མ་ཎི་པདྨེ་བགྲངས་ན། སྡུག་བསྔལ་ཐམས་ཅད་ལས་གྲོལ་


CMR025_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། མཐར་བླ་ན་མེད་པའི་བྱང་ཆུབ་ཐོབ་པའི་ཕྱིར་ན། དེ་ལྟར་ཀུན་གྱིས་གོ་བར་གྱིས། བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་ཤོག །དེ་ལྟར་ལྷ་དགུ་ལྷ་ལྔ་གཉིས་པོ་ཡི། རྟགས་དང་ཕན་ཡོན་དུས་དང་གྲངས་ཀྱི་བསྙེན། །ལུང་འདྲེན་ཁུངས་བཙུན་ཕྱོགས་གཅིག་བསྡུས་པ་འདི། །སྒྲུབ་སྐོར་ཟིན་བྲིས་ཆ་ལག་ཚང་བའི་ཕྱིར། །མེ་ལུག་ས་ག་ཟླ་བའི་བཅོ་བརྒྱད་ཀྱི། །སྔ་དྲོའི་ཆ་ལ་རཱ་ག་ཨ་སྱས་བསྒྲིགས། །ཉེས་འགལ་མེད་ཕྱིར་བཤགས་པ་མ་མཆིས་ཤིང་། །དགེ་བས་སྤྲུལ་སྐུའི་དགོངས་པ་རྫོགས་པ་དང་། །ཞུ་བ་པོ་ཡི་གཙོར་བྱས་འབྲེལ་ཐོགས་ཀུན། །སྤྱན་རས་གཟིགས་དབང་ཚེ་འདིར་འགྲུབ་གྱུར་ཅིག །ཡི་གེ་པ་ནི་སློབ་བུ་མཐར་ཕྱིན་ནོ།། །།མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR025_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུ་ལྷ་ལྔ་གཉིས་ཀྱི་སྒྲུབ་ཐབས་རྣམས་ཀྱི་དུས་རྟགས་གྲངས་ཀྱི་བསྙེན་ཚད་ཕན་ཡོན་དང་བཅས་པ་མདོར་བསྡུས་པ།next