Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། གསང་སྒྲུབ་འཁོར་ལོ་གཅིག་མའི་ཟིན་བྲིས།
  
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། གསང་སྒྲུབ་འཁོར་ལོ་གཅིག་མའི་ཟིན་བྲིས།next

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། གསང་སྒྲུབ་འཁོར་ལོ་གཅིག་མའི་ཟིན་བྲིས།


CMR026_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

བཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། གསང་སྒྲུབ་འཁོར་ལོ་གཅིག་མའི་ཟིན་བྲིས་བཞུགས་སོ།།


CMR026_Page_0302
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ལོ་ཀེ་ཤྭ་ར་དྷེ་ཝ་ཌཱཀི་ནཱི་ཡེ། རྩ་གསུམ་ཐུགས་རྗེའི་ལྷ་ལ་ཕྱག་འཚལ་ལོ། །དགོངས་པ་གནང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། །འདི་ནི་གྲུབ་ཐོབ་ཀརྨ་པཀཱི་ལ། །བློ་གྲོས་རིན་ཆེན་ཞེས་བྱས་ཞུས་ནས་གནང་། །དེ་བཞིན་སིང་རས་ཀྱིས་ཞུས་གནང་བ་གཉིས། །གསང་སྒྲུབ་ཡིག་སྣའི་ཡང་སྣ་ཞེས་བྱ་སྟེ། །འདི་ནི་ཤིན་ཏུ་གསང་ཞེས་བཀའ་རྒྱ་གདབ། །དུས་ཕྱིས་སངས་རྒྱས་གླིང་པའི་གཏེར་ཁ་ལས། །ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ཡི། །གནད་ཡིག་གབ་པ་མངོན་ཕྱུང་ཞེས་བྱ་བྱུང་། །དེ་གསུམ་ཚིག་དོན་ཁྱད་མེད་གཅིག་པར་སྣང་། །དེ་ཉིད་ཆོ་ག་འདི་


CMR026_Page_0303
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསྟུན་ནས་ཀྱང་། །རྒྱུན་ཁྱེར་ཉམས་སུ་ལེན་པར་བྱ་བ་སྟེ། །བདག་བསྐྱེད་འདོན་པའི་ཆས་ཙམ་མ་གཏོགས་པ། །སྒྲུབ་པའི་རྫས་ནི་ཅི་ཡང་མི་དགོས་སོ། །ལྷ་ལྔའི་བདག་བསྐྱེད་གཞུང་ལྟར་ཚར་བའི་རྗེས། །བསྙེན་པའི་སྐབས་སུ་དམིགས་པའི་བྱེ་བྲག་ནི། །རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ་ཡི་ནང་། །ལྟེ་བར་གསེར་གྱི་རྡོ་རྗེ་རྒྱ་གྲམ་ནི། །གདན་ཐབས་མདུན་རྒྱབ་གཡས་གཡོན་རྩེ་བསྟན་བསྒོམ། །དེ་ཡི་ལྟེ་བར་ཨཱཿཡིག་དམར་པོ་ལས། །གཏུམ་མོའི་མེ་ནི་མར་མེ་འབྲིང་ཙམ་འབར། །མེ་དང་རང་གི་སྐུ་ལས་འོད་དམར་པོ། །ཕྱོགས་བཅུ་ཀུན་ཏུ་ཡང་ཡང་


CMR026_Page_0304
[མ་དཔེ་གཟིགས་ན་འདིར་གནོན།]

འཕྲོས་པ་ཡིས། །དྲེགས་པ་ཕོ་རྒྱུད་ཀུན་གྱི་བཅུད་བསྡུས་ནས། །གཡས་ཀྱི་རྟ་མགྲིན་སྐུ་ལ་ཐིམ་པར་བསྒོམ། །དྲེགས་པ་མོ་རྒྱུད་ཀུན་གྱི་བཅུད་བསྡུས་ནས། །གཡོན་གྱི་གསང་ཡེའི་སྐུ་ལ་ཐིམ་པར་བསྒོམ། །སངས་རྒྱས་བྱང་སེམས་ཀུན་གྱི་བྱིན་རླབས་བསྡུས། །སྟེང་གི་པད་འབྱུང་སྐུ་ལ་ཐིམ་པར་བསྒོམ། །ཆོས་སྐྱོང་ཀུན་གྱི་ནུས་མཐུ་བཅུད་བསྡུས་ནས། །འོག་གི་ཆོས་སྐྱོང་སྐུ་ལ་ཐིམ་པར་བསྒོམ། །དེ་ནས་གཡས་གཡོན་སྟེང་འོག་ལྟ་སྟངས་དང་། །རླུང་ནི་ཕར་དབྱུང་དུས་སུ་འོད་ཟེར་འཕྲོས། །ཚུར་ལ་རྔུབ་དུས་ནང་དུ་བསྡུ་བ་དང་། །མེ་ལ་བསྟིམས་ནས་རླུང་ཁུག་གཅིག་མནན་པ། །དེ་རྣམས་གྲུབ་ན་ལེགས་ཤིང་མ་གྲུབ་ཀྱང་། །བར་རླུང་གསུས་པ་ཐེར་ཙམ་བསླངས་བ་དང་། །སྔགས་དང་དམིགས་པ་ཁོ་ནས་ཆོག་པ་ཡིན། །ལྟེ་བའི་མེ་ལས་འོད་ཟེར་དམར་པོ་ནི། །ལྕགས་ཀྱུའི་དབྱིབས་ཅན་རིམ་པར་འཕྲོས་པ་ཡིས། །དང་པོ་གཡས་ཀྱི་རྟ་མགྲིན་དཔའ་བོའི་ཚོགས། །འོད་དེས་སྤྱན་དྲངས་ལྟེ་བའི་མེ་ལ་བསྟིམ། །དེ་བཞིན་གཡོན་གྱི་གསང་ཡེ་དཔའ་མོའི་ཚོགས། །སྤྱན་དྲངས་ལྟེ་བའི་མེ་ལ་བསྟིམས་པ་དང་། །སྟེང་གི་པད་འབྱུང་གྲུབ་ཐོབ་རྒྱ་མཚོའི་ཚོགས། །མར་ལ་སྤྱན་


CMR026_Page_0305
[མ་དཔེ་གཟིགས་ན་འདིར་གནོན།]

དྲངས་ལྟེ་བའི་མེ་ལ་བསྟིམ། །འོག་གི་ཆོས་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས། །ཡར་ལ་བསྡུས་ཏེ་ལྟེ་བའི་མེ་ལ་བསྟིམ། །འོད་དེས་རིགས་དྲུག་སེམས་ཅན་ཐམས་ཅད་ཀུན། །རིགས་བཞི་དཔའ་བོ་མཁའ་འགྲོའི་རྣམ་པ་རུ། །རང་གི་སྣ་བུག་གཡས་གཡོན་གཉིས་ནས་བསྡུས། །དེ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་ཡིས། །སེམས་ཅན་ཀུན་གྱི་སྙིང་ཁ་ནས་བཟུང་བཀུག །ཕོ་རྣམས་གཡས་དང་མོ་རྣམས་གཡོན་དུ་བསྟིམ། །སླར་ཡང་ལྟེ་བའི་མེ་དང་རང་ལུས་ལས། །འོད་ཟེར་སྣ་ཚོགས་ནམ་མཁའ་ཁྱབ་པར་འཕྲོས། །ཞིང་ཁམས་ཀུན་གྱི་སངས་རྒྱས་བྱང་སེམས་དང་། །སྟོང་གསུམ་ཁམས་ཀྱི་དཔའ་བོ་མཁའ་འགྲོ་ལ། །འོད་ཟེར་མཆོད་པའི་སྤྲིན་དུ་གྱུར་པས་མཆོད། །ཐམས་ཅད་མཚོ་ལ་ཁ་བ་བབ་པ་བཞིན། །ཐིབ་ཐིམ་སྤུངས་སྤུངས་རང་གི་སྐུ་ལ་ཐིམ། །ལྟེ་བའི་མེ་ལ་དམིགས་པ་གཏད་བྱས་ལ། །འཁྲུལ་འཁོར་དངོས་པོ་ཕོ་སྐོར་ཅུང་ཟད་བྱ། །དེ་ཡན་སྔ་དྲོ་ཉིན་ཕྱེད་ཡན་ལ་བསྒོམ། །དེ་ནས་ལྷ་ལྔའི་མངོན་རྟོགས་བསྒོམ་ཝིག་བྱ། །སྤྲོ་ན་བདག་བསྐྱེད་འདོན་ཝིག་འགྲུབ་ན་ལེགས། །མ་འགྲུབ་ཡིད་ཀྱིས་བསྒོམ་ཡང་འགལ་བ་མེད། །ཉིན་ཕྱེད་ཕྱིན་ཆད་རང་གི་ལྟེ་བ་


CMR026_Page_0306
[མ་དཔེ་གཟིགས་ན་འདིར་གནོན།]

རུ། །པདྨ་དམར་པོ་འདབ་བཞིའི་ཟེའུ་འབྲུའི་སྟེང་། །ཐུགས་རྗེ་ཆེན་པོ་ཞལ་གཅིག་ཕྱག་གཉིས་པ། །ཞི་འཛུམ་གཡས་བརྐྱང་གཡོན་བསྐུམ་བཞེངས་ཐབས་ཅན། །བགྲང་ཕྲེང་པདྨ་འཛིན་པ་ཡུམ་ལ་འཁྱུད། །ཡུམ་ནི་གསང་ཡེ་དམར་མོ་གྲི་ཐོད་ཅན། །གཡས་བསྐུམ་གཡོན་བརྐྱང་ཡབ་དང་མཉམ་པར་སྦྱོར། །ཡབ་ཡུམ་ཐུགས་ཀར་ཧྲཱི༔ཡིག་རང་སྔགས་བསྐོར། །འདབ་བཞི་རིགས་བཞིའི་ཌཱཀི་ཡབ་ཡུམ་རྣམས། །ཀུན་ཀྱང་དམར་པོ་གྲི་གུག་ཐོད་ཁྲག་འཛིན། །ཐོད་པ་སྐམ་རློན་རུས་པ་རིན་ཆེན་བརྒྱན། །རང་རང་ཐུགས་ཀར་རང་སྲོག་ཡིག་འབྲུ་རེ། །དེ་ནས་རང་གི་སྐུ་ལུས་སྟོང་གསལ་ནང་། །དབུ་མའི་ཡར་མར་སྣ་གཉིས་རག་དུང་ཁ། །ཡར་སྣེ་སྤྱི་བོའི་པད་འབྱུང་སྐུ་ལ་ཟུག །མར་སྣེ་ལྟེ་བའི་ཐུགས་ཆེན་ཡབ་ཡུམ་ཟུག །རོ་རྐྱང་མར་སྣེ་མཁའ་འགྲོ་སྡེ་བཞིར་ཟུག །ཡར་སྣེ་སྣ་བུག་གཉིས་ནས་ཕྲག་གོང་ཐོན། །དཔའ་བོ་རྒྱ་མཚོ་དཔའ་མོ་རྒྱ་མཚོར་ཟུག །ལྟ་སྟངས་དང་བཅས་སྟེང་གི་གྲུབ་ཐོབ་ཚོགས། །བྱང་སེམས་བདུད་རྩིའི་རྣམ་པར་འོད་ཞུ་ནས། །དབུ་མའི་ནང་བརྒྱུད་འདོད་ཡོན་རྣམ་ལྔ་ཡི། །མཆོད་པའི་རྣམ་པར་ལྟེ་བའི་ལྷ་ལ་ཐིམ། །དེ་བཞིན་གཡས་ཀྱི་དཔའ་བོ་རྒྱ་


CMR026_Page_0307
[མ་དཔེ་གཟིགས་ན་འདིར་གནོན།]

མཚོ་རྣམས། །བདུད་རྩི་བྱང་སེམས་ངོ་བོར་འོད་ཞུ་སྟེ། །གཡས་ཀྱི་རྩ་བརྒྱུད་ལྟེ་བའི་ལྷ་ཚོགས་མཆོད། །གཡོན་གྱི་དཔའ་མོ་རྒྱ་མཚོའི་བདུད་རྩིར་ཞུ། །གཡོན་གྱི་རྩ་བརྒྱུད་ལྟེ་བའི་ལྷ་ཚོགས་མཆོད། །ལྷ་རྣམས་བདེ་བ་རྒྱས་ཤིང་གཟི་བརྗིད་འབར། །སླར་ཡང་ལྟེ་བའི་ལྷ་དང་རང་ལུས་ལས། །འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པ་ཡིས། །སྟོང་གསུམ་ཁམས་ཀྱི་ལྷ་འདྲེ་མི་གསུམ་རྣམས། །དབང་དུ་བསྡུས་ནས་ལྟེ་བའི་ལྷར་ཐིམ་བསྒོམ། །བར་རླུང་གསུས་པ་སྦྱང་ཞིང་ཕོ་སྐོར་བྱ། །དེ་ནི་དགོང་མོའི་བར་གྱི་བསྒོམ་བྱ་ཡིན། །སླར་ཡང་ལྷ་ལྔའི་ལྷ་ཚོགས་གསལ་གདབ་སྟེ། །རྩ་ཡི་བསྒོམ་ལུགས་རྣམས་ནི་གོང་དང་འདྲ། །ལྟེ་བའི་ཆོས་འབྱུང་པད་ཉིའི་སྟེང་དུ་ནི། །རྒྱལ་བ་རྒྱ་མཚོ་ཡབ་རྐྱང་ཕྱག་བཞི་པ། །སྤྱི་དང་མཐུན་པ་གཅིག་ནི་བཞུགས་པར་བསམ། །དེ་ཡི་ཐུགས་ཀར་ཧྲིལ་ཡིག་བཅུས་བསྐོར། །འདབ་བཞིར་གིང་ཆེན་བཞི་པོ་ཡབ་རྐྱང་ལ། །དམར་པོ་འདོར་ཐབས་གྲི་ཐོད་ཁ་ཊཾ་འཛིན། །ཐུགས་ཀར་ར་ཙ་ཧིཡ་འབྲུ་བཞིའི་མཚན། །དེ་དག་སྐུ་ལས་འོད་ཟེར་དམར་པོ་འཕྲོས། །སྟེང་དུ་བཞུགས་པའི་གྲུབ་ཐོབ་རྒྱ་མཚོ་དང་། །གཡས་


CMR026_Page_0308
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་དཔའ་བོ་དཔའ་མོ་རྒྱ་མཚོའི་ཚོགས། །བྱང་སེམས་བདུད་རྩི་འདོད་ཡོན་རྣམ་ལྔ་ཡི། །རྣམ་པར་ཞུ་ནས་རྩ་གསུམ་ནང་དུ་བབས། །ལྟེ་བའི་ལྷ་ལ་མཆོད་པ་ཕུལ་ནས་ཐིམ། །སླར་ཡང་ལྟེ་བའི་ལྷ་ལས་འོད་ཟེར་འཕྲོས། །ལྷ་འདྲེ་མི་གསུམ་བསྡུས་ནས་ལྟེ་བ་ཡི། །ལྷར་ཐིམ་བར་རླུང་བཟུང་ཞིང་ཕོ་སྐོར་བྱ། །དེ་ནི་མུན་རུབ་བར་དུ་བསྒོམ་པ་ཡིན། །སྲོད་ལ་སླར་ཡང་བདག་བསྐྱེད་ཝིག་ན་ལེགས།། །མ་གྲུབ་ལྷ་རྣམས་ཡིད་ཀྱིས་གསལ་གདབ་སྟེ། །ཡེ་ཤེས་སྤྱན་དྲངས་དབང་བསྐུར་རྒྱས་གདབ་བསྒོམ། །རྩ་གསུམ་བསྒོམ་ལུགས་ལ་སོགས་གོང་ལྟར་ལས། །ལྟེ་བར་ཆོས་འབྱུང་པདྨ་ཉི་ཟླའི་སྟེང་། །གསང་བ་ཡེ་ཤེས་ཕྱག་བཞི་གཞུང་ལྟར་བསྒོམ། །ཐུགས་ཀར་པད་ཉིའི་སྟེང་དུ་ཧཱུྃཡིག་མཐར། །ཨོཾ་འབྱར་དྷ་མ་གྷ་ཡེ་གཡོན་དུ་བསྐོར། །འདབ་བཞིར་རིགས་བཞིའི་མཁའ་འགྲོ་བཞི་ཀ་དམར། །གྲི་ཐོད་ཁ་ཊཾ་འཛིན་ཅིང་གར་སྟབས་འཁྱུད། །ཐུགས་ཀར་ཧ་རི་ནི་ས་འབྲུ་རེས་མཚན། །འོད་དམར་འཕྲོས་པས་སྟེང་དང་གཡས་གཡོན་གྱི། །གྲུབ་ཐོབ་དཔའ་བོ་དཔའ་མོ་རྒྱ་མཚོའི་ཚོགས། །འོད་ཞུ་བདུད་རྩིར་གྱུར་པ་རྩ་གསུམ་བརྒྱུད། །ལྟེ་བའི་གསང་ཡེ་མཆོད་ཅིང་ཐིམ་པ་


CMR026_Page_0309
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །འོད་འཕྲོས་སྟོང་གསུམ་ལྷ་འདྲེ་མི་གསུམ་རྣམས། །བསྡུས་ནས་འོད་ཞུ་ལྟེ་བའི་ལྷར་ཐིམ་བྷོ། །དེ་ལྟར་སྔ་དྲོ་ཐུན་གཅིག་དགོང་ཐུན་གཉིས། །མཚན་མོའི་ཐུན་དང་ཐུན་བཞིས་སྐབས་རྣམས་སུ། །གང་མོས་གཅིག་ཏུ་གཏོར་བསྔོས་བྱ་དགོས་ཀྱི། །གལ་ཏེ་མདུན་བསྐྱེད་ཚོགས་འཁོར་ཡོད་ན་ཡང་། །གང་མོས་སྐབས་སུ་འདོན་ཅིང་མཆོད་བསྟོད་བྱ། །མདུན་བསྐྱེད་ལ་དམིགས་བསྙེན་པ་བྱ་རྒྱུ་མེད། །འདི་ཉིད་རྒྱུན་ཁྱེར་བྱ་བའི་དབང་དུ་ཡིན། །གལ་ཏེ་མཚམས་བྱེད་རྩེ་གཅིག་སྒྲུབ་ན་ནི། །བདག་བསྐྱེད་ཐུན་བཞིར་ཐུན་མཚམས་གཏོར་བསྔོས་བྱ། །གཏོར་མགྲོན་རྟེན་ལ་བསྟིམ་མམ་རྟེན་མེད་ན། །རང་ལ་ཐིམ་དམིགས་འཇིག་རྟེན་རང་གནས་གཤེགས། །སྒྲུབ་པ་ཚར་རྗེས་དགའ་སྟོན་ཚོགས་འཁོར་དང་། །རྗེས་ཆོག་བྱ་ཡི་དངོས་གྲུབ་ལེན་ཆོག་མེད། །འདི་ལ་སྦྱིན་སྲེག་ཆེད་དུ་མི་དགོས་སོ། །གསང་སྒྲུབ་འཁོར་ལོ་གཅིག་མའི་སྒྲུབ་ཐབས་འདི། །ཐབས་མཁས་མཐར་ཕྱིན་གཉིས་ཀྱིས་བསྐུལ་བ་དང་། །དྲིན་ཆེན་རྡོ་རྗེའི་མཚན་ཅན་དགོངས་རྫོགས་ཕྱིར། །མེ་ལུག་ས་ག་ཟླ་བའི་བཅུ་བདུན་གྱི། །དགོང་མོའི་ཐུན་ལ་རཱ་ག་ཨ་སྱས་གདམས། །ཡི་གེའི་


CMR026_Page_0310
[མ་དཔེ་གཟིགས་ན་འདིར་གནོན།]

འབྲི་བྱེད་བྷ་ཏ་ཧོར་གྱི་རིགས། །རིགས་བཟང་བློ་གསལ་ང་རྒྱལ་མེད་པ་སོགས། །སྐལ་ལྡན་སློབ་མའི་མཚན་ཉིད་ཡོངས་རྫོགས་པ། །དགེ་བཤེས་ཡོན་ཏན་ཕུན་ཚོགས་མཐར་ཕྱིན་པས། །གསང་སྔགས་ཆོས་འདི་སོར་མོའི་རྩེ་ནས་འཁྲུངས། །འདི་ལ་འགལ་འཁྲུལ་ཉེས་པའི་ཆ་མཆིས་ན། །ཊཱཀི་དམ་ཅན་རྒྱ་མཚོའི་ཚོགས་ལ་བཤགས། །དགེ་བས་ཞིང་གཤེགས་སྤྲུལ་པའི་སྐུ་དེ་ཉིད། །ས་ལམ་ཡོན་ཏན་གོང་དུ་འཕེལ་བ་དང་། །འགྲོ་ཀུན་བླ་མེད་བྱང་ཆུབ་ཐོབ་ཕྱིར་བསྔོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབཅོམ་ལྡན་འདས་འཇིག་རྟེན་དབང་ཕྱུག་རྒྱ་མཚོ་ལྔའི་དཀྱིལ་འཁོར་གྱི་མངོན་པར་རྟོགས་པ་བྱིན་རླབས་ཐོགས་མེད་འགུགས་པའི་ལྕགས་ཀྱུ་ཞེས་བྱ་བ་ལས། གསང་སྒྲུབ་འཁོར་ལོ་གཅིག་མའི་ཟིན་བྲིས།next