Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་རྟ་མགྲིན་གཙོ་འཁོར་སྒྲུབ་པ་པདྨ་དབང་གི་དཀྱིལ་འཁོར་དུ་གདུག་པ་ཅན་ཟིལ་གྱིས་གནོན་ཅིང་ཚར་གཅོད་པའི་མན་ངག་གི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousརྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་རྟ་མགྲིན་གཙོ་འཁོར་སྒྲུབ་པ་པདྨ་དབང་གི་དཀྱིལ་འཁོར་དུ་གདུག་པ་ཅན་ཟིལ་གྱིས་གནོན་ཅིང་ཚར་གཅོད་པའི་མན་ངག་གི་ཟིན་བྲིས།next

རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་རྟ་མགྲིན་གཙོ་འཁོར་སྒྲུབ་པ་པདྨ་དབང་གི་དཀྱིལ་འཁོར་དུ་གདུག་པ་ཅན་ཟིལ་གྱིས་གནོན་ཅིང་ཚར་གཅོད་པའི་མན་ངག་གི་ཟིན་བྲིས།


CMR026_Page_0239
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་རྟ་མགྲིན་གཙོ་འཁོར་སྒྲུབ་པ་པདྨ་དབང་གི་དཀྱིལ་འཁོར་དུ་གདུག་པ་ཅན་ཟིལ་གྱིས་གནོན་ཅིང་ཚར་གཅོད་པའི་མན་ངག་གི་ཟིན་བྲིས་བཞུགས་སོ།།


CMR026_Page_0240
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་རྒྱ་གྲི་ཝ་ཡེ། པདྨ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །བཀའ་ཡི་གནང་བ་སྩོལ་ལ་བར་ཆད་སོལ། །རྟ་མགྲིན་དངོས་ཉིད་པདྨ་འབྱུང་གནས་ཀྱི། །པདྨ་དབང་གི་དཀྱིལ་འཁོར་འདི་ཉིད་དུ། །གདུག་པ་ཅན་ཀུན་ཟིལ་གནོན་ཚར་གཅོད་པའི། །གདམས་པ་མཁར་ཆེན་མཚོ་རྒྱལ་ཞེས་ཀྱང་བྱ། །བྷ་ག་ལ་ཡི་ཕག་མོ་ཞེས་བྱར་གནང་། །ཕྱིས་སུ་གྲུབ་ཆེན་པཀཱིས་ཐུགས་དམ་མཛད། །དེ་ཕྱིར་བཀའ་འབུམ་ནང་དུའང་བཞུགས་པ་ཡིན། །ཆོ་ག་འདི་དང་སྦྲེལ་བར་ཉམས་ལེན་ཐབས། །རྫ་ཤིང་ཟངས་ལྕགས་ལ་སོགས་སྣོད་གཙང་ནང་། །གཏོར་མ་རབ་ཏུ་གྲུ་གང་


CMR026_Page_0241
[མ་དཔེ་གཟིགས་ན་འདིར་གནོན།]

འབྲིང་རྐང་གང་། །ཐ་མ་མཐོ་གང་ལས་ནི་མི་ཆུང་བ། །ཟུར་གསུམ་བྱས་པའི་སྨད་དེ་ཕྱིར་བཅད་ལ། །སྨད་ནང་ཧོམ་ཁུང་བྲུས་ལ་ཁྲག་གིས་བྱུག །ཕྱི་ནི་སོལ་བ་ཁྲག་བསྲེས་སྨུག་ནག་བྱ། །དེ་ནང་གྲོ་ཤོག་གཙང་མར་གང་གནོད་ཀྱི། །ལིངྒ་མིང་བཅས་སྤྱི་མཐུན་བྲིས་པ་དེ་། །མེ་ཁྲུས་རླུང་ཁྲུས་མེ་ལོང་ཆུ་གཙང་བཀྲུ། །དེ་ལ་འགུགས་གཞུག་བརྒྱ་རྩ་སོགས་བྱས་ལ། །ཁྱི་སྤུ་ར་བལ་སྐུད་པའམ་ཚོན་སྐུད་ཀྱིས། །བཅིངས་པ་དེ་ཡི་ནང་དུ་བཅུག་བྱས་ཏེ། །དེ་སྟེང་དམར་གཏོར་དེ་ཡིས་ཁ་བཅད་བཞག །ཟུར་གསུམ་རྩང་གསུམ་ལོགས་གསུམ་ཤ་རྒྱན་གསུམ། །


CMR026_Page_0242
[མ་དཔེ་གཟིགས་ན་འདིར་གནོན།]

རྩེ་ལ་མར་གྱི་རྡོ་རྗེ་མེ་རི་འབར། །འཛོམ་ན་ཙཀྐི་དར་གདུགས་དམར་པོ་བཙུགས། །མཚེ་དང་ཡུངས་དཀར་སྒང་བུ་ཡོད་ན་བཙུགས། །མིང་ཡིག་ཤོག་དྲིལ་བཅུག་པའི་ལིང་གསུམ། །ཟུར་གསུམ་རྩང་གི་འོག་ཏུ་མགོ་ཐུར་བཙུགས། །ལོགས་གསུམ་འདབས་གསུམ་ཐོད་སྐམ་གསུམ་བྱས་བཞག །སྨད་ཀྱི་ལྕགས་ཁང་ནང་དུ་དགྲ་བགེགས་བཙུད། །སྟོད་ནི་མདུན་བསྐྱེད་རྟ་མགྲིན་དངོས་སུ་བསམ། །དེ་ནི་རང་གི་མདུན་ཕྱོགས་གར་བདེར་བཞག །ཕུག་གཏོར་མཆོད་པ་སྣ་བདུན་ཚོགས་མཆོད་དང་། །ཐུན་གཏོར་ལིང་ཆུང་པར་མ་མང་དུ་བསགས། །འདི་ནི་རྙིང་མ་ཁོ་ན་ཡིན་པའི་ཕྱིར། །མངོན་རྟོགས་གཅིག་གིས་བདག་མདུན་དུས་གཅིག་ཆོག །ལྷ་ལྔའི་མཆོད་བཞི་བསྟོད་བཞི་ཚར་བའི་རྗེས། །བསྙེན་པ་བྱེད་ཚེ་དམིགས་པའི་འཕྲོ་འདུ་ནི། །བདག་མདུན་རྟ་མགྲིན་དཀྱིལ་འཁོར་དབུས་སུ་བཞག །ཐུགས་རྗེ་ཆེན་པོ་གཡས་སུ་བཞུགས་པ་ལ། །འཕགས་མ་སྒྲོལ་མའི་ཚོགས་ཀྱིས་བསྐོར་ནས་ཀྱང་། །འཇིགས་པ་བཅུ་དྲུག་བར་ཆད་སེལ་བར་མཛད། །གཡོན་དུ་གསང་བ་ཡེ་ཤེས་ཌཱཀིའི་ཚོགས། །གདུག་པ་ཅན་རྣམས་དབང་དུ་བསྡུ་བར་མཛད། །སྟེང་དུ་པད་འབྱུང་གྲུབ་


CMR026_Page_0243
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་རྒྱ་མཚོ་རྣམས། །ཤིན་ཏུ་ཁྲོ་ཞིང་གཏུམ་པའི་ཆ་བྱད་ཀྱིས། །ཁམས་གསུམ་ཟིལ་གྱིས་གནོན་པའི་ཧཱུྃ་སྒྲ་སྒྲོག །འོག་ཏུ་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱང་། །ཤིན་ཏུ་ཁྲོ་གཏུམ་ཕྲིན་ལས་ཀུན་བསྒྲུབ་བསྒོམ། །དེ་དག་གདུག་པ་ཟིལ་གནོན་དམིགས་པ་ཡིན། །དེ་ནས་རྟ་མགྲིན་ཁྲོ་བོའི་ཏིང་འཛིན་བརྒྱད། །ས་ཕྱོགས་འདི་ཡང་རབ་འཇིགས་དུར་ཁྲོད་ནི། །མེ་འབར་རླུང་འཚུབ་ཐོག་སེར་འབྲུག་སྒྲ་ལྡིར། །གནས་ཁང་ཐོད་པ་སྐམ་རློན་རྙིང་གསུམ་བརྩེགས། །གྲུ་བཞི་སྒོ་བཞི་ཁྲོ་བོའི་དཀྱིལ་འཁོར་རྫོགས། །གདན་བཞི་པད་ཉི་གས་པ་བདུད་བཞི་བསྣོལ། །དེ་སྟེང་རང་ཉིད་རྟ་མགྲིན་གསལ་བ་ཡིས། །འདོར་ཐབས་བརྫིས་པས་སྟོང་གསུམ་ཤིག་ཤིག་གཡོས། །ཕྱག་གཡས་གནམ་ལྕགས་རྡོ་རྗེ་ཕྱར་བ་ལས། །རྡོ་རྗེའི་ཐོག་ཆེན་འཕྲོས་པས་དགྲ་བགེགས་བརླག །ཕྱག་གཡོན་སྡིགས་མཛུབ་རྩེ་དང་སྐུ་ལུས་ལས། །མེ་འབར་གནོད་བྱེད་ཐམས་ཅད་གཞོབ་ཐུལ་བསྲེགས། །དབུ་གཙུག་རྟ་དབུ་ལན་གསུམ་འཚེར་བ་ཡིས། །དང་པོས་ཁམས་གསུམ་ཐམས་ཅད་དབང་དུ་བསྡུས། །གཉིས་པས་སྲིད་གསུམ་ཐམས་ཅད་ཟིལ་གྱིས་གནོན། །གསུམ་པས་དྲེགས་པ་


CMR026_Page_0244
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བྲན་དུ་ཁོལ། །སྤྱན་གསུམ་དམར་ཟླུམ་གནོད་བྱེད་བགེགས་རིགས་ལ། །སྡང་མིག་གཟིགས་པས་འདར་ཞིང་ས་ལ་འགྱེལ། །བརྒྱལ་ཞིང་འགྲེ་ལོག་བྱེད་པ་ཁོ་ནར་གྱུར། དེ་ནས་གཟི་བརྗིད་བསྐྱེད་པའི་ཏིང་ངེ་འཛིན། །བདག་གི་ཐུགས་ཀར་པདྨ་ཉི་མའི་སྟེང་། །ཏིཿཡིག་དམར་པོ་བྱི་རུའི་སྡོང་པོ་འདྲ། །དེ་ལས་སྔགས་ཕྲེང་གཡས་སུ་འཁོར་བ་ལས། །འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས། །ཡེ་ཤེས་ཁྲོ་བོའི་ཚོགས་དང་ཁྲོ་མོའི་ཚོགས། །གྲུབ་ཐོབ་རྒྱ་མཚོ་སངས་རྒྱས་བྱང་སེམས་དང་། །ཡེ་ཤེས་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ཀྱི་བྱིན་རླབས་ནུས་མཐུ་ཀུན། །འོད་ཀྱི་ཐིག་ལེ་ཁ་དོག་སྣ་ཚོགས་པའི། །རྣམ་པར་ཆར་དྲག་བཞིན་དུ་བབས་ནས་ཀྱང་། །བདག་མདུན་ལ་ཐིམ་གཟི་བརྗིད་རབ་ཏུ་འབར། །རང་དང་ལྷ་གཉིས་དབྱེར་མེད་ངེས་ཤེས་ཀྱིས། །ཉམ་ང་བག་ཚ་མེད་པའི་བརྟུལ་ཞུགས་བསྐྱེད། །ཨོཾ་བཛྲ་ཀྲོ་དྷ་རྒྱ་ཤྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ་སྭཱ་ཧཱ། ཨོཾ་ཨཱཿཧཱུྃ་ཨོཾ་མ་ཎི་པདྨེ་ཧཱུྃ། རྭ་ཙ་བཱིཡ། ཧ་རི་ནི་ས། ཧཱུྃ་ཛཿ དེ་ལྟར་བཟླ་བོ་བསྙེན་པའི་དམིགས་པའོ། །རང་གི་ཐུགས་ཀའི་ཧྲིདང་སྔགས་ཕྲེང་ལས། །མེ་འབར་རང་གི་ལུས་ཀྱི་


CMR026_Page_0245
[མ་དཔེ་གཟིགས་ན་འདིར་གནོན།]

ནང་ཀུན་གང་། །ལུས་གདོན་ནད་དང་བཅས་པ་གཞོབ་ཐུལ་བསྲེགས། །ཐལ་སོལ་བ་སྤུའི་སྒོ་ནས་ཕྱིར་ཐོན་པ། །སྐུ་ལས་འབར་བའི་མེ་ཡིས་རྗེས་མེད་བསྲེགས། །རང་གི་སྐུ་ལུས་མེ་དང་དབྱེར་མེད་པ། །མེ་སྒྲ་སྔགས་སྒྲ་སྒྲོག་པར་བསྒོམས་པ་ནི། །ནམ་མཁའ་གནམ་ལྕགས་ཏིང་ངེ་འཛིན་ཞེས་བྱ། །རང་གི་ཐུགས་ཀའི་ས་བོན་སྔགས་ཕྲེང་ལས། །ཁ་དོག་ལྔ་ལྡན་དམར་ནག་ཤས་ཆེ་བའི། །མེ་འབར་ལུས་ཀྱི་རྩ་གནས་ཐམས་ཅད་གང་། །རྩ་གནས་བཞུགས་པའི་ནད་གདོན་ཐམས་ཅད་བསྲེགས། །མེ་ལྕེ་སྤྱི་གཙུག་བཤང་ལམ་གསུམ་ནས་ཐོན། །རྩེ་འཕྲད་ལུས་གཏུམ་མེ་དཔུང་ཇེ་ཆེར་འབར། །ལུས་གདོན་གནས་གདོན་སྟོང་གསུམ་འཇིག་རྟེན་བསྲེགས། །སྟོང་པར་གྱུར་ནས་ཚུར་འདུས་ཐུགས་ཀར་ཐིམ། །མེ་འབར་ཀློང་ཆེན་ཏིང་ངེ་འཛིན་ཞེས་བྱ། །རང་གི་ཐུགས་ཀའི་སྔགས་ཀྱི་ཕྲེང་བ་ལས། །རང་འདྲའི་ཁྲོ་ཆུང་བྱེ་བ་གྲངས་མེད་པ། །བ་སྤུའི་བུ་ག་རྣམས་ནས་ཕྱིར་འཕྲོས་པས། །ཁམས་གསུམ་འགྲོ་བའི་བདུད་བཞི་དུག་ལྔའི་ཚོགས། །བསད་བཅད་གཏུབ་དང་གསོལ་ཞིང་མེ་ཡིས་བསྲེགས། །ཁྲོ་ཆུང་ཚུར་འདུས་བདག་ཐིམ་མཐུ་སྟོབས་རྒྱས། །རང་གི་བ་སྤུའི་བུ་


CMR026_Page_0246
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཐམས་ཅད་ནས། །གསེར་གྱི་རྡོ་རྗེ་ནས་འབྲས་ཙམ་གྱིས་གཏམས། །འདུ་འཕྲོ་ཁྲོ་བོའི་ཏིང་ངེ་འཛིན་ཅེས་བྱ། །རང་གི་སྐུ་ལས་འོད་ཟེར་རིམ་པར་འཕྲོས། །མདུན་བསྐྱེད་ལ་ཕོག་མདུན་བསྐྱེད་དཔྲལ་བ་ནས། །རྟ་མགྲིན་སྐུ་ནི་བྱེ་བ་གྲངས་མེད་འཕྲོས། །དགྲ་བགེགས་ཀུན་གྱི་ལུས་ཀྱི་གཟི་བརྗིད་བཅོམ། །འཁོར་འདས་ཀུན་གྱི་སྐུ་ཡི་གཟི་བརྗིད་བསྡུས། །ཐམས་ཅད་ཚུར་འདུས་བདག་གི་དཔྲལ་བར་ཐིམ། །མདུན་བསྐྱེད་མགྲིན་པའི་ལྗགས་ལས་ཧྲི༔ཡིག་འཕྲོས། །སྔགས་ཀྱི་རང་སྒྲ་དང་བཅས་འཇིག་རྟེན་གང་། །དགྲ་བགེགས་ཀུན་གྱི་ངག་གི་ནུས་པ་བཅོམ། །འཁོར་འདས་ཀུན་གྱི་གསུང་གི་ནུས་མཐུ་བསྡུས། །ཚུར་འདུས་བདག་ཉིད་རྟ་མགྲིན་ལྗགས་ལ་ཐིམ། །མདུན་བསྐྱེད་ཐུགས་ལས་པདྨ་རཱ་ག་ཡི། །དྲག་པོའི་རྡོ་རྗེ་རྩེ་གསུམ་ཁ་གདེངས་འཕྲོས། །དེ་ལས་དེ་འདྲ་གྲངས་མེད་འཇིག་རྟེན་ཁྱབ། །དགྲ་བགེགས་ཀུན་གྱི་སེམས་ཀྱི་གདུག་རྩུབ་བཅོམ། །འཁོར་འདས་ཀུན་གྱི་ཐུགས་ཀྱི་མཐུ་སྟོབས་བསྡུས། །ཚུར་འདུས་བདག་ཉིད་རྟ་མགྲིན་ཐུགས་ཀར་ཐིམ། །དེ་ནི་རྣམ་གསུམ་སྙིང་པོའི་བཟླས་པར་གསུངས། །དེ་ནས་བདག་གི་ཐུགས་ཀའི་སྔགས་ཕྲེང་ལས། །འོད་ཟེར་


CMR026_Page_0247
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ནག་འཕྲོས་པ་ཞལ་ནས་ཐོན། །མདུན་གྱི་ཞལ་ཞུགས་སྔགས་ཕྲེང་དྲག་ཏུ་འཁོར། །ལྟེ་བ་ནས་ཐོན་བདག་གི་ལྟེ་བ་ནས། །ཐུགས་ཀར་ཐིམ་ཞིང་མགལ་མེ་ལྟ་བུར་འཁོར། །དེ་ནས་འོད་ཟེར་དེ་ཡང་སྔགས་ཕྲེང་གྱུར། །སྔགས་ཕྲེང་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །སྟེང་ཕྱོགས་དུར་ཁྲོད་མེ་རི་འབར་བ་སོགས། །མཁའ་སྤྱོད་ཞིང་བཞུགས་ཁྲོ་བོ་ཐམས་ཅད་མཆོད། །དེ་དག་སྐུ་ལས་རྟ་མགྲིན་སྐུ་དང་ནི། །གསུང་ལས་སྔགས་ཕྲེང་ཐུགས་ལས་རྡོ་རྗེའི་ཚོགས། །གྲངས་མེད་ཆར་དྲག་བབ་པ་ལྟ་བུར་བྱོན། །བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ། །མགལ་མེ་ཀླད་ལ་བསྐོར་འདྲའི་བཟླས་པའོ། །གོང་གི་ཧ་རི་ནི་སའི་མཇུག་དེ་རུ། །གནོད་བྱེད་སརྔ་མཱ་ར་ཡ་ཧཱུྃ་ཕཊ། ཅེས་བཏགས་བཟླས་པས་རང་གི་ནད་གདོན་སེལ། །དེ་རྣམས་སྒྲུབ་པའི་སྔགས་དམིགས་ཡིན་པའོ། །དེ་ནས་བདག་མདུན་གཙོ་བོའི་སྐུ་ལས་ནི། །འོད་འཕྲོས་གཡས་གཡོན་སྟེང་འོག་རྣམས་ལ་ཕོག །བདག་མདུན་དཀྱིལ་འཁོར་བཅུ་པོ་ཐམས་ཅད་ཀྱི། །རྟ་མགྲིན་ཁྲོས་པའི་དཀྱིལ་འཁོར་བཅུ་རུ་གྱུར། །ཀུན་ཀྱང་སྔགས་སྒྲ་འབྲུག་སྟོང་ལྟར་སྒྲོག་བསྒོམ། །དེ་ནི་རིགས་


CMR026_Page_0248
[མ་དཔེ་གཟིགས་ན་འདིར་གནོན།]

བསྒྱུར་ཏིང་ངེ་འཛིན་ཞེས་བྱ། །བདག་མདུན་སྐུ་ལས་སྤྲུལ་པའི་ཁྲོ་ཆུང་ཚོགས། །རླུང་ནག་མེ་དཔུང་འཚུབ་མ་དང་བཅས་པ། །བསྐལ་པའི་རླུང་ཐོག་སེར་དྲག་ལྟ་བུར་འཕྲོས། །བདག་དང་བསྲུང་བྱ་ལ་གནོད་གདོན་བགེགས་རྣམས། །དྲག་པོའི་རླུང་གིས་བྱ་སྤུ་གཏོར་བ་བཞིན། །སྟོང་གསུམ་ནམ་མཁའི་ཕ་མཐར་བསྐྲད་པར་བསམ། །སྔགས་རིང་ཧ་རི་ནི་སའི་མཇུག་དེ་རུ། །གནོད་བྱེད་ཨུ་ཙ་ཏ་ཡ་སྤ་ར་ཎ་ཕཊ༔ ཕྲེང་སྐོར་ཙམ་བཟླ་སྒྲུབ་པའི་གེགས་སེལ་འགྱུར། །ནད་པ་སྲིའུ་གསོ་དང་མཛེ་ཕོ་བཅོས། །སྨྱོན་པ་འདུལ་དང་ཁྱིམ་གྱི་གདོན་ཕུད་ན། །དམིགས་པ་གྲངས་མང་ཝིག་ཅིང་སྔགས་མང་བཟླ། །མཐར་ནི་ཁྲོ་ཆུང་ཚུར་འདུས་བདག་ལ་བསྟིམ། །རང་ཉིད་རྟ་མགྲིན་ང་རྒྱལ་གསལ་བ་ཡི། །བསྲུང་བྱ་ཕོ་གཡས་མོ་གཡོན་དུད་འགྲོ་རྒྱབ། །ཟས་ནོར་ཐམས་ཅད་མདུན་དུ་ཡོད་པར་བསྒོམ། །བདག་མདུན་སྐུ་ལས་འོད་ཟེར་འཕྲོས་པ་ཡིས། །སྟེང་འོག་ཕྱོགས་མཚམས་ཐོད་པ་སྐམ་པོའི་གུར། །དུང་མདོག་ཁ་ཕྱིར་བསྟན་ཅིང་སོ་ཡང་རྡེབ། །སྣ་མིག་དམར་དང་ཧ་རེ་ཚྭ་ཚྭ་འཕྲོ། །དེ་རྒྱབ་རིགས་བཞི་དཔའ་བོའི་གུར་ཁང་ནི། །ཤར་ཕྱོགས་ཐམས་ཅད་རྡོ་རྗེ་དཔའ་བོ་དཀར། །ལྷོ་


CMR026_Page_0249
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་ཐམས་ཅད་རིན་ཆེན་དཔའ་བོ་སེར། །ནུབ་ཕྱོགས་ཐམས་ཅད་པདྨ་དཔའ་བོ་དམར། །བྱང་ཕྱོགས་ཐམས་ཅད་ཀརྨ་དཔའ་བོ་ལྗང་། །སྟེང་འོག་ཐམས་ཅད་སངས་རྒྱས་དཔའ་བོ་མཐིང་། །དེ་རྒྱབ་མཁའ་འགྲོའི་གུར་ཁང་བསྒོམ་པ་ནི། །ཤར་ཕྱོགས་ཐམས་ཅད་རྡོ་རྗེ་མཁའ་འགྲོ་མཐིང་། །ལྷོ་ཕྱོགས་ཐམས་ཅད་རིན་ཆེན་མཁའ་འགྲོ་སེར།ནུབ་ཕྱོགས་ཐམས་ཅད་པདྨ་མཁའ་འགྲོ་དམར། །བྱང་ཕྱོགས་ཐམས་ཅད་ཀརྨ་མཁའ་འགྲོ་ལྗང་། །སྟེང་འོག་ཐམས་ཅད་སངས་རྒྱས་མཁའ་འགྲོ་དཀར། །དེ་ལྟར་དཔའ་བོ་མཁའ་འགྲོ་ཐམས་ཅད་ཀྱང་། །རང་རྟགས་གྲི་གུག་ཐོད་ཁྲག་ཁ་ཊཾ་འཛིན། །ནང་དུ་ཞལ་གཟིགས་སྲུང་བའི་སྔགས་དམིགས་མཛད། །དེ་རྒྱབ་འོག་ཕྱོགས་རྡོ་རྗེའི་ས་གཞི་བརྡལ། །མཐའ་བསྐོར་རྡོ་རྗེའི་རྭ་བས་ཟླུམ་པོར་བསྐོར། །དེ་ནང་རྡོ་རྗེའི་གུར་ཆེན་ཕུབ་པ་ལས། །ནང་ལོགས་རྡོ་རྗེའི་རྭ་བ་དྲུ་བ་དང་། །སྟེང་དུ་རྡོ་རྗེའི་བླ་བྲེ་བྲེས་པའོ།། །དེ་རྒྱབ་སྤྲུལ་པའི་ཁྲོ་བོ་འཆོལ་བའི་གུར། །ཁ་དོག་སྣ་ཚོགས་མཚོན་ཆ་སྣ་ཚོགས་ཐོགས། །རབ་ཁྲོས་ཕྱིར་གཟིགས་ཟློག་པའི་ཕྲིན་ལས་མཛད། །དེ་རྒྱབ་སྟེང་འོག་གནམ་ལྕགས་འཁོར་ལོ་ནི། །སྟེང་


CMR026_Page_0250
[མ་དཔེ་གཟིགས་ན་འདིར་གནོན།]

འོག་གའུ་ཁ་སྦྱོར་ལྟ་བུའི་གུར། །སྟེང་འོག་སོ་འཐབ་སྤུ་གྲི་ལྟར་རྣོ་བ། །དེ་རྒྱབ་ཡེ་ཤེས་མེ་ཡི་གུར་ཁང་ནི། །ཁ་དོག་ལྔ་ལྡན་དུམ་བུ་གཅིག་ཏུ་འབར། །བསྲུང་བྱ་ཐམས་ཅད་སྲུང་འཁོར་ནང་ཚུད་པས། །བར་ཆད་གང་གིས་བརླག་མི་རྙེད་པར་བྷོ། །གོང་གི་ཧ་རི་ནི་སའི་སྔགས་མཇུག་ཏུ། །བསྲུང་བྱ་མ་མ་རཀྵ་རཀྵ་ཀུ་རུ་ཡེ་སྭཱ་ཧཱ། གལ་ཏེ་ཡུལ་གྱི་སེར་བ་སྲུང་ན་ཡང་། །སྲུང་འཁོར་ནང་དུ་ཚུད་པར་བྷཻཾ་པ་ཡིན། །གདོང་ཟློག་བྱེད་ཚེ་སྐུ་ལས་མེ་ཆེན་འབར། །སེར་བ་སེར་བྱེད་གཞོབ་ཐུལ་བསྲེག་པར་བསྒོམ། །ཨ་པཱ་ན་ཡ་བཟློག་གི་སྔགས་མཇུག་ཏུ། །ཆར་ནི་ཆུར་ནི་སྭཱ་ཧཱ་དྲག་ཏུ་བརྗོད། །བསྲུང་ཁ་བཟུང་བའི་ཡོན་བདག་ནོར་ཕྱུགས་སོགས། །གོང་དུ་བཤད་ལྟར་རང་གི་གཡས་གཡོན་བསྒོམ། །བླ་མའམ་དམ་ཚིག་གཅིག་པའི་མཆེད་གྲོགས་སོགས། །ཤིན་ཏུ་གལ་ཆེན་ཐུགས་ཀའི་ཧཱུྃནང་བཙུད། །སྔགས་ཀྱི་མང་ཉུང་གལ་ནི་ཆེ་ཆུང་བསྟུན། །བདག་མདུན་ཁྲོ་བོའི་ལྷ་ཚོགས་ཐམས་ཅད་ཀྱིས། གར་མཛད་ཨ་ར་ལླི་ཡིས་སྒྲ་བསྒྲགས་པས། །འོད་ཟེར་མེ་ཡི་མདོག་ཅན་ཕྱིར་འཕྲོས་ཏེ། །ཕྱི་རོལ་གནམ་ལྕགས་འཁོར་ལོ་ལ་ཕོག་པས། །སྟེང་མ་གཡས་དང་འོག་མ་གཡོན་དུ་


CMR026_Page_0251
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར། །གནོད་ཅིང་འཚེ་བའི་དགྲ་བགེགས་བྱད་མ་རྣམས། །འཁོར་ལོ་སྤུ་གྲི་ལྟར་རྣོ་སོ་འཐབས་པས། །ཚར་པ་དུམ་བུ་དམར་དང་ཐར་ཐར་བཏང་། །ནང་དུ་བྲུལ་བ་ཁྲོ་བོ་རྣམས་ཀྱིས་ཟོས། །ཕྱི་རུ་འཐོར་བ་མེ་ཡི་གུར་གྱིས་བསྲེགས། །གཞུང་སྔགས་ཧ་རི་ནི་སའི་མཇུག་དེ་རུ། །སརྦ་ཨ་པཱ་ཡ་ན་ཟློག་ཅེས་བཏགས། །ཕྲེང་བ་ཕྱིར་བཅད་ཕྲེང་སྐོར་ཙམ་བཟླས་ནས། །ཆོ་གའི་མགོ་ཡི་བདེན་སྟོབས་བརྗོད་པའི་མཇུག །བྱད་ཁ་ཟློག་ཅེས་བརྗོད་ལ་ཐལ་མོ་བརྡབ། །བྱད་ཁའི་དོགས་པ་ཆེ་ན་ཚར་མང་ཝིག །སླར་ཡང་བདག་མདུན་བར་དུ་སྔགས་ཕྲེང་འཁོར། །ཐུགས་རྒྱུད་བསྐུལ་ནས་མདུན་བསྐྱེད་ལྷ་རྣམས་ཀྱིས། །སྐུ་ལས་སྤྲུལ་པའི་ཁྲོ་བོ་ཁྲོ་མོ་དང་། །མེ་ཡི་བྱ་ཁྱུང་གནམ་ལྕགས་སྡིག་པའི་ཚོགས།མེ་རླུང་འཚུབ་མ་དང་བཅས་འཇིག་རྟེན་ཁྱབ། །གནོད་ཅིང་འཚེ་བའི་གདོན་བགེགས་ཐམས་ཅད་ནི། །ཁྲོ་བོ་ཁྲོ་མོ་རྣམས་ཀྱི་མཚོན་ཆས་གཏུབ། །བྱ་ཁྱུང་ལྕགས་སྡིག་རྣམས་ཀྱིས་ཤ་ཁྲག་ཟོས། །ལྷག་མ་མེས་བསྲེགས་རླུང་གཏོར་རྗེས་མེད་གྱུར། །སྔགས་རིང་ཧ་རི་ནི་སའི་མཇུག་དེ་རུ། །གནོད་བྱེད་སརྦ་མཱ་ར་ཡ་ཧཱུྃ་ཕཊབཏགས། །འདི་ནི་དངོས་


CMR026_Page_0252
[མ་དཔེ་གཟིགས་ན་འདིར་གནོན།]

གཞི་ཡིན་པས་ཅི་མང་བཟླ། །དེ་ནས་ཐུན་གཏོར་ལིང་ཆུང་དང་བཅས་བཤམས། །རང་གི་སྒྲུབ་པ་ཡིན་ན་དགྲ་བགེགས་དང་། །ནད་འདྲེ་ཀླུ་གདོན་སྨྱོ་འབོག་གོད་འདྲེ་དང་། །ཟ་འདྲེ་ཤི་གཤེད་བྱད་མ་རྦོད་གཏོང་སོགས། །གང་དམིགས་དེ་ཉིད་བཀུག་གཞུག་ལན་གསུམ་བྱ། །ཐུན་གཏོར་སྨད་དང་གཏོར་མའི་སྨད་ཆ་རྣམས། །གནམ་ལྕགས་ཁང་སྒྲོམ་ཟུར་གསུམ་མེ་འབར་ནང་། །གནོད་བྱེད་བཀུག་སྟེ་སྤྱི་བོའི་གཙུག་ཏུ་གནས། །བདག་དང་མདུན་བསྐྱེད་རྟ་མགྲིན་ཐུགས་ཀ་ནས། །ཡི་གེ་ཛཡིག་དམར་ནག་གཉིས་འཕྲོས་པས། །ཁོ་ཡི་སྤྱི་གཙུག་བཤང་ལམ་གཉིས་ནས་ཞུགས། །སྙིང་ཁར་ཕྱིན་པས་ཟངས་དང་གནམ་ལྕགས་ཀྱི། །འཁོར་ལོ་རྩིབས་བརྒྱད་རྣོ་ངར་ལྡན་པ་གཉིས། །སྟེང་མ་ལྕགས་ནི་གཡས་འཁོར་ཟངས་གཡོན་འཁོར། །ཇེ་ཆེར་གྱུར་ཅིང་ཤུགས་དྲག་འཁོར་བ་དེ། །དོན་སྙིང་ནང་ཁྲོལ་ཤ་ཁྲག་དམར་ཉིལ་གཏུབ། །ཐུན་རྫས་རྣམས་ཀྱང་མཚོན་ཆ་སྣ་ཚོགས་ཀྱི། །ཚར་དུ་གྱུར་ནས་དགྲ་བགེགས་བླ་སྲོག་ལུས། །ཤ་མོང་ལ་ནི་སེར་དྲག་ཕོག་ལྟར་བསྒོམ། །ཡུངས་དཀར་ཡུངས་ནག་ལྕགས་ཕྱེ་ཟངས་ཕྱེ་དང་། །ཀེ་ཚེ་ཤངས་ཚེ་ཟབ་རྒོད་རྡོ་ཕྱེ་སོགས། །ཐུན་


CMR026_Page_0253
[མ་དཔེ་གཟིགས་ན་འདིར་གནོན།]

རྫས་གང་འཛོམ་ཐོད་ཏིང་ཟངས་ལྕགས་སྣོད། །བཞག་ལ་ཁ་རླངས་མ་སོང་ཕུས་མི་གདབ། །གཏོར་མའི་སྨད་དང་ཐུན་གཏོར་ལིངྒ་བྲན། །གོང་གི་སྔགས་རིང་ཧ་རི་ནི་སའི་མཇུག །གནོད་བྱེད་སརྦ་ཤ་ཏྲི་ནི་སྲིད་ཧུར་ཐུ་ཛ་མཱ་ར་ཡ་ཕཊ༔ མང་ཉུང་གལ་དང་བསྟུན་ཞིང་བཟླ་བཞིན་བྲབ། །དགྲ་བགེགས་གང་ལ་བྱས་པ་རེངས་པ་དང་། །བརྒྱལ་དང་འཆི་བར་འགྱུར་བར་གསུངས་པ་ཡིན། །དེ་ལྟར་བསྙེན་སྒྲུབ་སྦྱོར་གསུམ་སྲུང་ཟློག་བསད། །ཐུན་གཅིག་ལ་ནི་རྫོགས་པར་བྱས་པའི་རྗེས། །ཐུན་གཏོར་དེ་ཉིད་བདུད་རྩིས་བྲན་བྱས་པ་ལ། །བྷན་རློན་པ་ལྕང་ལོར་བཅས་པའི་ནང་། །དགྲ་བགེགས་ཤ་ཁྲག་རུས་པ་ནང་ཁྲོལ་རྣམས། །དཀར་དམར་མདངས་ལྡན་དྲོད་དང་རླངས་པར་བཅས། །བསྒྲེ་སྣུམ་བཅུད་ལྡན་ངོ་བོ་བདུད་རྩིར་བསམ། །ཧ་ཧོ་ཧྲིདང་ཨོཾ་ཨཱཿཧཱུྃ་གསུམ་བརྗོད། །རྩ་སྔགས་ཧ་རི་ནི་སའི་མཇུག་དེ་རུ། །གནོད་བྱེད་དགྲ་བགེགས་ཀྱི་གཏི་མུག་ཤ་ཡི་བ་ལིཾ་ཏ་ལ་ཁཱ་ཧི། འདོད་ཆགས་ཁྲག་གི་བ་ལི་ཏ་ལ་ཁཱ་ཧི། ཞེ་སྡང་རུས་པའི་བ་ལིཾ་ཏ་ལ་ཁཱ་ཧི། ལན་གསུམ་བརྗོད་རྗེས་རོལ་མོ་དབྱངས་དང་བཅས། །ཡབ་བསྟོད་ཚར་རྗེས་འདོད་གསོལ་ཚིག་འདི་སྦྱར། ༈ །


CMR026_Page_0254
[མ་དཔེ་གཟིགས་ན་འདིར་གནོན།]

དམ་རྫས་བརྒྱན་པའི་གཏོར་མ་འདི་བཞེས་ལ། །གནོད་བྱེད་དགྲ་བགེགས་ཐལ་བ་རྡུལ་དུ་རློགས། །ཐུགས་དམ་རྒྱུད་བསྐུལ་བཅོལ་བའི་ཕྲིན་ལས་མཛོད། །ཅེས་བརྗོད་མདུན་བསྐྱེད་དཀྱིལ་འཁོར་ལྔ་པོ་ཀུན། །གནམ་ས་ཙམ་གྱི་ཞལ་གདངས་མཆེ་བ་གཙིགས། །ལྗགས་ནི་གློག་ལྟར་འཁྱུགས་པའི་ཞལ་དུ་བསྟབ། །རྐན་སྒྲ་དང་བཅས་ཆེམས་ཆེམས་གསོལ་བར་དམིགས། །སྒྲུབ་པ་མ་ཚར་བར་དུ་ཐུན་མི་བསྡུ། །རྗེས་མའི་ཐུན་ལ་བྷཻཾ་ཝིག་བྱས་པ་ཡིན། །རྩེ་གཅིག་སྒྲུབ་པ་བྱེད་ན་ཐུན་བཞི་སྟེ། །ཞག་ནི་གསུམ་ལྔ་བདུན་དགུ་རྟགས་དང་བསྟུན། །རྒྱུན་ཁྱེར་བྱེད་ན་དགོང་མོ་ཐུན་རེས་ཆོག །ཞག་རེ་ནམ་དགར་ཚོགས་དང་གཏོར་བསྔོས་བྱ། །ལུས་གོས་ཕྲེང་བར་མེ་འབར་རྟ་སྐད་འབྱིན། །གནས་དང་གཏོར་མ་མེ་འབར་འོད་འཕྲོ་སོགས། །བསྙེན་སྒྲུབ་ལྷ་ཡི་རྟགས་མཚན་སྤྱི་དང་མཐུན། །ལུས་ལས་རྣག་ཁྲག་འབུ་སྲིན་མི་གཙང་ཐོན། །ཁྲུས་བྱས་གོས་སར་གྱོན་སོགས་ནད་བུད་རྟོགས། །གཡུལ་རྒྱལ་སེར་བ་བཟློག་དང་ཆུ་བསྒྱུར་དང་། །ཟོར་དང་གཏོར་མ་བཀྱག་སོགས་བྱད་བཟློག་རྟོགས། །རྫོང་བཟུང་གོ་ཁྲབ་གྱོན་སོགས་བསྲུང་བའི་རྟགས། །བནྡེ་བུད་མེད་ཆུ་གནས་


CMR026_Page_0255
[མ་དཔེ་གཟིགས་ན་འདིར་གནོན།]

དུད་འགྲོ་དང་། །ཁྱི་དང་གཅན་གཟན་བསད་བརྡུང་གདོན་ཐུལ་རྟགས། །རྟགས་ནི་ལན་གསུམ་བྱུང་ན་མང་མི་རུང་། །རྟགས་ཐོན་པའམ་ཞག་གྲངས་ཚང་བའི་དུས། །བདག་མདུན་ཆོ་ག་ཚར་གཅིག་ཚར་བའི་རྗེས། །གཏོར་མའི་ལྷ་བསྐྱེད་ནམ་མཁར་བཏེག་ལ་བཞུགས། །གཏོར་མའི་སྟོད་དེ་ཟངས་ལྕགས་སྣོད་དུ་བཞག །སྨད་ནི་གྲུ་གསུམ་ལིངྐར་བཅས་པ་དེ། །རྒྱུ་ལྡོག་བརྩིས་ལ་ཕྱོགས་ཀྱི་གཙང་ས་རུ། །ཕྱར་བ་ནག་པོའི་སྟེང་དུ་བཞག་པའི་ནང་། །གཏོར་མའི་ལིངྒ་གསུམ་ཡང་བླངས་བཞག་བྲན། །དེ་ལ་འགུགས་གཞུག་དྲག་པོ་ལན་གསུམ་བྱ། །གོང་གི་གཏོར་མ་གསོ་བྲན་ལེགས་བྱས་ནས། །གོང་གི་ཐུན་གཏོར་བཞིན་དུ་དམིགས་ལ་བསྔོ། །ཡབ་བསྟོད་འདོད་གསོལ་བཅས་པ་ཚར་བའི་མཇུག །ཐུན་བརྡེག་དུས་ཀྱི་ཕཊ་རིང་དྲུག་བརྗོད་ཅིང་། །གཏོར་མ་གནམ་ལྕགས་རྡོ་རྗེ་ཁ་གདེང་བ། །བསྐལ་པའི་མེ་དཔུང་རབ་ཏུ་འབར་བ་དེ། །རང་ཉིད་རྟ་མགྲིན་གསལ་བའི་ཕྱག་གཡས་ཀྱི། །ལིངྒ་གནོད་བྱེད་དངོས་སུ་གསལ་བའི་སྟེང་། །འཕངས་པས་དཔེར་ན་རྩྭ་ཕུང་ཆེན་པོའི་སྟེང་། །མེ་ཡི་ཐོག་བརྒྱབ་བཞིན་དུ་རྗེས་མེད་བསྒོམ། །དར་ནག་གམ་


CMR026_Page_0256
[མ་དཔེ་གཟིགས་ན་འདིར་གནོན།]

ནི་ཆོས་གོས་མཐུ་བ་བརྡབ། །དེ་ནས་ཡུད་ཙམ་མི་དམིགས་ངང་ལ་བཞག །དེ་ནས་ཤོག་ལིང་རྐང་པ་གཡོན་ནས་གཏུབ། །འཛོམ་ན་ལིང་ཆུང་པར་མ་གསར་པ་རེ། །ཤོག་ལིང་དུམ་བུ་ཤི་དུམ་ཁྲག་ཐིགས་སྦྲག །མང་ཉུང་མེད་པར་བརྒྱ་དང་ཉེར་བརྒྱད་བྱ། །གལ་ཏེ་ཤོག་ལིང་དེ་ཡིས་མ་ཐེམ་ན། །མིང་ཡིག་ཡོད་པའི་ཟན་ལིང་གསུམ་པོ་གཏུབ། །གལ་ཏེ་ལིང་པར་མ་མ་འཛོམ་ན། །ཟན་ལིང་ཆེན་པོ་གཅིག་ལ་འགུགས་གཞུག་བྱ། །དེ་ཉིད་གཏུབ་པའི་ཟན་དུམ་ཁྲག་ཐིགས་སྦྲག །མེ་ལྷ་གཏོར་མ་ཟུར་གསུམ་གཉིས་ལ་སོགས། །དྲག་པོའི་སྦྱིན་སྲེག་ཇི་ལྟར་ཤེས་བྱས་ལ། །མེ་ལྷ་འོད་ཞུ་མེ་དཔུང་གྱུར་པའི་དཀྱིལ། །མདུན་བསྐྱེད་ལྷ་ལྔ་བསྐྱེད་དང་སྤྱན་འདྲེན་སོགས། །མཆོད་བཞི་བསྟོད་བཞི་ཚང་བར་འགྲུབ་ན་རབ། །བསྡུ་ན་མཆོད་ཡོན་བདུག་སྤོས་ཞེས་སོགས་མཆོད། །ལྷ་ལྔའི་དཀྱིལ་འཁོར་རྟ་མགྲིན་ལྔ་རུ་བསྒྱུར། །རྩ་སྔགས་ཧ་རི་ནི་སའི་མཇུག་དེ་རུ། །བསྲེག་རྫས་སོ་སོའི་སྔགས་བཏགས་འབུལ་བ་སྟེ། །ཡམ་ཤིང་མར་ཁུ་བདུན་ལས་ཉུང་ཐབས་མེད། །དེ་རྗེས་ཐུན་བརྡེག་པ་ཡི་སྔགས་མཇུག་ཏུ། །ཛྭ་ལ་རཾ་ཁཱ་ཧི་བཏགས་ལ་ལིངྒ་ནི། །བརྒྱ་རྩ་རང་གིས་ལག་པས་རིམ་


CMR026_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

པར་འཕང་། །དེ་ཉིད་ཁོ་ནས་ཀྱང་ནི་ཆོག་པ་སྟེ། །བར་ཆད་ཞི་བར་བྱེད་ན་ཡུངས་དཀར་དང་། །ཤི་སྒབ་གཅོད་ན་དཱུར་བ་ཅི་མང་འབུལ། །ནད་པའི་རིམ་གྲོར་སྨན་སྣ་འབུལ་བ་དང་། །གོད་གཅོད་ལ་ནི་སོ་བ་ཅི་མང་སྟེ། །སྔགས་ནི་བསྒྱུར་བ་སྦྱིན་སྲེག་སྤྱི་ལྟར་རོ། །གཏོར་མ་ཐུན་གཏོར་བཞིན་དུ་རྟ་མགྲིན་འབུལ། །རྟ་མགྲིན་གཤེགས་རྗེས་མེ་ལྷ་གསལ་བཏབ་ལ། །མེ་ལྷའི་གཏོར་མ་བསྲེག་རྫས་ལྷག་ཀུན་འབུལ། །གཏོར་ཆེན་མ་གཏོགས་གཏོར་ཆུང་ཧོམ་ཁུང་སོགས། །མེ་དེར་བསྲེག་གམ་ཕྱོགས་ཀྱི་གཙང་སར་ལ་དོར། །མེ་དེ་བརྫུ་མ་སྟེ་སླ་ང་སོགས་ཀྱིས་སྒྲུབ། །དེ་སྟེང་གཏོར་ཆེན་བཞག་སའི་སྣོད་དེ་སྦུབ། །གནོད་བྱེད་དམ་སྲི་དེ་འོག་འགུགས་གཞུག་བྱ། །གདོན་བགེགས་དམ་སྲི་སྒབ་འདྲེ་ཐམས་ཅད་ནི། །གཉའ་དགུགས་སྤྱི་བོའི་ཐོག་ཏུ་རྐང་གཉིས་བསྣོལ། །སྤྱི་བོ་རྐང་མཐིལ་སར་བཙུགས་གནས་པའི་སྟེང་། །རང་ཉིད་རྟ་མགྲིན་ཞབས་གཉིས་སྲ་ཞིང་མཁྲེགས། །སྣ་ཚོགས་རྡོ་རྗེ་རྒྱ་གྲམ་མཚན་པ་དེས། །དྲག་ཏུ་བརྡབས་པས་ས་འབོལ་ཁབ་བདས་བཞིན། །རིམ་དགུ་ས་ཡི་འོག་ཏུ་ཏ་ལེར་སོང་། །བྱམས་མགོན་མ་བྱོན་བར་དུ་མི་ལྡང་བསམ།


CMR026_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ ཐུགས་རྗེའི་འགྲོ་འདུལ་དཀྱིལ་འཁོར་འདིར། །བར་ཆད་དམ་སྲི་འདུལ་བའི་ལྷ། །ཁྲོ་བོའི་རྒྱལ་པོ་རྟ་མཆོག་དཔལ། །གཏུམ་ཆེན་རྔམ་པའི་སྒྲ་སྒྲོག་ཅིང་། །དཔལ་གྱི་རྟ་སྐད་ཅེ་རི་རི། །ཁྲོ་བོའི་འབྲུག་སྒྲ་འུ་རུ་རུ། །རོལ་པའི་རྟ་བྲོ་ཆེམས་སེ་ཆེམ། །དགྲ་བགེགས་འབྱུང་པོ་རྡུལ་དུ་རློགས། །ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ སོགས་ནས་ཧ་རི་ནི་སའི་སྔགས་མཇུག་ཏུ། །གནོད་བྱེད་ཐམས་ཅད་སྟེ་བྷ་ཡ་ནན། །ཇི་སྲིད་བྱམས་མགོན་བསྟན་པ་མ་བྱོན་བར། །ནམ་ཡང་སྟེང་དུ་ལྡང་བར་མ་བྱེད་ཅིག །རྟ་མགྲིན་ཁྲོ་བོའི་ཚོགས་ཀྱིས་རྒྱས་གདབ་བོ། །རྒྱུ་ལ་དམ་ལ་མ་འདའ་ས་མ་ཡ་རྒྱ་རྒྱ། །རྐང་པ་གཡས་གསུམ་གཡོན་གསུམ་མཉམ་དུ་གསུམ། །སྟེང་དུ་བཞག་རྗེས་མེ་ནི་ཞི་བའི་ཚེ། །ཐལ་བ་མཁའ་འགྲོའི་གདོང་དང་མ་ཐུག་པར། །རྒྱ་གྲམ་ལམ་མམ་རི་སྣ་ཚྭ་ཁང་འོག །བླུག་བཅུག་ལས་སྦྱོར་མནན་སྲེག་འཕང་གསུམ་ཚང་། །གནོད་བྱེད་དོན་དུ་ཡིག་དྲུག་མང་དུ་བགྲང་། །བྱམས་པ་བྱོན་དུས་ས་ཡི་སྟེང་ལངས་ནས། །བྱང་ཆུབ་སེམས་བསྐྱེད་ཐོབ་པའི་སྨོན་ལམ་གདབ། །དགའ་སྟོན་ཚོགས་དང་རྗེས་ཆོག་གཞུང་ལྟར་བྱ། །གཏོར་ཆེན་མར་རྒྱན་བཅས་པ་


CMR026_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་བདུག་རུང་། །ཟ་འདྲེ་ཆུང་སྲི་འདུལ་དང་གོད་གཅོད་དང་། །སྲུང་ཟློག་རིམ་གྲོར་འདི་ལས་ཟབ་པ་མེད། །གཙོ་བོར་ངག་གི་ནུས་པ་སྒྲུབ་པ་སྟེ། །མཆོག་གི་དངོས་གྲུབ་ཞོར་ལ་འབྱུང་བ་ཡིན། །པཀཱིའི་བཀའ་འབུམ་ནས་བྱུང་པད་འབྱུང་གསུངས། །རྒྱལ་བ་རྒྱ་མཚོའི་སྒྲུབ་གཞུང་ཐམས་ཅད་ནས། །ཁ་བཀང་དགོས་པའི་སྔགས་དང་དམིགས་པ་བསྣན། །ཤིན་ཏུ་ཟབ་ཅིང་ལག་ཏུ་བླངས་བདེ་འདི། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ་བའི་ཕྱིར། །མེ་ལུག་ས་གའི་དམར་པོའི་ཚེས་ལྔ་ཡི། །སྔ་དྲོའི་ཐུན་ལ་རཱ་ག་ཨ་སྱས་གདམས། །ཧོར་རིགས་བཤེས་གཉེན་མཐའ་རུ་ཕྱིན་པས་བྲིས། །ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས། །དགེ་བས་ཞིང་གཤེགས་རིག་འཛིན་སྤྲུལ་པའི་སྐུ། །བདུད་བཞིའི་དགྲ་ལས་རྣམ་པར་རྒྱལ་གྱུར་ཅིག །སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས། །


previousརྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས་རྟ་མགྲིན་གཙོ་འཁོར་སྒྲུབ་པ་པདྨ་དབང་གི་དཀྱིལ་འཁོར་དུ་གདུག་པ་ཅན་ཟིལ་གྱིས་གནོན་ཅིང་ཚར་གཅོད་པའི་མན་ངག་གི་ཟིན་བྲིས།next