Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་ནང་སྒྲུབ་གསང་སྒྲུབ་དྲིལ་སྒྲུབ་གསུམ་གྱི་སྟ་གོན།
   
   
   


 
previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་ནང་སྒྲུབ་གསང་སྒྲུབ་དྲིལ་སྒྲུབ་གསུམ་གྱི་སྟ་གོན།next

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་ནང་སྒྲུབ་གསང་སྒྲུབ་དྲིལ་སྒྲུབ་གསུམ་གྱི་སྟ་གོན།


CMR025_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་ནང་སྒྲུབ་གསང་སྒྲུབ་དྲིལ་སྒྲུབ་གསུམ་གྱི་སྟ་གོན་བཞུགས་སོ།།


CMR025_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཨཱརྱ་པ་ལོ་ཡེ། འཇིག་རྟེན་འདྲེན་པ་འཕགས་པ་སྤྱན་རས་གཟིགས། །ལྷ་དགུའི་ལྷ་ལ་ཕྱག་འཚལ་སྐྱབས་གསོལ་ནས། །ནང་སྒྲུབ་གསང་སྒྲུབ་དྲིལ་སྒྲུབ་གསུམ་པོ་ཡི། །སྟ་གོན་རིམ་པ་ལག་ཏུ་བླངས་བདེར་བཀོད། །དེ་ལ་རྒྱས་འབྲིང་བསྡུས་དང་གསུམ་ཡིན་ཏེ། །རྒྱས་པར་གསར་མའི་གཞུང་ལས་འབྱུང་བ་ལྟར། །ས་སློང་ས་བཟུང་སྟེགས་བུ་ཞ་ལ་དང་། །ལྷ་ཡི་སྟ་གོན་བུམ་པའི་སྟ་གོན་དང་། །ཐིག་ཚོན་བྱིན་རླབས་ཐིག་གདབ་དཀྱིལ་འཁོར་བྲི། །ཐིག་རྩ་དང་བཅས་གཞུང་ན་གསལ་ལྟར་ཡིན། །དཀྱིལ་འཁོར་དབུས་སུ་པདྨ་འདབ་བརྒྱད་སྟེང་། །ལྟེ་བ་དང་ནི་


CMR025_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཞིའི་འདབ་མ་དམར། །བྱང་ཤར་སྔོ་དང་ལྷོ་ནུབ་ལྗང་གུ་བྱ། །ཤར་ལྷོ་ནུབ་བྱང་གཉིས་ནི་སེར་པོའོ། །ལྷ་རྣམས་རང་མདོག་ཐིག་ལེ་ཚོན་སྤྱངས་སམ། །ཡང་ན་སོ་སོའི་ཕྱག་མཚན་པདྨ་སོགས། །ཡང་ན་ས་བོན་ཡིག་འབྲུ་རང་མདོག་སྟེ། །ཡབ་ཡུམ་ས་བོན་ཧཱུྃཡིག་ཁ་སྤྱོད་བྲི། །གལ་ཏེ་དཀྱིལ་འཁོར་ཐིག་རྩ་མི་ཤིས་ན། །མུ་ཁྱུད་འོད་ལྔའི་ཁ་དོག་ཟླུམ་པོར་བསྐོར། །དེས་ཀྱང་ཆོག་པར་གསང་བ་སྤྱི་རྒྱུད་གསུང་། །ཁྱམས་གྱི་ཕྱི་རོལ་པདྨའི་ར་བའི་རྒྱབ། །དུར་ཁྲོད་བརྒྱད་བྲི་དེ་ཡི་ཕྱི་རོལ་དུ། །ནོར་བུ་བཀྲ་ཤིས་ཤིང་ལོ་སྤེལ་མར་བྲི། །དེ་ནི་ཞལ་


CMR025_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

གཟིགས་ལུགས་ཡིན་མེད་ཀྱང་ཆོག །དེ་རྒྱབ་རྡོ་རྭ་མེ་རི་སྤྱི་ལྟར་ལས། །ཟུར་བཞི་བུམ་པ་མེ་ཏོག་ཁ་རྒྱན་ཅན། །དངོས་སུ་བཤམ་རྒྱུ་མེད་ན་བྲི་སྲོལ་སྣང་། །རྟ་བུམ་ཞེས་བྱ་རྒྱན་གྱི་བུམ་པའོ། །གསུང་རབ་རྣམས་ནས་བྱ་མ་བུམ་ཞེས་བཤད། །འབྱོར་པ་རབ་དང་དབང་པོ་ཐ་མ་ལ། །རྡུལ་ཚོན་དཀྱིལ་འཁོར་འདི་ནི་གསུངས་པ་ཡིན། །རས་བྲིས་དང་ནི་ཚོམ་བུའི་དཀྱིལ་འཁོར་ལ། །ས་སློང་ལྷ་ཡི་སྟ་གོན་སོགས་མི་དགོས། །སྟེགས་ཀྱི་སྟེང་དུ་རས་བྲིས་དཀྱིལ་འཁོར་བཏིང་། །མེད་ན་ཤོག་བུར་བྲིས་པ་ཙམ་གྱིས་རུང་། །འབྱོར་པ་འབྲིང་དང་དབང་པོ་འབྲིང་རྣམས་ལ། །རས་བྲིས་དཀྱིལ་འཁོར་འདི་ནི་རྒྱལ་བས་གསུངས། །དེ་ཡང་མ་འཛོམ་སྟེགས་བུ་གཙང་མའི་སྟེང་། །འབྲུ་ཡི་པདྨ་འདབ་བརྒྱད་བྲིས་པའི་མཐར། །འབྲུ་ཡི་མུ་ཁྱུད་ཟླུམ་པོར་བསྐོར་བར་བྱ། །དབུས་དང་འདབ་བརྒྱད་ལྷ་གྲངས་ཚོམ་བུ་བཀོད། །སྤྲོ་ན་ཚོམ་བུ་ཚོན་གྱིས་རང་མདོག་བསྒྱུར། །དབང་པོ་རབ་དང་འབྱོར་པ་ཐ་མ་ལ། །ཚོམ་བུའི་དཀྱིལ་འཁོར་འདི་ནི་རྒྱུད་ལས་གསུངས། །དེ་ནས་བུམ་པ་མགུལ་ཆིངས་དམར་པོ་ཅན། །ཆུ་གཙང་སུམ་གཉིས་བཀང་ནས་བུམ་རྫས་བཏབ། །འབྲས་བུ་ཅན་གྱི་ཤིང་གིས་


CMR025_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

ཁ་བརྒྱན་ནས། །དཀྱིལ་འཁོར་དབུས་སུ་སྣོད་གཙང་འབྲུས་བཀང་བའི། །།སྟེང་དུ་བུམ་པ་དེ་ཉིད་བཞག་པའི་སྟེང་། །མཉྫིའམ་ནི་ཤིང་གི་ཁྲིའུའི་སྟེང་། །བྷན་མར་གྱིས་ནང་བྱུགས་ཆང་གིས་བཀང་། །བདུད་རྩི་རིལ་བུ་བཏབ་སྟེ་བཞག་པའི་སྟེང་། །མེ་ལོང་སིནྡྷ་ར་ཡི་དཀྱིལ་འཁོར་བཞག །མེ་ལོང་མཐོ་སྐོར་ལ་སོགས་ཆེར་ཡོད་ན། །གསལ་ངོས་སྣུམ་བྱུགས་དེ་སྟེང་ལི་ཁྲིའམ། །སིནྡཱར་བྱུགས་ལ་གསེར་གྱི་སྨྱུ་གུས་བྲིས། །མ་རྙེད་སྨྱུ་གུར་གོས་ཆེན་གསེར་སྐུད་དཀྲི། །གལ་ཏེ་མེ་ལོང་ཆེན་པོ་མ་རྙེད་ན། །སིནྡྷ་ར་ཡི་ཐིག་ལེ་ལྔ་ཚོམ་བྱ། །ཤོག་བུ་ཟླུམ་པོར་ལི་ཁྲིའམ་སིན་བྱུགས། །མཐར་རུ་ཟླུམ་སྐོར་དེ་ནང་པད་འདབ་བརྒྱད། །དེ་ནང་ཆོས་འབྱུང་ཟུར་དྲུག་བྲིས་པ་ཡི། །ཟུར་དྲུག་ནང་དུ་དགའ་བ་འཁྱིལ་པ་རེ། །ཟུར་དྲུག་མཚམས་དྲུག་གཡུང་དྲུང་གཡས་འཁྱིལ་དྲུག །ཕྱོགས་བཞིའི་འདབ་བཞིར་ཧཱི༔ཡིག་ཁ་སྤྲོད་རེ། །མཚམས་བཞིར་ཧ་རི་ནི་སའི་ཡིག་འབྲུ་རེ། །དབུས་ཀྱི་ལྟེ་བར་ཧྲཱིཿཡིག་ཁ་སྤྲོད་མཐར། །ཡིག་བཅུ་ནས་བཟུང་ལྷ་དགུའི་སྔགས་རིང་མཐར། །ཧ་རི་ནི་ས་ཧཱུྃ་ཕཊཿསྭཱ་ཧཱ་སྤང་། །ཨཱ་བེ་ཤ་ཡ་ཨཱ་བེ་ཤ་ཡ་ཨཱཿ ཨཱཞེས་པ་བྲི། །དེར་དམར་སྟེང་


CMR025_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་དེ་སྟེང་མེ་ལོང་བཞག །དེ་སྟེང་གཟུངས་ཐག་རྡོ་རྗེ་ཡོད་ན་བཞག །དེ་སྟེང་དར་རས་དམར་པོ་ཡོད་ན་བཀབ། །འོག་གི་བུམ་པའི་ཕྱོགས་བཞིར་དབང་གི་རྫས། །ཤར་དུ་རྡོ་རྗེ་ལྷོ་རུ་དབུ་རྒྱན་དང་། །མེད་ན་ཕྲེང་བ་བཞག་ཀྱང་ཆོག་པ་ཡིན། །ནུབ་ཏུ་ཟ་མ་ཏོག་སོགས་གླེགས་བམ་མམ། །མེད་ན་སྒྲུབ་ཐབས་དཔེའམ་ཤོག་དྲིལ་བཞག །བྱང་དུ་མར་མེའམ་ནི་དྲིལ་བུ་སྟེ། །དེ་དག་དངོས་སུ་འཛོམ་པར་མ་གྱུར་ན། །དབང་རྫས་ཡིན་ཕྱིར་ཙཀྲི་བཞག་ཀྱང་ཆོག །ལྷ་གྲངས་མཉམ་པའི་མཆོད་པ་བཤམ་གསུངས་པས། །དེ་རྒྱབ་དཀྱིལ་འཁོར་ཕྱོགས་བཞི་མཚམས་བརྒྱད་དུ། །ཤར་ནས་བཟུང་སྟེ་མཆོད་ཡོན་བདུག་སྤོས་སོགས། །ཡབ་ལ་གཡས་སྐོར་ཡུམ་ལ་གཡོན་སྐོར་བཤམ། །རོལ་མོའི་མལ་དུ་ཏིང་ཤག་དྲིལ་བུ་སོགས། །མེད་ན་མཚམས་འཛིན་མེ་ཏོག་ནས་བཤམ་མོ། །དེ་རྒྱབ་ཕྱོགས་བཞིར་རིགས་བཞི་ཡབ་ཡུམ་ལ། །མཆོད་པ་ཆ་བརྒྱད་འཕྲད་དུ་བཤམ་པ་ནི། །ཡབ་རྣམས་གཡོན་ནས་མགོ་བཟུང་གཡས་བསྐོར་ཚུལ། །ཡུམ་རྣམས་གཡས་ནས་མགོ་བཟུང་གཡོན་བསྐོར་ཚུལ། །མཚམས་བཞིར་རིགས་བཞི་མཁའ་འགྲོའི་མཆོད་པ་བཞི། །དབུས་ནས་མགོ་


CMR025_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

བཟུང་ཕྱི་རུ་ཕྲེང་བྱས་བཤམ། །དེ་ཙམ་ཏིང་ཆ་མང་པོ་མ་འཛོམས་ན། །མེ་ཏོག་དངོས་སམ་མར་ལ་གཟུགས་བྱས་བཤམ། །བདུག་སྤོས་སྤོས་རིང་ངམ་ནི་སྤོས་ཤིང་བཙུགས། །དྲི་ཚབ་དུང་ཆོས་སམ་ནི་ལ་ཁྲའི་ནང་། །སྤོས་ཆུའམ་ནི་ཇ་རྒོད་བླུགས་པས་འཐུས། །འཁོར་གྱི་མཆོད་པ་དཀྱིལ་འཁོར་མཐའ་ནས་ཏེ། །གཙོ་བོ་འཁོར་གྱི་མཆོད་པའི་བར་དེ་རུ། །ཕྱོགས་བཞིར་ཕྲིན་ལས་བཞི་ཡི་གཏོར་མ་ནི། །ཤར་དུ་ཟླུམ་པོ་མེ་ཏོག་དཀར་གསུམ་བརྒྱན། །ལྷོ་རུ་གྲུ་བཞི་ནོར་བུ་ཟས་སྣ་སྤུངས། །ནུབ་ཏུ་ཟུར་གཉིས་འབྲི་མོག་ལྕགས་ཀྱུས་བརྒྱན། །བྱང་དུ་ཟུར་གསུམ་མེ་རི་ཤ་ཁྲག་བརྒྱན། །དེ་མིན་སྒྲུབ་པའི་གཏོར་མ་སྨན་རཀ་སོགས། །གསར་མ་ཡིན་ཕྱིར་ནང་དེར་བཤམ་མི་དགོས། །གཏོར་བསྔོས་བྱེད་ས་ཕུགས་གཏོར་ཆ་ཚང་ལ། །ལོགས་སུ་གཏོར་སྒམ་ལ་སོགས་ཡོད་ན་ནི། །འདི་རུ་བཤམ་མི་དགོས་ཤིང་མེད་ན་ནི། །དཀོན་མཆོག་ཆོས་སྐྱོང་གཏོར་མ་བཤམ་གསུངས་ཕྱིར།། ཤར་ལྷོ་བླ་མ་ལྷོ་ནུབ་ཡི་དམ་དང་། །ནུབ་བྱང་མཁའ་འགྲོ་བྱང་ཤར་ཆོས་སྐྱོང་བཤམ། །གཞན་ཡང་རང་གི་ཆག་མེད་འདོན་དགོས་པའི། །ཆོས་སྐྱོང་ནོར་ལྷ་བཀའ་སྲུང་ཕྱི་རྒྱུད་པ། །


CMR025_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

དེ་དག་གཏོར་མའང་བར་མཚམས་རྣམས་སུ་བཤམ། །མདུན་བསྐྱེད་དཀྱིལ་འཁོར་ཕྱི་ཡི་ཁྱམས་དེ་རུ། །གཏོར་མགྲོན་ཐམས་ཅད་བསྒོམ་ནི་དགོས་ཕྱིར་རོ། །མེད་ཀྱང་འགལ་བ་ཅུང་ཟད་ཡོད་པ་མིན། །དེ་ནས་འབྱོར་པ་རྒྱས་པ་ཡོད་ན་ནི། །ཚོན་སྐུད་དྲ་བ་རྒྱལ་མཚན་བཞི་དང་ནི། །བླ་བྲེ་ལ་སོགས་སྒྲུབ་ཆེན་རྫས་རྣམས་སྦྱར། །གསར་མའི་རྔོག་དཀྱིལ་བདུན་ལའང་བཤད་ཕྱིར་རོ། །མེད་ཀྱང་འགལ་བ་ཅུང་ཟད་ཡོད་པ་མིན། །མཆོད་པ་དེ་དག་དམའ་ན་ཁ་གསོ་ཙམ། །དེ་མིན་རྒྱུན་དུ་བརྗེ་སོགས་མི་བྱའོ། །དཀྱིལ་འཁོར་མདུན་དུ་མཆོད་སྟེགས་ལྕོག་ཙེའི་སྟེང་། །མཆོད་ཡོན་བདུག་སྤོས་ལ་སོགས་བརྗེ་རྒྱུ་བཤམ། །དེ་ནི་དུས་བཞིར་ཐུན་བཞི་བརྗེ་བའམ། །མ་གྲུབ་ན་ཡང་ཁ་གསོ་ངེས་པར་དགོས། །ནང་མཆོད་ཚོགས་གཏོར་རྣམས་ཀྱང་དེ་རུ་བཤམ། །གཏོར་བསྔོས་སྐབས་སུ་ཕུགས་གཏོར་གར་ཡོད་པ། །གསོ་བྲན་བྱ་ཞིང་ཚོགས་ཕུད་དེ་རུ་འབུལ། །ལྷ་བཤོས་ལ་སོགས་མཆོད་པ་རྙིང་པ་རྣམས། །སྒྲུབ་པ་མ་ཚར་བར་དུ་ཕྱིར་མི་དབྱུང་། །སྒྲུབ་པ་ཞག་བདུན་ལས་ནི་མི་བྱེད་ན། །སྔོན་འགྲོ་འབུལ་རྒྱུ་ལྕོག་རྡོག་བརྒྱད་དང་ནི། །ལྷ་བཤོས་བརྗེ་རྒྱུ་ཉི་ཤུ་རྩ་དགུ་དང་། །


CMR025_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་བརྒྱད་མཐེབ་ཀྱུ་དང་བཅས་འཛོམ་པར་བྱ། །གདན་དྲོད་མ་ཡལ་ངག་མཚམས་དམ་པ་དང་། །ཁ་ཡང་མི་བཤལ་སྐྲ་སེན་མི་བྲེགས་པར། །སྒྲུབ་པ་དར་དྲག་ཡུན་ཐུང་ལམ་དུ་འགྲོ། །སྒྲུབ་རོག་མང་པོ་ཡོད་ན་སྔགས་རྒྱུན་བྱ། །འདི་ནི་རྙིང་མའི་ལུགས་ཀྱི་སྒྲུབ་ཆེན་དང་། །གསར་མའི་ལུགས་ཀྱི་སྒྲུབ་མཆོད་དོན་གཅིག་སྟེ། །ཚོགས་དང་མར་མེ་མཆོད་པ་བློ་སྟོབས་བསྐྱེད། །གྱེར་དབྱངས་རོལ་མོ་སོགས་ཀྱང་གང་ཤེས་འབད། །ཅི་ཕྱིར་སྤྲོས་བཅས་གཙོ་བོ་ཡིན་ཕྱིར་རོ། །ལྷ་དགུ་སྒྲུབ་པའི་སྟ་གོན་རིམ་པ་འདི། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བའི་ཕྱིར། །ལུག་ལོ་ས་གའི་ཚེས་བདུན་ཕྱི་ཐུན་ལ། །རཱ་ག་ཨ་སྱས་ཇི་ལྟར་སྨྲས་པ་བཞིན། །བླ་མ་མཐར་ཕྱིན་ཞེས་བྱས་ཡི་གེར་བཀོད། །འགལ་འཁྲུལ་ཉེས་པའི་ཆ་མཆིས་མཐོལ་ཞིང་བཤགས། དགེ་བས་སྤྲུལ་སྐུའི་དགོངས་པ་རྫོགས་པ་དང་། །བློ་ཆུང་རྣམས་ལ་ཕན་ཐོགས་རྒྱ་ཆེར་ཤོག། །།མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR025_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousདཔལ་འཇིག་རྟེན་དབང་ཕྱུག་གི་ཆོ་གའི་ཟིན་བྲིས་རབ་གསལ་ཐར་པའི་ལམ་ཆེན་ལས། ལྷ་དགུའི་ནང་སྒྲུབ་གསང་སྒྲུབ་དྲིལ་སྒྲུབ་གསུམ་གྱི་སྟ་གོན།next