Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཡེ་ཤེས་མཁའ་འགྲོས་ལུང་བསྟན་པའི་རྒྱལ་བ་རྒྱ་མཚོའི་མཁའ་འགྲོ་གསང་སྐོར་གྱི་ཟིན་བྲིས།
  
  
  
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousསྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཡེ་ཤེས་མཁའ་འགྲོས་ལུང་བསྟན་པའི་རྒྱལ་བ་རྒྱ་མཚོའི་མཁའ་འགྲོ་གསང་སྐོར་གྱི་ཟིན་བྲིས།next

སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཡེ་ཤེས་མཁའ་འགྲོས་ལུང་བསྟན་པའི་རྒྱལ་བ་རྒྱ་མཚོའི་མཁའ་འགྲོ་གསང་སྐོར་གྱི་ཟིན་བྲིས།


CMR026_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

སྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཡེ་ཤེས་མཁའ་འགྲོས་ལུང་བསྟན་པའི་རྒྱལ་བ་རྒྱ་མཚོའི་མཁའ་འགྲོ་གསང་སྐོར་གྱི་ཟིན་བྲིས་བཞུགས་སོ།།


CMR026_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཨཱཿརྱ་པ་ལོ་དྷརྨ་རཱ་ཛཱ་ཡ། སྲོང་བཙན་སྒམ་པོ་མཁའ་འགྲོའི་ཚོགས་བཅས་ལ། །ཕྱག་འཚལ་སྐྱབས་མཆི་བཀའ་ཡི་གནང་བ་སྩོལ། །ཆོས་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོ་དེས། །གུ་རུ་པདྨ་འབྱུང་གནས་དངོས་སློབ་ནི། །བལ་པོ་ཤྲི་ལ་མཉྫ་སྤྱན་དྲངས་ནས། །ཐུགས་རྗེ་ཆེན་པོའི་མདོ་རྒྱུད་ཉེར་གཅིག་བསྒྱུར། །དེ་ཚེ་ཡེ་ཤེས་མཁའ་འགྲོས་ལུང་བསྟན་ནས། །སྒྲུབ་ཐབས་འདི་གནང་ཉིད་ཀྱིས་ཐུགས་དམ་མཛད། །རྒྱལ་བ་རྒྱ་མཚོ་ལྷ་ལྔའི་སྒྲུབ་སྐོར་དང་། །འདི་དག་སློབ་དཔོན་ཐོན་མི་སམ་བྷྱོ་ཊས། །དར་དཀར་ཆུ་དར་ངོས་ལ་ཡི་གེ་བཀོད། །ཇོ་བོ་བཅུ་གཅིག་


CMR026_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

ཞལ་གྱི་དྲུང་དུ་སྦས། །གྲུབ་ཐོབ་དངོས་གྲུབ་ཅེས་བྱས་གཏེར་ནས་བཏོན། །མངའ་བདག་ཉང་དང་དམ་པ་བདེ་གཤེགས་དང་། །གཙང་སྟོན་པ་དང་ཀཐོག་བྱམས་པ་འབུམ། །དེ་ལས་སྐྱེས་མཆོག་ཀརྨ་པཀཱིས་གསན། །བྱིན་རླབས་བརྒྱུད་པ་གཅིག་ཏུ་གྱུར་པ་ཡིན། །ཆོ་ག་འདི་དང་སྦྱར་ཏེ་ཉམས་ལེན་ན། །བདག་བསྐྱེད་མཆོད་པ་གཏོར་བསྔོས་གཏོར་མ་བཤམས། །བདག་བསྐྱེད་ལྷ་ལྔ་གཞུང་དང་མཚུངས་པ་ལ། །དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་རོ་བར་འདོན། །སྐབས་དེར་ངལ་གསོའི་ལྷ་རྣམས་གསལ་གདབ་སྟེ། །གཙོ་བོའི་ཞལ་ནི་ཅུང་ཟད་ཁྲོ་འཛུམ་སྟེ། །ཕྱག་


CMR026_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་འོག་མས་པདྨ་དཀར་པོ་བསྣམས། །སྐུ་ལས་འོད་ཟེར་རྣམ་ལྔ་འཕྲོ་བའོ། །སྐུ་ཡི་ནང་ནི་སྟོང་ཞིང་གསལ་བ་ཡི། །སྤྱི་བོ་དུང་ཁང་གཞལ་ཡས་ནང་དུ་ནི། །སྐུ་ཡི་ཐུགས་རྗེ་ཆེན་པོ་སྐུ་མདོག་དཀར། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་འཁོར་ལོ་བསྣམས། །འཁོར་དུ་སྐུ་ཡི་དཔའ་བོ་དཔའ་མོ་ནི། །འཁོར་ལོ་ཐོགས་པ་བརྒྱ་རྩ་བརྒྱད་ཀྱིས་བསྐོར། །མགྲིན་པར་གསུང་གི་ཐུགས་རྗེ་ཆེན་པོ་དམར། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་པདྨ་བསྣམས། །འཁོར་དུ་གསུང་གི་དཔའ་བོ་དཔའ་མོ་ནི། །པདྨ་ཐོགས་པ་བརྒྱ་རྩ་བརྒྱད་ཀྱིས་བསྐོར། །ཐུགས་ཀར་ཐུགས་ཀྱི་ཐུགས་རྗེ་ཆེན་པོ་མཐིང་། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་རྡོ་རྗེ་བསྣམས། །འཁོར་དུ་ཐུགས་ཀྱི་དཔའ་བོ་དཔའ་མོ་ནི། །རྡོ་རྗེ་ཐོགས་པ་བརྒྱ་རྩ་བརྒྱད་ཀྱིས་བསྐོར། །ལྟེ་བར་གསང་བ་ཡེ་ཤེས་མཁའ་འགྲོ་དམར། །ཞལ་གཅིག་ཕྱག་གཉིས་མཉམ་བཞག་སྟེང་གྲི་ཐོད། །འཁོར་དུ་མཁའ་འགྲོ་དམར་མོ་གྲི་ཐོད་ཅན། །བརྒྱ་དང་རྩ་བརྒྱད་དག་གིས་བསྐོར་བར་བསྒོམ། །ཐམས་ཅད་པདྨ་ཟླ་བའི་གདན་ལ་བཞུགས། །གཙོ་བོ་ལྔ་པོ་རྡོ་རྗེའི་སྐྱིལ་ཀྲུང་སྟེ། །འཁོར་རྣམས་སེམས་དཔའ་སེམས་མ་ཕྱེད་སྐྱིལ་


CMR026_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

ལོ། །གནས་གསུམ་བྱིན་རླབས་ཡེ་བསྟིམ་དབང་བསྐུར་སོགས། །ཆོ་གའི་གཞུང་ལྟར་བྱ་ཞིང་བསྙེན་པའི་སྐབས། །འཛབ་དབྱངས་རྣམ་གྲངས་ཉེར་གཅིག་གསུང་ན་ཡང་། །དམིགས་རིམ་གལ་ཆེན་མདོར་བསྡུས་བསྒོམ་པ་ནི། །དབུ་གཙུག་པད་འབྱུང་གྲུབ་ཐོབ་རྒྱ་མཚོའི་ནང་། །སྲོང་བཙན་སྒམ་པོ་ཉིད་ཀྱང་བཞུགས་པར་བསྒོམ། །དད་གུས་བསྐྱེད་ལ་གསོལ་འདེབས་ཚུལ་དུ་བསྙེན། །ལུས་ལྷ་རྣམས་ཀྱང་གསལ་གདབ་ངར་བསྐྱེད་ལ། །དཔྲལ་མགྲིན་ཐུགས་ཀ་ལྟེ་བའི་ལྷ་བཞི་ཡི། །གཙོ་བོའི་ཐུགས་ཀར་པདྨ་ཟླ་བའི་སྟེང་། །རང་མདོག་ཧྲིམཐར་ཡབ་གསུམ་ཐུགས་ཀ་རུ། །ཡིག་བཅུ་གཡས་བསྐོར་གསང་ཡེའི་ཐུགས་ཀར་ནི། །ཨོཾ་འབྱར་དྷ་མ་གྷ་ཡེ་གཡོན་དུ་འཁོར། །གནས་བཞིའི་དཔའ་བོ་མཁའ་འགྲོའི་ཐུགས་ཀར་ནི། །ཨོཾ་ཨཱཿཧཱུྃ་ཧྲཱི༔ཡིག་འབྲུ་རེ་རེའོ། །གནས་བཞིར་ལྷ་ཡི་སྔགས་ཕྲེང་དྲག་འཁོར་བས། །འོད་ཟེར་ཕར་འཕྲོས་བདེ་གཤེགས་ཐམས་ཅད་མཆོད། །སེམས་ཅན་ཀུན་གྱི་སྒྲིབ་གཉིས་བག་ཆགས་སྦྱངས། །ཚུར་འདུས་བདག་ལ་ཐིམ་པས་སྒྲིབ་གཉིས་དག །སླར་ཡང་འོད་འཕྲོས་སྣང་བ་གཞལ་ཡས་ཁང་། །སྐྱེ་འགྲོ་ཐམས་ཅད་ཐུགས་རྗེ་ཆེན་པོའི་ལྷ། །


CMR026_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ཕོ་རྣམས་དཔའ་བོ་མོ་རྣམས་དཔའ་མོར་གྱུར། །ཐམས་ཅད་སྔགས་སྒྲ་འུར་འུར་འདོན་པར་བསྒོམ། །སྟེང་གི་བླ་མ་རྣམས་ཀྱིས་བྱིན་གྱིས་བརླབས། །གཡས་ཀྱི་ཡི་དམ་ཚོགས་ཀྱིས་དངོས་གྲུབ་ཐོབ། །གཡོན་གྱི་མཁའ་འགྲོའི་ཚོགས་ཀྱིས་སྡོང་གྲོགས་བྱེད། །འོག་གི་ཆོས་སྐྱོང་ཚོགས་ཀྱིས་བར་ཆད་སེལ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་རྣམས་ཀྱིས། །མཆོག་དང་ཐུན་མོང་དངོས་གྲུབ་སྣ་ཚོགས་དང་། །རྒྱུན་དུ་ཆར་ལྟར་སིལ་སིལ་འབེབས་པར་བསམ། །རང་གི་སྐུ་ལས་འོད་ཟེར་འཕྲོས་པ་ཡིས། །གནས་དང་ཡུལ་གྱི་མཁའ་འགྲོ་ཐམས་ཅད་ཀྱིས། །སྐུ་གསུང་ཐུགས་ཀྱི་རྒྱུད་ནི་རབ་བསྐུལ་བས། །རང་དབང་མེད་པར་བྱ་ཁྱུ་འཕུར་བ་བཞིན། །བདག་མདུན་ཚོགས་ནས་བཀའ་ཉན་གསུང་སྡོད་བསམ། །བདག་གི་གནས་གསུམ་ལྷ་ལས་འོད་ཟེར་འཕྲོས། །བླ་མ་ཡི་དམ་དཔའ་བོ་མཁའ་འགྲོ་དང་། །སངས་རྒྱས་བྱང་ཆུབ་སེམས་དཔའ་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་ལ་མཉེས་པའི་མཆོད་སྤྲིན་འབུལ། །ཚུར་འདུས་སྐུ་གསུང་ཐུགས་ཀྱི་དངོས་གྲུབ་རྣམས། །བདག་ལ་ཐིམ་པས་དབང་དང་དངོས་གྲུབ་ཐོབ། །བདག་གི་ལྟེ་བའི་ལྷ་ཚོགས་ཐམས་ཅད་ལས། །འོད་ཟེར་


CMR026_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ཡར་འཕྲོས་སྙིང་ག་ཡི། །ལྷ་ཚོགས་རྣམས་ལ་མཆོད་པར་གྱུར་ནས་མཉེས། །སྙིང་གའི་ལྷ་ལས་འོད་ཟེར་མཐིང་ནག་འཕྲོས། །མགྲིན་པའི་ལྷ་ལ་མཆོད་པར་གྱུར་པས་མཉེས། །མགྲིན་པའི་ལྷ་ལས་འོད་ཟེར་དམར་པོ་འཕྲོས། །སྤྱི་བོའི་ལྷ་ལ་མཆོད་པར་གྱུར་ནས་མཉེས། །སྤྱི་བོའི་ལྷ་ལས་འོད་ཟེར་དཀར་པོ་འཕྲོས། །བདག་ལུས་མགོ་མཇུག་ཐམས་ཅད་ཁྱབ་པ་ཡིས། །ལུས་ངག་ཡིད་གསུམ་སྒྲིབ་པ་སངས་སེ་དག །སེམས་ཉིད་རང་བཞིན་རང་བྱུང་ཡེ་ཤེས་ཀྱི། །སྐུ་གསུང་ཐུགས་ཀྱི་རང་བཞིན་ཉིད་དུ་གྱུར། །དེ་ལྟར་བསྒོམ་ཞིང་བཟླས་པ་བསྙེན་པའོ། །སྤྱི་བོའི་འོད་ཟེར་དཀར་པོ་མགྲིན་པར་འཕྲོས། །མགྲིན་པའི་འོད་ཟེར་དམར་པོ་སྙིང་གར་འཕྲོས། །སྙིང་གའི་འོད་ཟེར་མཐིང་ག་ལྟེ་བར་འཕྲོས། །ལྟེ་བའི་འོད་ཟེར་དམར་པོས་ལུས་ཀུན་ཁྱབ། །བདེ་བའི་ལུས་གང་བདེ་སྟོང་ཉམས་ལྡན་གྱུར། །དེ་ལྟར་བསྒོམ་ཞིང་བཟླས་པས་སྒྲུབ་པའོ། །སྤྱི་བོའི་ལྷ་ལས་འོད་ཟེར་དཀར་པོ་འཕྲོས། །བདེ་གཤེགས་ཀུན་གྱི་སྐུ་ལ་མཉེས་མཆོད་ཕུལ། །སེམས་ཅན་ཀུན་གྱི་ལུས་ཀྱི་སྒྲིབ་པ་སྦྱངས། །ཚུར་འདུས་བདེ་གཤེགས་སྐུ་ཡི་དངོས་གྲུབ་ཐོབ། །ཁམས་


CMR026_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སེམས་ཅན་མ་ལུས་དབང་བསྡུས་བསམ། །མགྲིན་པའི་ལྷ་ལས་འོད་ཟེར་དམར་པོ་འཕྲོས། །བདེ་གཤེགས་ཀུན་གྱི་གསུང་ལ་མཉེས་མཆོད་ཕུལ། །སེམས་ཅན་ཀུན་གྱི་ངག་གི་སྒྲིབ་པ་སྦྱངས། །ཚུར་འདུས་བདེ་གཤེགས་གསུང་གི་དངོས་གྲུབ་ཐོབ། །ཁམས་གསུམ་སེམས་ཅན་ངག་རྣམས་དབང་འདུས་བསམ། །ཐུགས་ཀའི་ལྷ་ལས་འོད་ཟེར་མཐིང་ཀ་འཕྲོས། །བདེ་གཤེགས་ཀུན་ལ་ཐུགས་ཀྱི་མཉེས་མཆོད་ཕུལ། །སེམས་ཅན་ཀུན་གྱི་ཡིད་ཀྱི་སྒྲིབ་པ་དག །ཚུར་འདུས་བདེ་གཤེགས་ཐུགས་ཀྱི་དངོས་གྲུབ་ཐོབ། །ཁམས་གསུམ་སེམས་ཅན་ཡིད་ཀུན་དབང་འདུས་བསམ། །ལྟེ་བའི་ལྷ་ཡི་འོད་ཟེར་དམར་པོ་འཕྲོས། །དཔའ་བོ་མཁའ་འགྲོའི་སྐུ་གསུང་ཐུགས་མཆོད་མཉེས། །ཁམས་གསུམ་སེམས་ཅན་སྒོ་གསུམ་དབང་དུ་བསྡུས། །ཚུར་འདུས་དཔའ་བོ་དཔའ་མོ་ཐམས་ཅད་ཀྱིས། །བདག་གི་ལུས་ངག་ཡིད་གསུམ་བྱིན་བརླབས་པས། །འགྲོ་ཀུན་བདག་གི་བཀའ་འོག་འདུས་པར་བསྒོམ། །དེ་ལྟར་བསྒོམ་ཞིང་བཟླ་བ་ལས་སྦྱོར་རོ། །སེམས་ཉིད་མི་རྟོག་སྟོང་གསལ་ངང་ལ་བཞག །རང་གསལ་རང་གྲོལ་རང་དྭངས་ངང་ནས་བཟླ། །ངག་ནི་ཡིག་དྲུག་ཡིག་བཅུ་གང་འདོད་


CMR026_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །ཐུན་མཚམས་ནམ་དགར་གཏོར་བསྔོས་བྱ་བ་དང་། །སྤྲོ་ན་མདུན་བསྐྱེད་ཚོགས་འཁོར་ལ་སོགས་དུས། །ཐུགས་རྗེ་ཆེན་པོའི་ལྷ་ཚོགས་ནམ་མཁར་བསྒོམ། །ཚོགས་དང་མཆོད་པ་གཏོར་མ་ཕུལ་བྱས་ལ། །སྙིང་པོ་བཟླས་པས་མདུན་བསྐྱེད་འོད་ཟེར་གྱིས། །བདག་གི་སྒོ་གསུམ་བྱིན་གྱིས་བརླབས་པ་དང་། །གཞན་གྱི་སྒོ་གསུམ་དབང་དུ་འདུས་པར་བསྒོམ། །འདི་ནི་མཚམས་དང་རྒྱུན་ཁྱེར་གང་བྱེད་ཆོག །མཚམས་སྒྲུབ་བྱེད་ན་ཐུན་བཞིར་ཉམས་ལེན་ཅིང་། །ཐུན་མཚམས་གཏོར་བསྔོས་ཐུན་བསྡུ་གཞན་དང་མཚུངས། །རྒྱལ་བ་རྒྱ་མཚོ་མཁའ་འགྲོ་གསང་སྐོར་གྱི། །ཟིན་བྲིན་ཐབས་མཁས་མཐར་ཕྱིན་གཉིས་ཀྱིས་བསྐུལ། །མེ་ལུག་ས་གའི་བཅུ་བདུན་དགོང་མོ་ལ། །རཱ་ག་ཨ་སྱས་ཐུན་མཚམས་གཅིག་ལ་གདམས། །ཧོར་གྱི་བནེ་པདྨ་མཐར་ཕྱིན་གྱིས། །ལག་པ་རླུང་གི་རྟ་ལ་ཞོན་ནས་བྲིས། །ཉེས་འགལ་མཆིས་ན་སྤྲུལ་པའི་རྒྱལ་པོ་དང་། །དཔལ་ལྷ་ལ་སོགས་སྲུང་མའི་ཚོགས་ལ་བཤགས། །དགེ་བས་སྤྲུལ་སྐུའི་ཆེན་པོའི་དགོངས་པ་རྫོགས། །བདག་དང་སློབ་མ་བརྒྱུད་པར་བཅས་པ་ལ། །འབྲེལ་པ་ཐོགས་ཚད་བདེ་ཆེན་ཞིང་བགྲོད་ཤོག །


CMR026_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

སརྦ་མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྤྲུལ་པའི་རྒྱལ་པོ་སྲོང་བཙན་སྒམ་པོ་ལ་ཡེ་ཤེས་མཁའ་འགྲོས་ལུང་བསྟན་པའི་རྒྱལ་བ་རྒྱ་མཚོའི་མཁའ་འགྲོ་གསང་སྐོར་གྱི་ཟིན་བྲིས།next