Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་གྱི་དང་པོ་རྩ་བའི་བསྙེན་པ་བྱ་ཚུལ་ཟིན་བྲིས།
   


 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་གྱི་དང་པོ་རྩ་བའི་བསྙེན་པ་བྱ་ཚུལ་ཟིན་བྲིས།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་གྱི་དང་པོ་རྩ་བའི་བསྙེན་པ་བྱ་ཚུལ་ཟིན་བྲིས།


CMR025_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

མཚམས་མ་ཐོན་ཀྱང་རྒྱུན་དུ་ཡང་དམིགས་རིམ་འདི་རྣམས་བྱ་རྒྱུ་ཡིན་ནོ། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་གྱི་དང་པོ་རྩ་བའི་བསྙེན་པ་བྱ་ཚུལ་ཟིན་བྲིས་བཞུགས་སོ།།


CMR025_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་ར་ཡེ། ཐམས་ཅད་མཁྱེན་པ་དཀོན་མཆོག་འབངས་ཀྱི་གསུང་ལས། རྒྱུད་རྒྱ་གཞུང་ལ་བརྟེན་པ་ལྷ་དགུ་མའི་ཉམས་ལེན། མཐོང་བ་དོན་ལྡན་སོགས་ཀྱིས་མཛད་པའི་ཆོ་གས་གཞུང་བསྲང་། ཉམས་སུ་ལེན་ཅིང་། དེ་ཡང་བསྙེན་ཚད་མ་འཁྱོལ་གྱི་བར་དུ་བདག་བསྐྱེད་འབའ་ཞིག་གཙོ་བོར་བྱེད་དགོས་ཞེས་གསུངས་པའི་དོན། གཏོར་བསྔོས་ཀྱིས་ཕུག་གཏོར་གསོ་རྒྱུ་དང་། སྔོན་འགྲོར་ཕུལ་རྒྱུའི་ལྕོག་རྡོག་དང་། མཆོད་པ་རྣམ་ལྔ་ཁ་གསོ་འགྲུབ་ན་ལེགས། དེ་མིན་པའི་བཅའ་ཚོགས་ཅི་ཡང་མི་དགོས་སོ། །དམིགས་པ་གསལ་བའི་ཕྱིར་ཞལ་ཐང་


CMR025_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ལེགས་པོ་ཡོད་ན་བཤམས། མེད་ན་མི་དགོས་སོ། །མཚམས་དམ་དུ་བཅད་ལ་རིག་འཁོར་ཡུག་ཏུ་བཅད་ན་བྱིན་རླབས་ཆེའི། ཐུན་མཚམས་སུ་བཏང་ན་ཡང་རུང་ངོ་། །ཐུན་མཚམས་རྣམས་སུ་རང་གི་ཐུགས་དམ་ཆག་མེད་ཀྱི་རིགས་རྣམས་བྱ་སྟེ། གཉིད་སད་ཐོག་ངག་བྱིན་རླབས་བཟླས་བརྗོད་ནུས་པ་སྟོབས་འབྱིན་འདོན་པའམ། དབྱངས་གསལ་བྱེད་ཚར་གསུམ་བཟླས་ན་འགྱུར་ཆེ། མེད་ཀྱང་ཆོག །དེ་ནས་ཆག་མེད་ཀྱི་ཚེ་སྒྲུབ་སྒོམ་བཟླས་བྱ། དེ་ནས་སྒྲོལ་དཀར་སོགས་བསྲུང་བའི་དམིགས་རིམ་དང་། ལོ་མ་ཅན་སོགས་ནད་གདོན་ཞི་བའི་དམིགས་རིམ་བཟླས་པ་ཆག་


CMR025_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

མེད་གང་ཡོད་ཀྱང་བྱ། དེ་ནས་རྒྱལ་བ་རྒྱ་མཚོའི་ཆོ་གའི་མགོ་བཟུང་སྟེ། བདུད་རྩི་བྱིན་བརླབ་བྱ། སྔོན་འགྲོ་གཏོར་མ་ལེགས་པ་གཅིག་བཏང་ནས། ཐུན་གཞན་གསུམ་ལ་སྔོན་འགྲོ་མི་དགོས་སོ། །དེ་ནས་བསྙེན་པའི་བར་དུ་གཞུང་ལྟར་འདོན་ནོ། །དེ་ནས་གཙོ་བོ་དང་འཁོར་རིགས་བཞིའི་སྤྱན་རས་གཟིགས་བཞི་པོ་དང་ཡབ་ལྔ་ཁ་འདྲ་བར་ཐུགས་ཀའི་སྙིང་གི་ཚབ་ཏུ་མེ་ཏོག་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བ་ཟེ་འབྲུའི་སྟེང་དུ་ཡི་གེ་ཧཱིདམར་པོ་བྱི་རུའི་མདོག་ལྟ་བུ། ལངས་ཏེ་ཡོད་པའི་ཡིག་མགོ་ངོས་ན་ལྟ་ས་དེ་མདུན་ཡིན་པས། རང་གི་སྔོན་ངོས་ན་བརྟན་པར་སྒོམ་པའི་མཐར། མདུན་ནས་བརྩམས་ཏེ་ཨོཾ་ཨཱཙྪཱཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་པའི་ཡི་གེ་ངོ་ཕྱི་ལ་བསྟན་ཏེ་གཡོན་དུ་བསྐོར་ནས་ཡོད་པར་བསྒོམ། རང་གི་ཡུམ་རྡོ་རྗེ་ཕག་མོ་དང་། ཕྱོགས་བཞིའི་ཡུམ་བཞིའི་ཐུགས་ཀ་སྙིང་གི་ཚབ་ཏུ་ཆོས་འབྱུང་ཟུར་གསུམ་གདོན་ཐབས་དམར་པོ་ལ་མུ་རན་དཀར་པོ་ཅན་གྱི་དབུས་སུ་རང་མདོག་ལངས་ཏེ་གནས་པའི་མཐར། ཨོཾ་བཛྲ་ཝཱ་རཱ་ཧི་སརྦ་བུདྡྷ་ཌཱཀི་ནཱི་བཛྲ་ཝརྞ་ནཱི་ཡེ་བཛྲ་བེ་རོ་ཙ་ནི་ཡེ་ཧཱུྃ་ཕཊ། ཞེས་པའི་ཡི་གེའི་ངོ་ནང་དུ་ཧྲཱིཿལ་བསྟན་ཏེ་མདུན་ནས་བརྩམས་ཏེ་གཡས་བསྐོར་དུ་


CMR025_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

བཀོད་ནས་ཡོད་པར་བསྒོམ། མཚམས་ཀྱི་མཁའ་འགྲོ་བཞིའི་ཐུགས་ཀར་སྙིང་གི་མལ་དུ་ཉི་མའི་གདན་རེ་རེ་སྒོམ་སྟེ། དེའི་དབུས་སུ་རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་ཧ་སྔོན་པོ་ལངས་ཏེ་ཡོད་པའི་མཐར། ཨོཾ་བཛྲ་ཌཱཀི་ནཱི་ཡེ་ཧཱུྃ་ཕཊ། རིན་ཆེན་མཁའ་འགྲོའི་ཐུགས་ཀར་རི་སེར་པོའི་མཐར། ཨོཾ་རཏྣ་ཊཱཀི་ནཱི་ཡེ་ཧཱུྃ་ཕཊ། པདྨ་མཁའ་འགྲོའི་ཐུགས་ཀར་ནི་དམར་པོའི་མཐར། ཨོཾ་པདྨ་ཊཱཀི་ནཱི་ཡེ་ཧཱུྃ་ཕཊ། ལས་ཀྱི་མཁའ་འགྲོའི་ཐུགས་ཀར་ས་ལྗང་གུའི་མཐར། ཨོཾ་ཀརྨ་ཊཱཀི་ནཱི་ཡེ་ཧཱུྃ་ཕཊ། དེ་ཐམས་ཅད་ཡི་གེའི་ངོ་ནང་གི་ས་བོན་ལ་བསྟན་ནས་གཡས་བསྐོར་དུ་བཀོད་ནས་ཡོད་པར་བསྒོམ། དེ་ཡང་ཡབ་ཡུམ་བཅུའི་ཐུགས་སྲོག་ཧཱུྃབཅུ་དང་མཁའ་འགྲོ་བཞིའི་ཐུགས་སྲོག་ཧ་རི་ནི་ས་སྟེ། ཡིག་འབྲུ་བཅུ་བཞི་པོ་ནམ་ཡང་འགུལ་འཆུག་མེད་པ་མཆོད་རྟེན་ས་ལ་བཞག་པ་ལྟར་བསྒོམས་པས། སེམས་བདེ་བ་དང་འདུག་ཚུགས་པ་ཡིན་ལ་ཐུགས་སྲོག་འཁོར་ན་བློ་མི་བདེ་འདུག་མི་ཚུགས་པའོ། །དེ་ནས་ཡིག་ཕྲེང་མི་འཁོར་བར་ཐུགས་ཀའི་སྔགས་ཕྲེང་དེ་རྣམས་རང་གི་ཡི་གེ་འདོན་པའི་ཚུལ་དུ་དམིགས་པ་གཏད་ལ། ཡི་གེ་བཅུ་པ་ཅུང་ཟད་བཟླ་བ་ནི་བསྙེན་པའོ། །དེ་ནས་ཡིག་ཕྲེང་མི་


CMR025_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བར་ཡབ་ལྔ་ཀའི་སྔགས་ཕྲེང་ལས་འོད་ཟེར་ཁ་དོག་ལྔ་ལྡན་དམར་པོ་ཤས་ཆེ་བ་ཕྲེང་བ་མི་འཁོར་ཕྲེང་ལུང་འཁོར་བ་ལྟར་གཡས་སུ་ཀྱི་ལི་ལི་དཔེར་ན་མི་རྣམས་ཀྱིས་མཆོད་རྟེན་ལ་སྐོར་བ་བྱེད་པ་ལྟར་འཁོར། ཡུམ་རྣམས་ཀྱི་སྔགས་ཕྲེང་གཡོན་དུ་འཁོར། མཁའ་འགྲོ་བཞིའི་སྔགས་ཕྲེང་ཡང་གཡོན་དུ་འཁོར། དེ་ཡང་དང་པོ་དལ་བུས་འཁོར། དེ་ནས་ཇེ་མགྱོགས་སུ་འཁོར་དེ་ནས་ཤིན་དུ་མགྱོགས་པ་ཨེ་འཁོར་མི་རིག་པ་ཙམ་དུ་འཁོར་བ་ལ་དམིགས་པ་གཏད་ནས།། ཡི་གེ་བཅུ་པ་བཟླ་བ་ནི། ཉེ་བར་བསྙེན་པ་ཞེས་བྱའོ། །ཟླ་སྐར་ཕྲེང་བ་ལྟ་བུའི་བཟླས་པ་ཡང་ཟེར། དེ་ནས་བདག་ཡབ་ཡུམ་གཉིས་ཀྱི་ཐུགས་ཀའི་སྔགས་ཕྲེང་ཧྲཱིཿདང་བཅས་པ་ལས། འོད་ཟེར་ཁ་དོག་དཀར་སེར་དམར་ལྗང་མཐིང་ཁ་འཇའ་ཚོན་ལྟ་བུ། སྟེང་ཕྱོགས་དང་ཕྱོགས་ཐམས་ཅད་དུ་ནམ་མཁའི་མཐའ་ཁྱབ་པར་འཕྲོས་པས། རྒྱ་གར་གྱི་གྲུབ་ཆེན་བརྒྱ་དང་བརྒྱད་ཅུ་རྗེ་འབངས་ཉེར་ལྔ་ལ་སོགས་རྙིང་མའི་རིག་འཛིན་གྲུབ་ཐོབ། བཀའ་བརྒྱུད་ཀྱི་བླ་མ་གྲུབ་ཐོབ་ཐམས་ཅད་འོད་ཟེར་དེས་ཕོག་པས་མཆོད་པར་གྱུར་ཏེ། སྐུ་གསུང་ཐུགས་ཟག་མེད་ཀྱི་བདེ་བ་ཆེན་པོས་ཚིམས་ནས་ཐུགས་མཉེས་པས། དེ་ཐམས་ཅད་སྤྱན་


CMR025_Page_0563
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས་ཡབ་ཡུམ་གྱི་སྐུར་གནས་གྱུར་ནས། ཆར་བབ་པ་ལྟར་བྱོན་ཏེ། རང་གི་ལུས་ངག་ཡིད་གསུམ་ལ་ཐིམ་པས་བླ་མ་གྲུབ་ཐོབ་ཐམས་ཅད་ཀྱི་བྱིན་རླབས་ཞུགས་ནས། ཕྱག་རྒྱ་ཆེན་པོའི་རྟོགས་པ། གྲུབ་ཐོབ་དེ་རྣམས་ཀྱི་ཐུགས་རྒྱུད་ལ་ཅི་ཡོད་གང་ཡོད་པ། རང་གི་སེམས་ལ་ད་ལྟ་ཉིད་དུ་འཆར་བར་བསྒོམ་པ་བླ་མ་དང་བསྲེ་བའོ། འདིར་ཕྱག་ཆེན་རྟོགས་འདོད་ན་ས་ར་ཧ་དང་མི་ལ། རྫོགས་ཆེན་འདོད་ན་དགའ་རབ་རྡོ་རྗེ་བི་མ་ལ། དེ་སོགས་གྲུབ་ཐོབ་དད་པ་གང་ཆེ་དང་བསྲེ་ཆོག །ཡང་འོད་ཟེར་འཕྲོས་པས་ཞིང་ཁམས་ཐམས་ཅད་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཟེར་གྱིས་མཆོད་པས། ཐམས་ཅད་སྤྱན་རས་གཟིགས་སུ་གྱུར་པ་ཆར་ལྟར་བབས་ནས་རང་ལ་ཐིམ་པར་སྒོམ་པ་ནི། སངས་རྒྱས་བྱང་སེམས་དང་བསྲེ་བ་སྟེ། འདིར་ཚེ་བསྲིང་ན་ཚེ་དཔག་མེད་དང་། ནད་ཞི་བར་འདོད་ན་སྨན་བླ། སྡིག་ལྟུང་དག་འདོད་ན་རྡོ་རྗེ་སེམས་དཔའ། ལས་སྒྲིབ་དག་འདོད་ན་མི་འཁྲུགས་པ། ངན་སོང་གི་སྒོ་གཅོད་འདོད་ན་ཀུན་རིག་དང་བསྲེ་བ་ཚན་ཆེར་བྱ་སྟེ། དེའི་གནད་ལ་དང་པོ་སྐད་ཅིག་ལ་ནམ་མཁའ་བར་སྣང་


CMR025_Page_0564
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་སངས་རྒྱས་གང་འདོད་དེའི་སྐུ་མང་པོས་ཐེམ་འགགས་ནེམ་འགགས་སུ་བསྒོམ། དེ་ནས་འོད་ཟེར་དེས་མཆོད་པས་མཉེས་ནས་ཐུགས་རྗེ་ཆེན་པོའི་སྐུར་གྱུར་ཏེ། རང་ལ་ཐིམ་པར་སྒོམ་པ་ཡིན་ནོ། །དེ་བཞིན་དུ་བདེ་དགྱེས་གསང་གསུམ་སོགས་ནས་གསར་མའི་རྒྱུད་སྡེའི་ལྷ་ཚོགས། བཀའ་དགོངས་ཕུར་གསུམ་སོགས་རྙིང་མའི་ལྷ་ཚོགས་གང་འདོད་དང་བསྲེ་བ་ནི་ཡི་དམ་དང་བསྲེ་བ་ཞེས་བྱ་སྟེ། འདི་ནི་རྒྱུད་སྡེ་བཞིའི་སྤྱི་སྒྲུབ་ཡིན་པར་གསུངས་པས། བྱ་སྤྱོད་རྣལ་འབྱོར་རྒྱུད་ཀྱི་ལྷ་ཚོགས་ཐམས་ཅད་ལ་དེས་རིགས་འགྲེས་བསྒོམ་རུང་ངོ་། །དེ་བཞིན་དུ་ཕག་ཁྲོས་སེང་གསུམ། སྒྲོལ་མ་བརྒྱ་རྩ་སོགས་ལ་ཡང་དེ་ལྟར་བསྒོམ་སྟེ། ཐུགས་རྗེ་ཆེན་པོ་ཡབ་ཡུམ་ཞལ་སྦྱོར་དུ་གྱུར་ནས་རང་ལ་ཐིམ་པར་བསྒོམ་མོ། །།དེ་བཞིན་དུ་ཕྱག་བཞི་དྲུག་བེར་གུར་སོགས་དང་། དུད་སོལ་མ་རང་བྱུང་མ་སོགས་ཡེ་ཤེས་ཀྱི་ཆོས་སྐྱོང་ཐམས་ཅད་ལ་ཡང་བསྒོམ་མོ། །ཁྱད་པར་རིམས་ནད་དོགས་པ་ཡོད་དུས་ལོ་མ་ཅན་དང་བསྲེ་བ་དེ་ལྟར་བསྒོམས་པས་རིམས་སྲུང་གི་མཆོག་གོ །དེ་ལྟར་རྣམ་གྲངས་མང་པོ་མི་ལྕོགས་པ་དང་། ལྷ་སོ་སོའི་སྐུ་མདོག་ཆ་ལུགས་ཡང་མི་ཤེས་པ་དང་། ཤེས་ཀྱང་དམིགས་པ་ཟིན་དཀའ་


CMR025_Page_0565
[མ་དཔེ་གཟིགས་ན་འདིར་གནོན།]

ན། སངས་རྒྱས་དང་བྱང་ཆུབ་སེམས་དཔའི་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་སྤྱི་ལ་མཆོད་ཅིང་། ཐམས་ཅད་ཐུགས་རྗེ་ཆེན་པོའི་དཀྱིལ་འཁོར་དུ་གྱུར་པ་ཆར་བཞིན་བབས་ནས་རང་ལ་བསྟིམ་པ་ཁོ་ནས་ཆོག །དེ་ལྟར་བསྒོམ་ཞིང་ཡི་གེ་བཅུ་པ་ཁོ་ན་བཟླ་བ་ནི་སྒྲུབ་པ་ཡིན་ནོ། །དེ་ནས་རང་ཐུགས་རྗེ་ཆེན་པོ་ཡབ་ཡུམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སྣོད་ཀྱི་འཇིག་རྟེན་ཐམས་ཅད་བདེ་བ་ཅན་གྱི་ཞིང་ཁམས་པདྨ་དབང་གི་དཀྱིལ་འཁོར་དུ་གྱུར། ནང་བཅུད་ཀྱི་སེམས་ཅན་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ་གྱུར་ཏེ། འགྲོ་བ་རིགས་དྲུག་ལ་འོད་ཟེར་ཕོག་ནས། དམྱལ་བའི་སེམས་ཅན་ཐམས་ཅད་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ། ཡི་དྭགས་ཐམས་ཅད་པདྨ་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ། དུད་འགྲོ་ཐམས་ཅད་བདེ་གཤེགས་རིགས་ཏེ་གཙོ་བོ་ཡབ་ཡུམ། ལྷ་མ་ཡིན་ཐམས་ཅད་ལས་ཀྱི་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ། ལྷ་དང་མི་ཐམས་ཅད་ནི་རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས་ཡབ་ཡུམ་གྱི་སྐུ་འབའ་ཞིག་ཏུ་གྱུར་ཏེ། རང་གི་རམ་བུའི་ཚུལ་དུ་ཡི་གེ་བཅུ་པ་འུར་དི་རི་རི་ཡོད་པར་སྒོམ་པ་ནི་


CMR025_Page_0566
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་ཆེན་པོ་སྟེ། རྒྱལ་པོའི་ཕོ་ཉ་ལྟ་བུ་དང་། བུང་བ་ཚང་ཞིག་པ་ལྟ་བུའི་བཟླས་པ་ཞེས་བྱའོ། །དམིགས་པ་དེ་རྣམས་ཐུན་རེ་རེ་ལ་རྫོགས་པར་བསྒོམས་ལ་སྔགས་གྲངས་མང་ཉུང་ནི་སྟོང་ཕྲག་རེའམ། ཅི་ལྕོགས་རང་གིས་ཅི་འདོད་ཆོག་ལ། ཐུན་མཇུག་ཏུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཕུག་གཏོར་རྣམས་གསོ་བྲན་བྱ། གཞུང་ལྟར་གཏོར་མ་བྱིན་རླབས་སྔོན་འགྲོ་ལྟར་བྱ། རྒྱས་པར་འདོད་ན་ཧཱུྃ་ལྷོ་ནུབ་སྲིན་པོའི་སོགས། སྤྱན་འདྲེན་དང་བཞུགས་གསོལ་བྱ། བསྡུ་ན་མི་དགོས་པས། རང་གི་རྐང་པ་གཡས་པས་གཡོན་པའི་རྐང་མཐེབ་མནན། ལུས་ཙོག་པུར་བྱས། ལག་པ་གཉིས་མཐེ་བོང་དང་མཛུབ་མོ་གཉིས་རྩེ་སྤྱད་ལ་མདུད། སོར་མོ་གཞན་གཤོག་པ་ལྟར་བརྐྱངས། མིག་ནམ་མཁར་ལྟ་ཞིང་། ཕྱག་རྒྱ་དེ་དཔྲལ་བའི་ཐད་དུ་གཡོན་དུ་བསྐོར་ཞིང་། ཕོ་ཕོ། ཞེས་བརྗོད་པས་གཏོར་མགྲོན་ཐམས་ཅད་ནམ་མཁའ་གང་བར་སྐད་ཅིག་བྱོན་ནས་སྤྲིན་འཁྲིགས་པ་ལྟར་བཞུགས་པར་བསྒོམས་ལ། རང་གི་ཐུགས་ཀ་ནས་མཆོད་པའི་ལྷ་མོ་ཁ་དོག་སྣ་ཚོགས་ཕྱག་ན་བྷནྡྷའི་སྐྱོགས་ཐོགས་པ་བྱེ་བ་གྲངས་མེད་འཕྲོས་ཏེ། གཏོར་མ་བདུད་རྩིའི་རྒྱ་མཚོ་ནས་བཅུས་ནས་ཐམས་ཅད་ལ་


CMR025_Page_0567
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་བར་བསྒོམ་པའམ། ཡང་ན་ལྷ་སོ་སོའི་ལྗགས་ནས་འོད་ཟེར་གྱི་སྦུ་གུ་གཏོར་མ་བདུད་རྩིའི་རྒྱ་མཚོ་ལ་ཟུག་ནས་དྲངས་ཏེ་གསོལ་བར་བསྒོམ་ཞིང་། བསྡུ་ན་རྒྱལ་བ་རྒྱ་མཚོའི་གཞུང་གི་གཏོར་བསྔོས་དེས་ཆོག་ལ། རྒྱས་པར་མ་དག་མ་དང་བསྐང་ཐུང་སོགས་འགྲིགས་ཆོག་ལྟར་འདོན། བསྡུ་ན་ཨབྷཾ་སོགས། རྒྱས་པར་རྒྱལ་བའི་སྐུ་ལས་ཉོན་མོངས་སོགས། ཧཱུྃ༔ ཐུགས་རྗེ་ཆེན་པོ་འཇིག་རྟེན་དབང་ཕྱུག་ས་ཁམས་རང་བཞིན་སོགས་གང་རུང་གིས་བསྟོད། གཏོར་མགྲོན་ཡེ་ཤེས་པ་ཐམས་ཅད་རང་ལ་ཐིམ་པའམ། ཐང་སྐུ་དང་དཔེ་ཆ་སོགས་རྟེན་ལ་ཐིམ་པར་བསྒོམ། གཤེགས་གསོལ་མི་བྱ། ཆོས་སྐྱོང་རྣམས་ཀྱང་རྟེན་རྫས་སོགས་ལ་ཐིམ་པར་བསྒོམ། འཇིག་རྟེན་གཞི་བདག་སོགས་རང་གནས་སུ་སོང་བར་བསམས་པས་འཐུས། བརྗོད་མི་དགོས། དེ་ནས་ཕྱི་རོལ་གྱི་རྟེན་ཞེས་སོགས་བསྡུ་རིམ་འདོན་ཞིང་བསྒོམ། དོན་དམ་པའི་སྟོང་པ་ཉིད་དོ། །ཞེས་ཉམས་ལེན་སེམས་ངོ་ཐུན་གཅིག་སྐྱོང་། སླར་ཡང་ཞལ་གཅིག་ཕྱག་གཉིས་སོགས་ཟུང་འཇུག་གི་སྐུར་ལྡང་ནས། བདག་གི་དུས་གསུམ་སོགས་གཞུང་གི་བསྔོ་བ་དེ་བྱའོ། །དེ་ནས་ཐུན་མཚམས་དེར་ངག་བཏང་


CMR025_Page_0568
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་བྱུང་ན་བཏང་། གཏོར་མ་བཏང་བ་ཕྱག་འཚལ་བ་སོགས་ཆག་མེད་ཀྱི་ཐུགས་དམ་སྔ་དྲོ་བྱ་དགོས་ཡོད་ན་བྱའོ། །ཡང་བདུད་རྩི་བྱིན་བརླབས་ནས་བཟུང་སྟེ། སྔོན་འགྲོ་མ་གཏོགས་ཚར་གཅིག་དང་དམིགས་པ་དང་སྔགས་སྔར་ལྟར། ཡང་གཏོར་བསྔོས་ནས་བསྔོ་བའི་བར། དེ་ནས་དགོང་མོ་དེ་འདྲ་གཅིག་དང་ཐུན་གསུམ། མཚན་ལ་དེ་འདྲ་གཅིག་དང་ཐུན་བཞི་བྱའོ། །དེ་ལ་དུས་ཀྱི་བསྙེན་པ་ནི། རྡོ་རྗེ་སྙིང་པོས། དེ་ལྟར་ཞག་བདུན་ཉེར་གཅིག་སོགས། །ཟླ་གསུམ་ཟླ་དྲུག་ལ་སོགས་པས། །མཆོག་དང་ཐུན་མོང་དངོས་གྲུབ་འགྱུར། །ཞེས་དང་། གྲུབ་པའི་རྒྱལ་མོས། ཞག་བདུན་གྱི་དངོས་གྲུབ་ཐོབ་པར་བྱེད་པ། ཞེས་གསུངས་པས་ཡུན་རིང་ཐུང་གང་འདོད་ཆོག་ལ། གྲངས་ནི་སློབ་དཔོན་ཛ་ལེན་དྷ་རས་རྩ་བའི་བསྙེན་པ་ལ་གྲངས་ཀྱི་བསྙེན་པ་འབུམ་ཕྲག་གསུམ་ཞེས་དང་། རང་བྱུང་རྡོ་རྗེས་གྲངས་ཀྱི་བསྙེན་པ་འབུམ་ཚོ་བཅུས། །རྒྱལ་བའི་དཀྱིལ་འཁོར་མཐོང་བར་གསུངས། ཞེས་གསུངས་པས། ཡི་གེ་བཅུ་པ་འབུམ་ཚོ་བཅུ་ནི་བསྙེན་ཚད་དང་། གསུམ་གྱིས་ཀྱང་ལས་སྦྱོར་རུང་ཙམ་ཡིན་ལ་སྙིགས་དུས་བཞི་འགྱུར་དགོས་པར་གསུངས་པས། འབུམ་ཚོ་བཅུ་


CMR025_Page_0569
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་བཟླས་ན་ཤིན་ཏུ་ལེགས་སོ། །མཚན་མའི་བསྙེན་པ་ནི། ནམ་མཁའ་དང་ས་གཞི་ལ་འོད་དམར་པོས་གང་བ་དང་། མེ་ཏོག་དམར་པོ་འཐུ་བ་དང་། གླང་པོ་ཆེ་ལ་ཞོན་ནས་རི་བོ་པོ་ཏ་ལར་ཕྱིན་པ་དང་། བུད་མེད་རྒྱན་གྱིས་བརྒྱན་པས་མེ་ཏོག་བདག་ལ་གཏོར་ཞིང་མ་ཎིའི་དབྱངས་སྒྲོག་པ་དང་། སྤྲིན་ལྡིང་བའི་ཐོག་ན་འདུག་པ་དང་། དེ་བཞིན་གཤེགས་པའི་སྐུའི་མདུན་དུ་ཕྱིན་པ་ལ་སོགས་པ་དང་། རིན་པོ་ཆེའི་སྐས་ལ་འཛེགས་པ་ལ་སོགས་པ་རྨིས་ལྟས་བཟང་པོ་རྣམས་འབྱུང་བའོ། །ཞེས་ལྷ་དགུ་འདིའི་རྒྱ་གཞུང་ནས་གསུངས་ཏེ། རྒྱས་པ་གསར་རྙིང་གི་རྟགས་ཡིག་སྤྱི་དང་འདྲ་བས་དཔྱད་ཤེས་པར་བྱའོ། །དེ་ཡང་རྡོ་རྗེ་སྙིང་པོས། རྟགས་དང་ཆོ་འཕྲུལ་མཁའ་འགྲོའི་ལྟས། །དངོས་གྲུབ་མཚན་མ་ལ་སོགས་པ། །བཟང་ངན་བྱེ་བྲག་ཅི་ཤར་ཡང་། །རྨི་ལམ་བཟང་དང་ངན་པ་ཡིད། །གང་ལའང་དགའ་དང་མི་དགའ་བའི། །མཚན་མར་འཛིན་པ་མི་བྱའོ། །ཞེས་གསུངས་པ་ལྟར་ངན་པ་ལ་རྣམ་རྟོག་མི་བྱ་སྟོང་ཉིད་ངང་ལ་བཞག །འབྱོར་ན་ཚོགས་དང་གཏོར་བསྔོས་བསྐང་ཐུང་དེ་རྣམས་མང་དུ་གསོགས། བཟང་བ་ལ་རློམ་སེམས་དགའ་བྲོད་མི་བྱ། རྟགས་


CMR025_Page_0570
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ཙམ་ལས་འོང་མེ་བུས་རྟགས་དུ་བ་ཡིན་ངའི་ཐུགས་དམ་འདི་ཙམ་ལ་རྟགས་ཆུང་ངུ་ཙམ་སྙམ་དུ་བྱ། རྗེ་གང་བར་མི་བྱ། དེ་ལྟར་བསྙེན་པ་དུས་རྟགས་གྲངས་གསུམ་གང་རུང་ངམ་ཅི་མོས་ཐོན་ནས། མཇུག་གིས་འདི་སྒྲུབ་པ་ཡང་ཡིན། ལས་སྦྱོར་ཡང་ཡིན་པས་ད་ནངས་སྔ་ཐུན་ནམ་ལངས་ནས་བདག་བསྐྱེད་ཚར་གཅིག་འདོན། དེ་ནས་ཡུད་ཙམ་ཁ་ཤར་དུ་བལྟས་ལ། བཟླས་པ་བྱ་སྟེ། བདག་ཡབ་ཡུམ་གྱི་ཐུགས་ཀར་སྔགས་ཕྲེང་འཁོར་བ་སྔར་ལྟར་ལ་ཐུགས་ཀའི་ཧྲུསྔགས་ཕྲེང་དང་བཅས་པ་ལས། འོད་ཟེར་དཀར་པོ་བྱུང་ཡབ་ཡུམ་གཉིས་ཀྱི་ཞལ་ནས་ཐོན། རང་གི་མདུན་དུ་བཞུགས་པའི་རྡོ་རྗེ་རིགས་ཀྱི་སྤྱན་རས་གཟིགས་དང་ཡུམ་མཱ་མ་ཀཱི་གཉིས་ཀའི་ཐུགས་ཀར་ཐིམ་པས་ཐུགས་ཀའི་སྔགས་ཕྲེང་གཉིས་ཀ་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ། དེ་ཡབ་ཡུམ་གྱི་ཐུགས་ཀའི་ཧྲཱིཿལས་འོད་ཟེར་དཀར་པོ་བྱུང་། བདག་གི་ཐུགས་ཀའི་ཧྲཱིཿལ་ཐིམ་པས། ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསྒོམ། དེ་ཡང་འོད་ཟེར་ཕར་འཕྲོ་དུས་མཆོད་པའི་ཚུལ། འོད་ཟེར་མདུན་གྱི་ཐུགས་ཀར་ཐིམ་པས་ཐུགས་རྒྱུད་བསྐུལ། སྔགས་དྲག་ཏུ་འཁོར་བས་ཞི་བའི་ཕྲིན་ལས་ལ་དགོངས་པ་གཏད། ཐུགས་ཀ་


CMR025_Page_0571
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འོད་ཟེར་བྱུང་ཞལ་ནས་ཐོན་པ་དངོས་གྲུབ་ཀྱི་ཚུལ། འོད་ཟེར་དེ་ཚུར་འོང་ཚེ་འོད་ཟེར་དེའི་འོད་ཟླ་བ་ཤར་བ་ལྟ་བུས། སེམས་ཅན་ཐམས་ཅད་ལ་ཕོག་པས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་དག །སངས་རྒྱས་ཐམས་ཅད་ཀྱི་ཞི་བའི་དངོས་གྲུབ་ཀྱང་འོད་ཟེར་དཀར་པོ་དེ་ལ་ཐིམ་ཞིང་། རང་གི་ཐུགས་ཀ་ནས་ཞུགས་ལུས་ཐམས་ཅད་འོད་དེས་ཁྱབ་ནད་གདོན་སྡིག་སྒྲིབ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་ཞི། འོད་ཟེར་དེ་ཡང་རང་གི་ཐུགས་ཀའི་ཧྲཱིཿལ་ཐིམ་པས། སེམས་ཀྱི་དུག་ལྔ་དང་ཉོན་མོངས་ཤེས་བྱའི་སྒྲིབ་པ་ཐམས་ཅད་ཞི་བར་གྱུར་ཅིང་། ཞི་བ་ཆེན་པོའི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་། ཡི་གེ་བཅུ་པ་ལ་ཨོཾ་བཛྲ་ཝཱ་རཱ་ཧི་སོགས་ནས་ཧ་རི་ནི་ས་ཧཱུྃ་ཕཊ། སྦྱར་བ་ལ་ལྔ་བརྒྱ་ཡན་ཅི་སྒྲུབ་པའོ། །དེ་ནས་བདག་ཡབ་ཡུམ་གྱི་ཐུགས་ཀའི་ཧྲཱིཿགཉིས་ལ་སྔགས་ཕྲེང་གཡས་གཡོན་དུ་འཁོར་བཞིན་པ་ལས། འོད་ཟེར་དཀར་པོ་བྱུང་། ཡབ་ཡུམ་གཉིས་ཀའི་ཞལ་ནས་ཐོན། རང་གི་གཡས་ཟུར་དུ་བཞུགས་པའི་རྡོ་རྗེ་མཁའ་འགྲོའི་ཐུགས་ཀར་ཐིམ་པས་མཆོད་པར་གྱུར་ནས་ཐུགས་མཉེས། དེའི་སྔགས་ཕྲེང་གཡོན་དུ་དྲག་ཏུ་འཁོར་བས་ཐུགས་རྒྱུད་


CMR025_Page_0572
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་ཏེ་ཞི་བའི་ལས་ལ་དགོངས་པ་གཏད། ཐུགས་སྲོག་ཧ་ཡིག་སྔགས་ཀྱིས་བསྐོར་བ་ལས་འོད་ཟེར་དཀར་པོ་སྟོན་ཟླའི་མདོག །རེག་བྱ་བདེ་བ་འཕྲོས། ཞལ་ནས་ཐོན་པའི་འོད་ཟླ་བ་ཤར་བ་ལྟ་བུའི་འོད་ཟེར་རང་གི་བསྲུང་བྱ་ཐམས་ཅད་ལ་ཕོག་པས། ནད་གདོན་བར་ཆད་ཐམས་ཅད་སངས་སེ་དག །སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོའི་ཞི་བ་ཆེན་པོའི་དངོས་གྲུབ་ཀྱང་འོད་དེ་ལ་འདུས་ནས། འོད་དེ་རང་གི་ཐུགས་ཀར་ཞུགས་པས་ལུས་ཀྱི་ནང་ཁྱབ་པས་རང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་མུན་པར་ཉི་མ་ཤར་བ་ལྟར་སངས་སེ་དག །འོད་ཐམས་ཅད་རང་གི་ཐུགས་ཀའི་ཧྲཱིཿལ་ཐིམ་པས་ཞི་བའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་། ཨོཾ་ཨཧཱུྃ་ཧྲཱིཿ ཨོཾ་མ་ཎི་པདྨེ་ཧཱུྃ༔ ཨོཾ་བཛྲ་ཝཱ་ར་ཧི་སརྦ་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བེ་རོ་ཙ་ནི་ཡེ་ཧ་རི་ནི་ས་ནད་གདོན་སྡིག་སྒྲིབ་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་པ་སུམ་བརྒྱ་ཙམ་བཟླའོ། །དེ་ནས་གཏོར་བསྔོས་བྱ་ཐུན་བསྡུའོ། ༈ །དེ་ནས་ཉི་མ་དྲོས་ཆེན་ལ་བདག་བསྐྱེད་ཚར་གཅིག་བཏང་། རོང་ཁ་ལྷོའམ་བྱང་དུ་ཡུད་ཙམ་གྱུ་ལ་སྔགས་རིང་ཧཱུྃ་ཕཊ་ཅན་གོང་ལྟར་ཅི་འགྲུབ་འདོན་ཏེ་དམིགས་པ་ནི། རང་ཉིད་ཡབ་ཡུམ་


CMR025_Page_0573
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་ཐུགས་ཀའི་ཧྲཱིཿསྔགས་ཕྲེང་འཁོར་བཞིན་པ་ལས་འོད་ཟེར་སེར་པོ་གསེར་བཙོ་མ་ལྟ་བུ་འཕྲོས་ཞལ་ནས་ཐོན། རང་གི་གཡས་སུ་བཞུགས་པའི་རིན་ཆེན་རིགས་ཀྱི་སྤྱན་རས་གཟིགས་དང་། སངས་རྒྱས་སྤྱན་མ་ཡབ་ཡུམ་གྱི་ཐུགས་ཀར་ཐིམ་པས་མཆོད་པར་གྱུར་ནས་མཉེས། སྔགས་ཕྲེང་གཉིས་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ་ཏེ་རྒྱས་པའི་ཀླུབས་ཕྲིན་ལས་ལ་དགོངས་པ་གཏད། ཡབ་ཡུམ་གྱི་ཐུགས་སྲོག་ཧྲཱིཿགཉིས་དང་སྔགས་ཕྲེང་ལས་འོད་ཟེར་སེར་པོ་འཕྲོས་དངོས་གྲུབ་ཀྱི་ཚུལ་དུ་ཞལ་ནས་ཐོན་པས། འོད་ཟེར་སེར་པོ་དེ་ཉིད་ཉི་མ་ཤར་བ་ཙམ་གྱི་འོད་ཀྱིས་རང་གི་བསྲུང་བྱ་ཐམས་ཅད་ལ་ཕོག་པས། ཚེ་དང་བསོད་ནམས་རྒྱས། སངས་རྒྱས་ཐམས་ཅད་ཀྱི་རྒྱས་པའི་དངོས་གྲུབ་ཐམས་ཅད་ཀྱང་འོད་ཟེར་དེ་ལ་ཐིམ་ཞིང་། ཚུར་བྱུང་རང་གི་ཐུགས་ཀར་ཞུགས་ལུས་ཐམས་ཅད་ཁྱབ་པས། རང་གི་ཚེ་དང་བསོད་ནམས་ཉམས་དང་རྟོགས་པའི་ཡེ་ཤེས་ཐམས་ཅད་རྒྱས། འོད་ཟེར་ཐམས་ཅད་རང་གི་ཐུགས་སྲོག་ཧྲཱིཿལ་ཐིམ་པས་རྒྱས་པའི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་བཟླ་བ་ནི་སྒྲུབ་པ་ཡིན་ལ། དེ་ནས་རང་ཡབ་ཡུམ་གྱི་ཐུགས་ཀའི་ཧྲཱིཿདང་སྔགས་ཕྲེང་ལས་འོད་ཟེར་གསེར་མདོག་


CMR025_Page_0574
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས། ཞལ་ནས་ཐོན། རང་གི་གཡས་ཀྱི་རྒྱབ་ཟུར་དུ་བཞུགས་པའི་རིན་ཆེན་མཁའ་འགྲོའི་ཐུགས་ཀར་ཐིམ་པས་མཆོད་པར་གྱུར་ནས་ཐུགས་མཉེས། ཐུགས་སྲོག་རི་ལ་སྔགས་གཡོན་དུ་དྲག་ཏུ་འཁོར་བས་ཐུགས་རྒྱུད་བསྐུལ་ཏེ། རྒྱས་པའི་ཕྲིན་ལས་ལ་ཐུགས་དགོངས་གཏད། ཐུགས་ཀའི་སྔགས་འཁོར་ལས་འོད་ཟེར་གསེར་བཙོ་མའི་མདོག་འཕྲོས། ཞལ་ནས་ཐོན་པས་འོད་ཟེར་དེ་ལས་འོད་ཟེར་སེར་པོ་ཉི་འོད་ཤར་བ་ལྟ་བུས་བསྲུང་བྱ་རྣམས་ལ་ཕོག་པས། ཚེ་དང་བསོད་ནམས་རྒྱས་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེ། ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་དངོས་གྲུབ་ཐམས་ཅད་བསྡུས་ནས། འོད་ཀྱི་སྙིང་པོ་གསེར་ལྟ་བུ་ལ་ཐིམ་ཞིང་ཚུར་བྱུང་ནས། རང་གི་ཐུགས་ཀར་ཞུགས་ལུས་གང་བས། རང་ཉིད་ཚེ་དང་བསོད་ནམས་དབང་ཐང་ཉམས་རྟོགས་ཐམས་ཅད་འཕེལ་ཞིང་། ཐམས་ཅད་འོད་རང་གི་ཐུགས་སྲོག་ཧྲཱིཿལ་ཐིམ་པས་རྒྱས་པའི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་། གོང་ལྟར་སྔགས་རིང་གི་མཇུག་ཏུ་མ་མ་ཨཱ་ཡུ་པུཎྱེ་ཛྙཱ་ན་པུཎྚི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་སུམ་བརྒྱ་ཙམ་བཟླས་ནས། གཏོར་བསྔོས་ཐུན་བསྡུ་བ་བྱའོ། །དེ་ནི་ཕྱེད་ཡོལ་བར་དུ་ཡིན་ལ། ༈ དེ་ནས་དགོང་ཆེན་ལ་


CMR025_Page_0575
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་ཚར་གཅིག་བཏང་། ཡུད་ཙམ་ཁ་ནུབ་ཏུ་གྱུ་ལ་སྔགས་རིང་ཧཱུྃ་ཕཊ་ཅན་དེ་བཟླ་སྟེ་ལྔ་བརྒྱའམ་སུམ་བརྒྱ་སོགས་ཅི་ཐོན་ཡིན་ངེས་པ་མེད་དོ། །དམིགས་པ་ནི་རང་གི་ཐུགས་ཀའི་ཧྲཱི༔ སྔགས་ཕྲེང་ལས་འོད་ཟེར་དམར་པོ་བྱི་རུ་ལྟ་བུ་འཕྲོས་ཞལ་ནས་ཐོན། རང་གི་ཞལ་དུ་ཞུགས་ནས་ལྟག་ཁུང་ངོས་ནས་སོགས་རང་གི་རྒྱབ་ཏུ་བཞུགས་པའི་པདྨ་རིགས་ཀྱི་སྤྱན་རས་གཟིགས་དང་ཡུམ་ན་བཟའ་དཀར་མོའི་ཐུགས་ཀར་ཐིམ་པས་མཆོད་པར་གྱུར་པས་མཉེས། ཡབ་ཡུམ་སྔགས་འཁོར་མྱུར་བར་འཁོར་བས་ཐུགས་རྒྱུད་བསྐུལ། སྣང་སྲིད་དབང་གི་ཕྲིན་ལས་ལ་དགོངས་པ་གཏད་པས། ཐུགས་ཀའི་ས་བོན་སྔགས་ཕྲེང་བྱི་རུ་ལྟ་བུ་བྱོན། ཞལ་ནས་ཐོན་པས་འོད་དེ་ལས་འོད་ཟེར་དམར་པོ་གློག་ལྟ་བུས་འཇིག་རྟེན་ཁྱབ་སྟེ། སངས་རྒྱས་རྣམས་ཀྱི་བྱིན་རླབས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་དངོས་གྲུབ། འཇིག་རྟེན་ཁམས་ཀྱི་བསོད་ནམས་ལོངས་སྤྱོད་ཐམས་ཅད་བསྡུས་ནས་འོད་ལ་ཐིམ་ཞིང་། འོད་དེ་རང་གི་ཐུགས་ཀར་ཞུགས་ནས་ལུས་ཁྱབ་པས། རླུང་སེམས་དབང་དུ་འདུས་ནས་ལས་སུ་རུང་བར་བྱས། འོད་ཐམས་ཅད་ཐུགས་སྲོག་ཧིལ་ཐིམ་པས་སྣང་སྲིད་དབང་དུ་འདུས་པའི་


CMR025_Page_0576
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ་པར་བསྒོམ། དེ་ནས་རང་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་འཕྲོས། ཞལ་ནས་ཐོན་ཞལ་དུ་ཞུགས་གཡོན་དུ་སོང་རང་གི་རྒྱབ་ཟུར་གཡོན་དུ་བཞུགས་པའི་པདྨ་མཁའ་འགྲོའི་ཐུགས་ཀར་ཐིམ། ནིའི་མཐར་སྔགས་མགྱོགས་པར་འཁོར་བས་ཐུགས་རྒྱུད་བསྐུལ་ནས་དབང་གི་ཕྲིན་ལས་ལ་ཐུགས་གཏད་པས། སྔགས་ཕྲེང་ལས་འོད་དམར་པོ་བྱོན་ཞལ་ནས་ཐོན། དེའི་འོད་ཟེར་གྱིས་སྣང་སྲིད་ཀྱི་དངོས་གྲུབ་བསྡུས་ནས་འོད་ལ་ཐིམ་ཞིང་། ཚུར་བྱུང་རང་གི་ཐུགས་ཀར་ཐིམ་པས་འཁོར་འདས་དབང་དུ་འདུས་པའི་དངོས་གྲུབ་ཐོབ་པར་བསྒོམ་ཞིང་སྔགས་རིང་ཧ་རི་ནི་ས་སརྦ་སིདྡྷི་པ་ཤང་ཀུ་རུ་ཧཱུྃ་སྭཱ་ཧཱ། ཞེས་སྦྱར་ལ་སུམ་བརྒྱའམ་ཅི་ལྕོགས་བཟླ། དེ་ནས་ཉི་མ་ནུབ་པ་དང་གཏོར་བསྔོས་ཐུན་བསྡུ། ༈ དེ་ནས་མུན་རུབ་ནས་བདག་བསྐྱེད་ཚར་གཅིག་བཏང་ནས། ཡུད་ཙམ་རྟེན་འབྲེལ་གྱིས་ཁ་བྱང་ངམ་ལྷོར་རྒྱུ་ལ། སྔགས་རིང་ཧཱུྃ་ཕཊ་ཡན་ལྔ་བརྒྱའམ་ཅི་ལྕོགས་བཟླ་ཚེ་དམིགས་པ་ནི། རང་ཉིད་ཡབ་ཡུམ་ཐུགས་ཀར་ཧཱིསྔགས་ཕྲེང་གིས་བསྐོར་བཞིན་པ་ལས་འོད་ཟེར་ལྗང་ཁུ་སྤང་མའི་མདོག་འཕྲོས་ཞལ་ནས་ཐོན། རང་གི་གཡོན་དུ་ལས་ཀྱི་སྤྱན་རས་གཟིགས་དང་། ཡུམ་སྒྲོལ་མ་ཞལ་


CMR025_Page_0577
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་གྱི་ཐུགས་ཀར་ཕོག་པས་མཆོད་པར་གྱུར་ནས་མཉེས། སྔགས་ཕྲེང་ཅི་མགྱོགས་སུ་འཁོར་བས་ཐུགས་རྒྱུད་བསྐུལ་ནས། དྲག་པོའི་ལས་ལ་དགོངས་པ་གཏད། ཐུགས་སྲོག་ཧཱུྃ༔སྔགས་ཕྲེང་དང་བཅས་པ་ལས། འོད་ཟེར་ལྗང་གུ་བྱུང་། དྲག་པོའི་དངོས་གྲུབ་ཀྱི་ཚུལ་དུ་ཞལ་ནས་ཐོན། འོད་དེ་ལས་འོད་ཟེར་ཆེན་པོ་འཕྲོས་པས། གནོད་བྱེད་དགྲ་བགེགས་ཐམས་ཅད་འོད་དེ་ཚ་བའི་རེག་བྱས་གཞོབ་ཐུལ་གྱིས་བསྲེགས་ཏེ་ཚར་བཅད། ཁྲོ་བོ་ཁྲོ་མོ་ཆོས་སྐྱོང་ཐམས་ཅད་ཀྱི་མཐུ་སྟོབས་བསྡུས་ཤིང་འོད་དེ་ལ་ཐིམ་པ་དང་བཅས་ཏེ། ཚུར་བྱུང་རང་གི་ཐུགས་ཀར་ཞུགས་ལུས་གང་བས། བདུད་བཞི་དང་ཉོན་མོངས་ཚར་བཅད། ཐུགས་སྲོག་ཧྲཱིཿལ་ཐིམ་པས། དྲག་པོའི་དངོས་གྲུབ་ཐོབ་པར་བསྒོམ་པ་སྒྲུབ་པའོ། །ཡང་རང་གི་ཐུགས་ཀ་ནས་འོད་ཟེར་ལྗང་གུ་འཕྲོས་རང་གི་མདུན་ཟུར་གཡོན་དུ་བཞུགས་པའི་ལས་ཀྱི་མཁའ་འགྲོའི་ཐུགས་ཀར་ཐིམ་པས་མཉེས། ཐུགས་སྲོག་ས་ལ་སྔགས་ཕྲེང་གཡོན་དུ་དྲག་ཏུ་འཁོར་བས། ཐུགས་རྒྱུད་བསྐུལ་ཏེ་དགོངས་པ་གཏད་པས་འོད་ལྗང་གུ་དྲག་པོའི་དངོས་གྲུབ་ཞལ་ནས་ཐོན། དེའི་འོད་ཟེར་ཚ་ཞིང་བསྲེགས་པས་རང་དང་བསྲུང་བྱ་ལ་གནོད་པའི་


CMR025_Page_0578
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་ཐམས་ཅད་གཞོབ་ཐུལ་གྱིས་ཚར་བཅད། འཇིག་རྟེན་དྲེགས་པའི་མཐུ་སྟོབས་བསྡུས་འོད་ལ་ཐིམ་ཞིང་ཚུར་བྱུང་རང་གི་ཐུགས་ཀར་ཐིམ་པས། དྲག་པོའི་ཕྲིན་ལས་ཐོགས་པ་མེད་པའི་དངོས་གྲུབ་ཐོབ་པར་བསྒོམས་ལ་སྔགས་རིང་མཇུག་ཧ་རི་ནི་ས་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ། ཅེས་སུམ་བརྒྱའམ་ཅི་ལྕོགས་བཟླ། གཏོར་བསྔོས་བྱ། ཐུན་བསྡུས་ལ་ཉལ་ལོ། །ཐུན་བསྡུ་བའི་དམིགས་པ་དོན་དམ་པའི་སྟོང་པ་ཉིད་དོ། །ཞེས་པ་དེ་ཉལ་བའི་རྣལ་འབྱོར་ཡིན། སླར་ཡང་ཞལ་གཅིག་ཅེས་སོགས་དེ། གཉིད་སད་མ་ཐག་བྱ་བ་ལངས་བའི་རྣལ་འབྱོར་རོ། །དེ་རྣམས་དོན་ནི་ལྷ་དགུའི་རྒྱ་གཞུང་ལས། དེ་ནས་རང་གཞན་གྱི་དོན་བྱ་བའི་ཕྲིན་ལས་བཞི་སྒྲུབ་པའི་ཕྱིར། ཕྲིན་ལས་གང་སྒྲུབ་ཀྱི་དམིགས་པ་སྤོས་ཏེ་སྔགས་ཀྱི་ཤམ་བུ་བསྒྱུར་ལ་བཟླས་པ་བྱའོ། །ཞེས་གསུངས་པའི་དོན་ཡིན་ནོ། །དེ་ལ་ཕྲིན་ལས་བཞིའི་རྟགས་རྨིས་ལྟས་སོགས་ནི་སྤྱི་དང་འདྲ་བས་དཔྱད་ཤེས་པར་བྱའོ། །ཡང་ཕྲིན་ལས་རེ་རེ་ལ་ཞག་བདུན་ཙམ་འབད་ན་རྟགས་ཐོན་པར་འགྱུར་ཏེ། དེ་ལ་དང་པོ་མགོ་བཟུང་དུས་ཞི་བ་ཞོགས་པ་ཁ་ཤར་གྱུ། རྒྱས་པ་ཉིན་ཕྱེད་ལྷོ། དབང་དགོང་ཁ་ནུབ། དྲག་པོ་སྲོད་ལ་བྱང་


CMR025_Page_0579
[མ་དཔེ་གཟིགས་ན་འདིར་གནོན།]

དུ་ཁ་གྱུའི། རྒྱུན་དུ་ནི་མི་དགོས་སོ། །གོང་དུ་བསྙེན་པ་ཐེམ་ནས་རྒྱུན་དུའམ། ཐུགས་དམ་ཆག་མེད་མཁན་མཚམས་མ་ཐོན་ཀྱང་དམིགས་པ་འདི་དག་ཅི་ལྕོགས་སུ་བསྒོམ། བསྐྱེད་རིམ་འབྱོངས་ནས་ཕྲིན་ལས་བཞི་ཁའི་དམིགས་པ་དུས་གཅིག་ལ་བསྒོམ་པར་གསུངས་སོ། །ཞེས་པདྨ་ཡེ་ཤེས་ཀྱི་བསྒྲུབ་པ་བྱ་ཕྱིར་དང་མ་ཕམ་གྱི་དགེ་རྩ་ལ་དམིགས་ནས་ཨ་རཱ་གས་བྲིས་པ་སྟེ་འགྲོ་བ་དཔག་ཏུ་མེད་པ་ལ་ཕན་ཞིང་། བདེ་བ་ཅན་དུ་སྐྱེ་བའི་ལམ་བཟང་ཆེན་པོར་གྱུར་ཅིག །མངྒ་ལཾ། བྷ་ཝནྟུ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR025_Page_0580
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་སྟོང་།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་དགུའི་དཀྱིལ་འཁོར་གྱི་དང་པོ་རྩ་བའི་བསྙེན་པ་བྱ་ཚུལ་ཟིན་བྲིས།next