Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ནང་སྒྲུབ་ཀྱི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ནང་སྒྲུབ་ཀྱི་ཟིན་བྲིས།next

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ནང་སྒྲུབ་ཀྱི་ཟིན་བྲིས།


CMR026_Page_0165
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ནང་སྒྲུབ་ཀྱི་ཟིན་བྲིས་བཞུགས་པའི་དབུའོ།།


CMR026_Page_0166
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་ར་དྷེ་ཝ་པཉྩ་ཡེ། རྒྱ་མཚོ་ལྔ་ཡི་ལྷ་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །ནང་སྒྲུབ་རྡོ་རྗེ་སྙིང་པོའི་རྒྱ་གཞུང་དོན། །མཁའ་སྤྱོད་དབང་པོའི་ཞལ་གདམས་ཅི་བཞིན་དུ། །དེ་བཞིན་གཤེགས་པའི་ཟིན་བྲིས་རྒྱས་པ་ལས། །ཚིག་ཉུང་དོན་འཐུས་ཉམས་སུ་བླངས་བདེ་ནི། །སྟ་གོན་ཚར་ནས་ལྷ་ལྔའི་བདག་བསྐྱེད་ནི། །དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་རོ་ཡི་བར། །གཞུང་ལྟར་འདོན་ཅིང་མཚམས་དེར་ངལ་བསོས་ལ། །ལུས་ལ་ལྷ་བཀོད་འདི་དག་ཡིད་ཀྱིས་བསྒོམ། །བདག་ཉིད་རྒྱལ་བ་རྒྱ་མཚོའི་སྐུ་ཡི་ནང་། །སྟོང་རའི་


CMR026_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་པ་འོད་ཀྱི་རང་བཞིན་ཅན། །ཐུགས་ཀར་པད་ཉི་ཟླ་སྟེང་རྟ་མགྲིན་ནི། །དམར་ནག་དུར་ཁྲོད་ཆས་བརྒྱད་སྐུ་ལ་བརྒྱན། །ཕྱག་གཡས་དབང་སྡུད་ཕྱག་རྒྱ་དང་བཅས་ཏེ། །པདྨ་རཱ་གའི་ཕྲེང་བ་ཕྱག་སྟབས་འདྲེན། །ཞགས་པ་དམར་པོ་ཨུཏྤལ་ལས་མཚན་པ། །ཕྱག་གཡོན་སྡིགས་མཛུབ་དང་བཅས་དཀུ་ལ་བརྟེན། །དར་དང་རིན་ཆེན་གྱིས་བརྒྱན་རྟ་དབུ་འཚེར། །གཡས་བརྐྱང་གཡོན་བསྐུམ་མེ་དཔུང་ཀློང་ན་བཞུགས། །ལྟེ་བར་པདྨ་དམར་པོའི་ཟེའུ་འབྲུར། །གསེར་གྱི་རྡོ་རྗེ་རྒྱ་གྲམ་གདན་ཐབས་སྟེང་། །ཆོས་འབྱུང་ཟུར་དྲུག་དགའ་འཁྱིལ་བཅས་པའི་དབུས། །པད་


CMR026_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ཉི་རོ་སྟེང་གསང་བ་ཡེ་ཤེས་ནི། །སྐུ་མདོག་རབ་དམར་ཞལ་གཅིག་ཕྱག་བཞི་ན། །དང་པོའི་ཕྱག་གཉིས་གྲི་ཐོད་ཐུགས་ཀར་བརྩེགས། །འོག་གཉིས་རལ་གྲི་ཁ་ཊ་བསྒྲེང་སྟེ་འཛིན། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་སྤྲས། །ཐོད་པ་སྐམ་རློན་རྒྱུན་ལྡན་གར་སྟབས་འགྱིང་། །གསང་བའི་གནས་སུ་པདྨ་འདབ་བཞིའི་སྟེང་། །གིང་ཆེན་སྡེ་བཞི་ཌཱཀི་སྡེ་བཞི་|རྣམས། །ཞལ་སྦྱོར་གྲི་ཐོད་འཛིན་ཅིང་འདོར་ཐབས་བཞུགས། །མགྲིན་པར་འཇིག་རྟེན་དབང་ཕྱུག་སྐུ་མདོག་དམར། །ཞི་བའི་ངང་ཚུལ་བགྲང་ཕྲེང་པདྨ་འཛིན། །དར་དང་རིན་ཆེན་རྒྱུན་ལྡན་བཞེངས་ཐབས་ཀྱིས། །པདྨ་ཟླ་བའི་གདན་ལ་བཞུགས་པའོ། །དབུ་ནང་སྣང་བ་མཐའ་ཡས་དབྱེར་མེད་པའི། །པདྨ་འབྱུང་གནས་མཐིང་ནག་རྒྱན་དྲུག་གསོལ། །ཌཱ་དྲིལ་འཛིན་ཅིང་འགྱིང་སྟབས་སེམས་དཀྱིལ་གྱིས། །པདྨ་ཉི་ཟླའི་གདན་ལ་བཞུགས་པར་སྒོམ། །དེ་ནས་གཞུང་ལྟར་དཔྲལ་བར་ཨོཾ་སོགས་ནས། །བཟླས་པའི་བར་ནི་ཆོ་ག་གཞུང་ལྟར་འདོན། ༈ །དེ་ནས་འཛབ་དགོངས་དམིགས་པ་འཕྲོ་འདུ་ནི། །ཐུགས་དབུས་རྟ་མགྲིན་ཐུགས་ཀར་པད་ཉིའི་སྟེང་། །ཧྲིལ་སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་


CMR026_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་རང་གི་ཤངས་བུག་གཡས་ནས་ཐོན། །མཆོད་པར་གྱུར་ཏེ་བ་གཡས་ཀྱི་རྟ་མགྲིན་མཆོད། །དེ་ལས་འོད་འཕྲོས་སངས་རྒྱས་ཡི་དམ་ལྷ། །ཀུན་གྱིས་ཡོན་ཏན་མཆོག་ཐུན་དངོས་གྲུབ་རྣམས། །འོད་ཀྱིས་བསྡུས་ནས་གཡས་ཀྱི་རྟ་མགྲིན་ཐིམ། །དེ་ལས་བྱིན་རླབས་དངོས་གྲུབ་འོད་ཟེར་ཚུལ། །བདག་གི་ཤངས་བུག་ནས་ཞུགས་སྐུ་གཡས་བརྒྱུད། །ཐུགས་ཀའི་རྟ་མགྲིན་ལ་ཐིམ་དངོས་གྲུབ་ཐོབ། །ལྟེ་བའི་གསང་བ་ཡེ་ཤེས་སྐུ་ལས་ནི། །འོད་བྱུང་སྐུ་གཡོན་བརྒྱུད་ནས་ཤངས་གཡོན་ཐོན། །མཆོད་པའི་སྤྲིན་གྱུར་གཡོན་གྱི་གསང་ཡེ་མཆོད། །དེ་ལས་འོད་འཕྲོས་འོད་ཟེར་ལས་བྱུང་བའི། །མཆོད་པས་ཞིང་ཁམས་ཀུན་གྱི་སངས་རྒྱས་དང་། །ཡེ་ཤེས་མཁའ་འགྲོའི་ཚོགས་རྣམས་ཐམས་ཅད་མཆོད། །དེ་དག་རྣམས་ཀྱི་སྐུ་གསུང་ཐུགས་ཡོན་དང་། །ཕྲིན་ལས་མཆོག་ཐུན་དངོས་གྲུབ་འོད་ཀྱིས་བསྡུས། །གཡོན་གྱི་གསང་ཡེ་ལ་ཐིམ་དེ་ཡི་འོད། །བདག་གི་ཤངས་བུག་གཡོན་ཞུགས་སྐུ་གཡོན་བརྒྱུད། །ལྟེ་བའི་གསང་བ་ཡེ་ཤེས་སྐུ་ལ་ཐིམ། །མགྲིན་པའི་འཇིག་རྟེན་དབང་ཕྱུག་སྐུ་ལས་ནི། །འོད་ཟེར་འཕྲོས་པ་རང་གི་སྨིན་མཚམས་ཐོན། །འཁོར་གྱི་བསྐལ་བཟང་


CMR026_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་རྣམས་ལ་མཆོད། །དེ་ལས་འོད་འཕྲོས་མཆོད་པའི་སྤྲིན་ཕུང་གིས། །ཕྱོགས་བཅུའི་སངས་རྒྱས་མ་ལུས་ཐམས་ཅད་མཆོད། །དེ་ཀུན་བྱིན་རླབས་བསྡུས་ཏེ་འཁོར་གྱི་ནི། །བསྐལ་བཟང་སངས་རྒྱས་སྟོང་རྩ་རྣམས་ལ་ཐིམ། །དེ་དག་སྐུ་ལས་འོད་ཟེར་བྱིན་རླབས་ཚུལ། །སྨིན་མཚམས་ནས་ཞུགས་མགྲིན་པའི་ལྷ་ལ་ཐིམ། །དུང་ཁང་ནང་བཞུགས་སློབ་དཔོན་པདྨ་ལ། །འོད་ཟེར་འཕྲོས་པ་མཛོད་སྤུ་ནས་ཐོན་ཏེ། །སྤྱི་གཙུག་ནམ་མཁའི་ཨོ་རྒྱན་སྐུ་ལ་མཆོད། །དེ་ལས་འོད་འཕྲོས་མཆོད་པའི་སྤྲིན་གྱུར་ཏེ། །རྒྱ་བོད་གྲུབ་ཐོབ་རིག་འཛིན་རྒྱ་མཚོ་མཆོད། །བྱིན་རླབས་ཚུར་བསྡུས་པད་འབྱུང་སྐུ་ལ་ཐིམ། །དེ་ཡི་བྱིན་རླབས་འོད་ཟེར་སྨིན་མཚམས་ཞུགས། །དབུ་ནང་བཞུགས་པའི་པད་འབྱུང་སྐུ་ལ་ཐིམ། །གསང་གནས་འཀི་ཡབ་ཡུམ་སྐུ་ལས་ནི། །འོད་ཟེར་ལྟེ་བའི་ཁུང་ནས་འཕྲོས་པ་དེས། །འོག་གི་དམ་ཅན་རྒྱ་མཚོ་ཐམས་ཅད་མཆོད། །དེ་ལས་འོད་འཕྲོས་མཆོད་པའི་སྤྲིན་གྱུར་ཏེ། །ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་ཐམས་ཅད་མཆོད། །དེ་ཀུན་བྱིན་རླབས་མཐུ་སྟོབས་ཚུར་བསྡུས་ནས། །འོག་གི་ཌཱཀི་ཆོས་སྐྱོང་རྣམས་ལ་ཐིམ། །དེ་ཡི་མཐུ་སྟོབས་འོད་ཟེར་རྣམ་པ་རུ། །ལྟེ་བ་


CMR026_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

ནས་ཞུགས་གསང་གནས་ལྷ་ལ་ཐིམ། །དེ་ཚེ་ཡིག་བཅུ་བཟླ་བ་བསྙེན་པ་ཡིན། །སླར་ཡང་ཐུགས་ཀའི་རྟ་མགྲིན་འོད་ཟེར་འཕྲོས། །སྐུ་གཡས་བརྒྱུད་དེ་ཤངས་བུག་གཡས་ནས་ཐོན། །གཡས་ཀྱི་རྟ་མགྲིན་ལ་མཆོད་དེ་ཡི་འོད། །ཕྱོགས་བཅུའི་སངས་རྒྱས་ཀུན་མཆོད་དེ་ཡི་འོད། །བྱིན་རླབས་བསྡུས་ནས་གཡས་ཀྱི་རྟ་མགྲིན་ཐིམ། །རྟ་མགྲིན་དཔའ་བོ་རྒྱ་མཚོ་འོད་དུ་ཞུ། །ཤངས་བུག་གཡས་ཞུགས་སྐུ་གཡས་བརྒྱུད་བྱས་ཏེ། །ཐུགས་ཀའི་རྟ་མགྲིན་ལ་ཐིམ་དངོས་གྲུབ་ཐོབ། །ལྟེ་བའི་གསང་ཡེའི་འོད་ཟེར་སྐུ་གཡོན་བརྒྱུད། །ཤངས་བུག་གཡོན་ཐོན་གཡོན་གྱི་གསང་ཡེ་མཆོད། །དེ་ཡི་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །དེ་བཞིན་གཤེགས་མ་ཀུན་མཆོད་བྱིན་རླབས་བསྡུས། །གསང་ཡེ་ལ་ཐིམ་དཔའ་མོ་རྒྱ་མཚོར་བཅས། །འོད་ཞུ་ཤངས་བུག་གཡོན་ཞུགས་སྐུ་གཡོན་བརྒྱུད། །ལྟེ་བའི་གསང་ཡེ་ལ་ཐིམ་དངོས་གྲུབ་ཐོབ། །མགྲིན་པའི་འཇིག་རྟེན་དབང་ཕྱུག་འོད་ཟེར་ནི། །སྨིན་མཚམས་ནས་ཐོན་འཁོར་གྱི་སངས་རྒྱས་མཆོད། །དེ་ལས་འོད་འཕྲོས་ཕྱོགས་བཅུ་དུས་གསུམ་གྱི། །སངས་རྒྱས་སྟོང་རྩ་བྱེ་བ་ཕྲག་བརྒྱ་མཆོད། །བྱིན་རླབས་ཀུན་བསྡུས་འཁོར་གྱི་


CMR026_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

སངས་རྒྱས་ཐིམ། །འཁོར་གྱི་སངས་རྒྱས་སྟོང་རྩ་འོད་དུ་ཞུ། །སྨིན་མཚམས་ནས་ཞུགས་མགྲིན་པའི་ལྷ་ལ་ཐིམ། །སྤྱི་བོའི་ནང་བཞུགས་པད་འབྱུང་འོད་ཟེར་ནི། །སྨིན་མཚམས་ནས་ཐོན་སྟེང་གི་པད་འབྱུང་མཆོད། །དེ་ལས་འོད་འཕྲོས་མཁའ་སྤྱོད་ཞིང་བཞུགས་པའི། །རིག་འཛིན་གྲུབ་ཐོབ་ཀུན་མཆོད་བྱིན་རླབས་བསྡུས། །པད་འབྱུང་ལ་ཐིམ་གྲུབ་ཐོབ་རྒྱ་མཚོ་བཅས། །འོད་ཞུ་སྨིན་མཚམས་ནས་ཞུགས་པད་འབྱུང་ཐིམ། །གསང་གནས་ཌཱཀིར་འོད་འཕྲོས་ལྟེ་བར་ཐོན། །འོག་གི་ཆོས་སྐྱོང་ཌོཀི་ཐམས་ཅད་མཆོད། །དེ་ལས་འོད་འཕྲོས་སྟོང་གསུམ་རབ་འབྱམས་ཀྱི། །མཁའ་འགྲོ་ཆོས་སྐྱོང་ཀུན་མཆོད་མཐུ་སྟོབས་བསྡུས། །ཆོས་སྐྱོང་ལ་ཐིམ་དམ་ཅན་རྒྱ་མཚོ་བཅས། །འོད་དུ་ཞུ་ནས་ལྟེ་བའི་ཁུང་ཞུགས་ཏེ། །གསང་བའི་ཌཱཀི་ཡབ་ཡུམ་རྣམས་ལ་ཐིམ། །དེ་ནི་ནང་དུ་འཇུག་པའི་སྒོམ་བཟླས་ཏེ། །འོད་ཟེར་ཐམས་ཅད་དམར་པོ་ཡིན་པར་བཤད། །དེ་ནས་བདག་ཉིད་གནས་པའི་ས་ཕྱོགས་འདི། །ཞིང་ཁམས་རྣམ་དག་བདེ་བ་ཅན་ལྟ་བུ། །བེཟླུར་ས་གཞི་ལག་མཐིལ་ལྟར་མཉམ་པ། །རིན་ཆེན་རི་བོ་རྣམས་དང་པདྨའི་ཚལ། །དཔག་བསམ་ལྗོན་ཤིང་ཕྲེང་བ་བདུད་རྩིའི་རྫོང་། །


CMR026_Page_0173
[མ་དཔེ་གཟིགས་ན་འདིར་གནོན།]

མེ་ཏོག་ཆར་འབེབས་དྲི་བཟང་ངད་པ་ལྡང་། །འདོད་པའི་ཡོན་ཏན་སྣ་ཚོགས་ལྷུན་གྱིས་གྲུབ། །མཆོད་པའི་ལྷ་མོའི་ཚོགས་རྣམས་བསྟོད་དབྱངས་སྒྲོག །མཐའ་བསྐོར་འོད་ཀྱི་ཕྲེང་བ་ཀུན་ཏུ་འཁྲིགས། །དེ་ལྟར་བདག་གི་ཞིང་ཁམས་མཆོག་དེ་ལས། །འོད་ཟེར་ཕྱོགས་ཀུན་འཕྲོས་པས་ཞིང་ཀུན་ཁྱབ། །ཕྱོགས་བཅུའི་སངས་རྒྱས་ཀུན་གྱི་ཞིང་ཁམས་ཀྱི། །རྒྱན་དང་ཡོན་ཏན་བཀྲ་ཤིས་འོད་ཀྱིས་བསྡུས། །བདག་གི་ཞིང་ཁམས་ལ་ཐིམ་སྔོན་ལས་ཀྱང་། །འོད་མདངས་གཟི་བརྗིད་ཆེས་ཆེར་འབར་གྱུར་ནས། །སངས་རྒྱས་བྱང་སེམས་ཀུན་གྱི་ཞིང་ཁམས་ཀྱི། །ཡོན་ཏན་བདག་གི་ཞིང་ལ་ཚང་བར་བསྒོམ། །དེ་ནི་ཞིང་ཁམས་ཏིང་འཛིན་སྦྱང་ཞེས་བྱ། །དེ་ནས་བདག་ཉིད་གནས་པའི་ཁང་པ་ཡང་། །གཞལ་ཡས་ཁང་པ་གྲུ་བཞི་སྒོ་བཞི་པ། །དཀྱིལ་འཁོར་མཚན་ཉིད་ཡོངས་སུ་རྫོགས་པ་ལས། །འོད་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །གཞལ་ཡས་ལ་ཁྱབ་དེ་ཀུན་བྱིན་རླབས་བསྡུས། །བདག་གི་གནས་ཁང་གཞལ་ཡས་ཁང་ལ་ཐིམ། །སྔོན་ལས་བཀྲག་མདངས་གཟི་བརྗིད་ཇེ་ཆེར་འབར། །སངས་རྒྱས་བྱང་སེམས་ཀུན་གྱི་གཞལ་ཡས་ཀྱི། །ཡོན་


CMR026_Page_0174
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བདག་གི་གཞལ་ཡས་ལ་ལྡན་བསྒོམ། །དེ་ནི་གཞལ་མེད་ཁང་གི་ཏིང་འཛིན་ནོ། །བདག་གི་གདན་ནི་རིན་ཆེན་སེངྒེའི་ཁྲི། །དར་དང་པདྨ་ཉི་ཟླ་བརྩེགས་པ་ལས། །འོད་འཕྲོས་སངས་རྒྱས་བྱང་སེམས་ཐམས་ཅད་ཀྱི། །གདན་ཁྲི་ལ་ཁྱབ་ཡོན་ཏན་བདེ་ལེགས་ཀུན། །འོད་ཀྱིས་བསྡུས་ནས་རང་གི་གདན་ཁྲིར་ཐིམ། །སྔར་ལས་མཐོ་ཞིང་གཟི་བརྗིད་འོད་དུ་འབར། །སངས་རྒྱས་བྱང་སེམས་ཀུན་གྱི་གདན་ཁྲི་ཡི། །བཀྲ་ཤིས་བདེ་ལེགས་ཀུན་དང་ལྡན་པར་བསྒོམ། །དེ་ནི་གདན་ཁྲིའི་ཏིང་ངེ་འཛིན་ཡིན་ནོ། །དེ་སྟེང་བདག་ཉིད་བཅོམ་ལྡན་སྤྱན་རས་གཟིགས། །ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཅས་ཙམ་གྱིས། །ས་ཆེན་རྣམ་པ་དྲུག་ཏུ་གཡོས་གྱུར་ཏེ། །འུར་སྒྲ་ཐུག་ཆོམ་འཇིག་རྟེན་འོད་ཀྱིས་ཁྱབ། །ཚངས་པ་བརྒྱ་བྱིན་འཁོར་ལོས་སྒྱུར་རྒྱལ་དང་། །རྒྱལ་ཆེན་བཞི་སོགས་འདུས་ཏེ་དད་ཅིང་གུས། །ཕྱག་འཚལ་ཞབས་ལ་དབུ་གཏུགས་གདན་ཁྲི་བཏེག །དེ་ནི་བཞུགས་སྟངས་ཏིང་ངེ་འཛིན་ཞེས་བྱ། །ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར་བའི་བར། །གསེར་གྱི་རྡོ་རྗེ་རྩེ་ལྔའི་ལྟེ་བའི་ནང་། །རིགས་ལྔའི་ཕོ་བྲང་མེ་ལོང་གཟུགས་བརྙན་ལྟར། །དེ་ལས་རྒྱལ་བ་རིགས་ལྔ་གྲངས་


CMR026_Page_0175
[མ་དཔེ་གཟིགས་ན་འདིར་གནོན།]

མེད་འཕྲོས། །འཇིག་རྟེན་ཐམས་ཅད་རྒྱལ་བ་རིགས་ལྔས་གང་། །ཚུར་འདུས་རྡོ་རྗེའི་ལྟེ་བའི་ལྷ་ལ་ཐིམ། །ཕྱག་གཡས་འོག་མས་བགྲང་ཕྲེང་འཛིན་པ་ཡི། །ཕྲེང་རྡོག་རེ་རེའི་འོད་ཀྱི་གོང་བུའི་ནང་། །དྷཱི༔ཡིག་སྔགས་ཕྲེང་ཨཱཿ་ལི་ཀཱ་ལིས་བསྐོར། །དེ་ལས་གྷིཡིག་སྔགས་ཕྲེང་རང་སྒྲ་བཅས། །འཇིག་རྟེན་ཁམས་གང་འགྲོ་བའི་སྒྲིབ་པ་སྦྱངས། །ཕྱག་གཡོན་འོག་མས་པདྨའི་སྡོང་པོ་ནི། །འདབ་མ་སྟོང་ལྡན་འཛིན་པའི་འདབ་རེའི་སྟེང་། །བསྐལ་བཟང་སངས་རྒྱས་རེ་རེ་བཞུགས་པ་ལས། །བསྐལ་བཟང་སངས་རྒྱས་གྲངས་མེད་འཕྲོས་པ་ཡིས། །འཇིག་རྟེན་ཁམས་གང་འཁོར་བ་ཇི་སྲིད་དུ། །སེམས་ཅན་དོན་ནི་མཐའ་ཡས་མཛད་པར་གྱུར། །དེ་གསུམ་ཕྱག་རྒྱའི་ཏིང་ངེ་འཛིན་ཞེས་བྱ། །རང་གི་ཞལ་ནས་ཡིག་བཅུ་སྔགས་ཀྱི་སྒྲ། །གཞན་ཡང་གསང་སྔགས་བླ་མེད་ཆོས་སྒྲའི་དབྱངས། །ལྷ་ཡི་རྔ་སྒྲ་ལྟ་བུར་ཟད་མེད་པ། །ནམ་མཁའ་མཐའ་ཀླས་གསུང་དབྱངས་སྙན་པོས་ཁྱབ། །བདག་ཚིག་སེམས་ཅན་གང་གིས་ཐོས་གྱུར་པ། །བླ་མེད་བྱང་ཆུབ་ཐོབ་པའི་སྐལ་ལྡན་གྱུར། །དེ་ནི་གསུང་དབྱངས་ཏིང་ངེ་འཛིན་ཡིན་ནོ། །བདག་ཉིད་རྒྱལ་བ་རྒྱ་མཚོའི་སྐུར་གསལ་བའི། །


CMR026_Page_0176
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱན་གཉིས་ཨུཏྤལ་འདབ་མ་ལྟར་ཡངས་ཤིང་། །དཀྱུས་རིང་མཆོག་ཏུ་རྣམ་དག་ཞི་བས་གཟིགས། །སྤྱན་གྱི་ལམ་དུ་ཉེ་བར་སྣང་བ་ཡི། །སེམས་ཅན་གང་དག་སྤྱན་གྱིས་གཟིགས་ཚད་རྣམས། །བླ་ན་མེད་པའི་བྱང་ཆུབ་ལམ་ལས་ནི། །ཕྱིར་མི་ལྡོག་པའི་སྐལ་བ་ཅན་དུ་གྱུར། །དེ་ནི་གཟིགས་སྟངས་ཏིང་ངེ་འཛིན་ཞེས་བྱ། །བདག་གི་རྒྱན་ནི་རིན་ཆེན་དུ་མས་སྤྱས། །དབུ་རྒྱན་ཕྱག་གདུབ་ཞབས་གདུབ་དོ་ཤལ་སོགས། །སྟོད་གཡོགས་སྨད་དཀྲིས་དར་དཔྱངས་ཅོད་པན་ལས། །འོད་འཕྲོས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ཀྱི། །རྒྱན་ལ་ཁྱབ་ཅིང་དེ་དག་ཡོན་ཏན་བསྡུས། །བདག་གི་རྒྱན་ལ་ཐིམ་པས་སྔོན་ལས་ཀྱང་། །འོད་མདངས་གཟི་བརྗིད་ལྷག་པར་གསལ་གྱུར་ཏེ། །སངས་རྒྱས་ཀུན་གྱི་རྒྱན་དང་ན་བཟའ་ཡི༔ །བྱིན་རླབས་ཡོན་ཏན་ཀུན་དང་ལྡན་པར་བསྒོམ། །ཡིག་བཅུ་ནས་བཟུང་ཧཱུྃ་ཛཡན་གྱི་བར། ་།ཡིག་འབྲུ་ཉེར་བརྒྱད་བཟླ་བ་སྒྲུབ་པ་སྟེ། །སྔ་ཐུན་ཕྱེད་ཡན་དམིགས་པ་དེ་རྫོགས་ནས། ༈ །མདུན་བསྐྱེད་ལྷ་ལྔ་ལུས་ལྷ་དང་བཅས་པ། །སྔར་ལྟར་བསྒོམས་ནས་སྤྱན་འདྲེན་དབང་བསྐུར་དང་། །མཆོད་བཞི་བསྟོད་བཞི་ཚང་བར་བྱས་པའི་མཇུག །


CMR026_Page_0177
[མ་དཔེ་གཟིགས་ན་འདིར་གནོན།]

ལས་སྦྱོར་ཚུལ་དུ་ཡི་གེ་བཅུ་པའི་མཇུག །ཚོགས་བསགས་སྒྲིབ་པ་སྦྱངས་བའི་སྔགས་རིང་བཟླ། །རང་གི་ཐུགས་ལས་འོད་ཟེར་སྣ་ཚོགས་འཕྲོས། །མདུན་བསྐྱེད་གཙོ་བོའི་ཐུགས་ཀར་ཐིམ་པ་ཡིས། །དེ་ཡི་བྱིན་རླབས་འོད་ཟེར་རྣམ་པར་བསྡུས། །བདག་གི་ཐུགས་ཀར་ཐིམ་པས་སྒྲིབ་གཉིས་དག །བསོད་ནམས་ཡེ་ཤེས་ཚོགས་གཉིས་རྫོགས་པར་བསྒོམ། །དེ་བཞིན་བདག་གི་ཐུགས་ཀའི་འོད་ཟེར་ནི། །མདུན་བསྐྱེད་རྟ་མགྲིན་ལ་ཐིམ་བྱིན་རླབས་བསྡུས། །རང་གི་ཐུགས་ཐིམ་ཚོགས་གཉིས་སྒྲིབ་པ་སྦྱངས། །འོད་འཕྲོས་མདུན་གྱི་གསང་ཡེའི་བྱིན་རླབས་བསྡུས། །འོད་འཕྲོས་སྟེང་གི་པད་འབྱུང་བྱིན་རླབས་བསྡུས། །འོད་འཕྲོས་འོག་གི་ཌཱཀི་ཆོས་སྐྱོང་གི །བྱིན་རླབས་བསྡུས་ཏེ་རང་ཐིམ་བསྒོམས་བྱས་ཤིང་། །སྔགས་རིང་དྲོས་ཆེན་བར་དུ་ཅི་ལྕོགས་བཟླ། །དེ་ནས་གཏོར་བསྔོས་བྱས་རྗེས་མདུན་བསྐྱེད་རྣམས། །བུམ་ཆུ་བདུད་རྩི་གཏོར་མ་རྣམས་ལ་ཐིམ། །བདག་བསྐྱེད་ཐུན་བསྡུ་ཐུན་གྱི་མཚམས་རྣམས་སུ། །ཆག་མེད་དགེ་སྦྱོར་གཞན་རྣམས་གང་དགོས་བྱ། ༈ །དེ་ནས་གུང་ཐུན་བདག་བསྐྱེད་ཚར་གཅིག་ནི། །ལུས་ལྷ་བཅས་པ་སྔར་ལྟར་བསྒོམ་པར་བྱ། །


CMR026_Page_0178
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལྷ་ལྔའི་སྔགས་རིང་བཟླ་བཞིན་དུ། །རང་གི་དབུ་ནང་པད་འབྱུང་སྐུ་ལས་ནི། །འོད་འཕྲོས་སྟེང་གི་པད་འབྱུང་སྐུ་ལ་ཐིམ། །དེ་ལས་དེ་འདྲའི་སྐུ་ཚོགས་གྲངས་མེད་འཕྲོས། །འཇིག་རྟེན་ཐམས་ཅད་པད་འབྱུང་སྐུ་ཡིས་གང་། །འགྲོ་བའི་དོན་མཛད་རིག་འཛིན་ཐམས་ཅད་ཀྱི། །སྐུ་ཡི་བྱིན་རླབས་བསྡུས་ཏེ་ཚུར་འདུས་ནས། །དུང་ཁང་ནང་གི་པད་འབྱུང་དཔྲལ་བར་ཐིམ། །དབུ་གཙུག་པད་འབྱུང་ཐུགས་ལས་ཧྲིགཅིག་འཕྲོས། །དེ་ལ་གྷིཡིག་སྔགས་ཀྱི་རང་སྒྲ་ཅན། །འཇིག་རྟེན་གང་བས་འགྲོ་བའི་སྒྲིབ་པ་སྦྱངས། །རིག་འཛིན་ཀུན་གྱི་གསུང་གི་ནུས་མཐུ་བསྡུས། །དཔྲལ་བའི་པད་འབྱུང་མགྲིན་པར་ཐིམ་པར་བསྒོམ། །སྤྱི་གཙུག་ནམ་མཁའི་པད་འབྱུང་ཐུགས་ཀ་ནས། །པདྨ་དམར་པོ་འདབ་བརྒྱད་ཟེའུ་འབྲུ་ལ། །གསེར་གྱི་རྡོ་རྗེ་ཕྱེད་པས་མཚན་པར་འཕྲོས། །དེ་ལ་དེ་འདྲ་མང་འཕྲོ་ཞིང་ཀུན་ཁྱབ། །འོད་ཀྱི་འགྲོ་བ་ཀུན་ལ་ཉམས་རྟོགས་བསྐྱེད། །གྲུབ་ཐོབ་ཀུན་གྱི་རྟོགས་པའི་ཡོན་ཏན་བསྡུས། དཔྲལ་བའི་པད་འབྱུང་ཐུགས་ཀར་ཐིམ་པར་བསྒོམ། །འཁོར་གྱི་སངས་རྒྱས་སྟོང་རྩ་གསལ་བཏབ་ལ། །རང་གི་མགྲིན་པའི་འཇིག་རྟེན་དབང་ཕྱུག་ལས། །འོད་འཕྲོས་དེ་དག་རྣམས་


CMR026_Page_0179
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཐིམ་པ་ཡིས། །དེ་དག་སྐུ་ལས་གསེར་མདོག་སངས་རྒྱས་སྐུ། །གྲངས་མེད་འཕྲོས་པས་འཇིག་རྟེན་སེར་ལྟེམ་གང་། །འགྲོ་བ་ཀུན་གྱི་ལུས་ཀྱི་སྒྲིབ་པ་སྦྱངས། །རྒྱལ་བ་ཀུན་གྱི་སྐུ་ཡི་བྱིན་རླབས་བསྡུས། །ཐམས་ཅད་འོད་ཞུ་ཚུར་འདུས་རང་ཉིད་ཀྱི། །མགྲིན་པའི་འཇིག་རྟེན་དབང་ཕྱུག་དཔྲལ་བར་ཐིམ། །སངས་རྒྱས་སྟོང་གི་ཐུགས་ལས་ཧཱུྃཡིག་རེ། །མདུན་དུ་ཆད་ལས་སྔགས་ཀྱི་རང་སྒྲ་བཅས། །འཇིག་རྟེན་ཁྱབ་པས་འགྲོ་བའི་ངག་སྒྲིབ་སྦྱངས། །རྒྱལ་བ་ཀུན་གྱི་གསུང་གི་བྱིན་རླབས་བསྡུས། །ཚུར་འདུས་མགྲིན་པའི་ལྷ་ཡི་ལྗགས་ལ་ཐིམ། །བསྐལ་བཟང་སངས་རྒྱས་སྟོང་གི་ཐུགས་ཀ་ནས། །གསེར་གྱི་པདྨ་ཧྲི༔ཡིག་གིས་མཚན་པ། །རེ་རེ་འཕྲོས་ཤིང་ཡང་འཕྲོས་འཇིག་རྟེན་ཁྱབ། །སེམས་ཅན་ཀུན་གྱི་ཡིད་ཀྱི་སྒྲིབ་པ་སྦྱངས། །ཚུར་འདུས་མགྲིན་པའི་ལྷ་ཡི་ཐུགས་ཀར་ཐིམ། །བདག་གི་ཐུགས་ཀའི་རྟ་མགྲིན་འོད་ཟེར་ནི། །གཡས་ཀྱི་རྟ་མགྲིན་སྐུ་ལ་ཐིམ་མ་ཐག །རྟ་མགྲིན་གྲངས་མེད་འཕྲོས་པས་འཇིག་རྟེན་གང་། །འགྲོ་བའི་བདུད་བཞི་ཉོན་མོངས་ཚར་གཅོད་ཅིང་། །དཔའ་བོ་ཁྲོ་རྒྱལ་ཀུན་གྱི་མཐུ་སྟོབས་བསྡུས། །འོད་ཞུ་ཚུར་འདུས་རང་གི་


CMR026_Page_0180
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀ་རུ། །རྟ་མགྲིན་བཞུགས་པའི་དཔྲལ་བར་ཐིམ་པར་བསྒོམ། །དེ་བཞིན་འོད་འཕྲོས་གཡས་ཀྱི་རྟ་མགྲིན་གྱི། །མགྲིན་པའི་གནས་ནས་ཧཱིཝཡིག་གིས་མཚན་པའི། །ཅང་ཏེའུ་སྔགས་སྒྲར་བཅས་པས་འཇིག་རྟེན་གང་། །བདུད་བགེགས་ཀུན་གྱི་ངག་གི་ནུས་པ་བཅོམ། །ཁྲོ་རྒྱལ་ཀུན་གྱི་གསུང་གི་ནུས་མཐུ་བསྡུས། །ཚུར་འདུས་ཐུགས་ཀའི་རྟ་མགྲིན་ལྗགས་ལ་ཐིམ། །འོད་འཕྲོས་གཡས་ཀྱི་རྟ་མགྲིན་ཐུགས་ཀ་ནས། །གསེར་གྱི་རྡོ་རྗེ་ཁ་གདེངས་བ་གཅིག་འཕྲོས། །དེ་འདྲ་གྲངས་མེད་འཇིག་རྟེན་ཁྱབ་པ་དེས། །བདུད་བགེགས་ཀུན་གྱི་སེམས་ཀྱི་གདུག་རྩུབ་བཅོམ། །རྒྱལ་བ་ཀུན་གྱི་སྟོབས་བཅུའི་སྟོབས་བསྡུས་ཏེ། །རང་གི་ཐུགས་ཀའི་རྟ་མགྲིན་ཐུགས་ལ་ཐིམ། །ལྟེ་བའི་གསང་ཡེའི་སྐུ་ལས་འོད་འཕྲོས་པ། གཡོན་གྱི་གསང་ཡེ་ལ་ཐིམ་དེ་མ་ཐག །གསང་ཡེ་དཔག་མེད་འཕྲོས་པས་འཇིག་རྟེན་ཁྱབ། །སྣང་སྲིད་འགྲོ་བའི་ལུས་ཀུན་དབང་དུ་བསྡུས། །ས་འོག་ས་སྟེང་ས་བླར་གནས་པ་ཡི། །ཊྛཀི་ཀུན་གྱི་སྐུ་ཡི་བྱིན་རླབས་བསྡུས། །ཚུར་འདུས་ལྟེ་བའི་ལྷ་ཡི་དཔྲལ་བར་ཐིམ། །སླར་ཡང་འོད་འཕྲོས་གཡོན་གྱི་གསང་ཡེ་ལས། །ཧྲི༔ཡིག་སྔགས་རིང་གིས་བསྐོར་རང་སྒྲ་


CMR026_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

བཅས། །འཇིག་རྟེན་ཁྱབ་པས་སྐྱེ་འགྲོ་ཐམས་ཅད་ཀྱི། །ངག་རྣམས་དབང་བསྡུས་གནས་གསུམ་ཌཱཀི་ཡི། །གསུང་གི་ནུས་པ་བསྡུས་ཏེ་འོད་དུ་ཞུ། །ཚུར་འདུས་ལྟེ་བའི་ལྷ་ཡི་མགྲིན་པར་ཐིམ། །སླར་ཡང་འོད་འཕྲོས་གཡོན་གྱི་གསང་ཡེ་ལས། །ཕྱག་མཚན་གྲི་ཐོད་བརྩེགས་པ་གྲངས་མེད་འཕྲོས། །སེམས་ཅན་ཀུན་གྱི་སེམས་རྒྱུད་དབང་དུ་་བསྡུས། །མ་རྒྱུད་མཁའ་འགྲོའི་ཐུགས་ཀྱི་ཡེ་ཤེས་བཅས། །འོད་ཞུ་ཚུར་འདུས་གསང་ཡེའི་ཐུགས་ཀར་ཐིམ། །གསང་གནས་རིགས་བཞིའི་ཌཱཀི་ཡབ་ཡུམ་ལས། །འོད་ཟེར་ལྟེ་བ་ནས་འཕྲོས་འོག་ཕྱོགས་ཀྱི། །མ་མགོན་དཔའ་བོ་ཌཱཀི་རྣམས་ལ་ཐིམ། །དེ་དག་རྣམས་ལས་མ་མགོན་ལྕམ་དྲལ་དང་། །རིགས་བཞིའི་དཔའ་བོ་ཌཱཀི་གྲངས་མེད་འཕྲོས། །ལུས་ལ་སགནོད་པའི་དགྲ་བགེགས་ཚར་བཅད་ཅིང་། །སྐྱེ་འགྲོ་ཀུན་གྱི་ལུས་ཀྱི་གཟི་བརྗིད་བསྡུས། །ཚུར་འདུས་གསང་གནས་ལྷ་ཡི་དཔྲལ་བར་ཐིམ། །སླར་ཡང་འོད་འཕྲོས་འོག་གི་ཆོས་སྐྱོང་ལས། །རང་སྲོག་ས་བོན་སྔགས་ཀྱི་རང་སྒྲ་ཅན། །སྟོང་གསུམ་འཇིག་རྟེན་ཁྱབ་པར་འཕྲོས་པ་ཡིས། །ངག་ལ་གནོད་པའི་དགྲ་བགེགས་ཚར་བཅད་ཅིང་། །སྐྱེ་འགྲོ་ཀུན་གྱི་ངག་གི་


CMR026_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ནུས་པ་བསྡུས། །ཚུར་འདུས་གསང་གནས་ལྷ་ཡི་མགྲིན་པར་ཐིམ། །སླར་ཡང་འོད་འཕྲོས་འོག་གི་ལྷ་རྣམས་ལས། །རྡོ་རྗེ་རིན་ཆེན་པདྨ་རྒྱ་གྲམ་གྱིས། །མཚན་པའི་གྲི་གུག་ཁ་ཊཱ་གྲངས་མེད་འཕྲོས། །སེམས་ལ་གནོད་པའི་དགྲ་བགེགས་ཚར་བཅད་དེ། །སྣང་སྲིད་སྐྱེ་འགྲོའི་མཐུ་སྟོབས་ནུས་པ་བསྡུས། །ཚུར་འདུས་གསང་གནས་ལྷ་ཡི་ཐུགས་ཀར་ཐིམ། །དེ་ནི་རྣམ་གསུམ་སྙིང་པོ་བཟླ་བའོ། ༈ །དེ་ནས་མདུན་བསྐྱེད་ལུས་ཀྱི་ལྷ་དང་བཅས། །སྔར་ལྟར་མཆོད་ཅིང་སྤྱན་འདྲེན་མཆོད་བསྟོད་སོགས། །མཆོད་བཞི་བསྟོད་བཞི་ཚང་བར་བྱས་པའི་རྗེས། །ཚོགས་བསགས་སྒྲིབ་སྦྱང་སྔགས་རིང་འདོན་བཞིན་དུ། །བདག་གི་ཐུགས་དབུས་རྟ་མགྲིན་ཐུགས་ཀར་ནི། །ཧྲིལ་སྔགས་ཕྲེང་འཁོར་ལས་འོད་ཟེར་འཕྲོས། །བདག་ཉིད་གཡས་ཀྱི་རྟ་མགྲིན་སྐུ་ལ་ཕོག །དེ་ནས་འོད་འཕྲོས་མདུན་གྱི་རྟ་མགྲིན་ཐིམ། །དེ་ལས་འོད་འཕྲོས་མདུན་གྱི་གཙོ་བོ་ལས། །དེ་ལས་འོད་འཕྲོས་ཕྱོགས་བཅུའི་ཞིང་ཁྱབ་པས། །འོད་ཟེར་ལས་བྱུང་མཆོད་པའི་སྤྲིན་ཕུང་གིས། །སངས་རྒྱས་བྱང་སེམས་ཁྲོ་རྒྱལ་ཐམས་ཅད་མཆོད། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བྱིན་རླབས་ཀུན། །འོད་ཀྱིས་བསྡུས་


CMR026_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་མདུན་བསྐྱེད་གཙོ་བོར་ཐིམ། །དེ་ལས་བྱིན་རླབས་དངོས་གྲུབ་འོད་ཟེར་ཚུལ། །མདུན་གཡས་རྟ་མགྲིན་ལ་བརྒྱུད་བདག་ཉིད་ཀྱི། །གཡས་ཀྱི་རྟ་མགྲིན་ནས་བརྒྱུད་བདག་ལ་ཐིམ། །སྒྲིབ་གཉིས་དག་ཅིང་ཚོགས་གཉིས་རྫོ་གས་པར་བསྒོམ། །དེ་བཞིན་བདག་གི་འོད་ཟེར་གཡོན་ཕྱོགས་ཀྱི། །གསང་ཡེ་ནས་བརྒྱུད་མདུན་གྱི་གསང་ཡེ་ནས། །གཙོ་བོ་ལ་ཕོག་འོད་ཟེར་ཕྱོགས་བཅུར་འཕྲོས། །མཆོད་པའི་སྤྲིན་དུ་གྱུར་ནས་ཕྱོགས་བཅུ་ཡི། །དེ་བཞིན་གཤེགས་མ་སེམས་མ་ཌཱཀིའི་ཚོགས། །ཀུན་མཆོད་བྱིན་རླབས་དངོས་གྲུབ་འོད་དུ་བསྡུས། །མདུན་བསྐྱེད་ལ་ཐིམ་གཡོན་གྱི་གསང་ཡེ་ནས། །བདག་གཡོན་གསང་ཡེ་ནས་བརྒྱུད་བདག་ལ་ཐིམ། །བདག་ཐུགས་འོད་ཟེར་སྟེང་ཕྱོགས་པད་འབྱུང་ལ། །དེ་ཡི་འོད་ཟེར་མདུན་སྟེང་པད་འབྱུང་ལ། །ཕོག་ཅིང་པད་འབྱུང་འོད་ཟེར་གཙོ་བོར་ཕོག །གཙོ་བོའི་འོད་ཟེར་རྩེ་ལ་མཆོད་པའི་སྤྲིན། །སྤྲོས་ཏེ་ཞིང་ཁམས་ཀུན་ན་བཞུགས་པ་ཡི། །རིག་འཛིན་གྲུབ་ཐོབ་རྒྱ་མཚོ་ཐམས་ཅད་མཆོད། །ཉམས་རྟོགས་བྱིན་རླབས་ཀུན་བསྡུས་གཙོ་བོར་ཐིམ། །ཡར་འཕྲོས་ནམ་མཁའི་པད་འབྱུང་ནས་བརྒྱུད་དེ། །བདག་བསྐྱེད་པད་འབྱུང་


CMR026_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

ནས་བརྒྱུད་བདག་ལ་ཐིམ། །ཉམས་དང་རྟོགས་པ་ཆེས་ཆེར་འབར་བར་བསྒོམ། །བདག་གི་ཐུགས་ཀའི་འོད་ཟེར་འོག་ཕྱོགས་ཀྱི། །ཆོས་སྐྱོང་ནས་བརྒྱུད་མདུན་གྱི་ཆོས་སྐྱོང་ནས། །མདུན་བསྐྱེད་གཙོ་བོ་ལ་ཐིམ་དེ་ཡི་འོད། །རང་རང་མཐུན་རྫས་མཆོད་པས་འཇིག་རྟེན་ཁྱབ། །ཡེ་ཤེས་འཇིག་རྟེན་ཆོས་སྐྱོང་ཐམས་ཅད་མཆོད། །མཐུ་སྟོབས་ནུས་པ་ཀུན་བསྡུས་མདུན་བསྐྱེད་ནས། །བདག་བསྐྱེད་ཆོས་སྐྱོང་ནས་བརྒྱུད་བདག་ལ་ཐིམ། །མཐུ་སྟོབས་ནུས་པ་ཕུན་ཚོགས་ཐོབ་པར་བསྒོམ། །ཕྱོགས་རེ་བ་ཡི་དམིགས་པ་ཞེས་བྱ་ཡིན། །དེ་རྗེས་གཏོར་བསྔོས་གཞུང་ལྟར་བྱ་བ་ཡིན། །གཏོར་བསྔོས་རྗེས་སུ་འདོད་དོན་ཀུན་འགྲུབ་པའི། །སྔགས་རིང་བདུན་ནམ་ཉེར་གཅིག་བརྒྱ་རྩ་ཙམ། །བཟླ་བ་གོང་འོག་གཏོར་བསྔོས་ཀུན་ལ་འགྲེས། །མདུན་བསྐྱེད་བུམ་ཆུ་བདུད་རྩི་གཏོར་མར་བསྟིམ། །བདག་བསྐྱེད་ཐུན་བསྡུ་ལ་སོགས་གཞུང་ལྟར་རོ། །དགོང་ཀ་བདག་བསྐྱེད་འདོན་དང་ལུས་ལྷ་བསྒོམ། །བཟླས་པའི་བར་དུ་བདག་བསྐྱེད་གོང་ལྟར་ལ། །རིགས་འཕྲོ་ཞེས་བྱ་གཙོ་བོ་རེས་མོས་ཏེ། །བདག་ཉིད་གཙོ་བོ་དེ་ཡི་ང་རྒྱལ་བཟུང་། །དང་པོ་སྤྱན་རས་གཟིགས་ནི་གཙོ་བོ་སྟེ། །སྒྱུ་མ་ལྟ་བུ་


CMR026_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

སྐད་ཅིག་སྐད་ཅིག་ལ། །གནས་འགྱུར་རང་ཉིད་ཁྲོ་བོ་རྟ་མགྲིན་ཏེ། །དཔའ་བོ་རྒྱ་མཚོས་བསྐོར་བ་དབུས་སུ་བསྒོམ། །དེ་ཚེ་རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །སངས་རྒྱས་སྟོང་གིས་བསྐོར་བ་གཡས་ཕྱོགས་བཞུགས། །རང་ཉིད་གསང་བ་ཡེ་ཤེས་དཔའ་མོའི་ཚོགས། །དབུས་སུ་སྒོམ་ཚེ་སྤྱན་རས་གཟིགས་དབང་ནི། །སངས་རྒྱས་སྟོང་བཅས་ཆ་གཡོན་དུ་བཞུགས་པར་བསམ། །རང་ཉིད་སློབ་དཔོན་པདྨ་གྲུབ་ཐོབ་འཁོར། །འབུམ་སྡེའི་བསྐོར་བ་སྒོམ་ཚེ་སྟེང་གི་ཕྱོགས། །སྤྱན་རས་གཟིགས་དབང་སངས་རྒྱས་སྟོང་བཅས་བཞུགས། །རང་ཉིད་མ་མགོན་དཔའ་བོ་མཁའ་འགྲོའི་ཚོགས། །ང་རྒྱལ་བཟུང་ཚེ་སྟེང་གི་གཡས་གཡོན་བར། །ནམ་མཁའ་དང་བཅས་དཀྱིལ་འཁོར་བཞི་ཁ་ཡང་། །རང་ཉིད་ཡིན་པར་མཉམ་པ་ཉིད་དུ་བྷཻཾ། །འདི་དག་རིགས་འཕྲོ་དངོས་གྲུབ་བཟླས་པ་ཟེར། །དེ་ནས་ལྷ་ལྔ་གཞུང་ལྟར་བསྒོམས་པ་ལས། །རིམ་བཞིན་འོད་ཟེར་འཕྲོས་པས་གཡས་གཡོན་དང་། །སྟེང་འོག་དཀྱིལ་འཁོར་དང་བཅས་ལྔ་ཁ་ཡང་། །བདག་ཉིད་ཇི་བཞིན་སྤྱན་རས་གཟིགས་དབང་ལ། །སངས་རྒྱས་སྟོང་གིས་བསྐོར་བ་ལྔ་ཚོམ་བསྒོམ། །གཙོ་བོའི་མལ་དུ་


CMR026_Page_0186
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་སོགས། །རིམ་བཞིན་གཙོ་འཁོར་རེས་མོས་བསྐོར། །དེ་ནས་བདག་ཉིད་སྐད་ཅིག་རྟ་མགྲིན་གསལ། །དེ་ལས་འོད་ཟེར་སྟེང་འོག་གཡས་གཡོན་འཕྲོས། །རྟ་མགྲིན་དཔའ་བོ་རྒྱ་མཚོས་བསྐོར་བ་ཡི། །ཁྲོ་བོའི་དཀྱིལ་འཁོར་ལྔ་ཚོམ་གྱུར་པ་བསྒོམ། །དེ་ནས་རང་ཉིད་གསང་ཡེ་ང་རྒྱལ་བསྒོམ། །འོད་ཟེར་སྟེང་འོག་གཡས་གཡོན་འཕྲོས་པ་ཡིས། །མཁའ་འགྲོའི་དཀྱིལ་འཁོར་ལྔ་ཚོམ་གྱུར་པར་བསྒོམ། །དེ་ནས་བདག་ཉིད་པད་འབྱུང་ང་རྒྱལ་བཟུང་། །འོད་འཕྲོས་དཀྱིལ་འཁོར་ལྔ་པོ་ཐམས་ཅད་ཀྱང་། །པད་འབྱུང་གྲུབ་ཐོབ་རྒྱ་མཚོའི་དཀྱིལ་འཁོར་བསྒོམ། །བདག་ཉིད་མ་མགོན་དཔའ་བོ་ཌཱཀི་བསྒོམ། །འོད་འཕྲོས་དཀྱིལ་འཁོར་ལྔ་པོ་ཐམས་ཅད་ཀྱང་། །དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་ཉིད་དུ་བསྒོམ། །རིགས་བསྒྱུར་ཏིང་ངེ་འཛིན་གྱི་བཟླས་པ་ཡིན། །དེ་ནས་རང་ཉིད་ལྷ་ལྔ་གཞུང་ལྟར་བསྒོམ། །དེ་ཚེ་སྔགས་རིང་ཉེར་བརྒྱད་པ་ཉིད་བཟླ། །དེ་ནས་མདུན་བསྐྱེད་ལུས་ཀྱི་ལྷར་བཅས་པ་། །གོང་ལྟར་བསྐྱེད་བསྟིམ་མཆོད་བཞི་བསྟོད་བཞི་བྱ། །དེ་ནས་ཚོགས་བསགས་སྒྲིབ་སྦྱང་སྔགས་རིང་བཟླ། །བདག་གི་ཐུགས་ཀའི་སྔགས་འཁོར་འོད་ཟེར་ལས། །འོད་ཟེར་རྩ་


CMR026_Page_0187
[མ་དཔེ་གཟིགས་ན་འདིར་གནོན།]

བ་གཅིག་ལ་རྩེ་མོ་ལྔ། །རྩེ་མོ་རེ་ལ་མཆོད་པའི་སྤྲིན་འཕྲོ་བ། །སྤྲོས་ཏེ་མདུན་བསྐྱེད་ལྷ་ལྔའི་ལྷ་ཚོགས་མཆོད། །འོད་ཟེར་རྩེ་ལྔས་ལྷ་ལྔའི་བྱིན་རླབས་ཀུན། །བསྡུས་ཏེ་རང་གི་ཐུགས་ཀར་བསྟིམ་པ་ནི། །དཔེར་ནི་ལག་པས་བསྙབ་པ་ལྟ་བུའོ། །དེ་ནས་སྐབས་འདིར་ལག་མཆོད་བྱ་བ་ནི། །ལག་མཆོད་ཚོགས་དང་འབྲེལ་མ་ཡིན་ཕྱིར་རོ། །ལག་མཆོད་དེ་ཡིས་ཚོགས་བྲན་ཚོགས་གྱེར་ལ། །ཚོགས་ཕུད་ཕུལ་ལ་རང་གི་གཏོར་བསྔོས་དང་། །ཡི་དམ་ཆོས་སྐྱོང་ཆག་མེད་རིགས་རྣམས་ཀྱི། །གཏོར་བསྔོས་གང་དགོས་སྐབས་འདིར་སྦྱར་བར་བྱ། །ཚོགས་ལ་རོལ་ཞིང་ལྷག་མ་བཏང་ནས་ཀྱང་། །མདུན་བསྐྱེད་འོད་ཞུ་བུམ་ཆུ་བདུད་རྩིར་བསྟིམ། །བདག་བསྐྱེད་ཐུན་བསྡུ་བསྔོ་སྨོན་གཞུང་ལྟར་རོ། ༈ །དེ་ནས་མུན་རུབ་བདག་བསྐྱེད་ལུས་ལྷར་བཅས། །བདག་བསྐྱེད་ཚར་རྗེས་ལྷ་ལྔའི་སྔགས་བཟླས་ཤིང་། །དམིགས་པ་རང་གི་ལུས་ཀྱི་ནང་དུ་ནི། །དབུ་མའི་ཡར་སྣེ་སྤྱི་བོར་ཧཾ་ཡིག་མཚན། །མར་སྣེ་གསང་གནས་ཌཱཀི་བཞི་ཡི་མཚན། །ལྟེ་འོག་སུམ་མདོར་གཏུམ་མོའི་ཡེ་ཤེས་མེ། །ཨ་ཐུང་རྣམ་པ་མེ་ཡང་སོར་བཞི་འབར། །སྤྱི་བོར་པད་འབྱུང་མགྲིན་པར་སྤྱན་


CMR026_Page_0188
[མ་དཔེ་གཟིགས་ན་འདིར་གནོན།]

རས་གཟིགས། །སྙིང་གར་རྟ་མགྲིན་ལྟེ་བར་གསང་ཡེ་རྣམས། །སྐུ་ཆུང་དབུ་མའི་ནང་དུ་ཚུད་པར་བསྒོམ། །གཡས་གཡོན་རོ་རྐྱང་གཉིས་དང་འཁོར་ལོ་ལྔ། །རྩ་འདབ་དེ་དག་མོས་པ་ཙམ་ཞིག་བསྒོམ། །དེ་ནས་བར་རླུང་གསུས་པ་ཐེར་བྱས་པས། །གཏུམ་མོའི་མེ་འབར་སྤྱི་བོའི་ཧཾ་ཡིག་ཞུ། །བདུད་རྩི་བྱང་སེམས་ཆར་ཟིམ་ལྟ་བུར་བབ། །སྤྱི་མགྲིན་སྙིང་ཁ་ལྟེ་བ་གསང་གནས་ཀྱི། །ལྷ་ཚོགས་རྣམས་ལ་མཆོད་པར་གྱུར་པས་མཉེས། །བཀྲག་མདངས་རྒྱས་ཤིང་འོད་ཟེར་སྣ་ཚོགས་འཕྲོས། །ཕྱི་རོལ་སྣོད་བཅུད་ཀུན་ལ་ཕོག་པ་ཡིས། །ཐམས་ཅད་བྱང་སེམས་དཀར་དམར་རྣམ་པར་ཞུ། །བདུད་རྩི་འོ་མའི་རྒྱ་མཚོ་ལྟ་བུར་གྱུར། །རླུང་ནི་ནང་དུ་རྔུབ་པ་དང་བསྟུན་ནས། །ཐམས་ཅད་ཚུར་འདུས་བདག་ལུས་ལ་ཐིམ་པས། །ཟག་མེད་ཏིང་འཛིན་བདེ་སྟོང་རྒྱས་པར་བྷོ། །བདེ་ཆེན་རྡོ་རྗེའི་བཟླས་པ་ཞེས་བྱའོ། །རླུང་ནི་ཕྱིར་ལ་ཕྱུང་བ་དང་བསྟུན་ཏེ། །བདག་གི་སྐུ་ལས་འོད་ཟེར་སྣ་ཚོགས་འཕྲོས། །ཕྱི་སྣོད་འཇིག་རྟེན་གཞལ་ཡས་ཁང་དུ་གྱུར། །ནང་བཅུད་སེམས་ཅན་ཐམས་ཅད་རིགས་ལྔ་དང་། །ཡུམ་ལྔའི་ཚོགས་སུ་གྱུར་པ་གསལ་བ་སྟེ། །རླུང་ནི་ནང་དུ་འཇུག་པ་དང་བསྟུན་ནས། །


CMR026_Page_0189
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བདག་ལ་ཐིམ་པར་བསྒོམས་པ་ནི། །ལོངས་སྐུ་རྡོ་རྗེའི་བཟླས་པ་ཞེས་བྱའོ། །སླར་ཡང་ལུས་ལྷ་བཅས་པ་སྔར་ལྟར་ལས། །རླུང་ནི་ཕྱིར་ལ་ཕྱུང་བ་དང་བསྟུན་ནས། །འོད་ཟེར་སྣ་ཚོགས་འཕྲོ་བའི་རྩེ་མོ་ལས། །ཟས་འདོད་ཟས་དང་གོས་འདོད་རྣམས་ལ་གོས། །གང་ལ་གང་འདོད་ལོངས་སྤྱོད་ཆར་ལྟར་བབས། །འགྲོ་ཀུན་བདེ་སྐྱིད་ཕུན་སུམ་ཚོགས་པར་བསྒོམ། །དེ་ནི་སྤྲུལ་སྐུ་རྡོ་རྗེའི་བཟླས་པའོ། ༈ །དེ་ནས་དམིགས་པ་ཅི་ཡང་མི་བསྒོམ་པར། །སེམས་ལ་གང་ཤར་བཅོས་སླད་མེད་པ་རུ། །ངོ་བོ་རྗེན་པའི་སྟེང་དུ་མཉམ་པར་བཞག །དེ་ནི་ཆོས་སྐུ་རྡོ་རྗེའི་བཟླས་པའོ། ༈ །དེ་ནས་སྔར་ལྟར་མདུན་བསྐྱེད་ལུས་ལྷར་བཅས། །བསྐྱེད་ཅིང་སྤྱན་འདྲེན་མཆོད་བཞི་བསྟོད་བཞི་བྱ། །དེ་ནས་ལས་སྦྱོར་ཚུལ་གྱིས་དམིགས་པ་ནི། །བདག་མདུན་ཐུགས་ལས་འོད་ཟེར་དམར་པོ་ནི། །ལྕགས་ཀྱུའི་དབྱིབས་ཅན་ལྟ་བུ་གྲངས་མེད་འཕྲོས། །སེམས་ཅན་ཀུན་གྱི་སྙིང་ག་ནས་བཀུག་སྟེ། །ཐམས་ཅད་ཡི་དམ་ལྷ་ཡི་སྐུར་གསལ་བ། །ལུས་ནི་འོད་ཞུ་ལྟེ་བའི་གསང་ཡེར་ཐིམ། །སེམས་ནི་སྡིགྱུར་རང་གི་ཐུགས་ཀ་ཡི། །རྟ་མགྲིན་ཐུགས་སྲོག་


CMR026_Page_0190
[མ་དཔེ་གཟིགས་ན་འདིར་གནོན།]

ཧྲཱིཿལ་ཐིམ་པར་བསྒོམ། །དེ་ནི་སྤྱི་ཁྱབ་དབང་གི་བཟླས་པའོ། །དེ་ཚེ་སྒྲིབ་སྦྱངས་སྔགས་རིང་བཟླས་པའམ། །ལྷ་ལྔའི་སྔགས་གཉིས་གང་བདེ་སྐབས་དང་བསྟུན། །དེ་ནས་གཏོར་བསྔོས་ཐུན་བསྡུ་གོང་དང་འདྲ། །ལས་སྦྱོར་ཡང་ནི་དེ་ལ་འདུས་པའོ། །དེ་ལྟར་ཞག་བདུན་ལས་ནི་མི་ཉུང་བར། །བསྒྲུབས་རྗེས་རྗེས་ཆོག་བྱས་ལ་མཚམས་བཀྲོལ་ལམ། །གསང་སྒྲུབ་སྦྲེལ་ན་རྗེས་ཆོག་མི་བྱ་བར། །མཆོད་པ་ཁ་གསོ་བྱས་ལ་གསང་སྒྲུབ་བྱ། །དེ་ལྟར་ནང་སྒྲུབ་མཁའ་སྤྱོད་དབང་པོས་གསུངས། །དམིགས་པ་ཐམས་ཅད་ཕྱོགས་གཅིག་གསུང་མོད་ཀྱིས། །ཐུན་རེར་དེ་དག་ཐམས་ཅད་རྫོགས་དཀའ་བས། །འདི་རྣམས་གང་རུང་བྱས་ལ་བསྒྲུབ་གསུངས་པས། །ཞག་གཅིག་ནང་དུ་དམིགས་པ་རྫོགས་པ་ཡིན། །གོ་རིམ་གཞུང་ནས་དཀྲུགས་ནི་གསུངས་ན་ཡང་། །སྔ་དྲོའི་བསྐྱེད་རིམ་ཉིན་གུང་རྩལ་སྦྱང་དང་། །དགོང་མོའི་རྫོགས་རིམ་འདི་ལྟར་བསྒོམ་པ་ལེགས། །སྐུ་བཞིའི་བཟླས་པ་རླུང་བཟུང་གཙོ་ཆེ་ཡང་། །སྔགས་བཟླས་རླུང་བཟུང་གང་གོམས་ཆོག་གསུངས་པས། །འདིར་ནི་སྔགས་བཟླས་གཙོ་བོ་བྱས་པ་ཡིན། །འཇམ་དབྱངས་ཆེན་པོའི་གསུང་ལེན་ལ་སོགས་པ། །འདི་རུ་མི་


CMR026_Page_0191
[མ་དཔེ་གཟིགས་ན་འདིར་གནོན།]

བརྗོད་གཞན་དུ་གསལ་བར་བྱ། །ལུས་ལ་ལྷ་བཀོད་ནང་སྒྲུབ་ཟིན་བྲིས་འདི། །ཐབས་མཁས་མཐར་ཕྱིན་གཉིས་ཀྱིས་བསྐུལ་བ་དང་། །དྲིན་ཆེན་རིག་འཛིན་སྤྲུལ་སྐུའི་དགོངས་རྫོགས་ལ། །དམིགས་ནས་ལུག་ལོ་ས་གའི་བཅུ་དྲུག་ལ། །རཱ་ག་ཨ་སྱས་ཚིགས་བཅད་གོ་བདེར་བསྒྲིགས། །ཡི་གེ་པ་ནི་པདྨ་མཐར་ཕྱིན་ནོ། །འདི་བྲིས་ཉེས་འགེལ་ནང་སྒྲུབ་ལྷ་ལ་བཤགས། །དགེ་བས་སྤྲུལ་སྐུའི་ཟག་མེད་ཐུགས་དགོངས་རྫོགས། །བདག་དང་སློབ་མ་བརྒྱུད་པར་བཅས་པ་ལ། །འབྲེལ་ཐོགས་མཐོང་ཐོས་དྲན་རེག་འགྲོ་བ་ཀུན། །འཕོས་མ་ཐག་ཏུ་བདེ་ཆེན་ཞིང་སྐྱེས་ནས། །འཕགས་པ་སྤྱན་རིས་གཟིགས་དང་འབྲལ་མེད་ཤོག། །མངྒ་ལཾ། །བྷ་ཝནྟུ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་ནང་སྒྲུབ་ཀྱི་ཟིན་བྲིས།next