Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་གསང་སྒྲུབ་བླ་ན་མེད་པའི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་གསང་སྒྲུབ་བླ་ན་མེད་པའི་ཟིན་བྲིས།next

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་གསང་སྒྲུབ་བླ་ན་མེད་པའི་ཟིན་བྲིས།


CMR026_Page_0193
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་གསང་སྒྲུབ་བླ་ན་མེད་པའི་ཟིན་བྲིས་སོ།།


CMR026_Page_0194
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་གུ་བྱ་དྷེ་ཝ་པཉྩཡེ། གསང་སྒྲུབ་ཐུགས་རྗེའི་ལྷ་ལ་ཕྱག་འཚལ་ལོ། །བཀའ་གནང་བྱིན་གྱིས་བརླབ་པར་མཛད་དུ་གསོལ། །སེམས་དཔའ་རྡོ་རྗེ་སྙིང་པོའི་རྒྱ་གཞུང་དོན། །མཁའ་སྤྱོད་དབང་པོའི་ཞལ་གདམས་སྙན་བརྒྱུད་ནི། །དེ་བཞིན་གཤེགས་པས་རྒྱས་པར་མཛད་པ་དང་། །དཀོན་མཆོག་འབངས་ཀྱིས་ཅུང་ཞིག་བསྡུས་པ་རྣམས། །ཆོ་ག་འདི་དང་བསྟུན་ཏེ་ཉམས་ལེན་ཐབས། །སྟ་གོན་ཚར་རྗེས་ལྷ་ལྔའི་བདག་བསྐྱེད་ནི། །དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་རེ་རེའི་བར། །ཅུང་ཞིག་ངལ་བསོས་ལྷ་བསྐྱེད་ཁྱད་པར་འདི། །སྐད་ཅིག་ཉིད་ལ་གནས་གྱུར་


CMR026_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་གདབ་སྟེ། །རང་ཉིད་གཙོ་བོ་གཡས་བརྐྱང་གཡོན་བསྐུམ་བཞེངས། །ཕྱག་གཉིས་པད་ཕྲེང་འཛིན་པ་ཡུམ་ལ་འཁྱུད། དར་གྱི་ཤམ་ཐབས་ཅུང་ཟད་གྲོལ་བ་ཙམ། །མ་གཏོགས་ཞི་ཉམས་རྒྱན་སོགས་སྔོན་དང་འདྲ། །ཡུམ་ནི་ཟངས་གྲི་ཕྱར་ཞིང་ཐོད་ཁྲག་འཁྱུད། གཡོན་བརྐྱང་གཡས་བསྐུམ་ཡབ་དང་འཁྲིལ་བའོ། །དར་དང་རིན་ཆེན་རུས་པའི་རྒྱན་དང་ལྡན། །གཡས་ཀྱི་རྟ་མགྲིན་ཕག་མོ་ཡུམ་ལ་འཁྱུད། །གཡོན་གྱི་གསང་ཡེའི་སྐུ་ལ་རྟ་མགྲིན་སྦྱོར། །སྟེང་གི་པད་འབྱུང་ན་བཟའ་དཀར་མོས་འཁྱུད། །འོག་གི་མ་མགོན་ཞལ་སྦྱོར་མཐའ་སྐོར་དུ། །


CMR026_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་བཞིའི་ཌཀི་ཡབ་ཡུམ་ཞལ་སྦྱོར་རོ། །གཙོ་བོའི་སྐུ་ལས་ཕྱི་ནང་སྒྲིབ་མེད་པ། །སྟོང་པ་འོད་ཀྱི་རང་བཞིན་ཅན་གྱི་དབུས། །རྩ་གསུམ་འཁོར་ལོ་ལྔ་པོ་གསལ་གདབ་སྟེ། །དྷུ་ཏི་རོ་རྐྱང་མཐིང་དམར་དཀར་གསལ་དྲང་། །སྤྱི་བོའི་རྩ་འདབ་སུམ་ཅུ་སོ་གཉིས་དཀར། །མགྲིན་པའི་རྩ་འདབ་བཅུ་དྲུག་དམར་པོ་སྟེ། །སྙིང་ཁའི་བརྒྱད་མཐིང་ལྟེ་བའི་རེ་བཞི་སེར། །གསང་བའི་བཞི་ལྗང་ཀུན་ཀྱང་པད་འདབ་དབྱིབས། །རྩ་མདུད་དབུས་ལྔར་པད་ཟླའི་གདན་ལྔ་ལ། །སྤྱི་བོར་བདེ་གཤེགས་རིགས་ཀྱི་སྤྱན་རས་གཟིགས། །ཞལ་གཅིག་ཕྱག་གཉིས་འཁོར་ལོ་པད་མཚན་དྲིལ། །ཡུམ་ནི་དཀར་མོ་འཁོར་ལོ་གྲི་ཐོད་འཁྱུད། །རྩ་འདབ་སོ་གཉིས་ཡུམ་འདྲའི་ཊཱཀི་དཀར། །མགྲིན་པར་པདྨ་རིགས་ཀྱི་སྤྱན་གཟིགས་དམར། །པདྨ་དྲིལ་འཛིན་ཌའི་དམར་མོས་འཁྱུད། །སྙིང་ཁར་རྡོ་རྗེ་རིགས་ཀྱི་སྤྱན་གཟིགས་སྔོ། །རྡོ་རྗེ་དྲིལ་འཛིན་རང་འོད་ཡུམ་དང་སྦྱོར། །ལྟེ་བར་རིན་ཆེན་རིགས་ཀྱི་སྤྱན་གཟིགས་སེར། །རིན་ཆེན་དྲིལ་འཛིན་ཡུམ་ནི་སེར་མོ་སྦྱོར། །གསང་བར་ལས་ཀྱི་རིགས་ཀྱི་སྤྱན་གཟིགས་ལྗང་། །རྒྱ་གྲམ་དྲིལ་འཛིན་ཌཱཀི་ལྗང་མོ་འཁྲིལ། །ལྔ་ཀ་བཞེངས་སྟབས་


CMR026_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

གཡས་བརྐྱང་གཡོན་བསྐུམ་སྟེ། །ཀུན་ཀྱང་དར་དང་རིན་ཆེན་རུས་པས་བརྒྱན། །ཡུམ་རྣམས་གཡས་བསྐུམ་གཡོན་བརྐྱང་གཉིས་མེད་འཁྲིལ། །རྩ་འདབ་ཌཀི་རྣམས་ཀྱང་ཡུམ་དང་མཚུངས། །རང་རྟགས་གྲི་ཐོད་འཛིན་ཅིང་འདོར་ཐབས་བཞེངས། །སྙིང་གའི་རྡོ་རྗེ་རིགས་ཀྱི་སྤྱན་གཟིགས་ཀྱི། །ཐུགས་ཀར་རྟ་མགྲིན་ཡབ་རྐྱང་གསལ་བ་དང་། །ཡུམ་གྱི་ཐུགས་ཀར་ཕག་མོ་ཞལ་གཉིས་མ། ཕྱིའི་་།སྤྱི་བོའི་བདེ་གཤེགས་རིགས་ཀྱི་སྤྱན་གཟིགས་ཀྱི། སྤྱི་བོའི་ནང་གི་སྤྱི་བོར་པདྨ་འབྱུང་གནས་ཡབ་རྐྱང་དང་། །ཡུམ་གྱི་སྤྱི་བོར་ཡུམ་མཆོག་ན་བཟའ་དཀར་་་་་ཕྱིའི། ལྟེ་བའི་རིན་ཆེན་རིགས་ཀྱི་སྤྱན་གཟིགས་ཀྱི། །ལྟེ་བའི་རིགས་བཞི་དཔའ་བོ་ཡབ་རྐྱང་དང་། ཕྱི་་་་།ཡུམ་གྱི་ལྟེ་བར་རིགས་བཞི་དཔའ་མོ་རྣམས། །དེ་དག་ཕན་ཚུན་ཐབས་ཤེས་ཚུལ་དུ་བཞུགས། །སྙིང་པོ་བཀོད་པ་རྒྱན་གྱི་ལྷ་ཞེས་བྱ། །དེ་ནས་འབྲུ་གསུམ་བཀོད་དང་སྤྱན་འདྲེན་དང་། །དབང་བསྐུར་རྒྱས་གདབ་ཆོ་གའི་གཞུང་བཞིན་ནོ། །དེ་ནས་བདག་བསྐྱེད་བཟླས་པའི་སྐབས་དེ་རུ། །ལས་ཀྱི་སྤྱན་རས་གཟིགས་ཀྱི་འོག་དེ་རུ། །ཡཾ་ཡིག་ལྗང་གུའི་སྟེང་དུ་རཾ་ཡིག་དམར། །སྤྱི་བོའི་བདེ་


CMR026_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གཤེགས་སྤྱན་གཟིགས་དབུ་གཙུག་ཏུ། །ཧཾ་ཡིག་དཀར་པོ་མགོ་བོ་ཐུར་བསྟན་དཀར། །འདི་རུ་བུམ་ཅན་རླུང་ནི་བཟུང་བའམ། །སྔགས་བཟླས་རླུང་བཟུང་གང་གོམས་ཆོག་གསུངས་པས། །བར་རླུང་གསུས་པ་ཐེར་ཙམ་བྱས་པ་ཡིས། །ཡཾ་ལས་རླུང་བྱུང་རཾ་ལས་མེ་འབར་ཏེ། །ཆུ་གནས་ཐམས་ཅད་གཏུམ་མོའི་མེ་ཡིས་གང་། །རྩ་གནས་ལྷ་ཚོགས་ཐམས་ཅད་འོད་དུ་ཞུ། །ལྷ་གྲངས་མཉམ་པའི་ཐིག་ལེ་རང་མདོག་གྱུར། །སྤྱི་བོའི་ཧཾ་ལས་བདུད་རྩིའི་ཆར་ཟིམ་ལྟར། །བབས་པས་ཐིག་ལེ་རྣམས་ལ་རེག་མ་ཐག །རྩ་གནས་ལྷ་ཀུན་སྔར་ལྟར་གསལ་བ་ལས། །སྔར་ལས་བཀྲག་མདངས་གཟི་བརྗིད་ཆེ་བར་བསྒོམ། །དེ་ནི་ཉི་ཟླ་ཁ་སྦྱོར་བཟླས་པའོ། །སྙིང་དབུས་རྟ་མགྲིན་ཐུགས་ཀར་པད་ཉིའི་སྟེང་། །ཧིམཐར་ཡི་གེ་བཅུ་པས་བསྐོར་བ་ལས། །དང་པོ་གཡས་སྐོར་དལ་བུས་འཁོར་བ་དང་། །དེ་ནས་ཇེ་མགྱོགས་ཤིན་ཏུ་མགྱོགས་པར་འཁོར། །དེ་ལས་བཟླ་བྱའི་སྔགས་ཕྲེང་ཟད་མེད་འཕྲོས། །སྐུ་ཡི་ནང་བརྒྱུད་རྟ་དབུའི་སྨིན་མཚམས་ཐོན། །རྡོ་རྗེ་སྤྱན་གཟིགས་དབུ་གཙུག་ནས་ཐོན་ཏེ། །པདྨ་སྤྱན་གཟིགས་སྐུ་ཡི་ནང་དུ་ཞུགས། །ཞལ་ནས་ཕྱུང་ཞིང་བདག་གི་ཞལ་ནས་ཐོན། །


CMR026_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཡུམ་གྱི་ཞལ་ཞུགས་སྐུ་ཡི་ནང་བརྒྱུད་ནས། །ཐུགས་ཀའི་ཕག་མོའི་ཕག་ཞལ་སྨིན་མཚམས་ཞུགས། །ས་བོན་ཧྲིལ་གཡོན་སྐོར་གཅིག་བྱས་པས། །སྔར་མེད་ཡུམ་སྔགས་ཕྲེང་བ་གཡོན་སྐོར་བསམ། །དེ་ལས་སྔགས་ཕྲེང་འཕྲོས་པ་བྷ་གར་ཐོན། །ལྟེ་བའི་རིགས་བཞི་དཔའ་མོའི་དབུས་སུ་ཞུགས། །ཡུམ་གྱི་ལྟེ་བ་ནས་ཐོན་བདག་ཉིད་ཀྱི། །ལྟེ་བ་ནས་ཞུགས་རིན་ཆེན་སྤྱན་གཟིགས་ཀྱི། །ལྟེ་བར་རིགས་བཞི་དཔའ་བོའི་དབུས་སུ་ཞུགས། །དབུ་གཙུག་ནས་ཐོན་རྡོ་རྗེ་སྤྱན་གཟིགས་ཀྱི། །སྐུ་ཡི་ནང་བརྒྱུད་རྟ་མགྲིན་སྔགས་ལ་ཐིམ། །དེ་ལྟར་རྟ་མགྲིན་ཐུགས་ཀར་སྔགས་གཡས་འཁོར། །ཞལ་གཉིས་མ་ཡི་ཐུགས་ཀར་སྔགས་གཡོན་འཁོར། །བདག་ཞལ་ཡུམ་ཞལ་ཡུམ་ལྟེ་བདག་གི་ལྟེ། །སྔགས་ཕྲེང་མགལ་མེའི་འཁོར་ལོ་ལྟར་བསྐོར་ཞིང་། །ངག་ཏུ་ཡི་གེ་བཅུ་པ་བཟླ་གསུངས་ཏེ། །འདི་ནི་གསང་སྔགས་འབྱིན་འཇུག་བཟླས་པའོ། །དེ་ནས་རང་ཉིད་ཡབ་ཀྱི་གསང་བ་ནི། །རྡོ་རྗེ་རྩེ་ལྔ་ལྟེ་བ་ཧཱུྃ་གིས་མཚན། །ཡུམ་གྱི་གསང་བར་པདྨ་འདབ་བཞི་དམར། །ཟེའུ་འབྲུ་ལ་ཨ་ཡིག་དམར་པོས་མཚན། །གཉིས་ཀའི་བུ་ག་ཕཊ༔ཡིག་དམར་ནག་བཀག །ཡབ་ཡུམ་


CMR026_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

སྦྱོར་བ་བདེ་བ་ཆེན་པོའི་སྒྲ། །ཧ་ཧ་སི་སི་ཀུན་དྷུར་བཛྲ་དྷིཀ། །ཞེས་པའི་སྒྲ་ཡིས་ཕྱོགས་བཅུའི་ཞིང་ཁྱབ་པས། །རྒྱལ་བ་སྲས་བཅས་སྤྱན་དྲངས་བདག་ལ་ཐིམ། །བདུད་རྩི་བྱང་སེམས་གྱུར་ནས་བདག་ལུས་གང་། །བདུད་རྩིའི་ཟེགས་མ་བ་དག་ལྟ་བུ་ཞིག །རྡོ་རྗེའི་ཁོང་གསེང་དུ་ཆད་རྡོ་རྗེའི་རྩེར། །ཐིག་ལེ་དཀོར་པོ་ཡུངས་དཀར་རྡོག་པོ་ཙམ། །དེ་ནང་དཀྱིལ་འཁོར་མཚན་ཉིད་ཡོངས་རྫོགས་པ། །མེ་ལོང་ནང་གི་གཟུགས་བརྙན་ལྟ་བུར་བསྒོམ། །དེ་ནི་བྱིན་རླབས་གསང་བའི་བཟླས་པའོ། །དེ་ནས་རང་གི་སྐུ་ལས་འོད་འཕྲོས་པས། །འོག་མིན་མཁའ་སྤྱོད་ཉི་ཤུ་རྩ་བཞི་དང་། །རང་བཞིན་དག་པའི་གནས་མཆོག་ཐམས་ཅད་ནས། །རིགས་ཀྱི་དཔའ་བོ་ཌཱཀི་ཐམས་ཅད་ནི། །དཀར་མོའི་ཚོགས་དང་དེ་བཞིན་དམར་མོའི་ཚོགས། །སྔོན་མོ་སེར་མོ་ལྗང་མོའི་སྡེ་ཚན་རྣམས། །བུན་ནེ་ཆིལ་ལེ་དཔུང་དཔུང་ཐིབ་ཐིབ་བྱོན། །དཀར་པོ་ཐམས་ཅད་སྤྱི་བོའི་སྤྱན་གཟིགས་ཐིམ། །དམར་པོ་མགྲིན་པ་སྔོན་པོ་ཐུགས་ཀར་དང་། །སེར་པོ་ལྟེ་བ་ལྗང་གུ་གསང་བར་ཐིམ། །དེ་ནི་བདེ་མཆོག་དབང་བསྒྱུར་བཟླས་པའོ། །དེ་ནས་གསང་གནས་གཏུམ་མོའི་མེ་འབར་ནས། །སྤྱི་


CMR026_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

བོའི་ཧཾ་ཞུ་བྱང་སེམས་བདུད་རྩིའི་རྒྱུན། །སྤྱི་བོའི་རྩ་འདབ་གང་ཞིང་མགྲིན་པར་བབས། །དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེ་བར་བསམ། །མགྲིན་པ་གང་ཞིང་སྙིང་གར་བབ་པ་ཡིས། །མཆོག་ཏུ་དགའ་བའི་ཡེ་ཤེས་རྒྱུད་ལ་སྐྱེས། །སྙིང་ག་གང་ཞིང་ལྟེ་བར་བབ་པ་ཡིས། །ཁྱད་པར་ཅན་གྱི་དགའ་བའི་ཡེ་ཤེས་སྐྱེས། །ལྟེ་བ་གང་ཞིང་གསང་བར་བབ་པ་ཡིས། །ལྷན་ཅིག་སྐྱེས་པའི་དགའ་བའི་ཡེ་ཤེས་སྐྱེས། །དགའ་བ་ཞེས་བྱ་ལུས་སེམས་བདེ་བ་སྟེ། །ངོ་བོ་སྟོང་པར་རྟོགས་པ་ཡེ་ཤེས་ཡིན། །བདེ་སྟོང་ཟུང་དུ་འཇུག་པ་ཕྱག་ྋརྒྱ་ཆེན་པོའོ། །དེ་ནས་རིག་པ་སྤྱི་བོའི་ཧཾ་ལ་གཏད། །ཐིག་ལེ་ཆུ་ཡི་རླབས་བཞིན་གྱེན་དུ་ལོག །རྩ་གནས་བཞི་ལ་མས་བརྟན་དགའ་བཞི་མྱོང་། །ཐིག་ལེའི་དྭངས་མ་སྤྱི་བོའི་ཧཾ་ལ་འདུས། །དེ་ནི་དབང་བཞི་གཅིག་རྫོགས་བཟླས་པའོ། །དེ་ནས་མི་དམིགས་ངང་དུ་ཡུད་ཙམ་བཞག །དེ་ནས་མདུན་བསྐྱེད་ལུས་ལྷར་བཅས་པ་ནི། །གསལ་བཏབ་མཆོད་བཞི་བསྟོད་བཞི་གཞུང་ལྟར་བྱ། །བདག་མདུན་རྟ་མགྲིན་ཐུགས་ཀར་པད་ཉིའི་སྟེང་། །ཧིམཐར་ལྷ་ལྔའི་སྔགས་རིང་གཡས་སུ་འཁོར། །དེ་ལས་འོད་ཟེར་དམར་པོ་འོད་ལྔའི་མདངས། །


CMR026_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

རྟ་མགྲིན་སྐུ་བརྒྱུད་རྟ་ཞལ་སྨིན་མཚམས་ཐོན། །རྡོ་རྗེ་སྤྱན་གཟིགས་སྤྱི་གཙུག་ནས་ཐོན་ཏེ། །པདྨ་སྤྱན་གཟིགས་སྐུར་ཞུགས་ཞལ་ནས་ཐོན། །བདག་གི་ཞལ་ནས་མདུན་བསྐྱེད་ཞལ་དུ་ཞུགས། །མདུན་བསྐྱེད་མགྲིན་པ་ཐུགས་ཀའི་ལྷ་བརྒྱུད་ནས། །མདུན་བསྐྱེད་ལྟེ་བའི་ལྷ་བརྒྱུད་རང་ཉིད་ཀྱི། །ལྟེ་བ་ནས་ཞུགས་ཐུགས་ཀར་ཐིམ་པར་བསམ། །དེ་ལྟར་འོད་ཟེར་མགལ་མེའི་འཁོར་ལོ་ལྟར། །དེ་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་བསྒྱུར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །དཔའ་བོ་མཁའ་འགྲོ་ཐམས་ཅད་མཆོད་པས་མཉེས། །དེ་ཀུན་ཐུགས་རྗེ་ཆེན་པོ་ཡབ་ཡུམ་དང་། །རིགས་ལྔའི་མཁའ་འགྲོའི་ཚོགས་ཀྱི་སྐུར་གྱུར་ཏེ། །སྡེ་ཚན་སྡེ་ཚན་ཆར་དྲག་བཞིན་དུ་བབ། །བདག་མདུན་གནས་ལྔ་སོ་སོར་སིབ་སིབ་ཐིམ། །ཚོགས་རྫོགས་སྒྲིབ་སྦྱང་དངོས་གྲུབ་ཐོབ་པར་བསྒོམ། །ཡིག་བཅུ་སྒྲིབ་སྦྱང་སྔགས་རིང་བཅས་པ་བཟླ། །དེ་ནས་ལག་མཆོད་ཚོགས་དང་གཏོར་བསྔོས་དང་། །ཆག་མེད་གཏོར་བསྔོས་གང་དགོས་དེ་རུ་བྱ། །ཐུན་བསྡུ་བསྔོ་སྨོན་དེ་རུ་བྱ་བ་ཡིན། །དེ་ལྟར་ཐུན་བཞིར་ཉམས་ལེན་ཁྱད་མེད་དེ། །ཚོགས་


CMR026_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཐུན་བཞི་མ་ལྕོགས་དགོང་མོ་ཆོག །དེ་ལྟར་ཞག་པོ་བདུན་ལས་མི་ཉུང་བྱ། །དེ་ནས་དངོས་གྲུབ་བླང་ཞིང་རྗེས་ཆོག་བྱ། །སྦྱིན་སྲེག་འགྲུབ་ན་ལེགས་ཤིང་མ་འགྲུབ་རུང་། །རྡོ་རྗེ་སྙིང་པོས་མཛད་པའི་གསང་སྒྲུབ་ཀྱི། །ཉམས་ལེན་ཚིག་ཉུང་དོན་གསལ་གོ་བདེ་འདི། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བ་དང་། །གཏེར་སྟོན་སྤྲུལ་སྐུའི་དགོངས་རྫོགས་ལ་དམིགས་ནས། །མེ་ལུག་ས་ག་ཟླ་བའི་བཅུ་བདུན་གྱི། །སྔ་དྲོའི་ཐུན་ལ་རཱ་ག་ཨ་སྱས་གདམས། །ཡི་གེ་པ་ནི་དགེ་བཤེས་མཐར་ཕྱིན་ནོ། །འདི་ལ་ཉེས་འགལ་གསང་སྒྲུབ་ལྷ་ལ་བཤགས། །དགེ་བས་འགྲོ་ཀུན་སྤྱན་རས་གཟིགས་འགྲུབ་ཤོག། །།མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། ལྷ་ལྔའི་གསང་སྒྲུབ་བླ་ན་མེད་པའི་ཟིན་བྲིས།next