Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
རྒྱལ་བ་རྒྱ་མཚོའི་ནུབ་མོ་ཉལ་བའི་རྣལ་འབྱོར།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousརྒྱལ་བ་རྒྱ་མཚོའི་ནུབ་མོ་ཉལ་བའི་རྣལ་འབྱོར།next

རྒྱལ་བ་རྒྱ་མཚོའི་ནུབ་མོ་ཉལ་བའི་རྣལ་འབྱོར།


CMR026_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོའི་ནུབ་མོ་ཉལ་བའི་རྣལ་འབྱོར་བཞུགས་སོ།།


CMR026_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཡེ། རྒྱལ་བ་རྒྱ་མཚོ་ལ་བཏུད་ནས། །དེ་ཉིད་སྒྲུབ་པའི་རྣལ་འབྱོར་པ། །ཉལ་བའི་རྣལ་འབྱོར་བཤད་པར་བྱ། །ཆོས་བདག་ཌཀིའི་བཀའ་གནོང་བྱིན་གྱིས་རློབས། །དེ་ཡང་། རྒྱུད་ལས། ཤེས་རབ་ཕུན་སུམ་ཚོགས་པ་ལ། །ཆོས་ཀྱི་རྣམ་གྲངས་ཆེན་པོ་བསྟན། །ཞེས་དང་། ལོངས་སྤྱོད་ཀྱི་འཁོར་ལོ་དང་། ཆོས་ཀྱི་འཁོར་ལོ་སྟེ། ཡིག་འབྲུ་བཞི་དང་། ཟིན་པ་བཞི་དང་། ཞེས་གསུངས་པས། ལོངས་སྤྱོད་ཀྱི་འཁོར་ལོ་ལ་བསྟེན་ནས་རྨི་ལམ་བཟུང་བ། ཆོས་ཀྱི་འཁོར་ལོ་ལ་བསྟེན་ནས་འོད་གསལ་བཟུང་བ་ཡིན་ལ། ཡིག་འབྲུ ཨ


CMR026_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

ནུ་ཏ ར བཞི་ཟིན་ལ། །ཟིན་པ་གཉིད་འོད་གསལ་ཟིན་པ། རྨི་ལམ་ཟིན་པ། རྨི་ལམ་སྤྲུལ་བསྒྱུར་ཟིན་པ། རྨི་ལམ་འོད་གསལ་ཟིན་པ་དང་བཞིའོ། །འབུམ་ལྔ་ལས། མགྲིན་པ་ལོངས་སྤྱོད་འཁོར་ལོ་ལ། །མགོན་པོ་འོད་དཔག་མེད་པ་བཤད། །དེ་ཉིད་གསུང་གི་རྡོ་རྗེར་བཤད། །དེ་བཞིན་གཤེགས་པ་པདྨའི་ཕྱག །དེ་ཉིད་མཆོག་ཏུ་དགའ་བར་བཤད། །སྐྱེས་བུ་བྱེད་པར་ཡང་བརྗོད་དེ། །ལུགས་སུ་འབྱུང་བའི་ལུགས་ཡིན་ཏེ། །རྨི་ལམ་གནས་སྐབས་གེགས་བྱེད་པ། །དེ་ཉིད་ལོངས་སྤྱོད་རྫོགས་པའི་སྐུ། །སངས་རྒྱས་རྣམས་ཀྱི་ཆོས་སྟོན་བྱ། །དེ་


CMR026_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད་བྱང་ཆུབ་ཆེན་པོར་བརྗོད། །ཅེས་དང་། །བརྟག་གཉིས་ལས། ཡེ་ཤེས་ཆེན་པོ་རོས་གང་བ། །གཉིད་ནི་སྤངས་བར་མི་བྱ་སྟེ། །དབང་པོ་རྣམས་ཀྱང་མི་དགག་གོ །གསང་འདུས་ལས། ཆོས་རྣམས་རྨི་ལམ་ལྟ་བུ་སྟེ། །རང་བཞིན་དག་པ་དེ་ཉིད་ལ། །འཁྲུལ་པའི་རྡོ་རྗེ་རབ་ཏུ་གསུངས། །དེ་ལ་ཉལ་དུས་མགོ་བྱང་། རྐང་པ་ལྷོ། རྒྱབ་ཤར། ཁ་ནུབ་ཏུ་བསྟན། མགྲིན་པར་པདྨ་དཀར་པོ་ལ་བཅོམ་ལྡན་འདས་འོད་དཔག་མེད་མཐེ་བོང་ཙམ་གྱི་མགྲིན་པའི་དབུས་སུ་ཐིག་ལེ་དམར་པོ་ཡུངས་འབྲུ་ཙམ་ལ་སེམས་གཏད་དེ་ཉལ་ལོ། །མགྲིན་པའི་པདྨའི་དབུས་སུ་ཨོཾ་དཀར་པོ། འདབ་བཞིའི་ཤར་དུ་ཨ་སྔོན་པོ། ལྷོར་ནུ་སེར་པོ། རྒྱབ་ཏུ་ཏེ་དམར་པོ། གཡོན་དུ་ར་ལྗང་གུ་རྣམས་ལ་རིམ་པར་སེམས་བཟུང་བ་དང་དེ་བཞིན་གཡས་གཡོན་གང་རུང་དུ་འཁོར་བར་བསམས་ལ་ཡི་གེ་ལྔ་བཟླ་བར་བྱའོ། །ཡི་གེ་ལྔ་པོ་ལ་སེམས་བཟུང་ནས་རིགས་ལྔའི་ཞིང་ཁམས་བལྟ་བ་དང་། ཨོཾ་ལ་སེམས་གཏད་ནས་ཨོཾ་རྒྱུན་དུ་གསང་བ་ཡེ་ཤེས་མཇལ་བ་དང་སོགས་གནས་ཉེར་བཞིར་བལྟ་བ་དང་། སྤྲུལ་བསྒྱུར་སོགས་བྱའོ། །ལག་གཉིས་སུ་ཉི་ཟླ་བསམས་པས་ཉི་ཟླ་ལ་འཇུ་ནུས་པ་དང་། ཉི་ཟླ་


CMR026_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

གདན་དུ་བསམས་པས་ཉི་ཟླའི་སྟེང་དུ་འདུག་ནུས་པ་དང་། ཆུའི་ཆོ་འཕྲུལ་ཆེ་ན་གཏུམ་མོ་སྦྱར་ལ་བྱང་སེམས་བསྲེག །མེ་ལ་བྱང་སེམས་ཀྱིས་བཀང་། རླུང་ལ་རྩ་གནས་ཐམས་ཅད་གསེར་གྱི་རྡོ་རྗེ་རྒྱ་གྲམ་གྱི་བར་མེད་དུ་དཀྲིག །གཡང་ས་ལ་བསྐལ་པའི་རླུང་གིས་ཕྱི་རོལ་གྱི་རི་རབ་ཁང་ཁྱིམ་ནམ་མཁར་གཏོར་བར་བསམ་པ་དང་། གཅན་གཟན་སེང་གེའི་གདོན་ལ་ཁྲོ་བོ་སོགས་དེའི་གཉེན་པོར་བསྒོམས་པས་སེལ་ལོ། །ཉལ་ཁ་རྨི་ལམ་ཟིན་པ་བྱ་སྙམ་པའི་འདུན་པ་གཙོ་ཆེའོ། །རྨི་ལམ་ཟིན་ན་ལྷ་སྐུར་བསྒྱུར་བ་དང་འོད་གསལ་སྒོམ་པ་སོགས་བྱའོ།། ༈ རྨི་ལམ་འོད་གསལ་འཛིན་པ་ནི། རྒྱུད་ལས། ཟིན་པ་བཞི་གསུངས་པ་དང་། པདྨ་རྒྱལ་པོའི་རྒྱུད་ལས། གསལ་ལ་མི་རྟོག་འོད་གསལ་ལོ། །ཐམས་ཅད་སྤྲོས་པ་མེད་པར་རྟོགས། །འབུམ་ལྔར། གང་གི་བྱང་ཆུབ་གནས་སྐབས་ནི། །སྙིང་གི་པདྨར་ཡང་དག་གནས། །ཧཱུྃ་ཡིག་དེ་བཞིན་སེམས་དཔར་བརྗོད། །ཅེས་དང་། རིམ་ལྔ་བསྡུས་གསལ་ལས། རང་བཞིན་ཤེས་པའི་བསམ་གཏན་ལ། །ཐབས་ལས་མ་སྐྱེས་ཏིང་འཛིན་ནི། །རང་གསལ་ངོ་བོ་མི་རྟོག་པ། །འོད་གསལ་དོན་དམ་རིག་


CMR026_Page_0134
[མ་དཔེ་གཟིགས་ན་འདིར་གནོན།]

པའོ། །དེ་ལ་སེང་གེའི་ཉལ་སྟབས་ཀྱིས་ཉལ་བ་སོགས་གོང་ལྟར་ལ། སྙིང་པདྨ་འདབ་བཞིའི་དབུས་སུ་ཧཱུྃ་སྔོན་པོ་འདབ་མ་བཞི་ལས་ཨ་ནུ་ཏ་ར་བསམ། ཧཱུྃ་གི་འོད་ཀྱི་བརྟན་གཡོ་བསྡུ། རིམ་པར་ཞུ་བ་ལས། དེ་ཡང་ཐིག་ལེ་སྲན་མ་ཙམ་དུ་སེམས་བཟུང་ནས་གཉིད་པས། ས་ཆུ་ལ་ཐིམ་པས་ལུས་ལྗིད་ཁ་ཆུ་འབྱུང་། ཆུ་མེ་ལ་ཐིམ་པས་ཐོད་པ་ཚ་འུབས་སེ་བ་མིག་ཆུ་ཆེར་འགྲོ། མེ་རླུང་ལ་ཐིམ་པས་སྣ་བུག་སུར་སུར་འོང་། རླུང་རྣམ་ཤེས་ལ་ཐིམ་པས་ཉིན་མོའི་རྟོགས་པ་འགགས། རྨི་ལམ་མ་བྱུང་གི་བར་དེར་གཏུམ་མོ་ཆོས་སྐུའི་འོད་གསལ་ནམ་མཁའ་གཡའ་དག་པ་ལྟ་བུ་འབྱུང་ངོ་། །སྙིང་ཁར་བླ་མ་ཉི་ཟླ་འབུམ་གྱི་གཟི་ཅན་ལ་གསོལ་བ་བཏབ་རང་ལ་བསྟིམས་ནས་བཟུང་བ་དང་། སྙིང་གར་ཟླ་བའི་གདན་དང་རྒྱབ་ཡོལ་ལ་བླ་མའི་སྐུ་ལ་ཞལ་ཕྱག་རྫོགས་པར་གསལ་བར་དང་། གནས་ཕྱི་ནང་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་སངས་རྒྱས་ཀྱི་ཞིང་ཁམས་གཞལ་ཡས་ཁང་སངས་རྒྱས་བྱང་སེམས་རྒྱ་མཚོ་བཞུགས་པ་ལས་རླུང་དང་བསྟུན་འོད་ཟེར་འཕྲོ་འདུས་སྣ་བུག་ནས་ལུས་ཀྱི་ནང་ཁེངས་པས། རང་ཉིད་རྒྱལ་བ་རྒྱ་མཚོར་གསལ་བའི་སྤྱི་བོར་ཐིག་ལེ་ཟླ་བ་ལྟ་བུའི་འོད་ཀྱིས་


CMR026_Page_0135
[མ་དཔེ་གཟིགས་ན་འདིར་གནོན།]

ཁེངས་འོད་ཟེར་བ་སྤུའི་བུ་ག་ནས་ཕྱིར་འཕྲོས་ཡུལ་ཁམས་ཐམས་ཅད་གསལ་བར་བྱས་པ་དང་། རང་ཉིད་རྒྱལ་བ་རྒྱ་མཚོ་སྟོང་རའི་དབུས་སུ་དྷ་ཏི་སྔོ་སངས་མདའ་སྨྱུག་ཙམ་ལ་ཤེས་པ་གཏད་པ་དང་། སྙིང་གར་མི་བསྐྱོད་པ་སྤྱན་རས་གཟིགས་སམ། དེའི་སྤྱི་བོར་མི་བསྐྱོད་པའི་ཐུགས་ཀར་ཧཱུྃ་སྔོན་པོ་སྤུས་བྲིས་པ་ཙམ་ལ་སེམས་བཟུང་བས་ཟིན་ནོ། འཇམ་དཔལ་ཞལ་ལུང་ལས། ཆོས་སྐུར་རབ་དགའ་མཁའ་མཉམ་པ། །ཤི་དང་བརྒྱལ་དང་གཉིད་ལོག་དང་། །གླལ་དང་འཁྲིག་དུས་སྐད་ཅིག་ཙམ། །མྱུར་བར་འགྱུར་བ་རབ་གོམས་ན། །ལུས་ཅན་རྣམས་ནི་ཡིད་ལ་སྦྱངས། །ཞེས་གསུངས་པ་ལྟར་གཉིད་འོད་གསལ་འཛིན་པ་ལ་བསླབ་པར་བྱའོ། །དེ་ལྟར་བཅོམ་ལྡན་རྒྱལ་བ་རྒྱ་མཚོ་ཡི། །ཉལ་བའི་རྣལ་འབྱོར་ཆོ་གའི་གཞུང་ལས་གསུངས། །དེ་ཉིད་རྒྱུད་དང་རྒྱ་གཞུང་ལུང་རྣམས་དང་། །མན་ངག་གིས་བརྒྱན་ཉུང་བསྡུས་བཅང་བདེར་བྱས། །འདི་ལ་འགལ་འཁྲུལ་ཉེས་པའི་ཆ་མཆིས་པ། །རྒྱལ་བ་རྒྱ་མཚོ་ཆོས་སྐྱོང་བཅས་ལ་བཤགས། །དགེ་བས་བདག་དང་སེམས་ཅན་མ་ལུས་པ། །གཏི་མུག་འཁྲུལ་པའི་རབ་རིབ་ཀུན་སངས་ནས། །ཡེ་ཤེས་འོད་གསལ་སྣང་བ་


CMR026_Page_0136
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་འབར་བས། །ལ་བ་པ་ལྟར་ཚེ་གཅིག་སངས་རྒྱས་ཤོག །དེ་སྐད་ཐུགས་རྗེ་ཆེན་པོའི་རྣལ་འབྱོར་པས། །རྩེ་གཅིག་སྒྲུབ་པའི་ཁོངས་སུ་སྦྱར་བའོ།། སོ།། །།མངྒ་ལཾ། །བཀྲ་ཤིས།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousརྒྱལ་བ་རྒྱ་མཚོའི་ནུབ་མོ་ཉལ་བའི་རྣལ་འབྱོར།next