Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
རྒྱལ་བ་རྒྱ་མཚོ་དང་མ་མགོན་གྱི་དྲིལ་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་གྲུབ་ཆེན་ཀརྨ་པའི་ཁྱད་ཆོས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousརྒྱལ་བ་རྒྱ་མཚོ་དང་མ་མགོན་གྱི་དྲིལ་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་གྲུབ་ཆེན་ཀརྨ་པའི་ཁྱད་ཆོས།next

རྒྱལ་བ་རྒྱ་མཚོ་དང་མ་མགོན་གྱི་དྲིལ་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་གྲུབ་ཆེན་ཀརྨ་པའི་ཁྱད་ཆོས།


CMR026_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོ་དང་མ་མགོན་གྱི་དྲིལ་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་གྲུབ་ཆེན་ཀརྨ་པའི་ཁྱད་ཆོས་བཞུགས་སོ།།


CMR026_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། བླ་མ་མགོན་པོ་དབྱེར་མེད་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོའི་ཞབས་ལ་ཕྱག་འཚལ་ལོ། །མ་མགོན་རྒྱུད་གཞུང་ཆུ་གཏེར་འཇིགས་རུང་ལས། །མན་ངག་ཟབ་མོ་འོ་མའི་སྙིང་པོའི་བཅུད། །བདག་གིས་བློ་གྲོས་ངང་པའི་མཆུས་བླངས་ཏེ། །རྒྱུན་འཛིན་ངང་ཕྲུག་བ་ལ་སྦྱིན་པ་འདི། །མ་མགོན་སྲུང་མས་བཀའ་གནང་བྱིན་གྱིས་རློབས། །པད་འབྱུང་སད་ན་ལེགས་ནས་པཀཱིའི་བར། །མ་མགོན་སྒྲུབ་པའི་རིག་འཛིན་རྒྱུན་མ་ཆད། །དྲག་པོའི་ལྷ་རྒྱུད་གསང་བ་ཆེན་པོ་དང་། །རིན་ཆེན་དཔུང་རྒྱན་རྒྱུད་ལས་གསུངས་པའི་དོན། །ཌོམྦྷི་ཧེ་


CMR026_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

རུ་ཀ་ཡི་རྒྱ་གཞུང་དང་། །ཀརྨ་པཀིའི་མཛད་པའི་ཞལ་སྦྱོར་གྱི། །སྒྲུབ་ཐབས་འདི་ལ་བསྐྱེད་རིམ་རྫོགས་རིམ་གཉིས། །འདིར་ནི་སྤྲོས་མེད་རྫོགས་རིམ་གཙོ་བོར་སྟོན། །སྔགས་བཟླས་དམིགས་པ་ཁོ་ན་སྒོམ་པ་ལ། །ངག་ཏུ་མངོན་རྟོགས་ཙམ་ཡང་འདོན་མི་དགོས། །གཙོ་བོ་རྒྱལ་བ་རྒྱ་མཚོ་ཡི་དམ་བྱེད། །མ་མགོན་གཉིས་ཀྱང་ཞོར་ལ་སྒྲུབ་འདོད་ན། །རང་ཉིད་སྐད་ཅིག་མགོན་པོ་བེར་ནག་ཅན། །གྲི་གུག་འཕྱར་ཞིང་ཐོད་ཁྲག་ཡུམ་ལ་འཁྱུད། །ཞབས་གཡས་བརྐྱང་ཞིང་ཞབས་གཡོན་ཡུམ་ལ་འཁྱུད། །ཡུམ་ནི་རང་བྱུང་རྒྱལ་མོ་ནམ་མཁའི་མདོག །ཕྱག་བཞི་


CMR026_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་གཉིས་ཁ་ཊཾ་ཕུར་བུ་དང་། །གཡོན་གཉིས་མེ་ལོང་སྦྲུལ་གྱི་ཞགས་པ་འཛིན། །ཞབས་གཉིས་ཕྱེད་སྐྱིལ་དྲེལ་སྔོན་སྟེང་ན་བཞུགས། །ཡབ་ཡུམ་གཉིས་ཀ་དར་ནག་བེར་ལ་སོགས། །མགོན་པོ་ལྷ་མོ་ཆ་ལུགས་ཡོངས་སུ་རྫོགས། །འཁོར་དུ་རང་འདྲ་བརྒྱད་ཀྱིས་བསྐོར་བའམ། །ཡང་ན་གཙོ་རྐྱང་བསྒོམས་ཀྱང་རུང་བ་ཡིན། །རང་གི་སྤྱི་བོར་གྲུབ་ཆེན་ཀརྨ་པ། །དགེ་སློང་ཆ་ལུགས་ཞྭ་ནག་གསེར་མདངས་ཅན། །ཕྱག་གཉིས་ས་གནོན་སྤྱན་གཉིས་ནམ་མཁར་གཟིགས། །སྐུ་མདོག་སྨུག་ནག་ཨག་ཚོམ་ཟུར་གསུམ་ལྡན། །སྣང་སྲིད་ཐམས་ཅད་ཟིལ་གྱིས་གནོན་པར་བསྒོམ། །རང་གི་ཐུགས་ཀའི་སྟེང་དུ་པད་ཟླའི་སྟེང་། །ཡི་དམ་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཡབ་རྐྱང་ཆ་ལུགས་གཞུང་དང་མཐུན་པར་བསྒོམ། །དེ་ཡི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཧྲིདམར་མཐའ་ལ་ཡིག་དྲུག་གཡས་སུ་འཁོར། །རང་གི་ཐུགས་ཀར་པདྨ་ཟླ་བའི་སྟེང་། །ཧཱུྃ་མཐིང་མཐའ་ལ་ཡབ་སྔགས་གཡས་སུ་འཁོར། །ཡུམ་གྱི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་སྟེང་། །བྷྱོ་སྔོན་མཐའ་མར་ཡུམ་སྔགས་གཡོན་དུ་འཁོར། །སྔགས་འཁོར་གསུམ་ལས་འོད་ཟེར་དཔག་མེད་འཕྲོས། །


CMR026_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུའི་བླ་མ་ཡི་དམ་ཆོས་སྐྱོང་མཆོད། །དེ་ཀུན་བསྒོམ་པའི་ལྷ་བཞིའི་སྐུར་གྱུར་ཏེ། །ཁ་བ་བུ་ཡུག་འཚུབ་པ་བཞིན་དུ་བྱོན། །རྒྱ་བོད་གྲུབ་ཐོབ་རིག་འཛིན་ཐམས་ཅད་ཀུན། །སྤྱི་བོའི་ཀརྨ་པཀྵིའི་སྐུ་ལ་ཐིམ། །ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས་ཀུན། །སྙིང་ཁའི་རྒྱལ་བ་རྒྱ་མཚོའི་སྐུ་ལ་ཐིམ། །ཡེ་ཤེས་ཆོས་སྐྱོང་ཕོ་རྒྱུད་ཐམས་ཅད་ཀུན། །བདག་ཉིད་མགོན་པོ་བེར་གྱི་སྐུ་ལ་ཐིམ། །ཡེ་ཤེས་ལྷ་མོ་མོ་རྒྱུད་ཐམས་ཅད་ཀུན། །ཡུམ་གཅིག་རང་བྱུང་རྒྱལ་མོའི་སྐུ་ལ་ཐིམ། །དེ་དག་ཀུན་གྱི་བྱིན་རླབས་དངོས་གྲུབ་ཀུན། །རང་གིས་ཐོབ་དམིགས་ཡིག་དྲུག་ཡིག་བཅུ་བསྙེན། །དེ་ནས་རང་ཉིད་མགོན་པོའི་ཐུགས་ཀ་ནས། །འོད་ཟེར་འཕྲོས་པ་ཡུམ་གྱི་ཞལ་དུ་ཞུགས། །ཡུམ་གྱི་སྐུ་བརྒྱུད་བྷ་ག་ནས་ཐོན་ཏེ། །བདག་གི་ཐུགས་ཀའི་ཧཱུྃ་ལ་ཐིམ་པར་བསྒོམ། །དེ་ལྟར་འོད་ཟེར་འཁོར་བས་ལྷ་མོ་མཉེས། །ལྷ་མོས་བདག་ལ་ཁྱོ་ཡི་འདུ་ཤེས་སྐྱེས། །རྟག་ཏུ་མི་འབྲལ་བརྩེ་གདུང་ལྡན་པར་བསྒོམ། །ཨོཾ་རུ་རུ་རོ་རུ་ཙ་པ་ལ་ཨ་ཤུག་མེ་མ་ཧཱུྃ་མ་བྷྱོ་ཛཛཿ མགོན་པོ་ལ་བསྟེན་ལྷ་མོའི་སྒྲུབ་ཐབས་ཟབ། །དེ་ནས་རང་ཉིད་ལྷ་མོ་ཡིན་པར་བསྒོམ། །རང་གི་ཞལ་ནས་འོད་ཟེར་འཕྲོས་པ་


CMR026_Page_0108
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །མགོན་པོའི་ཞལ་ཞུགས་ཐུགས་ཀྱི་བརྒྱུད་བསྐུལ་ནས། །རྡོ་རྗེའི་ལམ་ནས་རང་གི་བྷ་གར་ཞུགས། །ཐུགས་ཀར་ཐིམ་པས་མགོན་པོའི་དངོས་གྲུབ་ཐོབ། །མགོན་པོ་བདག་ལ་ཤིན་ཏུ་ཆགས་པར་བསྒོམ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲཱི་དཱ་ཧཱུྃ་ཕཊ༔ ལྷ་མོ་ལ་བསྟེན་མགོན་པོའི་སྒྲུབ་ཐབས་ཟབ། །གཙོ་བོ་ཡིག་དྲུག་ཁོ་ན་བཟླ་བྱ་ཞིང་། །ཐུན་མཇུག་མགོན་པོ་ལྷ་མོའི་སྔགས་གཉིས་པོ། །བདུན་ལས་མི་ཉུང་བརྒྱ་ལས་མི་མང་ཙམ། །བཟླས་པ་ཁོ་ནས་ཞོར་ལ་འགྲུབ་པ་ཡིན། །བར་ཆད་སེལ་བའི་དམིགས་པ་དགོས་པའི་དུས། །རང་ཉིད་གོང་ལྟར་མགོན་པོར་བསྒོམ་པ་ཡི། །ཕྲག་གོང་གཉིས་སུ་བྱ་རོག་ནག་པོ་ནི། །ཤིན་ཏུ་ཆེ་བ་དམར་མདངས་ཅན་གཉིས་བསྒོམ། །དེ་ལས་དེ་འདྲ་འཇིག་རྟེན་གང་བར་འཕྲོས། །གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་ཀུན། །བྱིའུས་འབུ་སྲིན་བསྡུས་པ་བཞིན་དུ་ཟོས། །ཚུར་འདུས་རྩ་བའི་བྱ་རོག་གཉིས་ལ་ཐིམ། །རྗེས་ནས་ནམ་ཡང་གཤེགས་གསོལ་མི་བྱ་ཞིང་། །བསྐྱེད་རིམ་བསྡུ་བ་ལ་སོགས་མི་དགོས་ཏེ། །བསྒོམ་མཁན་ངོ་བོར་ལྟ་བ་ཁོ་ནས་ཆོག །བླ་མ་ཡི་དམ་མ་མགོན་དྲིལ་སྒྲུབ་འདི། །གྲུབ་ཆེན་པཀིའི་ཁྱད་ཆོས་ཁོ་ན་སྟེ། །


CMR026_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

ཁྱད་པར་མ་མགོན་གཉིས་ཀྱི་སྔགས་འདི་གཉིས། །མ་མགོན་སྔགས་རྣམས་ཀུན་ལས་ཕན་ཡོན་ཆེ། །འདི་ཉིད་བེར་ཆེན་ཡབ་ཡུམ་སྔགས་ཡིན་པས། །གཞན་ལ་མ་གྲགས་པཀཱིའི་ཁྱད་ཆོས་ཡིན། །མ་མགོན་རྒྱལ་བ་རྒྱ་མཚོའི་དྲིལ་སྒྲུབ་སྟེ། །ཐུན་དེར་རྒྱུན་དུ་ཉམས་སུ་ལེན་པ་དང་། །ནུབ་མོ་རབ་ནི་གཏོར་བསྔོས་རྒྱས་པའམ། །འབྲིང་ལ་མ་དག་མ་ཙམ་མ་ཆག་བྱ། །ཐ་མ་རང་གི་བཟའ་བཏུང་གང་ཡིན་པ། །ཨོཾ་ཨཱཿཧཱུྃ་གིས་བདུད་རྩིར་བྱིན་བརླབས་ནས། །བདག་བསྐྱེད་མཆོད་པར་བསྒོམས་ནས་ཟོས་པས་འདུས། །མ་མགོན་སྒྲུབ་ཐབས་ཀུན་གྱི་སྙིང་པོ་འདི། །རང་གི་རྒྱུན་ཁྱེར་ཉམས་སུ་བླངས་པ་བཞིན། །བརྒྱུད་པ་འདིར་མོས་རཱ་ག་ཨ་སྱ་ཡི། །སློབ་བུ་པདྨ་མཐར་ཕྱིན་ཞེས་བྱར་གདམས། །སྙན་བརྒྱུད་་ཡི་གེར་བྲིས་ལ་འགལ་མཆིས་ན། །མ་མགོན་ལྕམ་དྲལ་འཁོར་དང་བཅས་ལ་བཤགས། །དགེ་བས་སྒྲུབ་བརྒྱུད་བསྟན་པར་དར་རྒྱས་ཤོག །ཤུ་བྷཾ། སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརྒྱལ་བ་རྒྱ་མཚོ་དང་མ་མགོན་གྱི་དྲིལ་སྒྲུབ་སྤྲོས་མེད་རྒྱུན་ཁྱེར་གྲུབ་ཆེན་ཀརྨ་པའི་ཁྱད་ཆོས།next