Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡང་གསང་སེམས་ལ་བཀོད་པའི་སྒྲུབ་ཐབས་དང་། སྐུ་གསུམ་སྐུ་བཞིའི་ངོ་སྤྲོད་རྣམས་གཅིག་ཏུ་བསྡོམས་པའི་ཟིན་བྲིས།
  
  
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡང་གསང་སེམས་ལ་བཀོད་པའི་སྒྲུབ་ཐབས་དང་། སྐུ་གསུམ་སྐུ་བཞིའི་ངོ་སྤྲོད་རྣམས་གཅིག་ཏུ་བསྡོམས་པའི་ཟིན་བྲིས།next

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡང་གསང་སེམས་ལ་བཀོད་པའི་སྒྲུབ་ཐབས་དང་། སྐུ་གསུམ་སྐུ་བཞིའི་ངོ་སྤྲོད་རྣམས་གཅིག་ཏུ་བསྡོམས་པའི་ཟིན་བྲིས།


CMR026_Page_0311
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡང་གསང་སེམས་ལ་བཀོད་པའི་སྒྲུབ་ཐབས་དང་། སྐུ་གསུམ་སྐུ་བཞིའི་ངོ་སྤྲོད་རྣམས་གཅིག་ཏུ་བསྡོམས་པའི་ཟིན་བྲིས་བཞུགས་པའི་དབུ་ཕྱོགས་ལགས་སོ།།


CMR026_Page_0312
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ལོ་ཀེ་ཤྭ་ར་ཀཱ་ཡ་ཙ་ཏུར་ཡེ། སྐུ་བཞིའི་བདག་ཉིད་བཅོམ་ལྡན་འདས། །སྤྱན་རས་གཟིགས་ལ་ཕྱག་འཚལ་ལོ། །བཀའ་གནང་བྱིན་གྱིས་བརླབ་ཏུ་གསོལ། །རྡོ་རྗེ་སྙིང་པོའི་རྒྱ་གཞུང་ལས། །ཕྱི་ལྟར་རྒྱལ་བ་རྒྱ་མཚོའི་ཚོགས། །མ་ལུས་ཕྱི་རུ་འགོད་པ་དང་། །ནང་ལྟར་ལུས་ལ་འགོད་པ་དང་། །གསང་བ་རྩ་ལ་འགོད་པ་དང་། །ཡང་གསང་དེ་ཉིད་སེམས་ལ་འགོད། །དེ་ཡང་བསྙེན་སྒྲུབ་ལས་གསུམ་སྟེ། །ཡང་གསང་འབྲས་བུའི་ངོ་སྤྲོད་བྱ། །གསུངས་པའི་ངོ་སྤྲོད་དེ་ཉིད་ནི། །སྐུ་གསུམ་སྐུ་བཞིའི་ངོ་སྤྲོད་ཡིན། །ཟབ་ཆོས་སྐུ་གསུམ་ངོ་སྤྲོད་དེ། །ཏཻ་


CMR026_Page_0313
[མ་དཔེ་གཟིགས་ན་འདིར་གནོན།]

ལོ་ནཱ་རོ་ནས་བརྒྱུད་དེ། །སྙན་བརྒྱུད་ཡི་གེ་མེད་པ་ཡིན། །རིན་ཆེན་གླིང་པའི་ཤོག་སེར་ལས། །ཐུགས་རྗེ་ཆེན་པོ་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོའི་ཕྲིན་ལས་ཀྱིས། །རྒྱ་བོད་ཧོར་གསུམ་འདུས་པ་ཡིན། །དུས་གསུམ་མཁྱེན་པ་མཚུར་ཕུར་ཞེས། །གྲགས་པ་ཀརྨའི་མིང་ཅན་འབྱུང་། །ཨོ་རྒྱན་ང་ཡི་ཟབ་ཆོས་ལ། །རྩལ་དང་ཡོན་ཏན་རྫོགས་པར་སྟོན། །ཞེས་གསུངས་ལུང་བསྟན་ཅི་བཞིན་ཏུ། །རང་བྱུང་རྡོ་རྗེས་ཡི་གེར་བཀོད། །དེ་རྗེས་ཡབ་སྲས་ན་རིམ་རྣམས། །ཁྲིད་ཡིག་རྒྱས་བསྡུས་མང་དུ་མཛད། །ཟིན་བྲིས་བསྐྱེད་རྫོགས་ཆ་ཚང་ཕྱིར། །རྩ་ཚིག་


CMR026_Page_0314
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་སུ་བླངས་བདེར་བརྗོད། །དབང་པོ་ཐ་མའི་གང་ཟག་ལ། །སྐྱབས་སེམས་ཡིག་བརྒྱ་མཎྜལ་ཏེ། །ལྷ་ལྔའི་ཆོ་ག་དོན་གྱིས་ཚང་། །དབང་པོ་འབྲིང་གི་གང་ཟག་ལ། །གདན་བཞི་ཆོས་ཀྱི་འཁོར་ལོ་བསྐོར། །བཅའ་བ་ལུས་ཀྱི་གནད་དང་གཅིག །མོས་གུས་བླ་མའི་གནད་དང་གཉིས། །སྲོག་རྩོལ་རླུང་གི་གནད་དང་གསུམ། །རྩོལ་བ་ལུས་སྦྱངས་གནད་དང་བཞི། །གནད་བཞི་ལྡན་པའི་གཏུམ་མོ་བྷཻཾ། །གསང་སྒྲུབ་རྣམས་ལ་དོན་གྱིས་ཚང་། །རྒྱས་པར་གཞན་དུ་གསལ་ལྟར་ཡིན། །རྫོགས་རིམ་བསྐྱེད་རིམ་འདི་རྣམས་ཀྱང་། །རྣམ་པར་རྟོག་པའི་བསྐྱེད་རིམ་མིན། །རྣམ་པར་མི་རྟོག་བསྐྱེད་རིམ་སྟེ། །སྟོང་ཉིད་ལྟ་བའི་ངང་ནས་བསྒོམ། །པདྨ་ཉི་ཟླ་བརྩེགས་པའི་སྟེང་། །དྲན་རྫོགས་རང་ཉིད་བཅོམ་ལྡན་འདས། །ཤཱཀ་ཐུབ་བཙོ་མ་གསེར་གྱི་མདོག །མཚན་དཔེས་རྒྱན་ལྡན་སྐྱིལ་ཀྲུང་བཞུགས། །ཆོས་གོས་རྣམ་གསུམ་སྐུ་ལ་གསོལ། །ཐུགས་ཀར་ཟླ་སྟེང་ཧཱུྃ་སེར་མཚན། །རླུང་ནི་ཕར་ལ་གཏོང་བའི་དུས། །སྐུ་ལ་སངས་རྒྱས་སྟོང་རྩ་དང་། །ཤཱཀ་ཐུབ་བྱེ་བ་གྲངས་མེད་འཕྲོས། །འཇིག་རྟེན་ཐམས་ཅད་སེར་ལྟེམས་གང་། །དེ་དག་ཀུན་གྱིས་ཆོས་གསུངས་


CMR026_Page_0315
[མ་དཔེ་གཟིགས་ན་འདིར་གནོན།]

པས། །འགྲོ་དྲུག་ཤཱཀ་ཐུབ་དེ་འདྲ་བ། །ཁོ་ནའི་སྐུ་རུ་གྱུར་པ་དེ། །རླུང་གཅིག་ཚུར་ལ་རྔུབ་པའི་དུས། །ཐམས་ཅད་ཚུར་འདུས་དབུ་མར་ཐིམ། །མི་དམིགས་ངང་ལ་མཉམ་པར་བཞག །སྟོང་ཉིད་ངང་ནས་སྙིང་རྗེ་བསྒོམ། །རིག་པ་ལྟ་བའི་དབུས་སུ་གཏད། །དེ་ལྟར་ཡང་ཡང་སྒོམས་པ་ཡིས། །ཆོས་ཀུན་སྤྲུལ་སྐུར་རྟོགས་པར་གསུངས། །དེ་དོན་ཕ་རྒྱུད་གསང་འདུས་ལས། །མདོར་ན་ཕུང་པོ་ལྔ་རྣམས་ནི། །སངས་རྒྱས་ལྔ་རུ་རབ་ཏུ་གྲགས། །སྐྱེ་མཆེད་ཁམས་དང་དབང་པོ་ནི། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་མཆོག །ཅེས་གསུངས་རྒྱལ་བ་བྱམས་པས་ཀྱང་། །རྫོགས་སངས་སྐུ་ནི་འཕྲོ་ཕྱིར་དང་། །དེ་བཞིན་ཉིད་དབྱེར་མེད་ཕྱིར་དང་། །རིགས་ཡོད་ཕྱིར་ན་ལུས་ཅན་རྣམས། །རྟག་ཏུ་སངས་རྒྱས་སྙིང་པོ་ཅན། །ཞེས་གསུངས་འགྲོ་བ་སེམས་ཅན་རྣམས། །ཡི་དམ་ལྷ་ཡི་ཡང་སྤྲུལ་དུ། །དགོངས་འདུས་རྒྱུད་ལས་གསུངས་པའི་ཕྱིར། །འགྲོ་དྲུག་སྤྲུལ་སྐུ་ཉིད་ཡིན་ཀྱང་། །མ་རྟོགས་ཐ་མལ་ཞེན་པས་བསྒྲིབས། །བསྒོམས་པས་ཐ་མལ་འཁྲུལ་པ་སྦྱངས། །སྣང་སྲིད་སྤྲུལ་སྐུར་རྟོགས་པར་བཤད། །དེ་དོན་རྡོ་རྗེའི་ཚིག་རྐང་ལས། །པུ་


CMR026_Page_0316
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཧ་རིའི་འོག་ཁང་དུ། །སྤྲུལ་སྐུ་ཐོགས་མེད་ཆར་རྒྱུན་འབེབ། །རྡོ་རྗེའི་ཚིག་རྐང་གཉིས་དེའོ། །པདྨ་ཉི་མ་ཟླ་བའི་སྟེང་། །དྲན་རྫོགས་རང་ཉིད་སྐད་ཅིག་གིས། །རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །ཡབ་རྐྱང་མངོན་རྟོགས་བཞིན་དུ་བསྒོམ། །ཐུགས་ཀར་ཟླ་སྟེང་ཧཱུྃཡིག་མཐར། །ཡི་གེ་དྲུག་པས་བསྐོར་བར་བསམ། །རླུང་གཅིག་ཕྱི་རུ་བུས་པ་ཡིས། །སྣ་བུག་བ་སྤུའི་བུ་ག་ནས། །འོད་ཟེར་ཁ་དོག་སྣ་ལྔའི་ཚོགས། །ཕྱོགས་བཅུའི་འཇིག་རྟེན་ཁྱབ་པར་འཕྲོས། །རིགས་དྲུག་བར་དོར་བཅས་པ་ཡི། །འགྲོ་བ་སེམས་ཅན་ཟློམ་ལུས་པ། །ལོངས་སྤྱོད་རྫོགས་སྐུ་སྤྱན་རས་གཟིགས། །རྒྱལ་བ་རྒྱ་མཚོ་ཤ་སྟག་གྱུར། །རླུང་གཅིག་ཚུར་ལ་རྡུབ་པ་ཡིས། །ཐམས་ཅད་ཚུར་འདུས་རང་ལ་ཐིམ། །ངོ་བོ་རྗེན་པའི་ངང་ལ་བཞག །ཡང་གཅིག་འོད་ཟེར་འཕྲོས་པ་ཡིས། །དག་པའི་ཞིང་ཁམས་རབ་འབྱམས་ན། །ལོངས་སྤྱོད་རྫོགས་སྐུ་ཐམས་ཅད་ལ། །མཆོད་པའི་སྤྲིན་སྤུང་རྒྱ་མཚོས་མཆོད། །དེ་ཀུན་རྒྱལ་བ་རྒྱ་མཚོར་གྱུར། །རླུང་གཅིག་ཚུར་ལ་རྔུབ་པ་ཡིས། །ཐམས་ཅད་ཚུར་འདུས་བདག་ལ་ཐིམ། །ངོ་བོའི་སྟེང་དུ་ལྷང་ངེར་བཞག །རིག་པ་མགྲིན་པའི་


CMR026_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གནས་སུ་ཐིམ། །དེ་ལྟར་ཡང་ཡང་བསྒོམས་པ་ཡི། །ཆོས་ཀུན་ལོངས་སྤྱོད་རྫོགས་སྐུར་སྟོན། །ཡོན་ཏན་དཔག་ཏུ་མེད་པ་འབྱུང་། །ལོངས་སྐུའི་ལྷ་ཚོགས་ཞལ་མཐོང་ཞིང་། །རང་ཉིད་མ་འོངས་ལོངས་སྐུ་ཡིས། །སེམས་ཅན་དོན་བྱེད་ནུས་པར་གསུངས། །སྣང་སྲིད་འཁོར་འདས་ཆོས་རྣམས་ཀུན། །ངོ་བོ་སྟོང་ལ་རང་བཞིན་གསལ། །གསལ་སྟོང་ཟུང་འཇུག་ལོངས་སྐུ་ཡི། །རྟོགས་པ་ཤུགས་ཀྱིས་འཆར་བར་འགྱུར། །དེ་དོན་རྡོ་རྗེའི་ཚིག་རྐང་ལས། །པུ་ལ་ཧ་རིའི་བར་ཁང་དུ། །ལོངས་སྤྱོད་རྫོགས་སྐུ་བརྡ་ཡི་མཚོན། །ཞེས་པའི་དོན་གྱི་ཉམས་ལེན་ནོ། །རྒྱལ་བ་རྒྱ་མཚོའི་ལྷ་ཚོགས་རྣམས། །ཡང་གསང་སེམས་ལ་འགོད་པ་དང་། །དྲན་རྟོག་ཐུགས་ཀྱི་ཁྱེར་སོ་དང་། །དབུ་ཕྱག་རྫོགས་གསུམ་ཉམས་ལེན་རྣམས། །དོན་གཅིག་མིང་གི་རྣམ་གྲངས་ཡིན། །རྡོ་རྗེའི་སྙིང་པོའི་རྒྱ་གཞུང་ལས། །ཡང་གསང་སེམས་ལ་འགོད་པ་ནི། །དབེན་གནས་ཕྱི་རོལ་མི་བཙལ་ཏེ། །ལུས་འདི་གཞལ་ཡས་ཁང་ཉིད་ཡིན། །ལྷ་སྐུ་གཞན་དུ་མི་བཙལ་ཏེ། །སེམས་ཉིད་སྐྱེ་འགག་མེད་པ་དེ། །རིགས་ཀྱི་བདག་པོ་བླ་མ་ཡིན། །མ་རྟོགས་ཉོན་མོངས་གཏི་མུག་དེ། །


CMR026_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

རྟོགས་གྲོལ་ཐུགས་རྗེ་ཆེན་པོ་ཡིན། །ཡིད་བྱེད་རྟོགས་ཚོགས་འཕྲོ་བ་དེ། །རྟོགས་པ་སངས་རྒྱས་སྟོང་རྩ་ཡིན། །ཞེ་སྡང་གདུག་སེམས་ལྡན་པ་དེ། །གཞི་མེད་རྟོགས་པ་རྟ་མགྲིན་ཡིན། །འདོད་ཆགས་གདུང་སེམས་ཏུར་ཏུར་དེ། །རྩ་བྲན་ཤར་བ་གསང་ཡེ་ཡིན། །ཉོན་མོངས་ང་རྒྱལ་རྟོགས་ཚོགས་རྣམས། །ངར་འཛིན་བྲལ་བ་དཔའ་བོ་ཡིན། །ཕྲག་དོག་རླུང་ལྟར་འཚུབ་པ་དེ། །རེ་དོགས་ཟད་པ་དཔའ་མོ་ཡིན། །ཆུ་ཁམས་ཁྲག་དང་རྣམ་ཤེས་དེ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་ཡིན། །རྩ་ཁམས་ཤ་དང་ཚོར་བ་ནི། །རིན་ཆེན་མཁའ་འགྲོ་མ་ཞེས་གྲགས། །མེ་ཁམས་དྲོད་དང་འདུ་ཤེས་དེ། །པདྨ་རིགས་ཀྱི་མཁའ་འགྲོ་ཡིན། །རླུང་ཁམས་དབུགས་དང་འདུ་བྱེད་དེ། །ལས་ཀྱི་མཁའ་འགྲོ་ཞེས་སུ་བཤད། །ནམ་མཁའི་ཁམས་དང་སེམས་ཉིད་དེ། །གཟུགས་ཀྱི་ཕུང་པོ་བདེ་གཤེགས་རིགས། །པདྨ་མཁའ་འགྲོ་དྲྭ་བ་འོ། །སྐྱེ་མཆེད་ཚོགས་དྲུག་དེ་ཡི་ཡུལ། །འདོད་ཡོན་མཆོད་པའི་ལྷ་མོ་ཡིན། །དགེ་དང་མི་དགེའི་རྟོག་ཚོགས་རྣམས། །དམ་ཅན་བཀའ་སྡོད་སྲུང་མར་བཤད། །དེ་ལྟར་སེམས་ཀྱི་ངོ་བོ་དེ། །མ་རྟོགས་འཁྲུལ་པ་འཁོར་བ་དེ། །དེ་ཤེས་རྟོགས་པ་མྱ་


CMR026_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

ངན་འདས། །ལྷ་སྐུ་སེམས་ཀྱི་རིག་རྩལ་དེ། །དངོས་པོར་བཟུང་བ་འཁྲུལ་པ་ཡིན། །ལྷ་ཡང་སེམས་ཉིད་ཆོས་སྐུར་གསལ། །སྔགས་ནི་སྨྲ་བརྗོད་བྲལ་བའི་ཕྱིར། །ཕྱི་ནང་རླུང་གི་རྒྱུ་བ་ཡང་། །སྨྲས་ཚད་གྲག་སྟོང་བརྗོད་མེད་ཡིན། །གདོད་ནས་དག་པའི་རིག་པ་འདི། །ཡེ་ནས་ཆོས་སྐུར་གནས་པ་ལ། །ངོ་སྤྱོད་དེ་ངོ་ཤེས་པ་ཡི། །ཆོས་དབྱིངས་ཡེ་ཤེས་རྟོགས་པ་དེ། །སངས་རྒྱས་ཞེས་སུ་གྲགས་པ་ཡིན། །གོམས་འདྲིས་བརྟན་ན་དྲོད་རྟགས་འཆར། །དེ་ལྟར་ཆོས་སྐུའི་ངོ་བོ་ལ། །བཟུང་བར་བྱ་བའི་ཡུལ་ཡང་མེད། །ཁམས་དྲོད་རྟགས་དང་ཉམས་མྱོང་ལ། །མ་ཆགས་རང་བྱུང་རྩ་ནས་དག །རང་དོན་ཆོས་སྐུ་མངོན་གྱུར་ཏེ། །གཞན་དོན་གཟུགས་སྐུ་ལྷུན་གྲུབ་འགྱུར། །འཁོར་བ་མྱ་ངན་འདའ་བར་འགྱུར། །སྙན་བརྒྱུད་དྲི་མ་མེད་པའོ། །དེ་བཞིན་དགྱེས་རྡོར་རྒྱུད་ལས་ཀྱང་། །འཇིག་རྟེན་ཁམས་ནི་གང་དུ་ཡང་། །སངས་རྒྱས་གཞན་ནས་རྙེད་མི་འགྱུར། །སེམས་ནི་རྫོགས་པའི་སངས་རྒྱས་ཡིན། །ཞེས་གསུངས་སེམས་ལ་ལྷ་ཚོགས་ཚང་། །འོན་ཀྱང་གཟུགས་དང་དངོས་པོ་མེད། །དེ་དོན་རྟོགས་པ་གཉིས་པ་ལས། །གཟུགས་མེད་མཐོང་བ་པོ་


CMR026_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་སེམས། །སྒྲ་མེད་ཐོས་པ་པོ་ཡང་སེམས། །དྲི་མེད་རྩོམ་པ་པོ་ཡང་སེམས།། །རོ་མེད་མྱོང་བ་པོ་ཡང་སེམས། །རེག་མེད་རེག་པ་པོ་ཡང་སེམས། །སེམས་མེད་སེམས་ལས་བྱུང་བའང་སེམས། །དེ་ཉིད་ཉམས་སུ་ལེན་པའི་ཚུལ། །པདྨ་རྒྱལ་པོའི་རྒྱུད་ཉིད་ལས། །དེ་ལ་མ་ཡེངས་ནང་དུ་བདེ། །སེམས་ལ་ཡེ་ཤེས་ཆེན་པོ་སྐྱེས། །སེམས་དབེན་རྟོག་པ་ངན་པ་མེད། །སྣང་ལ་རང་བཞིན་མེད་པར་མཐོང་། །སྒྱུ་མ་ལྟ་བུར་བསྡུས་པ་ཡིན། །གསལ་ལ་མི་རྟོགས་འོད་གསལ་ལོ། །ཐམས་ཅད་སྤྲོས་པ་མེད་པར་རྟོགས། །བདེ་དང་སྟོང་པ་གཅིག་ཏུ་སྣང་། །འབྲས་བུ་ཞེས་བྱ་ཟུང་འཇུག་ཡིན། །དེ་དོན་རིག་ཐོག་ངོ་སྤྲད་པ། །མཁའ་སྤྱོད་དབང་པོས་གསུངས་པའི་དོན། །བསྡུས་པར་བརྗོད་ན་འདི་ལྟ་སྟེ། །འཁོར་བ་ཐམས་ཅད་སེམས་ལ་རྟོགས། །དེ་ནི་དགའ་བའི་ཡེ་ཤེས་སོ། །སེམས་ཉིད་སྤྲོས་དང་བྲལ་བར་རྟོགས། །དེ་ནི་མཆོག་དགའི་ཡེ་ཤེས་སོ། །སེམས་ཉིད་སྐུ་ལྔ་ལྷུན་གྲུབ་རྟོགས། །དེ་ནི་ཁྱད་དགའི་ཡེ་ཤེས་སོ། །འཁོར་འདས་དབྱེར་མེད་ཟུང་འཇུག་རྟོགས། །ལྷན་ཅིག་སྐྱེས་དགའི་ཡེ་ཤེས་སོ། །དབང་བཞི་སྐུ་བཞིའི་ཡེ་ཤེས་བཞི། །སེམས་ཉིད་སྟེང་དུ་སྐད་ཅིག་


CMR026_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

རྫོགས། །དབང་བཞི་གཅིག་རྫོགས་བཟླ་བར་གསུངས། །ཨོྃ་ཨཱཿཧཱུྃ་ཧྲཱི༔ཡིག་འབྲུ་བཞི། །སངས་རྒྱས་ཀུན་གྱི་སྐུ་བཞིའི་སྔགས། །ཡིག་དྲུག་གཅིག་ཙམ་ཡིག་འབྲུ་ལྔ། །འབུམ་ཚོ་གཅིག་ཙམ་བཟླས་ན་ཡང་། །རྟགས་ནི་རབ་འབྲིང་ཐ་གསུམ་སོགས། །སྣ་ཚོགས་མི་འབྱུང་མི་སྲིད་པས། །སྐུ་བཞི་ངོ་སྤྲོད་ཟབ་མོའི་གནད། །སློབ་བུ་རྣམས་༎ ཀྱིས་ཤེས་གྱིས་ལ། །འགྲུབ་རྟགས་སྣ་ཚོགས་འཛམ་བུ་གླིང་། །ཁྱབ་པར་སྟོན་གཅིག་པཀཱིས་གསུངས། །དེ་དག་རྩ་བའི་ཚིག་རྐང་ལས། །པུལླ་ཧ་རིའི་ཡང་ཐོག་ཏུ། །ཆོས་སྐུ་སྤྲོས་མེད་བརྡ་ཡིས་མཚོན། །ཞེས་གསུངས་པ་ཡི་དོན་ཡིན་ནོ། །རང་ཉིད་རྒྱལ་བ་རྒྱ་མཚོ་ཡི། །ལྟེ་བར་གཏུམ་མོའི་མེ་སྦར་ལ། །འཁོར་འདས་སྣོད་བཅུད་ཐམས་ཅད་ཀུན། །བྱང་སེམས་དངུལ་ཆུ་ལྟ་བུར་ཞུ། །སྣ་བུག་ནས་རྡུབ་མེ་ལ་བསྟིམ། །རླུང་བཟུང་ཉམས་ལེན་ངང་ལ་བཞག །བདེ་བ་ཆེན་པོའི་སྐུ་ཡི་ནང་། །ངོ་སྤྱོད་བདེ་སྟོང་ཟུང་དུ་འཇུག །ཚེ་དང་བསོད་ནམས་ཡེ་ཤེས་རྒྱས། །སྣང་བ་ཐམས་ཅད་དབང་དུ་འདུས། །འགྲོ་འཆགས་བཟའ་བཏུང་ཉལ་ལ་སོགས། །སྤྱོད་ལམ་གང་དང་ཅི་བྱེད་ཀུན། །ཉམས་ལེན་དེ་རྣམས་བསྲེ་


CMR026_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་བསྒོམ། །མཉམ་རྗེས་ཟུང་དུ་འཇུག་པར་འགྱུར། །རྒྱུན་དུ་ཡིག་བཅུའམ་ཡིག་དྲུག་འབད། །མཇུག་ཏུ་བསྔོ་སྨོན་རྒྱ་ཡིས་གདབ། །རྫོགས་རིམ་རྩ་ཚིག་མདོར་བསྡུས་འདི། །མཐར་ཕྱིན་ཐབས་མཁས་གཉིས་ཀྱིས་བསྐུལ། །མེ་ལུག་ས་གའི་བཅུ་དགུ་ཡི། །དགོང་ཐུན་རཱ་ག་ཨ་སྱས་གདམས། །སྒོམ་ཆེན་མཐའ་རུ་ཕྱིན་པས་བྲིས། །ཉེས་འགལ་སྒྲུབ་བརྒྱུད་སྲུང་མར་བཤགས། །དགེ་བས་དྲིན་ཆེན་སྤྲུལ་སྐུ་ཉིད། །མྱུར་དུ་སྐུ་གསུམ་མངོན་བྱེད་ཤོག །ཀཾ་པོ་གངས་ཀྱི་སྒྲུབ་བརྒྱུད་པའི། །སྙན་བརྒྱུད་ཆོས་ཀྱི་བཅུད་འདི་ཡིན། །གྲུབ་མཐའ་གཞན་ལ་མ་གྲགས་སོ། །དེ་ཕྱིར་མ་འོངས་རྗེས་འཇུག་རྣམས། །ཉམས་ལེན་སྙིང་པོ་འདི་ལ་དྲིལ། །བསྐལ་པ་ཇི་ལྟར་ཞན་ན་ཡང་། །བར་དོར་སྐུ་གསུམ་མངོན་དུ་འགྱུར། །འདི་ལས་ཟབ་པའི་གདམས་པ་ནི། །འཇིག་རྟེན་འདི་ན་མི་སྲིད་པ། །མི་བསྐྱོད་རྒྱལ་བའི་གསུངས་ལས་སོ།། །།ཤུ་བྷཾ་མ་སྐུ་སརྦ་ཛ་ག་ཏཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousཐུགས་རྗེ་ཆེན་པོ་རྒྱལ་བ་རྒྱ་མཚོ་ལྷ་ལྔ་ལས། ཡང་གསང་སེམས་ལ་བཀོད་པའི་སྒྲུབ་ཐབས་དང་། སྐུ་གསུམ་སྐུ་བཞིའི་ངོ་སྤྲོད་རྣམས་གཅིག་ཏུ་བསྡོམས་པའི་ཟིན་བྲིས།next