Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུན་བསྙེན་ཟིན་བྲིས་མདོར་བསྡུས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུན་བསྙེན་ཟིན་བྲིས་མདོར་བསྡུས།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུན་བསྙེན་ཟིན་བྲིས་མདོར་བསྡུས།


CMR026_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུན་བསྙེན་ཟིན་བྲིས་མདོར་བསྡུས་བཞུགས་སོ།།


CMR026_Page_0096
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱཿརྱ་ལོ་ཀེ་ཤྭ་ར་ཡེ། འཕགས་མཆོག་ཐུགས་རྗེ་ཅན་ལ་གུས་བཏུད་ནས། རྒྱལ་བ་རྒྱ་མཚོ་རྒྱུན་བསྙེན་ཚུལ་དུ་ནི། །ཇི་ལྟར་ཉམས་སུ་ལེན་ཚུལ་མདོར་བསྡུས་བྲི། །ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ། །དེ་ལ་རྒྱལ་བ་རྒྱ་མཚོ་འདི་བཀའ་བརྒྱུད་རིན་པོ་ཆེ་ཡི་གསང་བའི་ཡི་དམ་ཡིན་པས་ཤིན་ཏུ་ཟབ་ཅིང་གཉན་པར་གསུངས་པས། རང་ག་ཡིག་དྲུག་འདོན་པ་དང་མི་འདྲ་བས། མཚམས་སྒྲུབ་སོགས་ལ་ལེ་ལོ་ཚོད་ཡོད་མི་བྱ་བར་ཉམས་སུ་བླངས་ན་བྱིན་རླབས་དངོས་གྲུབ་བསམ་གྱིས་མི་ཁྱབ་བོ། །འདི་ལ་ཉམས་སུ་ལེན་ལུགས་མང་ན་ཡང་། བསྡུས་པ་ལག་ཏུ་


CMR026_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

བླངས་བདེར་བཤད་ན། བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་ཕུགས་གཏོར། ནང་མཆོད་བདུད་རྩི་རིལ་བུ་བཏབ་པ། རྒྱུན་དུ་གསོ་རྒྱུ་མཐེབ་སྐྱུ་མང་པོ། །ཅོག་རྡོག་རྣམས་ཚག་བྱ། ལྷ་བཤོས་མར་མེ་སོགས་བཤམས། རྒྱུན་དུ་མེད་ཀྱང་གཅིག་བཤམས་ནས་བཞག་ཆོག ། དེ་ནས་བདུད་རྩི་བྱིན་རླབས་འདོན། ཅོག་རྡོག་མེད་ན་མཐེབ་སྐྱུ་བྲན་ལ་སྔོན་འགྲོ་འདོན་ནས་ཕྱིར་དོར། དེ་ནས་བདག་བསྐྱེད་འདོན་ཚར་ནས་བསྙེན་དུས་དམིགས་པ་ནི། རང་ཉིད་ཐུགས་རྗེ་ཆེན་པོར་སྒོམ་པའི་ཐུགས་པདྨ་དམར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃཡིག་དམར་པོ་ལངས་ཏེ་གནས་གཡོ་


CMR026_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

འགུལ་མེད་པ། དེའི་མཐའ་བསྐོར་དུ་ཨོཾ་ཨཱཿཧཱུྃ་ཧི༔ ཨོཾ་མ་ཎི་པདྨེ་ཧཱུྃ། ཞེས་ཡི་གེ་བཅུ་པ་ཞལ་ཕྱིར་བསྟན་ཏེ་མདུན་ནས་གཡས་བསྐོར་དུ་བསྐོར་ནས་ཡོད་པ། ཡུམ་གྱི་ཐུགས་ཆོས་འབྱུང་ཟུར་གསུམ་གདན་ཐབས་དམར་པོའི་དབུས་སུ་ཧྲིདམར་པོ་ལངས་ཏེ་གནས་པའི་མཐར། ཨོཾ་བཛྲ་ཝཱ་རཱ་ཧི་བུདྡྷ་ཌཱ་ཀི་ནཱི་ཡེ་བཛྲ་ཝརྞ་ནཱི་ཡེ་བཛྲ་བེ་རོ་ཙ་ནི་ཡེ་ཧཱུྃ་ཕཊ་སྭཱ་ཧཱ། ཞེས་པ་གཡོན་དུ་འཁོར་བར་བསྒོམ། དང་པོ་སྔགས་ཕྲེང་ལས་ཡི་གེ་བཅུ་པ་དེ་རང་གིས་ཀློག་པའི་ཚུལ་དུ་སྔགས་ཡི་གེ་བཅུ་པ་བརྒྱ་ཙམ་གྱིས་ཐོག་དྲངས་ཡིག་དྲུག་སྟོང་ཙམ་འདོན། དེ་ནས་རང་གི་ཐུགས་ཀའི་སྔགས་ཕྲེང་གཡས་སུ་འཁོར། ཡུམ་གྱི་ཐུགས་ཀའི་སྔགས་ཕྲེང་གཡོན་དུ་ཀྱི་ལི་ལི་འཁོར། ཧཱིཡིག་གཉིས་པོ་ནམ་ཡང་མི་འཁོར་བར་བསྒོམ་ལ་སྔགས་སྟོང་ཙམ་འདོན། །དེ་ནས་བདག་བསྐྱེད་ཡབ་ཡུམ་གྱི་ཐུགས་ཀའི་ཧིདང་སྔགས་ཕྲེང་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཐམས་ཅད་ལ་འོད་ཟེར་དེས་མཆོད་པ་ཕུལ་བས་ཐམས་ཅད་ཐུགས་ཤིན་ཏུ་དགྱེས་ཏེ་དེ་ཐམས་ཅད་ཐུགས་རྗེ་ཆེན་པོའི་སྐུ་ཤ་སྟག་ཏུ་གྱུར་ཏེ། སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཁ་


CMR026_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

བ་བུ་ཡུག་ཆར་དྲག་བབ་པ་ལྟར་བྱོན་ནས་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་བསྒོམས་ལ་སྔགས་སྟོང་ཕྲག་ཙམ་འདོན་ནོ། །དེ་ནས་གཏོར་མ་གསོས་ལ་གཏོར་བསྔོས་ཚར་གཅིག་བྱེད། ཕྱི་རོལ་གྱི་རྟེན་སྣོད་ཅེས་སོགས་རྫོགས་རིམ་དང་། བདག་གི་དུས་གསུམ་སོགས་གཞུང་གི་བསྔོ་བ་བྱེད། དེ་ནས་ཐུན་བཏང་ལ། ཉི་མ་ཤར་དྲོས་དེར་ངག་བཏང་དགོས་ན་བཏང་། གཏོར་མ་གཏོང་བ་བཅའ་བ། ཕྱག་འཚལ་བ་སོགས་གང་དགོས་བྱེད། དེ་ནས་ཡང་སྔར་ལྟར་བདུད་རྩི་བྱིན་རླབས་སྔོན་འགྲོ་ནས་བཟུང་སྟེ་སྔར་ལྟར་ཚར་གཅིག་བྱེད་པ་ཉི་མ་ཕྱེད་ཐུན། དགོང་ཀ་འདིར་ངག་བཏང་དགོས་བྱུང་ན་བཏང་། དེ་ནས་དགོང་ཀ་ཡང་སྔར་བཞིན་བདུད་རྩི་བྱིན་རླབས་ནས་བཟུང་སྟེ་བསྙེན་པའི་བར་བྱེད། འདིར་མདུན་བསྐྱེད་སྦྱར་འདོད་ན་སྦྱར་བ་ལེགས་པས་མདུན་བསྐྱེད་འདོན། དེ་ནས་པདྨ་འོད་འབར་གུ་དྲག །སེང་གདོང་མ་རྣམས་འདོན། ཚོགས་ཆུང་ཡོད་ན་ཚོགས་བྱས་ལ། ཚོགས་ཕུད་ཀྱིས་གཏོར་མ་གསོས་ལ་གཏོར་བསྔོས་རྒྱས་པར་བྱ། ཚོགས་མེད་ན་ཡང་མཐེབ་སྐྱུས་གསོས་ལ་གཏོར་བསྔོས་རྒྱས་པར་བྱ། དེའི་མཇུག་ཏུ་གཞི་བདག་གཏོར་མ་ཡང་འདོན་


CMR026_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ནས་ཚེས་བཅུ་དང་དགུ་གཏོར་དུས་ཡིན་ན། འོད་འབར་མཇུག་གི་གཏོར་འབུལ་དེ་དང་། དྲག་པོ་སེང་གདོང་མའི་མཇུག་གི་བསྐུལ་ཉུང་ངུ་ཡང་འདོན། དེ་ཞོར་གཞི་བདག་ལ་དཀར་གཏོར་གསར་པ་ཞིག་ཕུལ་རྒྱུ་ཡོད་ན་ལེགས་པས་དེ་དམར་གཏོར་སྔོན་ལ་འདོན་ལ། དེ་གཉིས་མཉམ་དུ་ཕུལ། དེ་ནས་རྒྱལ་བ་རྒྱ་མཚོའི་རྗེས་ཆོག་བཀྲ་ཤིས་ཡན་རྫོགས་པར་བྱ། ཕྱི་རོལ་གྱི་རྟེན་ཞེས་སོགས་རྫོགས་རིམ་བསྒོམ། བདག་གིས་ཞེས་སོགས་གཞུང་གི་བསྔོ་བ་བྱ། དེ་ནས་བཟང་སྤྱོད་བདེ་སྨོན་སོགས་འདོན་ཐུབ་ན་འདོན་ཏེ་ཉལ་ལོ། །མདུན་བསྐྱེད་མི་སྦྱར་ན་རྗེས་ཆོག་མི་དགོས་སོ། །ནངས་པར་ཡང་སྔར་ཉིན་ལྟར་ཐུན་གསུམ་བྱས་ལ། བྱེད་ལུགས་སྔོན་དང་འདྲ། དེ་ལྟར་ཟླ་བ་གཅིག་གམ་གསུམ་མམ་དྲུག་སོགས་བསྙེན། གྲངས་ནི་ཡི་གེ་བཅུ་པ་ལ་བྱེ་བ་གཅིག་འདོན། ཡི་གེ་བཅུ་པ་བརྒྱ་རེས་སྣ་དྲངས་ནས་ཡིག་དྲུག་འདོན་ནའང་རྒྱུད་ཀྱི་དགོངས་པ་ཡིན་པས་རུང་། ཡིག་དྲུག་བྱེ་བ་གཉིས་ཡན་གང་འགྲུབ་བོ། །རྟགས་ནི་རབ་དངོས་འབྲིང་ཉམས་ཐ་མ་རྨི་ལམ་དུ་ཁྲུས་བྱེད། གོས་དཀར་དྲི་མ་མེད་པ་གྱོན་པ། འཁྲུ་བ། སྐྱུག་པ། ལུས་ལས་རྣག་ཁྲག་ཐོན་པ་སོགས་སྡིག་


CMR026_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲིབ་དག་རྟོགས་དང་། དར་ཕྱར་དུང་འབུད། རི་མཐོན་པོའི་རྩེ་ལ་ཕྱིན། ཁྲི་ལ་འདུག །ཆོས་བཤད། དབང་བསྐུར། ཁྲོམ་འདུ། གོས་བཟང་གྱོན། རིན་པོ་ཆེའི་རྒྱན་བཏགས། ཁང་པ་བཟང་པོ་བརྩེགས་པ་སོགས་བསོད་ནམས་འཕེལ་རྟགས་དང་། དུང་འབུད་རོལ་མོ་བཀྲོལ། མེ་ཏོག་འཐུ། དཀར་གསུམ་དང་རིན་པོ་ཆེ་ཕུལ་བ་བུད་མེད་རྒྱན་ཅན་འདུ་བ་སོགས་སྣང་སྲིད་དབང་དུ་འདུ་རྟགས་དང་། མེ་ཏོག་གི་ཆར་འབེབས། ཡིག་དྲུག་བསྐུལ། རི་བོ་ཏ་ལ་དང་བདེ་བ་ཅན་དུ་ཕྱིན། སངས་རྒྱས་བྱང་སེམས་ཞལ་མཐོང་། ལུང་སྟོན། ཆོས་གསུངས་པ་སོགས་བྱིན་རླབས་ཞུགས་རྟགས་དང་། ཉམས་རྟོགས་བཟང་པོ་ཤུགས་ལ་སྐྱེ། འཆི་བ་དྲན། ཅིས་ཀྱང་དགོས་མེད་སྙམ་པའི་བློ་སྐྱེས། བླ་མ་ལ་དད་པ། མཆེད་གྲོགས་ལ་དག་སྣང་། ཆོས་ལ་ངེས་ཤེས་སྐྱེ་བ་རྣམས་མཆོག་གི་དངོས་གྲུབ་ཐོབ་པའི་སྔ་ལྟས་སོ། །དེ་ལྟར་བསྙེན་པ་ཐོན་ནས་མཚམས་གྲོལ་ལུགས་ནི་སྤྱི་དང་འདྲ། མཚམས་གྲོལ་ནས་ཀྱང་རྟག་ཏུ་བདག་བསྐྱེད་མ་ཆག་པ་དང་། ནུབ་པདྨ་འོད་འབར་གཏོར་བསྔོས་རྒྱུན་དུ་བྱ། རྒྱུན་གྱི་བསྙེན་པའང་ཡི་གེ་དྲུག་པ་ཁོ་ན་བྱའོ། །


CMR026_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

དགོང་ཀ་ཟབ་མདོ་དང་། སེང་གདོང་མའི་བཟློག་པ་དང་། ནུབ་བཛྲ་གུ་རུ་ཕྲེང་སྐོར་ཙམ་མ་ཆག་པར་བྱའོ། །དེ་དག་ནི་ཐུན་དང་ཐུན་མཚམས་ལ་ངེས་པ་མེད་པར་ནམ་དྲན་ལ་སེམས་ཀྱི་ངོ་བོ་ལ་ཅེ་རེ་ལྟ། རེས་བསྐྱེད་རིམ་དམིགས་པ་བསྒོམ་ཞིང་ཡིག་དྲུག་འདོན། རེས་ཅི་ཡང་མི་བསྒོམ་པར་རང་སེམས་ལ་བྱ་ར་བྱེད་ཅིང་ཡིག་དྲུག་འདོན། རེས་བསྐྱེད་རིམ་མ་ཡེངས་ངང་པའི་ནས་སེམས་ངོ་ལ་བལྟ། རེས་སྟོང་ཉིད་སྒོམ་པའི་རྩི་མ་ཤོར་བའི་ངང་ནས་བསྐྱེད་རིམ་ཐུགས་རྗེ་ཆེན་པོ་བསྒོམ། ཐུགས་རྗེ་ཆེན་པོ་དེ་ཡང་རེས་འགའ་ཆེན་པོ་རི་རབ་ཙམ་ནས་ནམ་མཁའ་ཁེངས་པར་བསྒོམ། རེས་འགའ་རང་ལུས་ཙམ་རེས་ཇེ་ཆུང་ཡུངས་ཀར་ཙམ་དུ་བསྒོམ། དེ་ལྟར་རྩལ་ཅི་འབྱོན་བྱེད་ཅིང་ཡིག་དྲུག་འབྲུ་མེད་ཡིད་འདོན་ཡང་མིན་པར་ལྕེ་ཐོག་ཏུ་འབྲུ་དག་ལ་གསལ་བར་བྱ། གསང་སྔགས་ཡིན་པས་སྐད་ཆེན་པོ་ཡང་མི་འདོན་ནོ། །ཞེས་བྱམས་པ་སྐྱབས་ཀྱི་བློ་ཚོད་དང་བསྟུན་ཏེ། ༧ ཨ་རཱ་གས་འཕྲལ་དུ་བྲིས་སོ།། །། མངྒ་ལཾ།། །།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོའི་རྒྱུན་བསྙེན་ཟིན་བྲིས་མདོར་བསྡུས།next