Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
མགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousམགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།next

མགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།


CMR026_Page_0525
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ་བཞུགས་སོ།།


CMR026_Page_0526
[མ་དཔེ་གཟིགས་ན་འདིར་གནོན།]

དྲིན་ཅན་དྷརྨ་ཤྭ་རའི་ཞབས་ལ་འདུད། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་དང་དུད་སོལ་ལྷ་མོ་སྦྲག་སྒྲུབ་ཀྱི་གཏོར་བསྔོས་ལ་གཞི་བྱས་ཏེ་མཚལ་མ་འདོན་ལུགས་ནི། རང་གསར་མ་ཡིན་ན་རྒྱལ་བ་རྒྱ་མཚོ། རྙིང་མར་གུ་དྲག་ལ་སོགས་སྔོན་དུ་འགྲོ་ཚར་བས། རྒྱལ་བ་རྒྱ་མཚོའི་གཏོར་བསྔོས་རྒྱས་པ་དང་། འོག་ཕྱག་བཞི་པའི་གཏོར་བསྔོས་འདིར་བྱའོ། །དེ་ཡང་སྟེང་གི་ཆ་ལ་བརྒྱུད་པའི་བླ་མ་སངས་རྒྱས་བྱང་ཆུབ་སེམས་དཔས་བསྐོར་བ། བར་གྱི་ཆ་ལ་ཡི་དམ་གྱི་ལྷ་ཚོགས་ལ་རྒྱུད་སྡེ་དྲུག་གིས་བསྐོར་བ། འོག་གི་ཆ་ལ་ཕྱག་བཞི་པ་བཀའ་སྲུང་དམ་ཅན་རྒྱ་མཚོ་ལ་བཀའ་སྡོད་ཕོ་ཉ་རྣམས་ཀྱིས་བསྐོར་བ། ནམ་མཁའི་སྤྲིན་འཁྲིགས་པ་ལྟར་སྐད་ཅིག་གིས་གསལ་གདབ་ནས་བཞུགས་པར་བསམས་ལ། ཞྭ་དམར་ཆོས་ཀྱི་


CMR026_Page_0527
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཕྱུག་གིས་མཛད་པའི་རྒྱ་གཞུང་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་ལྷ་བཅུ་གསུམ་པ་ལྷོ་སྒོ་ནག་པོ་སྤྱིའི་རྒྱུད་ནས་གསུངས་པའི་རྒྱལ་ཆེན་བཞི་དང་ལས་མགོན་དམར་པོ་དུད་སོལ་བདུད་རྩི་རྒྱལ་མོ་དང་བཅས་སྤྲུག་སྒྲུབ་འདོན་བྱའོ། །ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཧཱུྃ་ཕཊ་ཨོཾ་སྭ་བྷ་ཝ་ཤུདྡྷསརྦ་དྷརྨསྭ་བྷ་ཝ་ཤུདྡྷོཉཧཾ། ཆོས་རྣམས་ཐམས་ཅད་དངོས་པོའི་མཐའ། །རང་བཞིན་སྟོང་པའི་ངང་ཉིད་ལས། །མདུན་གྱི་གཞི་འདིར་དུར་ཁྲོད་ཀྱི། །ས་གཞིར་པཾ་ལས་པདྨ་དང་། །རཾ་ལས་ཉི་མའི་དཀྱིལ་འཁོར་སྟེང་། །ཧཱུྃ་ཡིག་མཐིང་ནག་ལས་གྱུར་པའི། །རྡོ་རྗེ་གྲི་གུག་ཧཱུྃ་གིས་མཚན། །འོད་འཕྲོས་བདུད་ཀྱི་སྡེ་བཅོམ་


CMR026_Page_0528
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །འཕགས་མཆོད་ཚུར་འདུས་ཡོངས་གྱུར་ལས། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །ཆར་སྤྲིན་གདོང་བ་ལྟ་བུའི་མདོག །དམར་ལ་ཟླུམ་པའི་སྤྱན་གསུམ་ལྡན། །ཁྲོ་གཉེར་བསྐྱོད་ཅིང་མཆེ་བ་གཙིགས། །ཞལ་ནས་ཧ་ཧ་ཧཱུྃ་ཧཱུྃ་གིས། །གད་སྒྲོག་ལྗགས་ནི་རྣམ་པར་འགྱུར། །དབུ་སྐྲ་སྨིན་མ་སྨ་ར་དང་། །དམར་སེར་མེ་ལྟར་རབ་ཏུ་འབར། །ཕྱག་བཞི་དང་པོས་གྲི་ཁུག་དང་། །གཡས་འོག་རལ་གྲི་འདེབས་པའི་ཚུལ། །གཡོན་གྱི་དང་པོས་ཀ་པཱ་ལར། །བདུད་རྩིས་བཀང་བ་ཐུགས་ཀར་འཛིན། །གཡོན་འོག་རྡོ་རྗེ་ཁ་ཊཾ་ག །ཕྱར་བའི་སྟབས་འཛིན་མི་མགོ་ནི། །སྐམ་པོ་ལྔ་ཡིས་དབུ་བརྒྱན་དང་། །རློན་པ་ཁྲག་འཛག་ལྔ་བཅུ་ཡིས། །སེ་རལ་དར་དང་རིན་པོ་ཆེ། །རུས་པ་སྦྲུལ་དང་དྲིལ་བུ་ཡིས། །གཡེར་ཁའི་ཕྲེང་བས་རབ་ཏུ་བརྒྱན། །སྟག་ལྤགས་གསར་པ་ཁྲག་ཅན་གྱིས། །སྨད་གཡོགས་སྐུ་ལས་ཡེ་ཤེས་ཀྱི། །མེ་དཔུང་འབར་བའི་དབུས་ཉིད་ན། །མི་རོ་ཁ་སྦྱབ་བསྣོལ་བའི་གདན། །དཔའ་བོ་རོལ་པའི་སྟབས་ཀྱིས་བཞུགས། །དེ་ཡི་གཡས་སུ་ཧཱུྃ་ཡིག་ལས། །ལས་མགོན་བྱ་རོག་གདོང་ཅན་ནི། །སྐུ་མདོག་དམར་པོ་ཞལ་གཅིག་


CMR026_Page_0529
[མ་དཔེ་གཟིགས་ན་འདིར་གནོན།]

པ། ཕྱག་གཉིས་གྲི་གུག་ཐོད་པ་འཛིན། །ནག་པོ་སྟོང་གི་འཁོར་གྱིས་བསྐོར། །གཡོན་དུ་བྱོ་ཡིག་ཡོངས་གྱུར་ལས། །ཡུམ་མཆོག་རྩ་འཇིབ་དམར་མོ་ནི། །ཞལ་གཅིག་ཕྱག་བཞི་གཡས་པ་ན། །རལ་གྲི་རྩེ་གསུམ་གཡོན་པ་ན། །མདའ་གཞུ་མི་མགོ་འཛིན་པའོ། །མ་མོ་བྱེ་བའི་ཚོགས་ཀྱིས་བསྐོར། །མདུན་དུ་ཧཱུྃ་ལས་ཤ་ཟ་ནི། །སེང་གེའི་གདོང་ཅན་སྐུ་མདོག་ནག །ཞལ་གཅིག་ཕྱག་གཉིས་རལ་གྲི་དང་། །ཐོད་ཁྲག་འཛིན་པ་ཤ་ཟ་ནི། །འབུམ་གྱིས་བསྐོར་བ་དེ་རྒྱབ་ཏུ། །ལེགས་ལྡན་ནག་པོ་དར་ནག་གི །བེར་གསོལ་གཎྜི་འཛིན་པའོ། ༈ །ཁྲུབ་ཆེན་བྱེ་བ་འབུམ་གྱིས་བསྐོར། །མདུན་ཟུར་གཡས་གཡོན་གང་མཛེས་གཉིས། །གསེར་མདོག་ཟས་སྣའི་བུམ་པ་སྟོབས། །གནོད་སྦྱིན་ཁྲི་ཡི་འཁོར་གྱིས་བསྐོར། །དེ་ཕྱིར་ཤར་དུ་མཁའ་འགྲོ་མ། །བྱ་རྒོད་གདོང་ཅན་བྱང་དུ་ནི། །ཁྱུང་དང་ནུབ་ཏུ་ཁྭ་ཏ་དང་། །ལྷོ་རུ་འུག་པ་ཤར་ལྷོར་ཕག །ལྷོ་ནུབ་ཁྱི་དང་ནུབ་བྱང་དུ། །སྤྱང་ཀི་བྱང་ཤར་མཚམས་ཉིད་དུ། །སྟག་གི་གདོང་ཅན་བརྒྱད་ཀ་ཡང་། །གཅེར་བུ་སྐྲ་གྲོལ་ཞལ་གཅིག་པ། །ཕྱག་གཉིས་གྲི་གུག་


CMR026_Page_0530
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་ཁྲག་འཛིན། །འཁོར་རྣམས་བཞེངས་ནས་གར་སྟབས་ཀྱིས། །རོལ་གར་སྣ་ཚོགས་མཛད་པའོ། །མདུན་དུ་དུར་ཁྲོད་ཆེན་པོའི་ནང་། །མེ་འབར་ཁྲག་ཞག་རྒྱ་མཚོ་དབུས། །ཐོད་པ་སྐམ་རློན་གཞལ་ཡས་སུ། །ཨོཾ་ལས་དུད་སོལ་ལྷ་མོ་ནག །ཞལ་གཅིག་ཕྱག་བཞི་རལ་གྲི་དང་། །ཐོད་ཁྲག་ཤཀྟི་རྩེ་གསུམ་བསྣམས། །དུར་ཁྲོད་ཆས་བརྒྱད་མི་རོ་གསོལ། །བ་གླང་གླང་ལྤགས་རེ་ལྡེ་བགོས། །སྦྲུལ་བརྒྱན་ཞབས་གཉིས་ལྕགས་སྒྲོག་གསོལ། །བོང་བུ་དམར་གྲྭ་ཆིབས་པའོ། །སྙིང་འཕྲོག་མ་གསུམ་ལྷ་མོ་བཞི། །དུར་ཁྲོད་མ་མོ་ཕྲ་མེན་བརྒྱད། །སྲིད་པའི་མ་མོ་ཀུན་གྱིས་བསྐོར། །ཕྱོགས་བཞིར་རྒྱལ་པོ་ཆེན་པོ་བཞི། །དཔུང་བཞི་ཡན་ལག་དམག་དང་བཅས། །དུར་ཁྲོད་ཆེན་པོའི་ཕྱི་རོལ་དུ། །རྡོ་རྗེའི་རྭ་གུར་ཡེ་ཤེས་ཀྱི། །མེ་རི་དྲག་ཏུ་འབར་བའོ། །གཙོ་འཁོར་ཀུན་གྱི་སྤྱི་བོ་ནི། །ཨོཾ་དང་མགྲིན་པར་ཨཱཿཉིད་དང་། །ཐུགས་ཀའི་ཧཱུྃ་ལས་འོད་འཕྲོས་པས། །འོག་མིན་ལ་སོགས་སངས་རྒྱས་ཀྱི། །ཞིང་ཁམས་རྒྱ་མཚོར་བཞུགས་པ་ཡི། །ཡེ་ཤེས་མགོན་པོ་འཁོར་བཅས་ཀུན། །ནམ་མཁར་སྤྲིན་བཞིན་གཏིབས་པར་


CMR026_Page_0531
[མ་དཔེ་གཟིགས་ན་འདིར་གནོན།]

གྱུར། །ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །སྤྱན་འདྲེན་དཔལ་ལྡན་ནག་པོ་ཆེ། །བདག་རྒྱུད་སྒྲིབ་པ་བསལ་བའི་ཕྱིར། །བརྩེ་བས་དགོངས་ཏེ་འདིར་བྱོན་ཅིག །ཧཱུྃ། སྐུ་གསུང་ཐུགས་ཀྱི་བདག་ཉིད་ཅན། །རྡོ་རྗེ་ནག་པོ་འཁོར་བཅས་རྣམས། །རང་བཞིན་གནས་ནས་སྐུ་བཞེངས་པ། །བསྟན་པ་བསྲུང་ཕྱིར་འདིར་གཤེགས་ཤིག །འོག་མིན་གནས་མཆོག་དམ་པ་དང་། །ལྕང་ལོ་ཅན་གྱི་ཕོ་བྲང་དང་། །ནཱ་ལེནྡྲའི་གཙུག་ལག་དང་། །བསིལ་བ་ཚལ་གྱི་དུར་ཁྲོད་དང་། གཞན་ཡང་དུར་ཁྲོད་གནས་བརྒྱད་དང་། །ཕྱི་ཡི་རྒྱ་མཚོའི་འགྲམ་དག་དང་། །རང་བཞིན་གར་བཞུགས་གནས་མཆོག་ནས། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །རྣལ་འབྱོར་བདག་གིས་འབོད་པ་ལས། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །བྷྱོཿ རི་རབ་ཆེན་པོའི་བྱང་ཤར་མཚམས། །གཡུ་མཚོ་མུ་ལེའི་མཐིང་དཀྱིལ་དབུས། །རིན་ཆེན་སྣ་ལྔའི་གཞལ་ཡས་ཁང་། །དེ་དབུས་གྲུ་གསུམ་ཐོད་མཁར་དང་། །གྲུ་གསུམ་འབར་བའི་ཀློང་དཀྱིལ་ནས། །དཔལ་ལྡན་ལྷ་མོ་དུད་སོལ་མ། །སྐུ་མདོག་ནག་མོ་འཇིགས་


CMR026_Page_0532
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གཟུགས། །ཞལ་གཅིག་ཕྱག་བཞི་བོང་བུ་ཆིབས། །འཁོར་ཡང་ནག་མོ་འབུམ་གྱིས་བསྐོར། གནས་འདིར་ཉིད་དུ་གཤེགས་སུ་གསོལ། །མགོན་པོ་ཀུན་གཤེགས་ཐུགས་རྗེ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །འདྲེན་པའི་བསྟན་པ་སྲུང་བ་དང་། །སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དམ་ཚིག་ཅན་ལ་རྗེས་བརྩེ་བས། །ནག་པོ་ཡབ་ཡུམ་འཁོར་དང་བཅས། །རྒྱལ་ཆེན་སྡེ་བཞི་དཔུང་དང་བཅས། །གནས་འདིར་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཙ་ཏུར་ཧསྟེ་བཛྲ་མ་ཧཱ་ཀཱ་ལ་དེ་ཝི་ཀ་ལི་ཙ་ཏུར་ར་ཛ་ས་པཱ་རི་ཝཱ་ར་བཛྲ་ས་མཱ་ཛཿ ཨེ་ཧྱ་ཧི་ཛཧཱུྃ་བཾ་ཧོ༔ ཧཱུྃ། སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་དང་བཅས། །བདུད་དང་མུ་སྟེགས་མ་ལུས་འདུལ་བ་དང་། །གདུག་པའི་དགྲ་བགེགས་མ་ལུས་འདུལ་བའི་ཕྱིར། །དྲག་པོའི་གཞལ་ཡས་དཀྱིལ་འཁོར་ཆེན་པོ་འདིར། གཉིས་མེད་བརྟན་པར་བཞུགས་ནས་ཕྲིན་ལས་མཛོད། །བྷྱོཿ རླུང་དམར་དྲག་པོའི་ཤུགས་ལྡན་བོང་བུའི་སྟེང་། །དུར་ཁྲོད་ཆོས་ལྡན་ཞབས་གཉིས་ལྕགས་སྒྲོག་མཛེས། །


CMR026_Page_0533
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གདངས་མཆེ་གཙིགས་ཀི་ལི་ཀཱི་ལ་སྒྲོག །དཔལ་ལྡན་འདོད་ཁམས་དབང་ཕྱུག་གདན་ལ་བཞུགས། །དམ་ཚིག་པ་དང་ཡེ་ཤེས་གཉིས་མེད་གྱུར། །པདྨ་ཀཱ་མ་ལ་ཡེ་སྟེ། དཔལ་ལྡན་མགོན་པོ་འཁོར་བཅས་ལ། །ཁྲག་ཆེན་འབར་བའི་ཨནྡྷཾ་དང་། །ཞག་ཆེན་འཁྲིགས་པའི་ཞབས་བསིལ་སོགས། །དབང་པོ་ལྔ་ཡི་མེ་ཏོག་དང་། །ཤ་ཆེན་སྤོས་དང་ཚིལ་ཆེན་སོགས། །ཞུན་ཆེན་སྣང་གསལ་མར་མེ་དང་། །སྣ་ཚོགས་དྲི་ཡི་བྱུག་པ་དང་། །ཤ་ཆེན་ལྔ་ཡི་ཞལ་ཟས་དང་། །ཐོད་ཆེན་རྔ་དང་རྐང་ཆེན་དུང་། །དགྱེས་པའི་ཚུལ་གྱིས་བཞེས་སུ་གསོལ། །བཛྲ་མ་ཧཱ་ཀཱ་ལ་དེ་ཝ་ས་པཱ་རི་ཝཱ་ར་ཨབྷཾ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཧཱུྃ་ཧཱུྃ་ལས་སྐྱེས་པའི་ནག་པོ་ཆེ། །པདྨ་ཉི་མའི་་གདན་ལ་བཞུགས། །གདུག་པ་ཟིལ་གནོན་མེ་དཔུང་འབར། །མཐུ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །བྱ་རོག་མིང་ཅན་ནག་པོ་ཆེ། །ཞལ་གཅིག་ཕྱག་གཉིས་ཁྲོ་བོའི་གཟུགས། །ཞབས་གཉིས་གྱད་ཀྱི་སྟབས་ཀྱིས་བཞུགས། །སྟོབས་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །ཆ་ལུགས་འཆང་བའི་ནག་པོ་ཆེ། །སྦྲུལ་དང་རིན་ཆེན་ཐོད་པས་


CMR026_Page_0534
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །སྟག་ལྤགས་ཤམ་ཐབས་སྐུ་ལ་གསོལ། །དཔའ་བོ་ཁྱོད་ལ་ཕྱག་འཚལ་བསྟོད། །ཕྲིན་ལས་མཛད་པའི་ནག་པོ་ཆེ། །འབྲས་བུ་ཐོད་ཁྲག་ཞལ་དུ་གསོལ། །གདུག་པའི་མཚོན་ཆ་ཕྱག་ན་བསྣམས། །གསོད་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །གཟི་མདངས་ལྡན་པའི་ནག་པོ་ཆེ། །དབུ་སྐྲ་སེར་པོ་གྱེན་དུ་བརྗེས། །ཨག་ཚོམ་སྨིན་མ་མེ་ལྟར་འབར། །བརྗིད་པ་ཁྱོད་ལ་ཕྱག་འཚལ་བསྟོད། །སྙིང་རྗེས་ཁྲོས་པའི་ནག་པོ་ཆེ། །སྤྱན་གསུམ་སྡང་མིག་མེ་ལྟར་འབར། །རབ་ཏུ་འཁྲུགས་པའི་ཁྲོ་གཉེར་ཅན། །གཏུམ་ཆེན་ཁྱོད་ལ་ཕྱག་འཚལ་བསྟོད། །འཇིགས་པའི་གཟུགས་ཅན་ནག་པོ་ཆེ། །ཞལ་གདངས་མཆེ་བ་རབ་ཏུ་གཙིགས། །ལྗགས་འདྲིལ་ཧཱུྃ་ཧཱུྃ་སྒྲ་སྒྲོག་པ། །ཟ་བྱེད་ཁྱོད་ལ་ཕྱག་འཚལ་བསྟོད། །བྱང་ཆུབ་སེམས་ལྡན་ནག་པོ་ཆེ། །སངས་རྒྱས་སྤྱན་སྔར་ཁས་བླངས་པ། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །དམ་ཅན་ཁྱོད་ལ་བདག་བསྟོད་དོ། །དམ་ལ་མ་འདའ་ནག་པོ་ཆེ། །བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །བསྟན་པ་སྲུངས་ཤིག་ནག་པོ་ཆེ། །རྣལ་འབྱོར་སྐྱོངས་ཤིག་ནག་པོ་ཆེ། །བཀའ་བཞིན་སྒྲུབས་ཤིག་


CMR026_Page_0535
[མ་དཔེ་གཟིགས་ན་འདིར་གནོན།]

ནག་པོ་ཆེ། །གལ་ཏེ་དམ་ལས་འདས་གྱུར་ན། །དུས་གསུམ་སངས་རྒྱས་ཁྱོད་ཀྱིས་བསླུས། །ཁྱོད་ནི་ཉམས་པར་འགྱུར་ཏ་རེ། །དེ་བས་དམ་ལ་མ་འདའ་ཞིག །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དཔལ་ལྡན་ལྷ་མོ་དུད་པའི་སོལ་བ་མ་ཁྱོད་ཀྱིས་བདག་ལ་སྐུ་མངོན་སུམ་དུ་སྟོན་ཅིག །སྐུ་མངོན་སུམ་དུ་མི་སྟོན་ན་ཡང་། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ་སོགས་པའི་སྤྱན་སྔར། ཇི་ལྟར་ཁས་བླངས་དམ་བཅས་པ་བཞིན་དུ། སངས་རྒྱས་ཀྱི་བསྟན་པ་གཉན་པོ་བསྲུང་བ་དང་བླ་མ་དམ་པ་རྣམས་ཀྱི་ཕྲིན་ལས་སྒྲུབས་ཤིག །སྔགས་འཆང་སྒྲུབ་པ་པོ་བདག་གི་དགྲ་བགེགས་ཐམས་ཅད་སྒྲོལ་ཅིག །ཚེ་དང་དཔལ་སྐྱེད་ཅིག །བདག་ཅག་དཔོན་སློབ་མི་ནོར་ལ་གནོད་པར་བྱེད་པའི། ནད་གདོན་ཡམས་ནད་རིམས་ནད་ཐམས་ཅད་ཞི་བར་མཛོད་ཅིག །གཞན་ཡང་བདག་གི་ཡིད་ལ་གང་འདོད་པ་དེ་ཁྱོད་ཀྱིས་འགྲུབ་པར་གྱིས་ཤིག །དེ་ལྟར་མི་བྱེད་ན་ཁྱོད་དམ་ཚིག་ཆེན་པོས་རབ་ཏུ་གཟིར་བར་བྱའོ། །ཨོཾ་ཧཱུྃ་ཤི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོཿ ཨེ་ཨཱཿ་རལླི་ཧྲཱི་ཛ་ཧ་ན་ཧ་ན་བཛྲ་ཀྲོ་ཏ་ས་མ་


CMR026_Page_0536
[མ་དཔེ་གཟིགས་ན་འདིར་གནོན།]

ཡ་མ་ཏི་ཀྲ་མ་ནན་ཧཱུྃ་ཕཊ༔ སྔོན་གྱི་དམ་ཚིག་གཉན་པོ་དགོངས། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །རྒྱལ་བ་རིགས་ལྔ་ཡུམ་བཞི་དང་། །སེམས་དཔའ་སེམས་མ་ཁྲོ་བོ་དང་། །ཁྲོ་མོ་སྤྱན་དྲངས་བདུད་རྩིའི་ཆུས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ལྷག་སྤྱི་བོར་བརྟེན་པ་ལས། །གཙོ་བོར་བདེ་མཆོག་ལྷན་སྐྱེས་དང་། །འཁོར་རྣམས་ཀུན་ལ་བཅོམ་ལྡན་འདས། །མི་བསྐྱོད་རྡོ་རྗེས་དབུ་བརྒྱན་གྱུར། །བདག་ཉིད་བཅོམ་ལྡན་སྤྱན་རས་གཟིགས། །གསལ་བའི་ཐུགས་ཀར་ཟླ་བའི་སྟེང་། །དཀྱིལ་འཁོར་དབུས་སུ་ཧྲཱི༔ཡིག་མཐར། །ཡི་གེ་བཅུ་པོ་རབ་ཏུ་གསལ། །མགོན་པོའི་ཐུགས་ཀར་ཉི་སྟེང་ཧཱུྃ། །དམར་པོ་འོད་ཟེར་འབར་བའི་མཐར། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲཱི་ད་ཧཱུྃ་ཕཊ༔ ཅེས་པའི་སྔགས་ཕྲེང་འཁོར་བར་བསམ། །རང་གི་ཐུགས་ཀའི་ཧཱུྃཿཡིག་ལས། །འོད་འཕྲོས་དཔལ་ལྡན་ནག་པོ་ཆེའི། །ཐུགས་ཀར་ཕོག་པས་ཐུགས་རྗེ་ཆེ། །བསྐུལ་ཏེ་དངོས་གྲུབ་བྱིན་རླབས་ཀུན། །འོད་ཟེར་ཁ་དོག་སྣ་ཚོགས་ཚུལ། །མགོན་པོའི་ཞལ་ནས་བདག་ཉིད་ཞལ། །ཞུགས་ནས་ཐུགས་ཀར་ཐིམ་པའི་མོད། །ཡེ་ཤེས་མགོན་པོ་འཁོར་བཅས་ལ། །


CMR026_Page_0537
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་ཕོ་ཉ་མང་འཕྲོས་ཏེ། །བདུད་བཞི་བཏུལ་ཞིང་ཕྲིན་ལས་བཞི། །ཐོགས་པ་མེད་པར་འགྲུབ་པར་གྱུར། །ཅེས་མན་ངག་ལྟར་བསྙེན་ནོ། །ཨོཾ་ཁཎྜ་རོ་ཧེ་སོགས། ཨོཾ་སྭ་བྷ་ཝས་སྦྱངས། སྟོང་པའི་ངང་ལས་ཡཾ་ལས་རླུང་། །རཾ་ལས་མེ་དང་ཀཾ་ལས་ནི། །མི་མགོ་གསུམ་གྱི་སྐྱེད་པུའི་སྟེང་། །ཨ་ལས་ཡེ་ཤེས་ཀ་པཱ་ལར། །ཤ་ལྔ་བདུད་རྩི་ལྔ་པོ་དང་། །བདུད་དགྲའི་ཤ་རུས་སྤུང་པ་ལས། །ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས། །ཡེ་ཤེས་བདུད་རྩིར་བྱིན་གྱིས་བརླབས། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱིས། །ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྗགས། །འོད་ཀྱིས་སྦུ་གུས་བདུད་རྩི་རྣམས། །དྲངས་ཤིང་གསོལ་བས་མཉེས་པར་གྱུར། །ཨོཾ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཁ་ཁ་མུ་ཁ་ཀརྨ་རཀྵ་སྲོག་དུང་དུང་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལི་དེ་ཝི་རུ་པ་ནི་ཧཱུྃ་བྷྱོ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་རཀྵ་དུ་བཻ་ཛཿ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་དྷི་ཏྲ་སྱེ་ཧཱུྃ་ཧཱུྃ་


CMR026_Page_0538
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་གྷ་རུ་ཊ་སྐྱེ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཀཾ་ཀ་ཕྱེ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཧུ་ལུ་ཀཱ་སྱེ་ཧཱུྃ་། ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཝཱ་ར་སུཾ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་ཤྭ་ན་སྐྱེ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་ཤྲཱི་གྷ་ལ་སྐྱེ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བྱུ་གྱི་སྐྱེ་ཧཱུྃ་ཧཱུྃ་ཕཊ༔ ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཡ་ཤ་ས་ན་ཨུ་པ་ཧ་རི་ཎི། ཨེ་ཥ་ཨ་པིཉྩ་མ་ཧཱ་ཀ་ལོ་ཨ་ཡཾ། །ཨི་དཾ་རཏྣ་ཏྲ་ཡཱ་ཡ། ཨ་པ་ཀ་རི་ཎི། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་ད། ཨི་དམ་དུཏྟཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྲིཉྩ་གྲིཉྩ། བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ན། པ་ཙ་པ་ཙ། དེ་ན་མེ་ཀེ་ན་ཧཱུྃ་ཕཊ༔ ཨོཾ་ཧཱུྃ་ཤྲཱི་ཡ་དེ་ཝི་ཀཱ་ལི་ཀཱ་ལི་མ་ཧཱ་ཀཱ་ལི་ཧཱུྃ་བྷྱོ༔ ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ནཱཾ་ས་ལ་ཁཱ་ཧི། རཀྟ༴ ཙིཏྟ༴ གོ་རོ་ཙ་ན༴ བ་སུ་ཏ་ལ༴ ཨོཾ་ཨི་དཾ་བ་ལིཾ་ཏ་ཧྥ་གྷིཧྥ་ས་མ་ཡ་ཧཱུྃ་ཕཊ༔ ཨོཾ་ཨ་ཀཱ་རོ༔ ཨོཾ་དྷིཥྛ་རབྦ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བྷཻཾ་རུ་ཌྷ་ཀ་ཡེ་སྭཱ་


CMR026_Page_0539
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་བྷཻཾ་རུ་པཀྵ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཨོཾ་བྷཻཾ་ཤཱ་མ་ཎ་ཡེ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། །ཨོཾ་མ་ཧཱ་ཀཱ་ལ་ཡཀྟ་དེ་ཝ་བྷ་ཏི་དྷི་དྷ་ཧེ་ལུ་སྭཱ་ཧཱ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཤྲཱི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ། ཕྱག་བཞི་པ། བྱ་རོག་གི་མཚན་ཅན། སྐུ་གསུང་ཐུགས་ཀྱི་སྤྲུལ་པ། ལས་མགོན་ཡུམ་མཆོག །རྩ་འཇིབ་དམར་མོ། ལེགས་ལྡན་ནག་པོ། ཕྱོགས་ཀྱི་མཁའ་འགྲོ་བརྒྱད་སོགས། རང་འདྲའི་སྤྲུལ་པ་ལས་མཁན་འཁོར་ཚོགས། བཀའ་སྡོད་མཐུ་བོ་ཆེ་རྣམས་དང་། ནག་པོ་སྟོང་ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི། ཁྲབ་ཅན་བྱེ་བ་དུང་ཕྱུར་གྱིས་བསྐོར་བ། བསྟན་པའི་བཀའ་སྲུང་། དམ་ཉམས་གྱི་སྲོག་གཅོད། མནའ་ཟན་གྱི་གཤེད་པོ། རིག་འཛིན་གྱི་སྲོག་ཤིང་། རྣལ་འབྱོར་གྱི་དགྲ་བླ། དུག་གསུམ་ནད་ཀྱི་སྨན་པ། གཙུག་ལག་ཁང་དང་། དཀྱིལ་འཁོར་གྱི་སྲུང་མའི་ཚོགས་དང་བཅས་རྣམས་ལ་དམ་རྫས་བདུད་རྩིས་གཏོར་མ། དངོས་འབྱོར་ཡིད་སྤྲུལ་གྱི་མཆོད་པ། རྒྱ་ཆེན་པོ་འདིས་གསོལ་ལོ་མཆོད་དོ་


CMR026_Page_0540
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་དོ། །དེ་དག་གི་མཐུས་རྣལ་འབྱོར་པ་བདག་གི་བཀའ་དང་བསྟན་པ་སྲུང་། ཚེ་དང་དབང་ཕྱུག་སྤེལ། དཔལ་དང་གྲགས་པ་སྒྲུབས། འཁོར་དང་གང་ཟག་སྐྱོངས། བདུད་དང་བར་ཆད་ཟློག །མི་ནོར་ཟས་གསུམ་སྡུས། དགྲ་བགེགས་ཐལ་བར་རློགས། །ཕྲིན་ལས་རྣམ་བཞི་སྒྲུབས། རྟག་ཏུ་སྲུང་སྐྱོབ་མཛོད་ཅིག །དཔལ་ལྡན་ལྷ་མོ་དུད་པའི་སོལ་བ། གསོད་བྱེད་མ་གསུམ་རིགས་བཞིའི་ལྷ་མོ་དུར་ཁྲོད་ཀྱི་མ་མོ་བརྒྱད། ཕྲ་མེན་མ་བརྒྱད། སྒོ་མ་བཞི་སོགས་སྲིད་པའི་མ་མོ་མཁའ་འགྲོ་ཐམས་ཅད་ལ་གསོལ་ལོ། །མཆོད་དོ་འབུལ་ལོ། །མཉེས་རབ་ཀྱི་ཕུད་དང་དགྱེས་རབ་ཀྱི་མཆོད་པ་དམ་པ་འདི་མཛོད་ལ། བདག་ཅག་རྣལ་འབྱོར་པ་མི་ནོར་འཁོར་དང་བཅས་པའི། ནད་ཀྱི་།རིགས་སུ་གྱུར་པ། རླུང་ལས་གྱུར་པ། མཁྲིས་པ་ལས་གྱུར་པ། བད་ཀན་ལས་གྱུར་པ། འདུས་པ་ལས་གྱུར་པ། ནད་རིགས་བཞི་བརྒྱ་རྩ་བཞི་པོ་ཐམས་ཅད་ཞི་ཞིང་བཟློག་པར་མཛོད་ཅིག །ཡམས་ནད་རིམས་ནད་མི་ནད་ཕྱུགས་ནད་ཐམས་ཅད་རྒྱུན་ཚད་པ་དང་མི་འབྱུང་བའི་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྐྱོང་དང་།


CMR026_Page_0541
[མ་དཔེ་གཟིགས་ན་འདིར་གནོན།]

འཕགས་སྐྱེས་པོ་དང་། སྤྱན་མི་བཟང་དང་། རྣམ་ཐོས་སྲས་དང་། བཙུན་མོ་དང་བཅས་པ། འཁོར་དཔུང་ཚོགས་དང་བཅས་པ། གནོད་སྦྱིན་གང་པོ། དང་རབ་མཛེས་མ་ཀླུ་རྒྱལ་གང་པོ་དང་མཛེས་མ་རྣམས་ལ། གསོལ་ལོ། །མཆོད་དོ། །མཉེས་ཤིང་ཚིམས་ནས་བདག་ཅག་དཔོན་སློབ་བསྲུང་བྱ་རྣམས་ལ། བར་ཆད་ཐམས་ཅད་ཀྱིས་མི་ཚུགས་པ་དང་སྟོབས་དང་མངའ་ཐང་བསོད་ནམས་ལོངས་སྤྱོད་འཕེལ་ཞིང་རྒྱས་པ་དང་། ཕྱོགས་བཞིའི་དགྲ་བགེགས་ཐམས་ཅད་འདུལ་བའི་ཕྲིན་ལས་རྒྱ་ཆེན་པོ་མཛོད་ཅིག །དཔལ་ལྡན་རྡོ་རྗེ་ནག་པོ་ཆེ། །ལྕམ་དྲལ་བཀའ་འཁོར་བཅས་པ་ཡི། །ཟག་མེད་བདེ་ཆེན་བསྐྱེད་གྱུར་པའི། །བདུད་རྩི་རོ་མཆོག་མྱོང་མཛད་པ། །བསོད་ནམས་ཚོགས་ཆེན་གང་བསགས་དེས། །རྩ་བརྒྱུད་བླ་མའི་བཀའ་དང་ནི། །རང་དམ་གཉེན་པོ་དགོངས་པ་ལྟར། །སངས་རྒྱས་བསྟན་དང་སེམས་ཅན་དོན། །འབད་པ་མེད་པར་འགྲུབ་མཛད་ཅིང་། །ཁྱད་པར་གསོལ་འདེབས་བདག་རྒྱུད་ལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །དེ་ལ་འགལ་རྐྱེན་གང་མཆིས་པ། །ཕྲིན་ལས་རྣམ་བཞིའི་སྒོ་ནས་


CMR026_Page_0542
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །ཚར་གཅོད་རྗེས་འཛིན་མཛད་དུ་གསོལ། །ཧཱུྃ། ཡན་ལག་བརྒྱད་ལྡན་སྨན་གྱི་ཆབ། །མི་ཁྲག་གི་ཁྲག་དང་འདྲེས་པའི། །དུག་ཆུ་ཁོལ་མའི་མཆོད་ཡོན་ནི། །མ་མགོན་འཁོར་བཅས་མདུན་དུ་འབུལ། །པདྨ་ཨུཏྤལ་སྔོན་པོ་དང་། །བཙན་དུག་ར་དུག་དུག་ཤིང་གི །མེ་ཏོག་སྔོན་པོ་དྲི་ངད་ཅན། །མ་མགོན་འཁོར་བཅས་དབུ་ལ་འབུལ། །གུ་གུལ་ཨ་ག་རུ་དག་དང་། །རྔ་མོང་བོང་བུའི་བདུད་རྩི་དང་། །ཤ་ཆེན་ཚིལ་ཆེན་བདུག་སྤོས་འདི། །མ་མགོན་འཁོར་བཅས་ཤངས་ལ་འབུལ། །རྩི་མར་འབྲུ་མར་སྣང་གསལ་དང་། །ར་ཚིལ་ཁྱི་ཚིལ་ཕག་ཚིལ་དང་། །ཞུན་ཆེན་སྣང་གསལ་སྒྲོན་མེ་འདི། །མ་མགོན་འཁོར་བཅས་སྤྱན་ལ་འབུལ། །ཙན་དན་ག་པུར་གླ་རྩི་དང་། །ཤ་རུལ་ཁྲག་རུལ་དུག་སྦྱར་བའི། །དམར་ནག་འཁྲུགས་པའི་དྲི་ཆབ་འདི། །མ་མགོན་འཁོར་བཅས་ཐུགས་ཀར་འབུལ། །རོ་བརྒྱ་ལྡན་པའི་ཟས་མཆོག་དང་། །ནས་ནག་ཏིལ་ནག་བྲ་བོ་ནག །ཚིགས་མ་ནག་པོའི་ལྷ་བཤོས་འདི། །མ་མགོན་འཁོར་བཅས་ཞལ་དུ་འབུལ། །རྔ་དང་རྗེའུ་ཆུང་ཏིང་ཏིང་ཤག །མི་རྐང་དུང་དང་ཌཱ་མ་རུ། །རོལ་མོ་སིལ་སྙན་


CMR026_Page_0543
[མ་དཔེ་གཟིགས་ན་འདིར་གནོན།]

གྱེར་མ་དབྱངས། །མ་མགོན་འཁོར་བཅས་སྙན་ལ་འབུལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ། དྷེ་ཝི་ཀཱ་ལི་ཙ་ཏུར་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་སོགས། ཤབྡ་པྲ་ཏཱིཙྪ་སྭཱ་ཧཱ། ཤེས་རབ་མ་དཱ་ན་ཡི་ཆང་། །ཐབས་ཀྱི་ཚིགས་ས་བ་ལི་ཟན། །དམ་རྫས་བདུད་རྩིའི་ཚོགས་ཕུད་འདི། །མ་མགོན་འཁོར་དང་བཅས་ལ་འབུལ། །བཛྲ་མ་ཧཱ་ཀཱ་ལ་དེ་ཝི་ཀ་ལི་ས་པ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། ཆར་སྤྲིན་གཡོ་བ་དང་མཚུངས་རྔ་རྔོག་བཟང་། །གློག་གི་ཞགས་ལྟར་མྱུར་མགྱོགས་གོམ་སྟབས་ཅན། །རླུང་གི་ཤུགས་དང་འདོད་དགུའི་འགྲོས་ལྡན་པ། །མྱུར་མགྱོགས་རྒྱན་གྱིས་བརྒྱན་པ་གྲངས་མེད་འབུལ། །འདམ་བུའི་ཚལ་བཞིན་རིང་བཞིན་འཚུབ་པ་ཡི། །སྤུ་གཞོམ་གྱིས་གཡོགས་མདུང་རྩེ་ལས་རྣོ་རྭ། །ཡན་ལག་རགས་ཤིང་སྤུ་གྲིའི་རྨིག་པ་ཅན། །གཡག་ནག་རྒྱན་དང་ལྡན་པ་གྲངས་མེད་འབུལ། །རི་དྭགས་དགྲ་ལྟར་དྲག་གཏུམ་མི་བཟད་པའི། །ཁ་གདངས་མཆེ་གཙིགས་རོ་འཛིན་གཅོད་པ་ནི། །མུན་ནག་གློག་ཕྲེང་ཟླ་ཕྱེད་འཕྲོག་པ་བཞིན། །ནོར་སྐྱོང་གཏུམ་པོ་རྒྱན་གྱིས་བརྒྱན་ཏེ་འབུལ། །མུན་པ་ལྟར་ནག་སྤྱི་ཡི་ཚོགས་འཁྲུགས་ཤིང་། །དུང་


CMR026_Page_0544
[མ་དཔེ་གཟིགས་ན་འདིར་གནོན།]

ལྟར་དཀར་བའི་རྭ་འཁྱིལ་རྣམ་པར་མཛེས། །གསེར་སྦྱང་བཙོ་མའི་མདངས་ཆགས་མིག་གཡོ་བའི། །ལུག་ནག་རྒྱན་དང་ལྡན་པ་གྲངས་མེད་འབུལ། །གནམ་ལྕགས་བབས་ཀྱང་འབིགས་པར་མི་བཟོད་ཅིང་། །གཡུལ་གྱི་མཚོན་ཆའི་ངར་རྣམས་ཉམ་བྱེད་པའི། །གཏུམ་པོའི་ལུས་ལ་མི་ཤིགས་སྐྱོབས་པ་ཡི། །དངུལ་ཆུ་ལྟར་འཚེར་ཁྲབ་རྣམས་ཁྱོད་ལ་འབུལ། །སྤྲིན་དཀར་དུམ་བུའི་ཕུང་པོར་གྱུར་པ་བཞིན། །བཅུ་དྲུག་བྱང་བུའི་བསྡེབ་པའི་རྨོག་བཟང་པོ། །ཀླད་ན་གངས་ཀྱི་རི་ལས་རྔམས་པ་ཡི། །ཕོད་དཀར་ལྡེམ་པ་དུ་མ་ཁྱོད་ལ་འབུལ། །ཆང་ཟུང་རབ་བརྟན་ལོགས་ཀུན་མེ་རི་འཁྱུག །མཆོག་ཏུ་འཁྲིགས་པའི་ངར་ལྡན་རབ་རྣོ་བས། །གང་ལ་འདེབས་པར་བགྱིས་པ་ཐལ་བར་རློགས། །རལ་གྲི་དུ་མ་ཁྱོད་ལ་གུས་པས་འབུལ། །རླུང་ལྟར་མགྱོགས་པའི་རྟ་ནག་རྟིང་དཀར་དང་། །གཡག་ནག་རུ་རྣོ་སྤུ་ཞོལ་བརྗིད་ཅིང་ཆེ། །ཁྱི་ནག་དོམ་བུ་གཏུམ་ཞིང་འཇིགས་པའི་གཟུགས། །ལུག་ནག་རྒྱན་ལྡན་ཚོགས་རྣམས་འབུལ་བར་བགྱི། །གཞོམ་མེད་རྡོ་རྗེའི་གོ་ཆ་དུ་མ་དང་། །ཕ་རོལ་བདུད་དཔུང་གཅོད་པའི་མཚོན་ཆའི་ཚོགས། །ཕྱི་ནང་གསང་


CMR026_Page_0545
[མ་དཔེ་གཟིགས་ན་འདིར་གནོན།]

བའི་རྟེན་རྫས་སྒྲུབ་རྫས་དང་། །མཆོད་པའི་སྤྲིན་ཕུང་བསམ་གྱིས་མི་ཁྱབ་འབུལ། །དཔལ་ནག་པོ་ཆེན་པོའི་བསྟོད་པ་རྐང་པ་བརྒྱད་པ་ནི། ཨོཾ་འགྲུབ་པར་གྱུར་ཅིག་ཧཱུྃ་ཧཱུྃ་་ཕཊ་ཅེས་དྲག་པོའི་སྒྲ་ཡིས་སྲིད་པ་གསུམ་གྱི་ཁོངས་རྣམས་མ་ལུས་འགེངས་ནུས་ཤིང་། །ཧ་ཧ་ཊོ་ཊ་ཞེས་བཞད་གང་གི་དུས་ཀུན་ཏུ་ནི་ཤིན་ཏུ་རབ་ཏུ་འཇིགས་མཛད་པ། །ཀཾ་ཀཾ་ཀཾ་ཞེས་ཐོད་པའི་ཕྲེང་བས་དབུ་ལ་སྤྲས་ཤིང་ནག་པོའི་ཆུ་དང་མཚུངས་པའི་སྐུ། །ཧཱུྃ་ཧཱུྃ་ཧཱུྃ་ཞེས་ནུས་པ་མཆོག་གིས་ཁྲོ་གཉེར་འཇིགས་མཛད་འཇིགས་པའི་ཁ་གདངས་ཤ་ཟ་ཞིང་། །དབུ་སྐྲ་དང་ནི་སྨ་ར་སྨིན་སེར་ཉེ་བར་བསྐྱོད་པའི་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །རཾ་རཾ་རཾ་ཞེས་སྤྱན་དམར་འཁྲུགས་ཤིང་བསྒྱུར་མཛད་ཀྲུ་ཀྲུ་ཀྲུ་ཞེས་རབ་ཁྲོས་སྤྱན་གྱིས་གཟིགས། །རྡོ་རྗེའི་གློག་སྟོང་འགྱུ་བའི་སྔགས་སྒྲ་ཧྲཱི་ཧྲིཉྩསྒྲོག་པས་དཔའ་བོའི་མངའ་བདག་རྣལ་འབྱོར་པ་རྣམས་ལ། །སྨིན་མ་སེར་ཞིང་མཆེ་གཙིགས་རོ་ཡི་གདན་ལ་དགྱེས་པའི་ཞིང་སྐྱོང་ཁྱོད་ཀྱིས་སྐྱོང་བར་མཛོད། །ཧ་ཧ་ཧཱུྃ་དང་ཀཱི་ལི་ཀཱི་ལ་ཞེས་སྒྲོག་ཕྱག་གཡོན་ཁ་ཊཾ་གར་བཅས་ཐོད་པ་བསྣམས། །རུ་རུ་རུ་ཞེས་ཁྲག་རྒྱུན་འབབ་པ་ཕྱག་གིས་བསྣམས་ཤིང་


CMR026_Page_0546
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་མཛད་འཐུང་བ་ལ་དགྱེས་ཤིང་། །ཁཾ་ཁཾ་ཁཾ་ཞེས་གཏུམ་པོའི་ཕྱག་གཡས་གྲི་གུག་རལ་གྲིས་བགེགས་རྣམས་ལ་ནི་རོལ་མཛད་པ། །ཀྲྀ་ཊཾ་ཊ་ཞེས་ཌཱ་མ་རུ་ཅན་དེ་ཡིས་འདུལ་མཛད་འཁོར་བཅས་ཞིང་སྐྱོང་ཁྱོད་ཀྱིས་སྲུངས། །རབ་ཏུ་རྔམ་ཞིང་མགོ་བོ་རྣམས་ཀྱི་ཕྲེང་བས་གཤིན་རྗེ་དང་མཚུངས་འཇིགས་པའི་སྐུ་བརྒྱན་ཅིང་། །ཀྱི་ཀྱི་ཀྲྀ་ཞེས་བཟོད་པར་དཀའ་བའི་གཟུགས་ཅན་ཅ་ཅོ་སྒྲོག་པར་བྱེད་པའི་གདུག་པ་རྣམས་བཟུང་སྟེ། །གཅིག་པུའི་སྣ་ཚོགས་མནན་ཅིང་མནན་ནས་ཀ་ཧ་ཀ་ཧ་བརྗོད་མཛད་ཆར་སྤྲིན་སྔོན་པོའི་མདོག །སྐུ་ཚུལ་མི་ཡི་ཤ་དང་རྒྱུ་མས་སྦྲེལ་བའི་ཕྲེང་བས་ཀུན་ནས་བརྒྱན་ཅིང་ཞལ་དུ་གསོལ། །དྲག་ཤུལ་ཕྱག་གིས་འདོད་པའི་གཟུགས་དང་མི་སྡུག་པ་ཡི་གཟུགས་ཅན་གྱིས་ནི་འབྱུང་པོ་རོ་ལངས་ཚོགས། །མ་ལུས་བཟུང་ནས་མྱུར་དུ་བསད་པ་རྣམས་ཀྱི་མགོ་བོ་ཁྲག་རྒྱུན་འབབ་པ་རབ་ཏུ་གསོལ། །ཧྲཱི་ཏྟཾ་ཤི་ཡི་སྔགས་ཀྱི་གསུངས་ཅན་པ་ཙ་པ་ཙའི་སྔགས་ཀྱིས་བགེགས་རྣམས་རབ་ཏུ་བསྲེགས། །རོལ་པས་རོལ་པ་སེལ་ཞིང་མི་ཡིས་གང་བའི་ས་ལ་ཞིང་སྐྱོང་ཁྱོད་ཀྱིས་སྲུང་བར་མཛོད། །ཕོ་ཕེ་ཕོ་རེས་སྒྲོགས་པས་སོ་སོར་བསྐྱོད་པའི་མེ་དཔུང་ཆེན་པོའི་


CMR026_Page_0547
[མ་དཔེ་གཟིགས་ན་འདིར་གནོན།]

དབུས་སུ་བཞུགས་ནས་སུ། །རིགས་ཀྱི་ལུས་ཅན་སྐྱོང་བར་མཛོད་ཅེས་སྒྲུབ་པོ་རྣམས་ཀྱིས་ཞིང་རྣམས་ངེས་པར་ཞིང་སྐྱོང་མཛོད། །ཕྱུགས་རྣམས་ཀྱིས་ནི་ཉིན་རེ་བཞིན་དུ་བགེགས་དང་སྡིག་འཇོམས་དྲི་མེད་བརྙེས་པ་ཆུ་ཉི་བཞིན། །ཅི་ཙོ་ཙོ་ཞེས་གཏུམ་པོའི་ཤུགས་ཀྱིས་རབ་གཡོས་རྨད་བྱུང་ས་ཡི་འཇིག་རྟེན་སྣང་མཛད་པ། །ཀྲྀ་ཀྲྀ་ཀྲྀ་ཞེས་གཤེགས་པས་དགྲ་བོ་ཉོན་མོངས་པ་རྣམས་ངེས་པར་ཉོན་མོངས་འཇོམས་མཛད་ཅིང་། །སཾ་སཾ་སཾ་ཞེས་ཚོགས་པའི་བདག་ཉིད་དམ་ཚིག་ཐོས་འཛིན་ཞིང་སྐྱོང་གང་ཡིན་ཁྱོད་ཀྱིས་སྐྱོང་། །ཐཾ་ཐཾ་ཐཾ་ཞེས་གཤིན་རྗེ་ལྟར་ཁྲོ་དྲི་མ་མེད་པའི་སྣ་ཚོགས་ཆུ་བཞིན་གཟིགས་མཛད་ཅིང་། །ཡཾ་ཡཾ་ཡཾ་ཞེས་རླུང་གི་ཤུགས་ཀྱིས་མྱུར་དུ་རྒྱུ་ཞིང་ཉོན་མོངས་འཇིག་རྟེན་གནོད་བྱེད་མཁྱེན། །ཀཾ་ཀཾ་ཀྲྀ་ཞེས་གདུག་པའི་གཟུགས་ཀྱིས་སྲིད་གསུམ་ཉིན་མཚན་དུས་ཀུན་ཉོན་མོངས་གྱུར་པ་གང་། །ཀཾ་ཀཾ་ཀཾ་ཞེས་ཕན་པར་མཛད་ཅིང་གནོད་པ་སྐད་ཅིག་གིས་སེལ་ཞིང་སྐྱོང་ཁྱོད་ཀྱིས་སྐྱོངས། །པཾ་པཾ་པཾ་ཞེས་ཐུགས་རྗེའི་ཞགས་པས་བྱོལ་སོང་རྣམས་འཛིན་ཕྱག་གིས་གདུལ་བྱ་རྣམས་སྐྱོང་བ། །སྔགས་བདག་སྔགས་ཀྱིས་གཟུགས་ཅན་


CMR026_Page_0548
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་སྔགས་པ་རྣམས་ལ་བློ་གྲོས་འབྲས་བུས་མཚུངས་མེད་སྟེར། །ཞིང་རྣམས་སྐྱོང་བར་མཛད་པ་ཁྱེད་ཀྱིས་འགྲོ་བའི་ལུས་རྣམས་མ་ལུས་ཡུན་རིང་བསྐྱང་དུ་གསོལ། །སྒྲུབ་པ་པོ་རྣམས་སློབ་དཔོན་གང་ཞིག་དམ་ཚིག་ཐོས་འཛིན་གང་ཡིན་བློ་ལྡན་གྱུར་པ་དག །ཐུན་གསུམ་དུ་ནི་སྔགས་རྣམས་བརྒྱད་པོ་ཀློག་བྱེད་དེ་ནི་བསོད་ནམས་ལྡན་པར་གྱུར་བ་དང་། །ཚེ་དང་དཔལ་དང་གྲགས་དང་མཐུ་སྟོབས་འབྱོར་པ་འཛིན་དང་གཟི་བརྗིད་རྒྱས་པ་མཚུངས་མེད་སྟེར། །ས་སྟེང་དང་ནི་མཐོ་རིས་སུ་ཡང་བགེགས་ཀྱི་ཚོགས་རྣམས་རྟག་ཏུ་ཉམས་པར་འགྱུར། །ཡང་དུད་སོལ་མའི་བསྟོད་པ་རྐང་པ་བརྒྱད་པ་བཞུགས་སོ། །བྷྱོཿ ཏིལ་མར་གྱིས་བསྐུས་ལེན་བུ་གཅིག་འཕྱང་རོ་ཉེའི་རྣ་ཆས་སྒེག་ཅིང་རྒྱན་རྣམས་མ་ལུས་འཆང་། །རྒྱུན་དུ་རྐང་སྒོག་ལྕགས་ལ་བྱས་ཤིང་གཅིག་གིས་རང་གི་རྐང་པ་མཛེས་པར་བྱས་པ་སྟེ། །གཅེར་བུ་བོང་བུ་ཞོན་ནས་འགྲོ་བ་འདི་ན་རྒྱུ་བ་དེ་ནི་ལྷ་མོ་ཁྱོད་ཉིད་ཀྱི། །བདག་ཉིད་མཛེས་པར་ཤེས་ཀྱི་གཞན་ལྟས་ཁྱོད་ཀྱི་སྤྱོད་པའི་མཚོ་ཆེན་དོན་དག་སུ་ཡིས་ཤེས། །འཁོར་བ་འཇིག་པའི་ཆེ་ན་མི་ལུས་དག་ལས་ཁྲག་དང་ཞག་འཛག་དུད་པ་འཐུལ་བ་ན། །ལྷ་མོ་མི་བཟད་


CMR026_Page_0549
[མ་དཔེ་གཟིགས་ན་འདིར་གནོན།]

མཆེ་གཙིགས་ཁྱོད་ཀྱི་ཞལ་དུ་འགྲོ་ཀུན་སྐད་ཅིག་ཙམ་གྱིས་ཞུགས་པར་གྱུར། །ནག་མོ་མི་ཐོད་ཐོགས་པ་ཁྱོད་ནི་རྣལ་འབྱོར་གྲུབ་པའི་སྤྱོད་ཡུལ་ཅན་ཏེ་དུར་ཁྲོད་དགྱེས། །ཁྱོད་ནི་གཡོ་ཅན་མནན་ཅིང་ནད་དང་འཆི་བའི་འཇིགས་སེལ་ཞི་ལ་མི་བཟད་དྲེལ་འཆང་སྒྲོག །ཁྱོད་ནི་དཔའ་བོ་དག་གི་མགོ་བོའི་ཅོད་པན་ལེགས་སྤྱད་གཡུལ་དུ་མཚོན་གྱིས་བཅད་པ་ཡི། །ཕྲེང་བ་ཐོགས་ཤིང་གར་བྱེད་ལག་པ་གཉིས་བརྐྱང་རྐུབ་ཚོས་ཆེ་ལ་ཀླུ་དབང་བཤིབ་པ་ཡི། །སྐ་རགས་འཆིང་ཞིང་ལག་ན་མདུང་དང་རལ་གྲི་ཐོགས་ནས་ཁྲག་དང་ཆང་གིས་མྱོས་གྱུར་པ། །མིག་རྩ་དམར་པོར་གྱུར་ཅིང་མཚན་མོ་དུར་ཁྲོད་ཉུལ་བ་འབྱུང་པོ་ཕལ་ཆེར་རྣམས་ཀྱིས་མཐོང་། །ཀོ་རློན་ཆེན་པོ་དྲལ་ཏེ་བརྐྱང་བའི་གོས་ཀྱི་སྟོད་གཡོགས་སྨད་ནི་རེ་ལྡེ་སེར་པོའི་ཤམ་བུ་དཀྲིས། །མི་ཡི་རྒྱུ་མ་གསར་པའི་སྦུབ་ཀྱིས་ཞལ་གྱི་ཟླ་བ་བརྒྱན་ཅིང་དྲིལ་བུ་འགྲམ་པར་འཁྲོལ། །ལུས་ནི་སྣུམ་གྱིས་གསར་དུ་བྱུག་ཅིང་ཁྲག་དང་ཞག་དམར་འཛག་པའི་ཐིག་ལེའི་ཚོམ་བུ་བྲིས། །མི་ཡི་རོ་ལ་སོ་ཡིས་ཆེམས་ཆེམས་གཅོད་བྱེད་ཐོད་པ་ཅན་གྱིས་བདག་ལ་སྐྱོངས་གྱུར་ཅིག །དྲག་པོ་དྲག་མོ་མི་བཟད་མི་


CMR026_Page_0550
[མ་དཔེ་གཟིགས་ན་འདིར་གནོན།]

ཤ་ཁ་ན་ཐོགས་པ་སྔོན་ཆད་མ་བྱུང་ཁྱོད་མཐོང་ན། །མ་མོ་རྣམས་ཀྱང་སྐྲག་ཅིང་འདར་ལ་རྔམ་པ་འདོན་ཅིང་མིག་རྩ་ཧྲིག་ཧྲིག་ཁྱོད་ལ་བསྟོད། །ནག་མོ་བཟང་པོ་ལུས་མདོག་གནག་ཅིང་བཟོད་པར་དཀའ་བ་ཁྱོད་ལ་བརྒྱ་བྱིན་ལ་སོགས་ཀྱང་། །ཉིན་རེ་བཞིན་དུ་བསྟོད་པར་བྱེད་ཅིང་གཤིན་རྗེའི་རྒྱལ་པོ་ཉིད་ཀྱང་རྟག་ཏུ་འདར་ཞིང་འདུད་པར་བྱེད། །མི་རྣམས་དང་ནི་འགྲོ་བ་མ་ལུས་འཇུག་བཏུལ་བས་ནི་ཁྱོད་ཀྱི་རྣ་བའི་ཡ་གཅིག་ལ། །བྲང་གིས་འགྲོ་བའི་གདེངས་ཀ་སྟོང་དང་ལྡན་པ་གཅིག་གི་རྒྱབ་ནས་ཁྱོད་ལ་རྒྱན་དུ་བྱས། །ཡ་གཅིག་ལ་ནི་སེང་གེ་མཚུངས་མེད་འཕྱོ་ཞིང་རྒྱ་མཚོའི་མཐའ་བསྐོར་ས་གཞི་མ་ལུས་གནོན། །སྟེང་ན་རྒྱུ་བའི་ཉི་མ་འོད་ཟེར་སྟོང་ལྡན་དེ་ནི་ཁྱོད་ཀྱི་ལྟེ་བའི་ཕྱོགས་སུ་བཞག །བྷྱོ༔ རྒྱ་མཚོ་ཀློང་ནས་མེ་འབར་ཁྱོད། །མཚོ་རྣམས་སྐེམ་པར་ནུས་པ་སྟེ། །བུད་མེད་ཐམས་ཅད་ཞི་མཛད་ཕྱིར། །ལྷ་ཆེན་སྐུ་ཡི་ཕྱེད་དུ་བཞུགས། །རྫོང་དང་བཀའ་བཟློག་ནག་མོ་ཆེ། །ལྷ་དང་ལྷ་མིན་ཕྱག་བྱས་མ། །མི་ནད་གང་ཡིན་ཁྱོད་ཀྱི་ཤེས། །དེ་ལ་འཇིགས་པ་མེད་པར་འགྱུར། །གཤིན་རྗེའི་ལྕམ་མོ་བདུད་ཀྱི་ཡུམ། །འདོད་པ་ཁམས་ཀྱི་དབང་ཕྱུག་མ། །


CMR026_Page_0551
[མ་དཔེ་གཟིགས་ན་འདིར་གནོན།]

ནད་དོ་ཅོག་གི་བདག་མོ་སྟེ། །སངས་རྒྱས་བསྟན་པ་སྲུང་མཛད་པའི། །དཔལ་ལྡན་ལྷ་མོ་ཁྱོད་ལ་བསྟོད། །བདག་གི་བར་ཆོད་ཐམས་ཅད་སོལ། །འདོད་པའི་དོན་རྣམས་འགྲུབ་པར་མཛོད། །ཧཱུྃ། དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་བསྲུང་ཞིང་། །འཇིགས་བྱེད་མི་བཟད་དྲག་པོའི་ལས་རྣམས་མཛད། །རྔམ་པའི་ང་རོའི་སྲིད་གསུམ་ཐལ་བར་བརླག །མགོན་པོ་བྱ་རོག་མཚན་ལ་ཕྱག་འཚལ་བསྟོད། །མ་ལུས་གདུག་པ་འདུལ་ཕྱིར་སྐུ་མདོག་ནག །རྣམ་བཞི་ཕྲིན་ལས་མཛད་ཕྱིར་ཕྱག་བཞི་པ། །ཁྲོས་པའི་ཉམས་ལྡན་དཔའ་བོ་བརྗིད་པའི་སྐུ། །གདུག་པ་ཚར་གཅོད་ཁྱོད་ལ་ཕྱག་འཚལ་བསྟོད། །ཧེ་རུ་ཀ་དཔལ་མཆོག་གི་རྣམ་འཕྲུལ་ཁྱོད། །ཞིང་སྐྱོང་ཆེན་པོ་མཁའ་འགྲོའི་ཚོགས་ལ་རོལ། །བདུད་བཞིའི་ཁྲག་གསོལ་བྷན་ཕྱག་ན་བསྣམས། །འཆི་བདག་བགེགས་འཇོམས་ཁྱོད་ལ་ཕྱག་འཚལ་བསྟོད། །བསྟན་པ་རྒྱས་པར་མཛད་པའི་དབང་ཕྱུག་གཙོ། །ཕོངས་པའི་དབུལ་སེལ་སྦྱིན་པའི་ལོ་ཐོག་རྒྱས། །སྲིན་པོའི་གཟུགས་ཀྱིས་དགྲ་བགེགས་གསོད་པར་བྱེད། །དངོས་གྲུབ་ཀུན་སྟེར་ནག་པོ་ཁྱོད་ལ་བསྟོད། །དམ་རྫས་


CMR026_Page_0552
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན་པའི་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །ཁྱོད་ཀྱི་དགྱེས་བྱེད་ཡུམ་གསུམ་ལེགས་ལྡན་ནག །བཀའ་སྡོད་ལས་མགོན་གསུམ་དང་སེང་གེའི་གདོང་། །ལས་ཀུན་སྒྲུབ་བྱེད་མཁའ་འགྲོ་བརྒྱུད་དྲུག་སོགས། །སྤྲུལ་པའི་འཁོར་གྱི་ཚོགས་ལ་ཕྱག་འཚལ་བསྟོད། །རྒྱལ་པོ་ཆེན་པོ་དཔལ་དང་ལྡན། །དུང་གི་མདོག་ཅན་པི་ཝང་འཛིན། །དྲི་ཟའི་ཚོགས་ལ་དབང་བསྒྱུར་བའི། །ཡུལ་འཁོར་སྲུང་ལ་ཕྱག་འཚལ་བསྟོད། །དཔའ་བོ་ཆེན་པོ་སྟོབས་པོ་ཆེ། །ཁ་དོག་སྔོན་པོ་རལ་གྲི་འཛིན། །གྲུལ་བུམ་ཚོགས་ལ་དབང་བསྒྱུར་ཅིང་། །འཕགས་སྐྱེས་པོ་ལ་ཕྱག་འཚལ་བསྟོད། །མངའ་བདག་ཆེན་པོ་མཐུ་སྟོབས་ཅན།། །ཁ་དོག་དམར་པོ་སྦྲུལ་ཞགས་འཛིན། །ཀླུ་དབང་ཚོགས་ལ་དབང་བསྒྱུར་བའི། །སྤྱན་མི་བཟང་ལ་ཕྱག་འཚལ་བསྟོད། །སྡེ་དཔོན་ཆེན་པོ་གསེར་མདོག་ཅན། །བེ་ཅོན་དང་ནི་ནེའུ་ལེ་འཛིན། །གནོད་སྦྱིན་ཚོགས་ལ་དབང་བསྒྱུར་བའི། །རྣམ་ཐོས་སྲས་ལ་ཕྱག་འཚལ་བསྟོད། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །རྣལ་འབྱོར་བདག་ཅག་བསྲུང་བྱ་རྣམས། །བསོད་ནམས་


CMR026_Page_0553
[མ་དཔེ་གཟིགས་ན་འདིར་གནོན།]

སྟོབས་འབྱོར་འཕེལ་བ་དང་། །ནད་གདོན་བར་ཆད་ཟློག་པ་དང་། །ཕྱོགས་བཞིའི་དགྲ་རྣམས་འདུལ་བར་མཛོད། །རྗེས་ཀྱི་བྱ་བ་ལ། མཆོད་བསྟོད་བསྡུས་པ་ནི། །ཨོཾ་གུ་རུ་དྷེ་ཝ་ཌཱཀི་ཧཱུྃ་ཧཱུྃ་སརྦ་དྷརྨ་པ་ལ་ཨགྷཾ་ནས། ཤབྡ་སྭཱ་ཧཱ། བསྟོད་པར་འོས་པ་ཐམས་ཅད་ལ། །ཞིང་རྡུལ་ཀུན་གྱི་གྲངས་སྙེད་པ། །ལུས་བཏུད་པ་ཡིས་རྣམ་ཀུན་ཏུ། །མཆོག་ཏུ་དད་པས་བསྟོད་པར་བགྱི། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་རྩལ་བ། །དེ་ཀུན་མགོན་པོས་བཟོད་པར་གསོལ། །ཨོཾ་བཛྲ་སཏཱ་སོགས། གཏོར་མགྲོན་ཡེ་ཤེས་པ་རྣམས་རང་གནས་གཤེགས། །དམ་ཚིག་པ་རྣམས་བདག་ལ་ཐིམ་པར་གྱུར། །དགེ་བ་འདི་ཡིས་མྱུར་དུ་བདག །ཡེ་ཤེས་མགོན་པོ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །བདག་ཅག་ལྕམ་དྲལ་ཐུགས་ཀྱི་དཀྱིལ་འཁོར་དུ། །འགྱུར་བ་མེད་པ་ལྷུན་གྱིས་གྲུབ་པ་དང་། །རབ་འབྱམས་རྒྱལ་བའི་བཀའ་ལ་དབང་ཐོབ་ཅིང་། །འགྲོ་ཀུན་དཔལ་དུ་འགྱུར་བའི་བཀྲ་ཤིས་ཤོག །དེ་ལྟར་རྒྱུན་གྱི་གཏོར་བསྔོས་ལ་བརྩོན་པར་བྱའོ། །ཀརྨ་


CMR026_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

བརྩོན་འགྲུས་རྒྱ་མཚོས་ཡང་ཡང་བསྐུལ་བའི་ཕྱིར། ༧ རཱ་ག་ཨ་སྱས་བྲིས་པ་དགེ་ལེགས་འཕེལ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམགོན་པོ་ཕྱག་བཞི་པའི་གཏོར་མ་ཁོག་ཕུབ་པའི་མཚལ་མ་འབྲིང་པོ།next