Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།next

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།


CMR026_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས་བཞུགས་སོ།།


CMR026_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་དྷེ་ཝ་པཉྩཡེ། རྒྱ་མཚོ་ལྔ་ཡི་ལྷ་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །ལྷ་ལྔ་ཕྱི་ལྟར་སྒྲུབ་པའི་གདམས་པ་ནི། །སེམས་དཔའ་རྡོ་རྗེ་སྙིང་པོའི་རྒྱ་གཞུང་དང་། །ཨོ་རྒྱན་ཆེན་པོས་མཛད་པའི་གཞུང་དང་ནི། །གྲུབ་པའི་རྒྱལ་མོས་མཛད་དང་པཀཱིས་མཛད། །རང་བྱུང་རྡོ་རྗེས་མཛད་སོགས་ཀུན་གྱི་དོན། །དོན་ལྡན་ཞབས་ཀྱིས་མཛད་པའི་རྩ་བ་སྟེ། །བདག་བསྐྱེད་འདོན་པའི་ཆས་ཙམ་མ་གཏོགས་པ། །སྒྲུབ་རྫས་མི་དགོས་རྒྱ་གཞུང་ཉིད་ནས་གསུངས། །མཚམས་སྒྲུབ་བྱེད་དམ་རྒྱུན་ཁྱེར་བྱེད་ཀྱང་རུང་། །རྒྱུན་ཁྱེར་བྱེད་ཚེ་


CMR026_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་དང་དུས་མཆོད་དུས། །མདུན་བསྐྱེད་གཏོར་མའི་རྩེ་རུ་བསྐྱེད་པ་ལས། །དཀྱིལ་འཁོར་ལ་སོགས་མི་དགོས་གཞུང་ནས་གསུངས། །ལྷ་ལྔའི་ཕྱི་སྒྲུབ་འདི་ཉིད་བྱེད་པ་ལ། །གལ་ཏེ་དབང་བཞི་རྒྱས་པར་མ་ཐོབ་ཀྱང་། །གཏོར་དབང་ཙམ་ཞིག་ཐོབ་ན་བསྒྲུབ་རུང་གསུངས། །ཆོ་ག་བསྡུས་པ་གཞུང་ན་ཡོད་ལྟར་ཏེ། །རྒྱས་པར་སྤྲོ་ན་སྲུང་འཁོར་རྡོར་སེམས་སོགས། །ཁ་སབ་གུད་དུ་བཀོད་པ་རྣམས་ཀྱང་སབ། །དེ་མིན་ལྷ་ལྔའི་བདག་བསྐྱེད་གཞུང་ལྟར་འདོན། །དེ་ནས་བཟླས་པའི་སྐབས་ལ་བབ་པའི་ཚེ། །བདག་དང་གསང་ཡེ་རྟ་མགྲིན་པད་འབྱུང་གི །


CMR026_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་པདྨ་ཉི་ཟླ་བརྩེགས་པའི་སྟེང་། །རང་མདོག་ཧྲིམཐར་རང་སྔགས་གཡས་བསྐོར་བ། །ཡབ་གསུམ་མདུན་ནས་བརྩམས་ནས་གཡས་བསྐོར་དུ། །ཡིག་ངོ་ཕྱི་ལ་བསྟན་ཏེ་ལངས་ནས་བཀོད། །བདག་གི་ཐུགས་ཀར་ཡི་གེ་བཅུ་པ་སྟེ། །རྟ་མགྲིན་ཐུགས་ཀར་རྟ་མགྲིན་ཉིད་ཀྱི་སྔགས། །པད་འབྱུང་ཐུགས་ཀར་འདི་ལུགས་པད་འབྱུང་སྔགས། །ཨོཾ་གུ་རུ་པདྨ་བཛྲ་སིདྡྷི་ཧཱུྃ། །གསང་ཡེ་ཐུགས་ཀར་རྒྱུ་མ་གྷ་ཡེ་སྔགས། །ཡིག་ངོ་ནང་བསྟན་མདུན་ནས་གཡས་སྐོར་ཏེ། །བཟླ་དུས་མེད་ཀྱང་བསྒོམ་དུས་ཨོཾ་ཡིག་སྦྱར། །འོག་གི་ཆོས་སྐྱོང་གཙོ་བོ་གང་མཛད་ཀྱི། །རང་རང་ཐུགས་སྲོག་རང་རང་སྙིང་པོས་བསྐོར། །དེ་མིན་འོག་ཕྱོགས་དཔའ་བོ་མཁའ་འགྲོའི་ཚོགས། །རང་རང་ཐུགས་ཀར་རང་སྲོག་ཡིག་འབྲུ་དང་། །རྡོ་རྗེ་མཁའ་འགྲོ་རྣམས་ཀྱི་ཐུགས་ཀར་ཧ། །རྡོ་རྗེ་དཔའ་བོ་རྣམས་ཀྱི་ཐུགས་ཀར་ར། །སྐུ་མདོག་དཀར་པོའམ་སྔོན་པོའི་ཚོགས་སུ་བསྒོམ། །ཕྱོགས་ནི་ཤར་ཏེ་མདུན་ངོས་ཁྱབ་པར་འཚོགས། །རིན་ཆེན་མཁའ་འགྲོ་རྣམས་ཀྱི་ཐུགས་ཀར་རི། །རིན་ཆེན་དཔའ་བོ་རྣམས་ཀྱི་ཐུགས་ཀར་ཙ། །སྐུ་མདོག་སེར་པོ་གཡས་འོག་ཁྱབ་པར་འཚོགས། །པདྨ་མཁའ་འགྲོ་


CMR026_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱི་ཐུགས་ཀར་ནི། །པདྨ་དཔའ་བོ་གིང་ཆེན་ཐུགས་ཀར་ཧཱི། །སྐུ་མདོག་དམར་པོས་གཡས་ཀྱི་འོག་ཕྱོགས་ཁྱབ། །ལས་ཀྱི་མཁའ་འགྲོ་རྣམས་ཀྱི་ཐུགས་ཀར་ས། །ཀརྨ་དཔའ་བོ་གིང་གི་ཐུགས་ཀར་ཡ། །སྐུ་མདོག་ལྗང་གུ་གཡོན་འོག་ཁྱབ་པར་འཚོགས། །ཀུན་ཀྱང་གྲི་གུག་ཐོད་ཁྲག་ཁཊཾ་ཅན། །རུས་པའི་རྒྱན་སོགས་དུར་ཁྲོད་ཆས་ཀྱིས་བརྒྱན། །ཡེ་ཤེས་ལས་དང་འཇིག་རྟེན་སྲུང་མའི་ཚོགས། །ཐམས་ཅད་དཔའ་བོ་མཁའ་འགྲོའི་སྐུ་རུ་གྱུར། །དེ་ནས་ཐུགས་ཀའི་སྔགས་ཕྲེང་ཀློག་པའི་ཚུལ། །རང་གིས་སྔགས་བཟླས་གཙོ་འཁོར་ཀུན་གྱིས་བཟླས། །འོག་གི་དམ་ཅན་རྒྱ་མཚོ་ཐམས་ཅད་ལ། །བཀའ་བསྒོའི་ཚུལ་དུ་ཞལ་ནས་སྔགས་བཟླས་པས། །ཀུན་གྱིས་གུས་འདུད་བཀའ་ཉན་གསུང་སྡོད་ཡབྷེ་། །དེ་ནས་ཡབ་རྣམས་སྔགས་ཕྲེང་གཡོས་སུ་འཁོར། །ཡུམ་རྣམས་སྔགས་ཕྲེང་གཡོན་དུ་འཁོར་བ་ལས། །འོད་ཟེར་དམར་པོ་ནམ་མཁའ་ཁྱབ་པར་འཕྲོས། །འོད་དེས་རྒྱལ་བ་སྲས་བཅས་ཐམས་ཅད་མཆོད། །ཐུགས་རྗེ་ཆེན་པོ་རྒྱལ་བ་སྲས་བཅས་ཀྱིས། །བྱིན་རླབས་འོད་དེས་བསྡུས་ནས་རང་ལ་ཐིམ། །སླར་ཡང་འོད་འཕྲོས་འགྲོ་བ་སེམས་ཅན་གྱི། །


CMR026_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

སྡུག་བསྔལ་སྡིག་སྒྲིབ་ཀུན་སྦྱངས་བདེ་བར་ལྡན། །དེ་ལྟར་བསྒོམ་ཞིང་ཡི་གེ་བཅུ་པ་བཟླས། །དེ་ནི་འདི་ཡི་ལུགས་ཀྱི་བསྙེན་པ་ཡིན། །གཙོ་འཁོར་ཀུན་གྱི་སྔགས་ནི་བཟླ་བཞིན་ལས། །སྐུ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །ཕྱོགས་བཅུའི་བདེ་གཤེགས་རྒྱལ་བ་རྣམས་ལ་ཕོག །དེ་ཀུན་འགྲོ་བ་སེམས་ཅན་དོན་ལ་བསྐུལ། །ཕྱོགས་བཅུའི་བྱང་ཆུབ་སེམས་དཔའ་རྣམས་ལ་ཕོག །ཤེས་བྱའི་སྒྲིབ་པ་ཕྲ་མོ་གང་ཡོད་སྦྱངས། །ཁམས་གསུམ་སེམས་ཅན་ཀུན་ལ་འོད་དེས་ཕོག །ལས་དང་ཉོན་མོངས་སྒྲིབ་པ་ཐམས་ཅད་སྦྱངས། །བདེ་སྐྱིད་ལོངས་སྤྱོད་ཕུན་སུམ་ཚོགས་ཐོབ་ནས། །འཕགས་པའི་གོ་འཕང་ཐོབ་པའི་སྐལ་ལྡན་གྱུར། །དེ་ལྟར་བསྒོམ་ཞིང་བཟླ་བ་ཉེ་བསྙེན་ཡིན། །དེ་ནས་སྔགས་ཕྲེང་དྲག་ཏུ་འཁོར་བཞིན་ལས། །ཞལ་ནས་སྔགས་བཟླས་སྒྲ་ཡིས་བསྐུལ་བ་དང་། །སྔགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་དེས། །ཕྱི་ནང་གསང་བའི་མཆོད་པའི་སྤྲིན་གྱུར་ཏེ། །རབ་འབྱམས་ཞིང་ཁམས་ཀུན་ན་བཞུགས་པ་ཡི། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་མཆོད། །དེ་ཀུན་ཐུགས་རྗེ་ཆེན་པོའི་ལྷ་ཚོགས་སུ། །


CMR026_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

གནས་འགྱུར་ཕྱོགས་བཅུ་ཀུན་ནས་ཆར་བཞིན་བབ། །རང་གི་ལུས་ངག་ཡིད་ལ་སིབ་སིབ་ཐིམ། །སྡིག་སྒྲིབ་ཀུན་དག་ཚོགས་རྫོགས་དབང་བཞི་ཐོབ། །སླར་ཡང་འོད་ཟེར་དམར་པོ་འོད་ལྔའི་མདངས། །ཕྱོགས་བཅུར་འཕྲོས་པས་རེག་དང་སྔགས་ཀྱིས་བསྐུལ། །སངས་རྒྱས་རྣམས་ཀྱིས་འཁོར་བ་མ་སྟོངས་བར། །ཆོས་ཀྱི་འཁོར་ལོ་རྒྱུན་དུ་བསྐོར་བར་བྱས། །བྱང་ཆུབ་སེམས་དཔའ་ཐམས་ཅད་འོད་ཟེར་དང་། །སྔགས་ཀྱི་སྒྲ་དབྱངས་དེ་ཡིས་བསྐུལ་བ་ཡི། །བྱང་ཆུབ་ཆེན་པོ་མངོན་དུ་མཛད་བཞིན་བཞུགས། །འཕགས་པ་ཉན་རང་ཐམས་ཅད་སྔགས་སྒྲ་དང་། །འོད་དེས་བསྐུལ་བའི་ཐེག་ཆེན་ལམ་ཞུགས་ནས། །བྱང་ཆུབ་སེམས་དཔའི་ས་ལམ་བགྲོད་པར་གྱུར། །འོད་ཟེར་ཚུར་འདུས་རང་ལ་ཐིམ་པ་ཡིས། །ལུས་ངག་ཡིད་གསུམ་སྒྲིབ་པ་ཐམས་ཅད་དག །ཡེ་ཤེས་རང་གསལ་རྟོགས་པ་སྐྱེས་པར་བསྒོམ། །དེ་ཚེ་ཡིག་བཅུ་བཟླ་བ་སྒྲུབ་པ་ཡིན། །དེ་ནས་བདག་གི་སྔགས་ཕྲེང་འོད་ཟེར་ནི། །འོད་ཟེར་དམར་པོ་འོད་ལྔའི་མདངས་ལྡན་པ། །ནམ་མཁའ་ཁྱབ་པར་ཕྱོགས་བཅུ་ཀུན་ཏུ་འཕྲོས། །འོད་ཟེར་དེ་ཡིས་རེག་པ་ཙམ་གྱིས་ནི། །སྣོད་ཀྱི་འཇིག་རྟེན་ཐམས་ཅད་


CMR026_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

གཞལ་ཡས་ཁང་། །ནང་བཅུད་འགྲོ་དྲུག་སེམས་ཅན་དཀྱིལ་འཁོར་ལྷ། །ཕོ་རྣམས་ཐམས་ཅད་འཕགས་པ་སྤྱན་རས་གཟིགས། །མོ་རྣམས་གསང་བ་ཡེ་ཤེས་མཁའ་འགྲོ་མ། །བདུད་དང་ལོག་འདྲེན་རྣམས་ཀྱང་རྟ་མགྲིན་སྐུ། །རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་ཤ་སྟག་སྟེ། །འཇའ་དང་འོད་དང་མེ་དཔུང་རབ་འབར་ཞིང་། །གཟུགས་སུ་སྣང་བ་ཐམས་ཅད་ལྷ་ཡི་སྐུ། །སྒྲ་རུ་གྲག་པ་ཐམས་ཅད་སྔགས་ཀྱི་སྒྲ། །སེམས་ཀྱི་དྲན་རྟོག་ཐམས་ཅད་ཆོས་སྐུའི་ངང་། །སྟོང་གསལ་ཆུ་ཟླ་འཇའ་ཚོན་བཞིན་དུ་བསྒོམ། །ཡིག་བཅུ་ནས་བཟུང་ཧཱུྃ་ཛཡན་གྱི་བར། །བཟླ་བ་སྒྲུབ་པ་ཆེན་པོའི་སྔགས་དམིགས་སོ། །དེ་རྣམས་ཐུན་རེར་དམིགས་པ་རྫོགས་པར་བྱ། །རྒྱུན་ཁྱེར་ཡིན་ན་ཞག་རེར་རྫོགས་ཀྱང་ཆོག་།ཐུན་མཚམས་ཐུན་བསྡུ་གཏོར་བསྔོས་གཞུང་ལྟར་རོ། །མཚམས་བྱེད་རྩེ་གཅིག་སྒྲུབ་ན་ཐུན་བཞིར་བྱ། །མཚམས་བྱས་ཞག་དྲུག་བསྒྲུབས་པའི་ཕྱིར་ནངས་སམ། །ཡུན་རིང་རྒྱུན་བསྒྲུབས་བྱས་པའི་མཇུག་ཏུ་ནི། །ལས་སྦྱོར་གཙོ་བོ་རང་གི་སྒྲིབ་སྦྱངས་ཤིང་། །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་ཐབས་ཏེ། །རང་གི་ཐུགས་ཀའི་སྔགས་ཕྲེང་འོད་ཟེར་ནི། །ཕྱོགས་བཅུར་འཕྲོས་


CMR026_Page_0163
[མ་དཔེ་གཟིགས་ན་འདིར་གནོན།]

པས་སངས་རྒྱས་ཐམས་ཅད་མཆོད། །ཐུགས་རྒྱུད་མཉེས་ནས་བྱིན་རླབས་དངོས་གྲུབ་ཀུན། །འོད་ཟེར་ཁ་དོག་སྣ་ལྔའི་རྣམ་པ་རུ། །བསྡུས་ནས་བདག་ལ་ཐིམ་པས་སྒྲིབ་གཉིས་དག །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་བསྒོམ། །ཡིག་དྲུག་གམ་ནི་ཡིག་བཅུ་གང་རུང་ཤུམ། །ཚོགས་རྫོགས་སྒྲིབ་པ་སྦྱང་པའི་སྔགས་རིང་བཟླ། །འདི་ནི་སྒོམ་དང་བཟླས་པ་ཙམ་གྱིས་ཀྱང་། །སྒྲིབ་པ་ཀུན་དག་ཚོགས་གཉིས་རྫོགས་པར་གསུངས། །ཞག་གཅིག་གམ་ནི་ཡུན་རིང་རྒྱུན་བསྙེན་སོགས། །མང་ཉུང་རིང་ཐུང་རང་གིས་ཅི་འདོད་ཆོག །རྩེ་གཅིག་བསྒྲུབས་པ་བྱས་པའི་རྗེས་སུའམ། །ཡུན་རིང་རྒྱུན་བསྙེན་བྱས་པའི་སྐབས་ཤིག་ཏུ། །སྒྲིབ་སྦྱང་ཞི་བའི་སྦྱིན་སྲེག་གྲུབ་ན་ལེགས། །མ་གྲུབ་ན་ཡང་འགལ་བ་ཡོད་པ་མིན། །ཕྱི་སྒྲུབ་འདི་ལ་ཡུན་རིང་འབད་པ་ན། །འཕགས་པ་འཇིག་རྟེན་དབང་ཕྱུག་གོ་འཕང་ནི། །ཚེ་གཅིག་ལུས་གཅིག་ཉིད་ལ་འགྲུབ་པར་གསུངས། །འདི་ནི་ཞལ་གཟིགས་ཡིན་པར་བཞེད་ན་ཡང་། །པདྨ་ཟབ་པའི་རྒྱུད་ལས་གསུངས་པ་ཡི། །དཀྱིལ་འཁོར་མཎྜལ་ལྟར་དུ་བསྒོམ་པ་ཞེས། །ཞིང་བཀོད་ལྟར་དུ་སྒྲུབ་པ་ཡིན་པར་གསུངས། །


CMR026_Page_0164
[མ་དཔེ་གཟིགས་ན་འདིར་གནོན།]

གཞན་ཡང་རྟ་མཆོག་རོལ་པའི་རྒྱུད་དང་ནི། །དེ་བཞིན་པདྨ་དབང་ཆེན་རྒྱུད་དང་ནི། །མཁའ་འགྲོ་རྒྱ་མཚོའི་རྒྱུད་ལ་བརྟེན་ནས་ནི། །གུ་རུ་པདྨ་འབྱུང་གནས་ཀྱིས་མཛད་པའི། །རྒྱལ་བ་རྒྱ་མཚོ་འདི་ཡི་སྒྲུབ་ཐབས་ནི། །གྲངས་མེད་ནམ་མཁའི་སྐར་མ་ཙམ་ཡོད་གསུངས། །གཞན་ཡང་གྲུབ་པའི་རྒྱལ་མོས་མཛད་པ་ཡི། །རྒྱ་སྐད་ཡོད་མེད་གཞུང་ནས་འགའ་འབྱུང་བ། །ཀུན་གྱི་རྩ་བ་འདི་ལ་འདུས་པ་ཡིན། །འདི་ལ་བསྙེན་པ་ཚན་ཆེན་ཐོན་ན་ནི། །དེ་ནས་ལས་ཚོགས་རྣམས་ཀྱང་བསྒྲུབ་ན་འགྲུབ། །དེ་ཕྱིར་འདི་ལ་རྒྱུན་དུ་ཉམས་ལེན་གཅེས། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བ་དང་། །དྲིན་ཆེན་སྤྲུལ་སྐུའི་དགོངས་རྫོགས་ལ་དམིགས་ནས། །ལུག་ལོ་ས་ག་ཟླ་བའི་བཅུ་གཉིས་ཀྱི། །སྔ་དྲོའི་ཐུན་ལ་རཱ་ག་ཨ་སྱ་ཡིས། །ངག་ནས་སྨྲས་བཞིན་མཐར་ཕྱིན་ཞེས་བྱས་བྲིས། །འདི་ལ་འགལ་འཁྲུལ་གང་མཆིས་ལྷ་ལ་བཤགས། །དགེ་བས་སྤྲུལ་སྐུའི་དགོངས་པ་རྫོགས་པ་དང་། །འགྲོ་ཀུན་བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོ།། །།མངྒ་ལཾ།། །།


previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔ་ཕྱི་ལྟར་སྒྲུབ་པའི་ཟིན་བྲིས།next