Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།

2 occurrences of མགོན་པོ་བེང་
[Clear Hits]


  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
  
གསང་སྔགས་ནང་གཏོར་གྱི་བཅའ་ཐབས་ཟིན་བྲིས་གསལ་བར་བཀོད་པ་བློ་གསལ་སྒྲོན་མེ།
  
  
  
  
  
  
 
  
  
  


2 occurrences of མགོན་པོ་བེང་
[Clear Hits]

 
previousགསང་སྔགས་ནང་གཏོར་གྱི་བཅའ་ཐབས་ཟིན་བྲིས་གསལ་བར་བཀོད་པ་བློ་གསལ་སྒྲོན་མེ།next

གསང་སྔགས་ནང་གཏོར་གྱི་བཅའ་ཐབས་ཟིན་བྲིས་གསལ་བར་བཀོད་པ་བློ་གསལ་སྒྲོན་མེ།


CMR026_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

གསང་སྔགས་ནང་གཏོར་གྱི་བཅའ་ཐབས་ཟིན་བྲིས་གསལ་བར་བཀོད་པ་བློ་གསལ་སྒྲོན་མེ་བཞུགས་སོ།


CMR026_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱ་གར་སྐད་དུ། གུ་རྒྱ་མན་བ་ལིང་ཨུ་པ་དེ་ཤ་ན་མ། བོད་སྐད་དུ། གསང་བ་སྔགས་ཀྱི་གཏོར་མའི་ཞལ་གདམས་ཞེས་བྱ་བ། །འཇམ་དབྱངས་བླ་མའི་ཞབས་ལ་ཕྱག་འཚལ་ལོ། །གཏོར་མའི་དབྱེ་བ་ཕྱི་ནང་གསང་བ་གསུམ། །ཕྱི་ནི་ཆུ་སྦྱིན་གསང་བ་ལུས་སྦྱིན་ཡིན། །འདི་ནི་གསང་སྔགས་ནང་གཏོར་གཏོར་བསྔོས་ཡིན། །དེ་ལ་རྟག་གཏོར་རྒྱུན་གཏོར་བསྐང་གཏོར་དང་། །སྒྲུབ་གཏོར་དབང་གཏོར་རྟེན་གཏོར་དུས་གཏོར་དང་། །མདོས་གཏོར་ཟློག་གཏོར་བསད་གཏོར་ཐུན་གཏོར་དང་། །གཏོར་འབུལ་གློ་བུར་ལས་བཅོལ་གཏོར་མ་དང་། །རྟག་གཏོར་དང་ནི་རྣམ་


CMR026_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

གྲངས་བཅུ་གཉིས་ལས། །རྟག་གཏོར་ཕུག་གཏོར་གོང་གཏོར་དོན་གཅིག་སྟེ། །རིམ་གྲོ་མཚམས་སོགས་མ་གྲོལ་བར་དུ་བཞག །ལོ་རེ་ལན་རེ་བརྗེ་འམ་རྟག་ཏུ་བཞག །དེ་ཕྱིར་རྟག་གཏོར་ཞེས་སུ་བཤད་པ་ཡིན། །དེ་ལ་ཕུག་གཏོར་གོང་ནས་ཕྱིར་བཤམས་ཕྱིར། །གོང་གཏོར་ཕུག་གཏོར་ཞེས་སུ་གྲགས་པ་ཡིན། །ནངས་ནུབ་གསོ་བྲན་བྱ་ཞིང་གསང་སྔགས་ཀྱི། །ལྷ་གཞུང་འདོན་ཞིང་གཏོར་བསྔོས་བྱ་བའི་ཕྱིར། །གསང་སྔགས་ནང་གཏོར་ཞེས་སུ་གྲགས་པ་ཡིན། །འདི་ལ་བཅའ་ཚོགས་ཕྱག་ལེན་མཐའ་ཡས་པ། །གྲུབ་མཐའ་སོ་སོར་དར་ཕྱིར་བཤད་མི་ལོངས། །


CMR026_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ནི་རྗེས་འཇུག་གསར་བུ་པ་རྣམས་ལ། །ཕན་ཕྱིར་རང་གིས་གཏོར་བསྔོས་རྒྱས་པའི་ལུགས། །བཤད་པ་འབྲིང་དང་བསྡུས་པའང་ཤུགས་ཀྱིས་ཤེས། །གཏོར་མའི་རྫ་ས་ནི་ཤ་ལྔ་བདུད་རྩི་ལྔ། །ཡིན་ཞེས་ཕལ་པས་དངོས་སུ་བསྲེ་མི་རུང་། །རང་གི་དྲི་ཆེན་དངོས་སུ་ག་པུར་བསྒྱུར། །རང་གི་ཁྲག་ནི་འོ་མར་བསྒྱུར་ཐུབ་རུང་། །མེད་ཀྱང་ཐབས་ནི་ཆག་པ་མ་ཡིན་ཏེ། །ཡིད་ཀྱིས་བསྒོམ་པར་ཆོག་པ་རྒྱུད་ནས་གསུངས། །དགོས་པ་ཤ་ལྔས་དངོས་གྲུབ་ལྔ་འགྲུབ་ཕྱིར། །ལྕགས་ཀྱུ་ལྔ་ཞེས་རྒྱུད་ནས་གསུངས་པ་ཡིན། །བདུད་རྩི་ལྔ་ཞེས་མངོན་ཤེས་ལྔ་གསལ་ཕྱིར། །སྒྲོན་མེ་ལྔ་ཞེས་རྒྱུད་ནས་གསུངས་པ་ཡིན། །མཐར་ཐུག་འབྲས་བུ་རིགས་ལྔ་ཡབ་ཡུམ་བཅུ། །གྲུབ་པའི་རྫས་མཆོག་ཁྱད་པར་འཕགས་པ་ཡིན། །འབྲུ་སྣ་སྨན་སྣ་ཟས་སྣ་ཕུད་སྣ་ཚོགས། །རིན་ཆེན་སྣ་ཚོགས་ཕྱེ་མ་བསྲེས་བྱས་ལ། །ལོངས་སྤྱོད་འཕེལ་ཞིང་ནད་མེད་བདེ་བ་ཡི། །ཐབས་སུ་མན་ངག་ལས་ཚོགས་འགའ་ལས་འབྱུང་། །སྨན་སྒྲུབ་ཕྱེ་མ་ནང་དུ་བསྲེས་བྱས་པས། །གྲོག་མའི་ཁམ་བུ་གང་ལ་མཁའ་འགྲོ་མ། །འབུམ་ཕྲག་འདུ་བར་སྨན་སྒྲུབ་གཞུང་ནས་གསུངས། །ཕུད་ཉམས་བཀའ་ཆད་འབྱུང་ཕྱིར་མ་


CMR026_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ཉམས་པའི། །ཟན་གྱི་མིང་ལ་ཚ་ཞེས་བྱ་བ་དེར། །ཆང་གི་སྙིང་ཁུར་བུར་སྦྲང་སྦྱར་བ་ལ། །གལ་ཞེས་བྱ་སྟེ་དེ་གཉིས་བསྲེ་བོ་ལ། །ཚེ་དང་གལ་གྱི་ཐུན་གཉིས་ཐུན་སྡེབས་ཟེར། །ཆང་གི་རང་ཁུའམ་ནི་ཟན་ཆང་ནི། །རུ་གཅིག་མར་ནི་རུ་གཉིས་ཞིབ་ཆེན་རྩམ་པ་བསྲེས། །བསིལ་དྲོད་སྙོམས་པའི་དུས་སུ་བཅའ་བྱས་པས། །ལོ་མང་སོང་ཡང་མི་རུལ་འབུ་མི་འཇུག །དགོངས་འདུས་གཏོར་མའི་དམར་ཁྲིད་ལག་ལེན་ལས། ༈ །བླ་མའི་གཏོར་མ་རིགས་ལྔ་གསུང་ན་ཡང་། །ཀུན་འདུས་བྱིན་རླབས་གཏོར་མ་ནི། །ཅོག་འདྲ་སྟོད་སྡེར་རྩེ་མོ་ཅན། །མཐེབ་སྐྱུ་པདྨ་འདབ་བརྒྱད་ལྟར། །ཟེའུ་འབྲུ་ཕུམ་ཕུམ་བཅས་པས་བསྐོར། །པདྨ་ཁ་འབུས་དབྱིབས་ལྟར་ལས། །དབུས་སུ་ཕྱུར་བུར་ཕྱུང་བའོ། །ཞེས་གསུངས་པ་ཡི་དོན་དང་མཐུན་པ་སྟེ། །སྟོད་ནི་ལྡིར་ཞིང་ཟླུམ་པོ་བུམ་པའི་དབྱིབས། །ཀུན་ཟླུམ་ཐིག་ལེ་ཆེན་པོས་མཚན་པ་སྟེ། །གཞོན་ནུ་བུམ་སྐུའི་ཀློང་དུ་སངས་རྒྱས་བརྡ། །མདུན་དུ་མར་རྒྱན་པདྨ་ཆེན་པོ་ནི། །ཆོས་སྐུའི་ཀློང་ནས་ལོངས་སྐུར་བཞེངས་པའི་བརྡ། །དེ་ནང་པདྨ་གཅིག་དང་གཉིས་བརྩེགས་ནི། །སྐུ་གཉིས་མི་འགལ་ཟུང་དུ་འཇུག་པའི་


CMR026_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

བརྡ། །ཕྱི་ཡི་པད་འདབ་སྤུ་ཤེད་བརྒྱད་ཅུ་དང་། །ནང་གི་པད་འདབ་སུམ་ཅུ་སོ་གཉིས་ནི། །དཔེ་བྱད་བརྒྱད་ཅུ་མཚན་བཟང་སོ་གཉིས་དང་། །བླ་མ་ལོངས་སྤྱོད་རྫོགས་སྐུར་ཚང་བའི་བརྡ། །གཏོར་མ་ཐམས་ཅད་དམར་པོ་དབང་གི་མདོག །རྗེས་འཇུག་དབང་གིས་སྨིན་ཅིང་གྲོལ་བའི་བརྡ། །དེ་ལ་དཀར་ཐིག་གྲངས་མེད་བརྒྱན་པ་ནི། །ཕྱོགས་བཅུར་སྤྲུལ་པ་གྲངས་མེད་འཕྲོ་བའི་བརྡ། །ཕྱོགས་བཞིར་ཞི་བའི་པད་འདབ་ཆེན་པོ་བཞི། །པད་འདབ་བཞི་འམ་ཀྱུ་གུ་བཞིས་བསྐོར་བ། །བསྡུ་དངོས་བཞི་ཡིས་འགྲོ་དོན་བྱེད་པའི་བརྡ། །ཀྱུ་གུ་རིལ་བུ་གཉིས་གཉིས་བརྒྱད་ཡོད་པ། །འཕགས་ལམ་ཡན་ལག་བརྒྱད་དང་ལྡན་པའི་བརྡ། །གཏོར་མའི་རྩེ་ལ་མུ་ཏིག་ཕྲེང་བ་ནི། །བརྒྱུད་པ་མུ་ཏིག་རྩ་ལ་བརྒྱུད་འདྲའི་བརྡ། །དེ་སྟེང་ཚེ་ཡི་བུམ་པ་བཞག་པ་ནི། །བླ་མ་ཚེ་དཔག་མེད་པ་བསྒྲུབ་པའི་རྟེན། །རྗེས་འཇུག་ཚེ་ཡི་དངོས་གྲུབ་འབྱུང་བའི་བརྡ། །བུམ་པའི་ཁ་རྒྱན་མེ་ཏོག་པདྨ་ནི། །བླ་མ་ཐུགས་རྗེ་ཆེན་པོ་བསྒོམ་པའི་རྟེན། །འབྲེལ་ཚད་དོན་ལྡན་འགྲོ་བ་འདྲེན་པའི་བརྡ། །དེ་སྟེང་རྡོ་རྗེ་ཕྱེད་པ་སྐྱེས་པ་ནི། །རྡོ་རྗེ་པདྨ་འབྱུང་གནས་བསྒོམ་པའི་རྟེན། །རྗེས་འཇུག་སྣང་སྲིད་ཟིལ་གྱིས་


CMR026_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

གནོན་པའི་བརྡ། །གཡས་གཡོན་ཟུར་དུ་སྐར་མ་ཤར་བ་ནི། །སྒྲུབ་བརྒྱུད་སྐར་འཚོགས་བཞིན་དུ་བཀྲ་བའི་བརྡ། །དེ་སྟེང་ཡར་ངོའི་ཟླ་བ་ཚེས་པ་ནི། །འགྲོ་བའི་མ་རིག་མུན་པ་སངས་བའི་བརྡ། །དེ་སྟེང་ཉི་མའི་དཀྱིལ་འཁོར་རྒྱས་པ་ནི། །མདོ་སྔགས་བསྟན་པའི་ཉི་འོད་གསལ་བའི་བརྡ། །དེ་སྟེང་ནོར་བུ་སུམ་ཚོམ་བཞག་པ་ནི། །སྐུ་གསུམ་འབྲས་བུ་མྱུར་དུ་འགྲུབ་པའི་བརྡ། །བར་མཚམས་ཐམས་ཅད་སྟོང་པར་བཞག་པ་ནི། །སྟོང་ཉིད་ལྟ་བ་མངོན་སུམ་རྟོགས་པའི་བརྡ། །མཐའ་ལ་པ་ཏྲའི་ཕྲེང་བས་བསྐོར་བ་ནི། །ཤེས་བྱའི་གནས་ཀུན་མ་འདྲེས་མཁྱེན་པའི་བརྡ། །ཤ་རྒྱན་དཀར་དམར་གཉིས་པོ་བརྩེགས་པ་ནི། །ཨཧཾ་དཀར་དམར་བདེ་སྟོང་ཟུང་འཇུག་བརྡ། །ཤ་རྒྱན་གཡས་གཡོན་རྒྱབ་དང་གསུམ་སྦྲེང་བ། །དབུ་རྐྱང་རོ་གསུམ་བདེ་གསལ་མི་རྟོགས་མཚོན། །དབང་བསྐུར་རྒྱུད་བཤད་མན་ངག་སྦྱིན་པ་ཡི། །བླ་བརྒྱུད་གསུམ་པོ་ཐོ་བརྩེགས་བསྒོམ་པའི་བརྡ། །གཏོར་༈ འདབ་པདྨ་འདབ་མ་བརྒྱད་པ་ནི། །བླ་མའི་དཀྱིལ་འཁོར་བསྒོམ་པའི་གདན་གྱི་ཚུལ། །གཏོར་མ་དངོས་ནི་ཞལ་ཟས་མཆོད་པའི་སྤྲིན། །མར་རྒྱན་བླ་མ་སྐུ་གསུམ་ཕྱག་མཚན་ཏེ། །


CMR026_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

བླ་མ་ཆོས་སྐུ་སྣང་མཐའ་ཚེ་དཔག་མེད། །བླ་མ་ལོངས་སྐུ་འཕགས་པ་སྤྱན་རས་གཟིགས། །བླ་མ་སྤྲུལ་སྐུ་རྡོ་རྗེ་པདྨ་འབྱུང་། །རྩ་བར་བརྒྱུད་པའི་བླ་མ་ཐམས་ཅད་ཀྱང་། །སྐུ་གསུམ་དེ་ཡི་སྤྲུལ་པ་ཡང་སྤྲུལ་དང་། །ཉིང་སྤྲུལ་སུམ་སྤྲུལ་བྱིན་གྱིས་བརླབས་པ་ཉིད། །ཡིན་ཕྱིར་བླ་མ་མཆོད་ཚོགས་ཚེ་ཆོག་དང་། །ཐུགས་རྗེ་ཆེན་པོ་གུ་རུ་ཞི་བའི་རིགས། །དགོངས་འདུས་མཚོ་སྐྱེས་རྡོ་རྗེ་ལ་སོགས་པ། །བླ་མའི་ལས་བྱང་ཐམས་ཅད་འདི་ལ་འདོན། །བླ་བརྒྱུད་ཀུན་གྱི་གཏོར་བསྔོས་འདི་ལ་བྱ། །བྱིན་རླབས་རྩ་བ་བླ་མའི་གཏོར་མ་ཡིན། ༈ །ད་ནི་ཕུག་གཏོར་རྣམས་ཀྱི་བཤམས་ལུགས་ཀྱང་། །དགོངས་འདུས་གཏོར་མའི་ལག་ལེན་དམར་ཁྲིད་ལས། །དལ་དང་ཁྲི་སོགས་མ་འཛོམས་ན། །ནར་མོར་དབུས་སུ་བླ་མ་དང་། །གོཡས་གཡོན་ཡི་དམ་མཁའ་འགྲོ་ཡི། །གཏོར་མ་རིམ་བཞིན་བཤམས་ནས་ཀྱང་། །དམ་ཅན་ཆོས་སྐྱོང་ལ་སོགས་ཀྱང་། །དེ་ཡི་གཡས་དང་གཡོན་དུ་བཤམས། །ཞེས་གསུངས་ཡི་དམ་བླ་མའི་གཡས་སུ་བཤམས། ༈ །ཡི་དམ་གཏོར་མར་རིགས་གསུམ་བཤད་ན་ཡང་། །དགོངས་འདུས་གཏོར་མའི་དམར་ཁྲིད་དེ་ཉིད་ལ། །


CMR026_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

ཡི་དམ་མཁའ་འགྲོའི་གཏོར་མ་ནི། །ཅོག་ཟླུམ་ཟུར་གསུམ་འདེར་སོ་ལ། །དངོས་འདྲ་ཟུར་ཕྲན་མཐེབ་སྐྱུས་བསྐོར། །གསུངས་པའི་དོན་དང་མཐུན་པར་བྱ་བ་སྟེ། །རྩ་བ་ཟླུམ་པོ་ཅུང་ཞིག་ཕྲ་བ་དེ། །འཁོར་དུ་མཁའ་འགྲོ་ཞི་བའི་ལྷ་ཡོད་རྟགས། །སྟོད་ནི་འདིར་ཞིང་ཆེ་བ་ཡོད་པ་དེ། །སྟོབས་བཅུའི་སྟོབས་ལྡན་ཆེ་བའི་ཆེ་མཆོག་བརྡ། །ཕྱོགས་བཞིར་པདྨ་འདབ་བཞི་ཡོད་པ་ནི། །རིགས་བཞི་འཁོར་བཅས་ཕྲིན་ལས་བཞི་འགྲུབ་བརྡ། །མདུན་དུ་པད་ཀར་ཟླུམ་པོ་ཆེན་པོ་དང་། །པད་སེར་གྲུ་བཞི་པད་དམར་ཟླ་གམ་དབྱིབས། །པད་ལྗང་གྲུ་གསུམ་སུམ་བརྩེགས་བརྒྱན་པ་ནི། །ལས་བཞི་ཕྲིན་ལས་གང་ལ་དམིགས་ན་ཡང་། །གཏོར་མ་གཅིག་གིས་ཐམས་ཅད་འགྲུབ་པའི་གནད། །མར་སྐུད་འཐེན་པས་གཏོར་མ་གཉིས་བརྩེགས་འདྲ། །ཡབ་ཡུམ་གཉིས་ཀྱི་གཏོར་མ་དོན་གྱིས་ཚང་། །ཕྱི་རིམ་མར་རྒྱན་མེ་རི་ཞིབ་པོས་བསྐོར། །རང་འོད་མེ་དཔུང་ཀློང་ན་བཞུགས་པའི་བརྡ། །དཀར་ཐིག་ངེས་མེད་གར་ཡང་བཏབ་པ་ནི། །ལས་ལ་ངེས་མེད་གང་ཡང་འགྲུབ་པའི་བརྡ། །གཏོར་མའི་རྩེ་ལ་མུ་ཏིག་ཕྲེང་བས་བསྐོར། །སྒྲུབ་བརྒྱུད་མུ་ཏིག་གྲངས་འདྲ་འབྱུང་བའི་བརྡ། །དེ་


CMR026_Page_0338
[མ་དཔེ་གཟིགས་ན་འདིར་གནོན།]

སྟེང་རྡོ་རྗེ་བསླང་སྟེ་བཞག་པ་ནི། །ཡི་དམ་ཐམས་ཅད་བསྒོམ་པའི་ཐུགས་ཀྱི་རྟེན། །དེ་སྟེང་ཟླ་བ་ཚེས་པས་བརྒྱན་པ་ནི། །བར་ཆད་བདུད་ཀྱི་མུན་པ་སངས་པའི་བརྡ། །དེ་སྟེང་ཉི་མའི་དཀྱིལ་འཁོར་རྒྱས་པ་ནི། །བསྐྱེད་རྫོགས་ཟུང་འཇུག་ཏིང་འཛིན་གསལ་བའི་བརྡའ། །དེ་སྟེང་ནོར་བུ་སུམ་བརྩེགས་བཞག་པ་ནི། །སྒོ་གསུམ་སྐུ་གསུང་ཐུགས་སུ་འགྲུབ་པའི་བརྡ། །བར་མཚམས་ཐམས་ཅད་སྟོང་པར་བཞག་པ་ནི། །སྟོང་ཉིད་ཉམས་ལེན་གཤིས་དང་མ་བྲལ་བརྡ། །ཕྱི་རོལ་མེ་དཔུང་རབ་ཏུ་འཁྲུགས་པ་ནི། །གཟི་བརྗིད་བསྐལ་པའི་མེ་ལྟར་འབར་བའི་བརྡ། །གཡས་གཡོན་ཤ་རྒྱན་གསུམ་པོ་གྱེན་བསྒྲེང་བ། །བསྐྱེད་དང་རྫོགས་དང་བསྐྱེད་རྫོགས་ཟུང་འཇུག་གསུམ། །མཐའ་རུ་ཕྱིན་ཞིང་བརྟན་པ་ཐོབ་པའི་བརྡ། །མར་རྒྱན་ལས་བཞིའི་དཀྱིལ་འཁོར་དབྱིབས་ཡོད་པ། །རྟེན་གྱི་དཀྱིལ་འཁོར་ཐམས་ཅད་དེ་ལ་ཚང་། །མར་སྐུད་འཐེན་པས་གཏོར་མ་ཕྱི་ནང་གཉིས། །ཡི་དམ་ཡབ་ཡུམ་གཏོར་མ་དེ་ལ་ཚང་། །ཕྱོགས་བཞིར་པད་འདབ་ཆེན་པོ་བཞི་ཡོད་པ། །རིགས་བཞི་འཁོར་གྱི་གཏོར་མ་ཚང་བ་ཡིན། །ཕྱི་ཟུར་མེ་རི་ཞིབ་པོས་བསྐོར་བ་ནི། །ཡེ་ཤེས་རང་འོད་མེ་ཀློང་བཞུགས་


CMR026_Page_0339
[མ་དཔེ་གཟིགས་ན་འདིར་གནོན།]

པའི་བརྡའ། །བདེ་དགྱེས་གསང་གསུམ་གསར་མའི་ཡི་དམ་ལྷ། །གུ་དྲག་བཀའ་བརྒྱུད་དགོངས་འདུས་ཕུར་པ་དང་། །ཁྲོ་ཆུ་འཇིགས་བྱེད་ཚེ་བདགེ་ལ་སོགས་པ། །ཡི་དམ་ཁྲོ་བོ་ཀུན་གྱི་ལས་གཞུང་བཏང་། །ཁྲོ་བོ་ཀུན་གྱི་གཏོར་བསྔོས་འདི་ལ་བྱ། །དངོས་གྲུབ་རྩ་བ་ཡི་དམ་གཏོར་མའོ། ༈ །བླ་མེད་ཀུན་གྱི་གསང་བའི་ཡུམ། །མཁའ་འགྲོའི་གཏོར་མ་བླ་མའི་གཡོན་དུ་བཤམས། །དེ་ཡང་དགོངས་འདུས་གཏོར་མའི་པྲ་ཁྲིད་ལས། །མཁའ་འགྲོའི་གཏོར་མའི་རིགས་ལ་བཅུ་གསུངས་ཀྱང་། །པད་མའི་རིགས་ལ་དབང་གི་གཏོར་མའི་དབྱིབས། །ཟླུམ་པོ་ཕྱེད་གཤག་ཟླ་གམ་ཅན། །གསུངས་ཕྱིར་མཁའ་འགྲོའི་གཏོར་མ་སྟོད་འདིར་བ། །ཟུར་གཉིས་བྱས་པས་ཟླ་གམ་དབྱིབས་སུ་གྲུབ། །མཁའ་འགྲོའི་གཙོ་བོ་ཕྲིན་ལས་དབང་གི་ལས། །ཡིན་ཕྱིར་གཏོར་མར་འབྲི་མོག་དམར་པོ་བྱུགས། །ལོགས་གཉིས་ཞི་བ་ཁྲོ་བོའི་གཏོར་མ་གཉིས། །པད་འདབ་རྩེ་རྣོ་ཟུར་གསུམ་དབྱིབས་ཅན་བཞི། །འཁོར་གྱི་རིགས་བཞི་མཁའ་འགྲོའི་ལས་འགྲུབ་རྟགས། །གཏོར་མའི་སྨད་ནི་ཟླུམ་པོ་དཀར་ཐིག་ཅན། །མཁའ་འགྲོ་སྤྱི་གཏོར་དེ་ལ་ཚང་བ་ཡིན། །མདུན་དུ་


CMR026_Page_0340
[མ་དཔེ་གཟིགས་ན་འདིར་གནོན།]

མར་རྒྱན་པདྨ་ཆེན་པོའི་དབུས། །ཆོས་འབྱུང་ཟུར་དྲུག་ཕག་ཁྲོས་དཀྱིལ་འཁོར་ཚང་། །མར་སྐུད་འཐེན་པས་གཏོར་མ་ཕྱི་ནང་གཉིས། །ནང་ནི་ཡེ་ཤེས་ཕྱི་ནི་ལས་མཁའ་འགྲོ། །སྨད་ཆ་འཇིག་རྟེན་མཁའ་འགྲོའི་གཏོར་མ་ཚང་། །གཏོར་མའི་རྩེ་མོ་མུ་ཏིག་ཕྲེང་བས་བསྐོར། །ཕྲིན་ལས་མུ་ཏིག་ལྟར་རྒྱུན་འགྲུབ་པའི་བརྡའ། །དེ་སྟེང་གྲི་ཐོད་མཁའ་འགྲོའི་ཕྱག་མཚན་ཏེ། །ཕག་ཁྲོས་སེང་སོགས་མཁའ་འགྲོ་བསྒོམ་པའི་རྟེན། །དེ་སྟེང་ཟླ་བ་ཕྱེད་པས་བརྒྱན་པ་ནི། །མ་རིག་མུན་པ་རིམ་པར་སངས་བའི་རྟགས། །དེ་སྟེང་ཉི་མའི་དཀྱིལ་འཁོར་གསལ་བ་ནི། །ཟག་མེད་མངོན་ཤེས་རྟག་ཏུ་གསལ་བའི་རྟགས། །དེ་སྟེང་ནོར་བུ་སུམ་ཚོམ་བརྒྱན་པ་ནི། །རྩ་ཐིག་རླུང་གསུམ་འབྲས་བུ་ཐོབ་པའི་བརྡ། །དེ་རྒྱབ་མེ་དཔུང་འབར་བས་བསྐོར་བ་ནི། །ཕྲིན་ལས་རྣོ་མྱུར་མེ་ལྟར་ཚྭ་བའི་བརྡ། །གཡས་གཡོན་རྒྱབ་གསུམ་ཤ་དར་གསུམ་སྦྲེང་བ། །གནས་གསུམ་མཁའ་འགྲོའི་ཚོགས་རྣམས་མཆོད་པའི་བརྡ། །ཟུར་གཉིས་མར་རྒྱན་སྤུ་ཤེད་ཅན་གྱིས་བསྐོར། །འཇའ་དང་འོད་ཟེར་འཁྲུགས་པའི་ཀློང་བཞུགས་བརྡ། །མདུན་གྱི་མར་རྒྱན་རྟེན་གྱི་དཀྱིལ་འཁོར་ཚང་། །རྩེ་ཡི་མར་རྒྱན་བརྟེན་པའི་ལྷ་


CMR026_Page_0341
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཚང་། །གཏོར་མ་དངོས་ཀྱི་ལྷ་གྲངས་གཏོར་མ་ཚང་། །ཕྲིན་ལས་རྩ་བ་མཁའ་འགྲོའི་གཏོར་མའོ། ༈ །དེ་ནས་དགོངས་འདུས་གཏོར་མའི་པྲ་ཁྲིད་ལས། །དམ་ཅན་ཆོས་སྐྱོང་གཏོར་མ་ནི། །སོ་སོའི་གཞུང་ནས་འབྱུང་གྱུར་ཀྱང་། །ཁྱད་པར་སྙིང་ལ་ཟུར་སྟོད་བཞིན། །རྔམ་པར་བྱ་སྟེ་ཕོ་མོའི་ཚད། །ཕོ་རྒྱུད་རྣམས་ལ་ཆེ་ཞིང་བརྗིད། །མོ་རྒྱུད་རྣམས་ལ་ཕྲ་ཞིང་རིང་། །སོ་སོར་བཤོས་ཕྲན་དངོས་འདྲ་བར། །མཐེབ་སྐྱུ་བཅད་ཁས་ཕྱིར་བསྟན་བསྐོར། །གསུངས་པའི་དོན་ནི་འདི་མན་ཆད། །ཆོས་སྐྱོང་གཏོར་མ་སྤྱི་ལ་སྟེ། །མཁའ་འགྲོའི་གཡོན་དུ་ཡི་དམ་ཆོས་སྐྱོང་གཉིས། །ཟུང་འཇུག་ཡིན་ཕྱིར་རྟ་མགྲིན་ནག་པོ་སྟེ། །ཟུར་གསུམ་འདིར་ཡོད་སྙིང་ལ་ཟུར་བཏོད་འདྲ། །ལོགས་གསུམ་རྟ་མགྲིན་ནཱ་ག་ཀླུ་འདུལ་དང་། །ལས་རིམ་བདུན་མ་རྟ་ནག་དྲེགས་པ་གསུམ། །ཟུར་གསུམ་ནཱ་ག་རཀ་གནོད་སྦྱིན་དམར། །འཁོར་གྱི་སྡེ་བརྒྱད་གཅིག་བརྩི་གཏོར་མ་ཚང་། །། གཙོ་འཁོར་བར་ནི་མར་རྒྱན་འཐེན་པས་བཅད། །མདུན་དུ་མར་རྒྱན་འདབ་བརྒྱད་ཆེན་པོ་ནི། །འཁོར་གྱི་སྡེ་བརྒྱད་བཞུགས་པའི་གདན་གྱི་ཚུལ། །དེ་དབུས་གྲུ་གསུམ་མཐིང་ནག་


CMR026_Page_0342
[མ་དཔེ་གཟིགས་ན་འདིར་གནོན།]

པད་འདབ་བཞི། །རྟ་ནག་རིགས་གསུམ་དཀྱིལ་འཁོར་དེ་ལ་ཚང་། །དམར་ཆེན་གཏོར་མ་ཡིན་ཕྱིར་འབྲི་མོག་བྱུགས། །ཕྲིན་ལས་ངེས་མེད་སྣ་ཚོགས་འགྲུབ་པའི་ཕྱིར། །དཀར་ཐིག་ངེས་མེད་གར་ཡང་གདབ་པ་ཡིན། །ལས་མཁན་རིགས་གསུམ་རྣོ་མྱུར་མེ་དང་འདྲ། །དེ་ཕྱིར་ཟུར་གསུམ་མེ་རི་ཞིབ་པོས་བསྐོར། །མར་རྒྱན་རལ་གྲི་རྡོ་རྗེ་ཞགས་པ་ནི། །རྟ་ནག་རིགས་གསུམ་གང་ཡང་བསྒོམ་པའི་རྟེན། །དེ་རྒྱབ་མེ་རི་འབར་བས་བསྐོར་བ་ནི། །བྱིན་རླབས་ནུས་པ་མེ་ལྟར་འབར་བའི་རྟགས། །དབུས་དང་གཡས་གཡོན་ཤ་དར་གསུམ་ཆ་བཙུགས་པ། །གཙོ་དང་འཁོར་གྱི་ཕོ་རྒྱུད་མོ་རྒྱུད་མཉེས། །ངོ་བོ་ཡེ་ཤེས་རྣམ་པ་དམ་ཚིག་ལྷ། །ཕྲིན་ལས་འཇིག་རྟེན་པ་ལྟར་རྣོ་མྱུར་ལྡན། །རྟ་མགྲིན་ནག་པོ་སྒྲུབ་པའི་དཀྱིལ་འཁོར་ཚང་། །མཆོད་གཏོར་སྒྲུབ་གཏོར་ཐམས་ཅད་འདི་ཡིས་ཚང་། །རྩ་གསུམ་གཏོར་མ་མར་གྱུ་གྲལ་གྱི་མགོ །དེ་ནས་གཡས་གཡོན་གྲལ་གྱི་ཚུལ་དུ་སྟེ། །གཡོན་གྲལ་མགོ་དེར་རྟ་མགྲིན་ནག་པོ་ཡིན། ༈ །གཡས་གྲལ་མགོ་དེར་མ་མགོན་ལྕམ་དྲལ་ཏེ། །ཡབ་ཡུམ་སྦག་སྒྲུབ་བཀྲ་ཤིས་ཚན་ཆེའི་གནད། །སྲིད་པ་གཏེར་ཁྱིམ་སོགས་ལས་རྒྱ་ཆེར་


CMR026_Page_0343
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །དེ་ཕྱིར་མ་མགོན་གཏོར་མ་གཅིག་ཏུ་བསྡུ། དབྱིབས་ནི་དབང་ཕྱུག་རྡོ་རྗེའི་ཞལ་ཁྲིད་ལྟར། །སྟོད་ཟུར་གསུམ་པ་འདིར་ཆེ་ཕྲག་པ་ཅན། །ལོགས་གསུམ་ཡེ་ཤེས་ལས་དང་འཇིག་རྟེན་གྱི། །མ་མགོན་རིགས་གསུམ་གཏོར་མ་ཚང་བ་ཡིན། །སྨད་ཆ་ཟླུམ་པོ་དཀར་ཐིག་མང་པོས་བརྒྱན། །དཀྱིལ་འཁོར་འཁོར་གྱི་གཏོར་མ་ཐམས་ཅད་ཚང་། །ཟུར་གསུམ་དཀྱིལ་འཁོར་ལྷ་གྲངས་མི་ཐེ་བའི། །ལས་མཁན་བཙན་བདུད་ཀླུ་གསུམ་གཏོར་མ་ཚང་། །ལྷ་དམག་བྱེ་བ་དུང་ཕྱུར་དཔུང་ཆེའི་ཕྱིར། །ཟུར་རྩེ་ཕྲག་པ་དཔུང་ཡི་པར་ལྡན་པའོ། །མགོན་པོ་དབང་ཕྱུག་ངོ་བོ་གཅིག་གསུངས་ཕྱིར། །གཏོར་མ་དབང་གི་ཁ་དོག་དམར་པོར་བྱུག །ལས་མཁན་མ་མགོན་གཏོར་མར་མི་བསྲེ་ཕྱིར། །མར་སྐུད་འཐེན་པས་ཟུར་གསུམ་ཕྱི་ལ་བཅད། །མཐུ་སྟོབས་གཟི་བརྗིད་མེ་ལྟར་འབར་བའི་ཕྱིར། །ཟུར་གསུམ་མེ་རི་ཕྲའུ་ཕྲེང་བས་བསྐོར། །མདུན་དུ་མར་རྒྱན་ཟུར་གསུམ་མཐིང་ནག་ནི། །མ་མགོན་ཡོངས་ཀྱི་དཀྱིལ་འཁོར་ཚང་བ་ཡིན། །དེ་ནང་པདྨ་འདབ་བརྒྱད་ཕྱི་ནང་གཉིས། །འཁོར་གྱི་ནག་པོ་ཡབ་ཡུམ་བཅུ་དྲུག་མཚོན། །མར་རྒྱན་དེ་ལ་སྒྲུབ་པའི་དཀྱིལ་འཁོར་ཚང་། །


CMR026_Page_0344
[མ་དཔེ་གཟིགས་ན་འདིར་གནོན།]

དམར་ཐིག་ངེས་མེད་གར་ཡང་བཏབ་པ་ནི། །གློ་བུར་ཕྲིན་ལས་ངེས་མེད་གང་བརྩམ་འགྲུབ། །མར་རྒྱན་གྲི་ཐོད་མགོན་པོ་སྒོམ་པའི་རྟེན། །ཁཊཾ་ཕུར་བུ་མེ་ལོང་སྦྲུལ་ཞགས་ནི། །ལྷ་མོ་སྒོམ་པའི་རྟེན་ཏེ་སྒྲུབ་རྟེན་ཚང་། །དེ་རྒྱབ་མར་རྒྱན་མེ་རི་འབར་ཞིང་འཚུབ། །མེ་དཔུང་རླུང་འཚུབ་དབུས་སུ་བཞུགས་པའི་དོན། །དབུས་དང་གཡས་གཡོན་ཤ་དར་གསུམ་ཕྱིར་ནི། །ཡེ་ཤེས་ལས་དང་འཇིག་རྟེན་མ་མགོན་རྣམས། །ཤ་དང་ཁྲག་ལ་དགྱེས་ཕྱིར་མཆོད་པའི་རྫས། །འདི་ལ་བེར་ཡོད་ཟེར་ནག་སྐོར་གསུམ་དང་། །བེར་མེད་གྲི་ཐོད་འཛིན་པ་སྐོར་གསུམ་དང་། །ལྷ་མོ་སྐོར་གསུམ་ཀུན་ལ་བསྔོ་ཞིང་འབུལ། ༈ །ས་པཎ་ལ་སོགས་མཁས་པ་འགའ་ཞིག་གིས། །དཔལ་ཆེན་གཏོར་མ་ཟུར་གསུམ་རུ་ཏྲའི་སྙིང་། །ཞེས་པ་རྙིང་མའི་རྒྱུད་ལ་བཤད་མོད་ཀྱི། །གསར་མའི་རྒྱུད་ལ་གཏོར་མ་ཟུར་གསུམ་མེད། །གསུངས་ཕྱིར་གུར་མགོན་ལ་སོགས་ཟླུམ་གཏོར་དར། །འོན་ཀྱང་གསར་མའི་མགོན་པོ་ཕྱག་བཞི་པའི། །བྱ་རོག་སྲོག་ཟན་ནག་པོའི་རྒྱུད་ཆེན་ལས། །འབྲུ་ནག་མགོན་བཤོས་ཟུར་གསུམ་ལ། །ཐ་མ་མཐེབ་སྐྱུ་འབྲས་ཀྱིས་དགང་། །གསུངས་ཕྱིར་དུད་སོལ་མ་དང་ཕྱག་བཞི་


CMR026_Page_0345
[མ་དཔེ་གཟིགས་ན་འདིར་གནོན།]

པ། །གཅིག་བསྡུས་གཏོར་མ་ཟུར་གསུམ་ལྷུན་ཆགས་པ། །ལྷ་མོ་ཁྲག་ལ་མཉེས་ཕྱིར་འབྱུང་བའི་ཁྲག །འབྲི་མོག་བྱུག་ལ་ཁྲག་གི་མདོག་ཏུ་བྱེད། །གཙོ་དང་འཁོར་གྱི་གཏོར་མ་མི་བསྲེ་ཕྱིར། །ཟུར་དང་ལོགས་ཀྱི་བར་དུ་མར་སྐུད་དང་། །རི་མོ་བྱས་པར་བར་མཚམས་བཅད་པར་བྱ། །མདུན་ལོགས་མགོན་པོ་གཡོན་ལོགས་དུད་སོལ་མ། །གཡས་ལོགས་ལས་མགོན་བྱ་རོག་གདོང་ཅན་ཡིན། །གཡས་ཟུར་ཡབ་འཁོར་གཙོ་བོ་ནག་པོ་སྟོང་། །གཡོན་ཟུར་ཡུམ་འཁོར་མ་མོ་བྱེ་བ་འབུམ། །རྒྱབ་ཟུར་དུར་ཁྲོད་བརྒྱད་ཀྱི་ཤ་ཟ་འབུམ། །ཟུར་གསུམ་མར་གྱིས་ཤན་ནས་བཤད་པ་དེ། །ནོར་ལྷ་གནོད་སྦྱིན་ཁྲི་དང་དཔལ་མགོན་སོགས། །དེ་དག་ཀུན་གྱི་གཏོར་མ་དེ་ཡིས་ཚང་། །གཏོར་མ་གཅིག་ལ་ལྷ་གྲངས་གཏོར་མ་ཀུན། །བརྩི་བ་འདི་འདྲ་གང་ནས་ཐོས་ཞེ་ན། །མཁས་པ་ཆེན་པོ་འབྲུག་པ་པད་དཀར་གྱིས། །གཏོར་མ་གཅིག་ལ་མགོན་མང་ཐམས་ཅད་ཀྱི། །གཏོར་མ་སོ་སོར་བརྩི་སྲོལ་འདུག་དང་མཚུངས། །མར་རྒྱན་ཕྲིན་ལས་བཞི་ཡི་དཀྱིལ་འཁོར་འདིར། །གཏོར་མའི་ལས་རྒྱུད་འགྲེལ་པ་རྟེན་གཏོར་དང་། །མདོས་གཏོར་ལ་སོགས་ཀུན་ནས་གསུངས་པ་


CMR026_Page_0346
[མ་དཔེ་གཟིགས་ན་འདིར་གནོན།]

སྟེ། །རས་བྲིས་དཀྱིལ་འཁོར་བཤམས་སྲོལ་ཡོད་པ་ལྟར། །མ་མགོན་སྒྲུབ་རྟེན་དཀྱིལ་འཁོར་དོན་གྱིས་ཚང་། །མར་རྒྱན་ནང་དུ་ཡབ་ཡུམ་ཕྱག་མཚན་ནི། །མ་མགོན་བྱ་སེང་ཡུམ་གསུམ་བསྒོམ་པའི་རྟེན། །ཐ་མ་མེ་རིས་དཀྱུས་ནས་བསྐོར་བ་ནི། །བསྟན་པ་མེ་ལྟར་འབར་བའི་རྟེན་འབྲེལ་ལགས། །ཤ་དར་གསུམ་ནི་མ་མགོན་ཡབ་ཡུམ་དང་། །འཁོར་གྱི་ཕོ་རྒྱུད་མོ་རྒྱུད་མཆོད་པའི་རྫས། །འདི་ལ་ཕྱག་བཞི་པ་དང་བྱ་རོག་གདོང་། །རྩ་འཇིབ་མ་དང་དུད་སོལ་ལྷ་མོ་འདོན། །སྒྲུབ་པའི་རྟེན་ཡང་འདི་ཡིས་ཆོག་པ་ཡོད། ༈་།ཕྱག་དྲུག་པ་ལ་ཟུར་གསུམ་ལྷུན་ཆགས་པ། །ཟུར་དང་ལོགས་གཉིས་མར་སྐུད་རི་མོས་བཅད། །དམར་ཆེན་གཏོར་མ་ཡིན་ཕྱིར་འབྲི་མོག་བྱུག །མདུན་ལོགས་མྱུར་མཛད་མགོན་པོ་ཕྱག་དྲུག་པ། །གཡོན་ལོགས་དེ་ཡི་ཡུམ་ཆེན་རེ་མ་ཏི། །གཡས་ལོགས་དཀར་པོ་གཟི་ལྡན་ནོར་གྱི་ལྷ། །གཡས་ཟུར་ཀླུ་ཊ་པ་ལ་ལས་མཁན་ཆེ། །གཡོན་ཟུར་ཛི་ན་ཏཱཀྐི་ཏྲཀཱད་དོ། །རྒྱབ་ཟུར་དྲེགས་པ་ཕོ་མོ་ལྔ་བརྒྱ་སྟེ། །ཟུར་གསུམ་དཀར་གྱིས་བརྒྱན་ཅིང་བཤད་པ་ནི། །དཔལ་མགོན་བདུན་ཅུ་རྩ་ལྔ་དཀར་ལ་མཉེས། །མདུན་དུ་མར་རྒྱན་གྲུ་གསུམ་མཐིང་ནག་


CMR026_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

དབུས། །པདྨ་འདབ་དྲུག་མགོན་པོའི་དཀྱིལ་འཁོར་ཚང་། །རྩེ་རུ་མགོན་པོའི་ཕྱག་མཚན་དྲུག་པོ་ནི། །མགོན་པོའི་ལྷ་བསྐྱེད་རྟེན་ཡིན་སྒྲུབ་རྫས་ཚང་། །མཐའ་སྐོར་མར་རྒྱན་མེ་དཔུང་འབར་བའི་ཚུལ། །ཐུགས་རྗེ་བྱིན་རླབས་མེ་ལྟར་འབར་བའི་རྟགས། །རྒྱབ་དང་གཡས་གཡོན་ཤ་དར་གསུམ་བཙུགས་པ། །མགོན་པོའི་ལས་མཁན་ཕོ་རྒྱུད་མོ་རྒྱུད་མཉེས། །འདི་ལ་ཁོ་རང་འཁོར་བཅས་མ་གཏོགས་པར། །གཞན་ལ་གཏོར་མ་བསྔོ་བར་མི་རུང་གསུངས། །ཤན་པ་ནག་མོ་རེ་ཏི་མཆེད་གསུམ་དང་། །དམག་ཟོར་མ་དང་དཔལ་ལྡན་རབ་བརྟེན་མ། །རེ་མ་ཏི་ཡི་རིགས་ཡིན་རུང་བ་སྟེ། །བ་ལམ་ཁྲི་སྨན་རྟག་སྨན་གསུམ་པོ་ནི། །རེ་མ་ཏི་ཡི་གཡོག་མོ་ཡིན་ཕྱིར་རུང་། །ཕྱག་དྲུག་དཀར་མཐིང་ཀེ་ཊ་རེ་མ་ཏི་། །གང་སྒྲུབ་གཏོར་མ་གཅིག་པོས་ཆོག་པ་ཡིན། ༈ །མ་ནིང་གཏོར་མ་ཟུར་གསུམ་སྙིང་འདྲ་བ། །ཁ་དོག་དམར་པོ་ནག་པོ་གང་ཡང་རུང་། །མདུན་ལོགས་མགོན་པོ་གཡོན་ལོགས་དཔལ་འབར་མ། །གཡས་ལོགས་སྲོག་བདུད་ཏྲཀཱད་དོན་གཅིག་ཡིན། །རྒྱབ་ཟུར་མ་ནིང་ཡང་འཁོར་བརྒྱད་པོ་སྟེ། །གཡས་ཟུར་བཀའ་སྲུང་ཕོ་རྒྱུད་ཐམས་ཅད་དང་། །


CMR026_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

གཡོན་ཟུར་བཀའ་སྲུང་མོ་རྒྱུད་ཐམས་ཅད་དེ། །གཙོ་འཁོར་མཚམས་སུ་མར་སྐུད་འཐེན་པའམ། །ཡང་ན་རི་མོ་བྲིས་པས་བར་མཚམས་བཅད། །ཟུར་གསུམ་མར་གྱིས་ཤན་ཅིང་། བཤད་པ་ནི། །བཀའ་སྲུང་ཀླུ་སོགས་དཀར་ལ་དགྱེས་རྣམས་མཆོད། །མར་རྒྱན་གྲུ་གསུམ་མཐིང་ནག་སྦྱར་བའི་དབུས། །པདྨ་འདབ་གསུམ་སྒྲུབ་རྟེན་དཀྱིལ་འཁོར་ཚང་། །རྩེ་རུ་མར་རྒྱན་རུ་མཚོན་སྙིང་ཞགས་ནི། །མ་ནིང་རིགས་ལྔ་ལྷ་བསྐྱེད་བསྒོམ་རྟེན་ཚང་། །འདི་ལྟར་གཏོར་མ་ཟུར་གསུམ་ཕལ་ཆེར་ལ། །འོག་ཏུ་གཏོར་འདབ་མཐེབ་སྐྱུ་གསུམ་སྦྱར་བ། །བདག་དང་འགྲོ་བ་སེམས་ཅན་ཐམས་ཅད་ཀྱིས། །དུག་གསུམ་མཆོད་པ་ཕུལ་ནས་ཞལ་དུ་བསྟབ། །མཐར་ཐུག་སྐུ་གསུམ་འགྲུབ་པའི་རྟེན་འབྲེལ་མཚོན། །རྩེ་ཡི་ཕྱག་མཚན་རྒྱབ་ཀྱི་མེ་རི་ནི། །ཨོ་རྒྱན་བྱེ་བ་ཕྲག་བརྒྱའི་བསྟན་སྲུང་སྟེ། །མཐུ་སྟོབས་བསྐལ་པའི་མེ་ལྟར་འབར་བའི་རྟགས། །མ་ནིང་རིགས་ལྔ་སྲོག་བདུད་ཏྲཀཱད་སོགས། །གང་ལྟར་བསྒྲུབ་ཀྱང་གཏོར་མ་འདི་ཡིས་ཚང་། །བཀའ་སྲུང་གཏེར་སྲུང་ཀུན་གྱི་གཙོ་བོའི་ཕྱིར། །མ་མགོན་སྡེ་བརྒྱད་སྤུ་གྲི་གདོང་ལྷ་དང་། །དྲེགས་པ་བཅོ་བརྒྱད་སྡེ་དཔོན་སུམ་ཅུ་སོགས། །བཀའ་སྲུང་


CMR026_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་གཏོར་མ་འདི་ལ་བསྔོ། །གསར་མ་ཁ་རྐྱང་བྱེད་པའི་ལུགས་ལ་ནི། །ཕྱག་བཞི་ཕྱག་དྲུག་གུར་དང་རྣམ་སྲས་བཞི། །མགོན་ཆེན་སྡེ་བཞི་ཡིན་པར་རྩི་ན་ཡང་། །ན་བཟའ་ཡོད་མེད་ཁྱད་ཙམ་མ་གཏོགས་པར། །གུར་དང་བེར་ནག་ཅན་དང་ལེགས་ལྡན་དང་། །མགོན་པོ་ཚོགས་བདག་གྲི་གུག་ཨ་གྷོ་ར། དེ་རྣམས་གཅིག་པར་རྒྱུད་གཞུང་རྣམས་ནས་གསལ། །དེ་ཕྱིར་བེར་ནག་ཅན་དང་ཕྱག་བཞི་དྲུག །མ་ནིང་བཞི་པོ་མགོན་ཆེན་སྡེ་བཞི་ཡིན། །དེ་དོན་གསར་རྙིང་ཕྱོགས་མེད་རྒྱུད་རྣམས་གསལ། ༈ །ཞིང་སྐྱོང་གཏོར་མ་ཟུར་གསུམ་དབལ་དགུ་པ། །ཞྭ་དམར་ན་རིམ་རྣམས་ཀྱི་ཕྱག་ལེན་ཡིན། །དམར་གཏོར་ཡིན་ཕྱིར་འབྲི་མོག་བྱུག་པར་བྱ། །ལོགས་གསུམ་དབལ་གྱི་སྙིང་པོ་གསུམ་པོ་ནི། །མདུན་ནི་ཞིང་སྐྱོང་ནག་པོ་སེང་གེའི་གདོང་། །གཡས་ནི་ཞིང་སྐྱོང་དཀར་པོ་སེང་གདོང་སྟེ། །གཡོན་ནི་ཡུམ་མཆོག་སི་ན་ར་མ་ཡིན། །མདུན་གྱི་ཟུར་ནི་བར་པ་གཏོར་མའི་ཚུལ། །ཡབ་ཀྱི་ལས་མཁན་བམ་རོ་ཕོ་ཡིན་ལ། །གཡོན་གྱི་དབལ་ནི་བར་མ་གཏོར་མའི་ཚུལ། །ཡུམ་གྱི་ལས་མཁན་བམ་རོ་མོ་ཡིན་ཏེ། །གཡས་ཀྱི་དབལ་ནི་བར་མ་གཏོར་མའི་


CMR026_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

ཚུལ། །གཡོན་ཟུར་གཉིས་པོ་བམ་རོ་དཀར་པོ་གཉིས། །ཟུར་གསུམ་འཁོར་གྱི་གཏོར་མ་ཚང་བ་སྟེ། །གཡས་ཟུར་བྱེ་བ་གུང་རིང་འཆར་ཀ་ཡིན། །རྒྱབ་ཟུར་གནམ་ལྷ་ལ་སོགས་འཁོར་དྲུག་ཡིན། །ཟུར་གསུམ་མར་གྱིས་བྱུག་ཅིང་སེན་མོས་བཤད། །འཁོར་གྱི་འཇིག་རྟེན་སྐྱོང་ཀུན་དཀར་ལ་དགྱེས། །མདུན་དུ་མར་རྒྱན་གྲུ་གསུམ་མཐིང་ནག་དབུས། །པདྨ་འདབ་བརྒྱད་སྒྲུབ་པའི་དཀྱིལ་འཁོར་ཚང་། །རྩེ་ཡི་མར་རྒྱན་ཁཊ་གཡབ་དར་དང་། །གློ་བ་སྙིང་བཅས་ཡབ་ཡུམ་སྒོམ་པའི་རྟེན། །དྲག་གཏུམ་མེ་ལྟར་འབར་ཕྱིར་མེ་རིས་བསྐོར། །ཤ་ཟ་སེང་གདོང་འཁོར་བཅས་ཤ་ལ་དགྱེས། །དེ་ཕྱིར་ཤ་དར་གསུམ་ནི་ཕྱུར་བ་ཡིན། །ཞིང་སྐྱོང་དཀར་ནག་འཆར་ཀ་བེག་རྩེ་དང་། །ཆོས་རྒྱལ་བཅས་པ་གཏོར་མ་འདི་ལ་འདོན།གསུམ་པོ་ཞིང་སྐྱོང་འཁོར་ནི་ཡིན་ཕྱིར་རོ། ༈ །སྲིན་མགོན་གཏོར་མ་ཟུར་གསུམ་ཅུང་ཞིག་ཕྲ། །གཡས་གཡོན་གཉིས་སུ་ཆུང་ངུ་གཉིས་སྦྱར་ཏེ། །ལོགས་གསུམ་སྲིན་མགོན་དབང་ཕྱུག་ཞལ་བཞི་པ། །ཟུར་གསུམ་དེ་དག་ཀུན་གྱི་འཁོར་རྣམས་ཡིན། །གཏོར་ཆུང་གཡོན་ནི་ཡུམ་ཡིན་གཡས་པ་ནི། །སྲིང་མོ་སྲིན་མོ་བྱེ་བའི་གཏོར་མ་སྟེ། །སུམ་ཚོན་


CMR026_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

བཅས་པ་གཞུང་དང་ཕྱག་ལེན་མཐུན། །གུར་ལ་མགོན་ཆེན་ཞལ་ལ་མགོན་ཆུང་ཟེར། །མགོན་ཆུང་ཡིན་ཕྱིར་ཅུང་ཟད་ཕྲ་ལ་སྐེམ། །མར་རྒྱན་གྲུ་གསུམ་དབུས་སུ་འདབ་བརྒྱད་ནི། །སྒྲུབ་རྟེན་དཀྱིལ་འཁོར་དོན་གྱིས་ཚང་བ་ཡིན། །མར་རྒྱན་ཡབ་ཡུམ་ཕྱག་མཚན་བསྒོམ་པའི་རྟེན། །སྲིན་མགོན་ཤ་ལ་དགྱེས་ཕྱིར་ཤ་དར་གསུམ། །མགོན་པོ་ཞལ་འདི་རྣོ་མྱུར་མེ་དང་འདྲ། །དེ་ཕྱིར་མར་རྒྱན་མེ་རི་བྱས་པ་ཡིན། །ཞལ་དང་སྲིན་མགོན་དབང་ཕྱུག་དོན་གཅིག་སྟེ། །འབྱུང་པོ་དབང་ལྡན་མུ་སྟེགས་དབང་ཕྱུག་ཡིན། །དེ་ཕྱིར་མགོན་པོའི་ནང་ནས་འདི་རྣོ་སྐད། ༈ །དེ་ནས་བྲག་མགོན་མདུང་འཛིན་གཏོར་མ་ནི། །མགོན་ཆུང་ཡིན་ཕྱིར་ཕྲ་ལ་ཅུང་ཟད་ཆུང་། །ལོགས་གསུམ་བྲག་མགོན་མདུང་འཛིན་མོན་པ་གསུམ། །ཟུར་གསུམ་འཁོར་དང་ཡང་འཁོར་སྤྲུལ་པ་རྣམས། །བར་མཚམས་མར་རྒྱུན་ནམ་ནི་རི་མོས་བཅད། །མདུན་དུ་མར་རྒྱན་གྲུ་གསུམ་མཐིང་ནག་དབུས། །པདྨ་འདབ་བཞི་བསྒྲུབ་པའི་དཀྱིལ་འཁོར་ཚང་། །རྩེ་ལ་མར་རྒྱན་ཁཊཾ་མདུང་དར་གཉིས། །བྲག་མགོན་མདུང་འཛིན་གཉིས་པོ་སྒོམ་པའི་རྟེན། །མཐུ་རྩལ་མེ་བས་ཚ་ཕྱིར་མེ་དཔུང་བསྐོར། །


CMR026_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དཔུང་གཉིས་ལས་མཁན་མོན་པ་གསུམ། །མཆོད་ཕྱིར་ཤ་དར་གསུམ་ནི་ཕྱུར་བ་ཡིན། །དེ་ཡིས་གཡས་གྲལ་གཏོར་མ་བདུན་པོ་ཚང་། ༈ །གཡོན་གྲལ་གཉིས་ལ་སྔགས་སྲུང་ཕྲ་ཞིང་ལྡེམ། །ལོགས་གསུམ་སྔགས་སྲུང་སྲོག་སྒྲུབ་ཁ་མོ་ཆེ། །ཟུར་གསུམ་སྤྱང་ཞོན་མཆེད་གསུམ་གཏོར་མ་ཚང་། །མར་རྒྱན་མེ་རིའི་དབུས་སུ་ཞིང་དབྱུག་ནི། །སྔགས་ཀྱི་སྲུང་མ་བསྒོམ་པའི་རྟེན་ཡིན་ལ། །མ་མོ་མཁའ་འགྲོ་ཤ་དང་ཁྲག་ལ་དགྱེས། །དེ་ཕྱིར་གཏོར་མ་ཁྲག་མདོག་ཤ་དར་ཕྱིར། །རྫོགས་ཆེན་བཀའ་སྲུང་གཙོ་བོ་འདི་ཡིན་ཕྱིར། །གལ་ཆེན་བྱེད་ན་གཏོར་མ་གུད་དུ་བཅའ། ༈ །བཙན་གྱི་གཏོར་མ་ཕུར་རྩེ་གྱེན་བསླང་བཞིན། །བཙན་གྱི་རང་མདོག་ཁ་དོག་དམར་པོ་སྟེ། །རྣོ་མྱུར་ཤིན་ཏུ་ཆེ་ཕྱིར་ཟུར་ཀྱང་ནོ། །མར་རྒྱན་པདྨ་འདབ་གསུམ་ཆོས་འབྱུང་དབྱིབས། །དེ་ལ་བཙན་སྒྲུབ་མཎྜལ་ཚང་བ་ཡིན། །རྩེ་མོར་མདུང་དམར་མེ་འབར་བསྒོམ་པའི་རྟེན། །བཙན་རྒོད་འབར་བ་ཇག་མེ་སྤྱག་བཙན་གསུམ། །མཆོད་ཕྱིར་ཤ་དར་གསུམ་ནི་ཕྱུར་བ་ཡིན། །དགོངས་འདུས་བཀའ་སྲུང་གཙོ་བོ་འདི་ཡིན་ཕྱིར། །གཏོར་མ་གུད་དུ་བཅའ་བ་དེ་ཡི་དོན། །མི་རྟ་བཙན་གསུམ་ཁ་མོ་ཆེ་དང་


CMR026_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

བཞི། །དགོངས་འདུས་འདོན་ཡོང་ཕུག་གཏོར་འདི་གས་ཆོག ༈ །འདི་མན་དཀར་གཏོར་རིགས་ལྔ་འདི་དག་ལ། །སྨན་སྒྲུབ་བདུད་རྩི་རིལ་བུ་བསྲེ་མི་རུང་། །ཆང་ནི་བསྲེས་ཀྱང་འགལ་བ་མེད་པ་སྟེ། །ཀླུ་སྨན་ཕྱེ་མ་འོ་མ་ཅུང་ཙམ་བསྲེ། །ཐུད་སོགས་དཀར་གསུམ་ལ་ནི་བཅས་ཀྱང་ལེགས། །ཆང་ནི་བསྲེས་ཀྱང་རུང་ལ་མ་བསྲེས་ཀྱང་རུང་། ༈ །སྔགས་བདག་གཏོར་མ་ཟུར་གཉིས་འཁྱིལ་པ་སྟེ། །འཁྱིལ་པའི་ནང་དུ་རིལ་བུ་གཉིས་དང་ནི། །དབུས་ཀྱི་འབུར་དང་གསུམ་པོ་ནོར་བུའི་དབྱིབས། །སྔགས་བདག་འཛམ་སེར་གཅིག་གསུང་ནོར་ལྷའི་རིགས། །མདུན་ལོགས་སྔགས་བདག་རྒྱབ་ལོགས་མི་མགོན་དཀར། །སྨད་ནི་ཟླུམ་པོ་འཁོར་གྱི་ཀླུ་ས་བདག །འདབ་མ་བརྒྱད་སྦྱར་ཀླུ་ཆེན་བརྒྱད་ཡིན་ཏེ། །པདྨ་འདབ་བརྒྱད་ཀླུ་ཡི་དཀྱིལ་འཁོར་ཚང་། ༈ །འདི་མིན་དཀར་གཏོར་བཞི་པོ་ཐམས་ཅད་དང་། །མར་རྒྱན་གསུམ་རེ་བཙུགས་པ་མཚོན་བྱ་མེད། །སྒར་ཆེན་འཛམ་གླིང་རྒྱན་པའི་ཕྱག་ལེན་ལགས། ༈ །ཚེ་རིང་མ་ཡི་གཏོར་མ་ལྡེམ་ཞིང་ཕྲ། །ལྔ་ཀ་རྩ་བ་ཟླུམ་པོ་སྔོ་འམ་ལྗང་། །སྤང་ལྗོངས་སྐྱེད་མོས་ཚལ་རྣམས་མཚོན་པ་ཡིན། །རྩེ་མོ་


CMR026_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

ལྔ་པོ་དཀར་གཏོར་གངས་རིའི་ཚུལ། །ཤར་ནི་ཟླུམ་པོ་ལྷོ་ནི་འབྲང་རྒྱས་དབྱིབས། །ནུབ་ནི་བོང་བུའི་རྨིག་པ་འདྲ་བ་སྟེ། །བྱང་ནི་བྱ་ཡི་མཆུ་འདྲ་བྱ་མཆུ་མ། །རི་ཡི་དབྱིབས་ལ་དེ་ཤུལྟར་ཡོད་དོ་སྐད། །སྐད་པ་དུང་གི་ཕྲེང་བས་ལེགས་པར་དཀྲིས། །རྩེ་ནི་གངས་རི་ཟུར་གསུམ་མདུན་དུ་བསྒྱུར། །དེ་ལ་ན་བུན་མཚོན་ཕྱིར་སྤྲིན་རིས་བྲི། །སྔོན་ཚེ་ཤ་ཟ་སྤྱན་ལྔ་ཡིན་པ་ལ། །ད་ལྟ་དམན་མོའི་འཁོར་ཚོགས་ཤ་ལ་དགྱེས། །དེ་ཕྱིར་ཤ་དར་གསུམ་ནི་ཕྱུར་བ་ཡིན། །ཚེ་རིང་མ་ཡི་ཡབ་ནི་ཚོགས་བདག་སྟེ། །མཁའ་རི་ལྕམ་དྲལ་ཀོང་བཙུན་དེ་མོ་ཚུདང་། །ཀུན་འཁྱིལ་མཆེད་གསུམ་ཕག་གདོང་མཆེད་ལྔ་དང་། །བརྟན་མ་བཅུ་གཉིས་རིགས་མཐུན་འདི་ལ་བསྔོ། །མི་ལའི་ཆོས་བརྒྱུད་ཇོ་བོའི་ཆོས་བརྒྱུད་ཀྱི། །བཀའ་སྲུང་ཡིན་ཕྱིར་གཏོར་མ་གུད་དུ་བཅའ། ༈ །མཁར་ནག་གཏོར་མ་ཀླུ་མཁར་སྔོན་པོའི་དབྱིབས། །དཀར་ཕྱོགས་ཡིན་ཕྱིར་དེ་སྟེང་དཀར་གཏོར་བཞག །ངོ་བོ་ཀླུ་རིགས་ཡིན་ཕྱིར་སྦྲུལ་ནག་དཀྲིས། །པད་འདབ་རྣམས་ནི་ཀླུ་ཡིན་མཚོ་སྨན་མཚོ། །ཐང་ལྷ་སྨྱོ་ཁ་མཁར་ནག་ངོ་བོ་གཅིག །ཀླུ་བདུད་མཚོ་སྨན་ཚོགས་ཀུན་དེ་ཡི་འཁོར། །ཀཾ་ཚང་བསྟན་སྲུང་ཡིན་ཕྱིར་


CMR026_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

གུད་དུ་བཅའ། ༈ །ངོམ་རྒྱལ་གཏོར་མ་ཡུལ་ལྷའི་དཀར་གཏོར་དབྱིབས། །ཡུལ་ལྷ་ཅུང་ཞིག་རྩུབ་ན་སྡེ་དར་ཕྱིར། །ཟུར་གསུམ་དབྱིབས་བྱས་ཤ་དར་གསུམ་གྱིས་བརྒྱན། །ཉི་ཟླ་ནོར་བུས་མཚོན་པ་དགེ་ལེགས་འབྱུང་། །ལོགས་གསུམ་ངོམ་རྒྱལ་སྤོམ་ར་གཏམ་རྒྱལ་གསུམ། །ཟུར་གསུམ་སྨོན་སྐྱེས་གངས་བཞུར་མཆེད་གསུམ་སྟེ། །སྟོད་ཆ་གཙོ་བོ་སྨད་ཆ་འཁོར་ལ་བསྔོའོ། ༈ །ཕྱི་རྒྱུད་གཏོར་མ་དཀར་གཏོར་ཟླུམ་པོ་གཅིག །པད་འདབ་བརྒྱད་སྦྱར་ཕྱི་ཡི་སྡེ་བརྒྱད་ཡིན། །སྟོད་ཆ་ས་ཡི་ལྷ་མོ་རྒྱལ་ཆེན་བཞི། །སྨད་ཆ་སྟོང་གསུམ་གཞི་བདག་ཐམས་ཅད་ཡིན། །དེ་ལྟར་གཡོན་གྲལ་གཏོར་མ་བརྒྱད་དང་ནི། །བསྡོམས་པས་བཅོ་བརྒྱད་རྟག་གཏོར་ཕུག་གཏོར་ཚང་། །འདི་དག་རྣམས་ལ་ཆོས་རྗེ་མཁར་དྲུང་ལུགས། །སོ་སོའི་མཐུན་རྫས་བསྐང་འབྲས་བཙུགས་སྲོལ་དར། །བསྐང་བ་ལོགས་སུ་ཡོད་ཕྱིར་དེ་མི་དགོས། ༈ །གཏོར་མའི་མར་རྒྱན་ལ་སོགས་མཚོན་བྱ་ཉིད། །གཞུང་ནས་བཤད་པའི་མཐོང་ཐོས་མ་མཆིས་ཀྱང་། །བློ་གསལ་སློབ་མ་ཐབས་མཁས་ཞེས་བྱ་བས། །མཚོན་བྱ་བློ་ནས་གསར་དུ་བརྩམས་དགོས་ཟེར། །འཕྲལ་དུ་ཉམས་ལ་གང་ཤར་


CMR026_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བྲིས་པ་སྟེ། །རྣལ་འབྱོར་ཉམས་ལ་ཅི་ཡང་འཆར་བའི་ཕྱིར། །མཁྱེན་ལྡན་རྣམས་ཀྱིས་ཐུགས་ཁྲེལ་མི་གནང་ཞུ། །སྣང་བ་བརྡ་ཡི་བླ་མ་མ་མཇལ་བས། །བརྡ་དོན་འཕྲོད་དམ་མ་འཕྲོད་ཆ་མ་མཆིས། །འོན་ཀྱང་གསར་བུ་རྣམས་ལ་ཕན་ཕྱིར་བྲིས། ༈ །ཕུག་གཏོར་མཐའ་ཡི་གཡས་གཡོན་གར་བདེ་རུ། །བསྐང་བ་གསོལ་ཁའི་གཏོར་མ་གཉིས་པོ་བཞག་གྲུབ་ཆེན་ཀརྨ་པཀྵིའི་གསུངས་ལས་ཀྱང་། །མདོས་དང་མཎྜལ་བསྐང་བ་དོན་གཅིག་གསུངས། །བསྐང་གཏོར་རི་རབ་བང་རིམ་བཞི་པའི་སྟེང་། །ཞི་རྒྱས་དབང་དྲག་ཕྲིན་ལས་གང་ཟློབསྒྲུབ་པའི། །གཏོར་མ་བཅའ་བར་ཡོངས་སུ་གྲགས་ན་ཡང་། །ཉམས་ཆག་སྡིག་སྒྲིབ་ཞི་ཕྱིར་གཙོ་ཆེ་བས། །གཏོར་མ་ཟླུམ་པོར་བཅའ་བ་ལེགས་པ་ཡིན། །པད་འདབ་གྲུབ་ན་ལེགས་ཀྱིས་མེད་ཀྱང་ཆོག །ཕྲིན་ལས་བཞི་ཀ་ཞོར་ལ་འགྲུབ་པའི་ཕྱིར། །མར་རྒྱན་ལས་བཞིའི་གཟུགས་ཀྱི་དབྱིབས་ཅན་བྱ། །ཉམས་དང་རྟོགས་པ་ཅི་ཡང་འཆར་བའི་ཕྱིར། །གཏོར་མའི་རྩེ་ལ་མུ་ཏིག་སྐར་ལྟར་བཀྲ། །མ་རིག་མུན་པ་སེལ་ཕྱིར་ཟླ་བ་དང་། །ཉམས་དང་རྟོགས་པ་གསལ་ཕྱིར་ཉི་མ་དང་། །དགོས་འདོད་ལྷུན་གྱིས་འགྲུབ་ཕྱིར་ནོར་བུས་


CMR026_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱན། །ཉམས་ཆག་སྡིག་སྒྲིབ་བསྲེགས་ཕྱིར་མེ་རི་འབར། །རླུང་སེམས་དབང་དུ་འདུ་ཕྱིར་གཏོར་མདོག་དམར། །རི་རབ་ཕྱོགས་མདོག་གྲུབ་ན་ལེགས་པ་སྟེ། སྣང་བ་དབང་དུ་འདུ་ཕྱིར་དམར་པོ་རུང་། །རྩེ་རུ་བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་བདུན། །དེ་འོག་བྱ་རིགས་དེ་འོག་གཅན་གཟན་དང་། །དེ་འོག་རི་དྭགས་དེ་འོག་གཡུང་དྭགས་དང་། །དེ་འོག་ཆུ་གནས་བར་མཚམས་ངེས་མེད་དུ། །མཆོད་པའི་ལྷ་མོའི་ཕྱག་མཚན་སྣ་ཚོགས་བཙུགས། །བྱ་ནག་རྟ་ནག་གཡག་ནག་ལུག་ནག་དང་། །ཁྱི་ནག་རྣམས་ནི་ཟན་ནག་པར་བཏབ་སྟེ། །བཅུ་གསུམ་དགུའམ་བདུན་སོགས་ཅི་འབྱོར་བཙུགས། །ཕྱོགས་གསུམ་མམ་ནི་ཟུར་བཞི་གང་རུང་དུ། །ཤ་དར་ཕྱར་བས་ལྷ་སྲིན་ཤ་ལ་མཉེས། །བསྐང་འབྲས་ཐམས་ཅད་ནང་དུ་ཁ་སྟོན་པ། །བསྐང་ཐབས་ཡིན་ཕྱིར་ཕྱོགས་མཚམས་ཕྱིར་བསྟན་པ། །བཟློག་ཐབས་དམག་ཐབས་ཞེས་ནི་བྱ་བ་དང་། །གནོད་བྱེད་ཕྱོགས་སུ་ཕྱོགས་གཅིག་ཁ་སྟོན་པ། །ཇག་ཐབས་ཡིན་ཞིང་ཀུན་གྱིས་སྨྲ་ན་ཡང་། །བསྐང་བ་ཡིན་ཕྱིར་བསྐང་ཐབས་གཙོ་ཆེ་ཞིང་། །བསྐང་ཐབས་ནང་དུ་ཁ་བསྟན་ཟེར་བའི་དོན། །དབུས་ཀྱི་མར་རྒྱན་ཉིད་


CMR026_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཁ་བསྟན་པར། །བྱེད་མཁན་མང་ཡང་དེ་ནི་མ་ཡིན་ནོ། །བདག་དང་ཕུག་གཏོར་རྩེ་གཉིས་ལྷར་བསྐྱེད་པས། །དེ་ལ་བསྐང་བ་ཀུན་གྱིས་ཁ་སྟོན་ནས། །ཕུག་གཏོར་གཡས་ཟུར་ངོས་ནས་ཚུར་བཤམས་ལེགས། །སྒར་ཆེན་ལུགས་ལ་བསྐང་འབྲས་མི་དར་བས། །གདན་ས་རྣམས་དང་འཕྲལ་ཉིད་དེ་རུ་ཡང་། །སྤྱན་གཟིགས་དཔག་མེད་བཤམས་ནས་ཡོད་པའི་དོན། །བསྐང་འབྲས་ཞལ་ཐང་བཤམས་རྒྱུ་ཡོད་ན་ནི། །བསྐང་འབྲས་མ་བཙུགས་ན་ཡང་ཆོག་པ་ཡིན། །ལ་ལས་བསྐང་འབྲས་ཙཀ་ལི་བཙུགས་སྲོལ་ཡོད། །ལྷ་མོ་རྫས་ལ་དགའ་བས་རྫ་ས་དགའ་མ། །དམིགས་པ་བསྒོམ་པ་ཁོ་ནས་མི་ཆོག་སྟེ། །དངོས་སུ་རབ་ཡིན་མེད་ཀྱང་གཟུགས་བརྙན་ཙམ། །མེད་ཐབས་མེད་པ་ལྷ་མོའི་རྒྱུད་ནས་གསུངས། །གྲུབ་ཐོབ་ཨོ་རྒྱན་པ་ཡི་ཞལ་ནས་ཀྱང་། །དམ་སེལ་མིན་པའི་དགྲ་ཡིས་མི་ཐུབ་གསུངས། །དམ་ཚིག་ཕྲ་ཞིབ་སྲུང་རྒྱུ་མང་བའི་ཕྱིར། །དམ་སེལ་ཆག་ཉམས་ནམ་བྱུང་ཆ་མེད་པས། །བསྐང་བ་འདི་ལ་འབད་པར་མན་ངག་ཡིན། །རྒྱས་པར་བསྐང་བའི་རྒྱུད་དང་བསྐྱེད་ཆོག་དང་། །བསྐང་ཆེན་བཞི་པོ་ལོ་རེ་ཚར་རེ་འདོན། །གསར་མ་ཁ་རྐྱང་བྱེད་པའི་ལུགས་ལ་ནི། །པཀྴིའི་


CMR026_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

གསར་བསྐང་རྡོ་རྗེའི་ཕྲེང་བ་དང་། །རྙིང་བསྐང་བཀྲ་ཤིས་སྒོ་མང་རྒྱས་པ་དང་། །བདེ་མགོན་རིན་ཕྲེང་བསྐང་ཆེན་བཞི་ལ་བརྩི། །གསར་རྙིང་གཉིས་ཀ་བྱེད་པའི་ལུགས་ལ་ནི། །བཀའ་བརྒྱད་མདངས་བསྐང་དགོངས་འདུས་མདངས་བསྐང་གཉིས། །བདེ་མགོན་རིན་ཕྲེང་གཉིས་དང་བསྐང་ཆེན་བཞི། །ཞི་དྲག་མ་ནིང་མ་མོའི་འཁྲུགས་བསྐང་སོགས། །ལུང་རྒྱུན་ཡོད་ཚད་བསྐང་བ་ཐམས་ཅད་འདོན། །བསྡུ་ན་བསྐང་སྤུང་ཉིད་ལ་ཐམས་ཅད་ཚང་། །དེ་ནི་དགུ་གཏོར་ནམ་བྱེད་དུས་སུ་འདོན། །རྒྱུན་དུ་གསར་རྙིང་བསྐང་ཐུང་ཆག་མེད་འདོན། ༈ །ཆོས་སྐྱོང་རིགས་ནི་འགའ་ལ་གསོལ་ཁ་འབྱུང་། །བེར་ནག་ཅན་ལ་གསོལ་ཁ་གྲགས་ཆེ་ཞིང་། །དེ་ལ་གཏོར་མ་གཙོ་འཁོར་བཅུ་གསུམ་དང་། །འོན་ཀྱང་གཏོར་ཆེན་གཅིག་གིས་ཆོག་པ་འདི། །སྒར་ཆེན་འཛམ་གླིང་རྒྱན་པའི་ཕྱག་ལེན་ཡིན། །གཏོར་མདོག་དམར་པོ་འབྲི་མོག་གང་ཡང་རུང་། །མགོན་གཏོར་ཡིན་ཕྱིར་དམར་ནག་བྱ་བ་ལེགས། །མགོན་པོའི་གཏོར་མའི་ལས་རྒྱུད་ཆེན་པོ་ནས། །གཏོར་གདན་ལས་བཞི་དེ་ལ་གསུངས་བའི་དོན། །མར་རྒྱན་ཉིད་ལ་བྱས་པས་འཐུས་པ་ཡིན། །དགོས་ཆེད་ཕྲིན་ལས་


CMR026_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཀ་འགྲུབ་པའི་དོན། །ཕྱི་ནང་མེ་རི་མར་རྒྱན་ལ་སོགས་པ། །མཚོན་བྱ་མེད་དེ་རྔམས་བརྗིད་ཆེ་ཕྱིར་ཡིན། །གསོལ་ཁ་ལྷ་ཡི་གཟི་བརྗིད་བསྐྱེད་ཕྱིར་ཡིན། །འདོན་བྱ་གསོལ་སྤུང་འདོན་པས་འཐུས་མོད་ཀྱི། །མ་ནིང་བཅོལ་གཏམ་ཤན་པའི་བཅོལ་གཏམ་སོགས། །འདོན་ན་འདི་ལ་འདོན་པས་ཆོག་པ་ཡིན། །སྒར་པས་དམ་ཅན་གསོལ་ཁ་འདིར་འདོན་ཏེ། །གཏོར་མ་འདི་ལ་བསྔོ་བ་མ་ཡིན་ནོ། །རྒྱུན་དུ་བསྟན་སྲུང་མཐར་ཐུག་མ་ཙམ་འདོན། །དེ་ཡི་སྟེང་གི་ཕུག་གཏོར་གྲྭ་ཚར་རྫོགས། ༈ །དེ་ནས་དེ་འོག་ལྡིང་ཁྲི་བར་མ་ལ། །ནོར་ལྷའི་རིགས་རྣམས་ཕྱོགས་གཅིག་བསྒྲིག་པའི་དོན། །ནོར་ལྷའི་གཏོར་མ་ཕྱི་མི་ལ་མི་བྱིན། །བྱ་ཁྱི་ཝ་དང་བོང་བུར་བྱིན་པ་ན། །དངོས་གྲུབ་ཡལ་བར་གསུངས་ཕྱིར་ལོགས་སུ་བཅའ། །དེ་ཡང་མགོན་དཀར་དུར་ཁྲོད་བདག་པོ་ནི། །བདེ་མཆོག་སྤྲུལ་པ་བདེ་མཆོག་རྒྱུད་དུ་གཏོགས། །མགོན་པོ་ཡིན་ཕྱིར་གྲལ་ཡང་མཐོ་བ་ཡིན། །སྟོད་ཟུར་གསུམ་པོ་ཡི་དམ་གཏོར་མ་འདྲ། །ཕྲ་ཞིང་གཡོན་ནས་ཡུམ་གཏོར་ཟུར་གསུམ་སྦྱར། །དེ་ནི་སྔར་གྱི་ཕྱག་ལེན་རྙིང་པ་ཡིན། །གཡས་ནས་ཟུར་གསུམ་ཕྲའུ་གཉིས་སྦྱར་བ། །དུར་ཁྲོད་བདག་མོ་


CMR026_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ངན་ནེ་མ་ཡིན་ཕྱིར། །རྒྱུན་དུ་ཞི་སྒྲུབ་ཡིན་ཕྱིར་ཤ་མི་སྦྱར། །མར་རྒྱན་ཟུར་བརྒྱད་ནོར་བུའི་མཚོན་པ་ནི། །མགོན་དཀར་སྒྲུབ་པའི་དཀྱིལ་འཁོར་ཚང་བ་ཡིན། །རྩེ་རུ་དབྱུག་པ་ཐོད་ཁྲག་ལྷ་བསྐྱེད་རྟེན། །རྩེ་ཡི་མེ་རི་ཟུར་གསུམ་མེ་རིའི་ཚུལ། །མེ་བས་ཚ་ཞིང་གློག་བས་མྱུར་བའི་བརྡ། །ཡབ་དང་ཡུམ་དང་འཁོར་གྱི་ཤ་ཟ་རྣམས།། །མཆོད་ཕྱིར་ཤ་དར་གསུམ་ནི་ཕྱུར་བ་ཡིན། །རི་ཁྲོད་འདུག་གམ་ཕྱོགས་སུ་འགྲོ་བ་ཡིན། །སྙིགས་དུས་ཇག་རྐུན་གནོད་པ་རླུང་ལྟར་འཚུབ། །དེ་ཕྱིར་འདི་ཉིད་གེལ་དུ་བཅའ་དགོས་བྱུང་། ༈ །དེ་ཕྱིར་ནོར་ལྷ་སྤྱི་ཡི་གཏོར་མ་ནི། །ཟླུམ་པོའི་སྟེང་དུ་ཟུར་གཉིས་ནོར་བུའི་དབྱིབས། །དེ་ཉིད་པད་འདབ་བརྒྱད་ཀྱིས་བསྐོར་བར་བྱ། །དབང་སྡུད་ཡིན་ཕྱིར་མདོག་ནི་དམར་པོ་བྱ། །མདུན་དུ་མེ་ཏོག་འདབ་མ་བཅུ་དྲུག་པ། །ནོར་ལྷ་ཕོ་བརྒྱད་མོ་བརྒྱད་དཀྱིལ་འཁོར་ཚང་། །ནང་རིམ་མར་སྐུད་ཟུར་གཉིས་མར་གྱིས་ཤན། །སེན་མོས་བཤད་པ་ནོར་བུའི་མེ་རི་མཚོན། །ཟུར་གཉིས་མར་རྒྱང་མང་དུ་བཙུགས་པ་ལ། །མར་ཐུད་རིལ་བུ་མེ་ཏོག་མང་པོས་བརྒྱན། །རིལ་བུ་རྣམས་ནི་མེ་ཏོག་ཆར་འབེབས་ཚུལ། །མེ་ཏོག་དཔག་བསམ་ཤིང་དང་


CMR026_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱེད་མོའི་ཚལ། །འདི་ལ་ཤ་རྒྱན་རུང་དང་མི་རུང་བའི། །ལྷ་གྲངས་མང་ཕྱིར་ཤ་རྒྱན་མི་བྱའོ། །འདི་ནི་སྔོན་གྱི་སྔགས་རྒན་ཐམས་ཅད་ཀྱིས། །གཡང་སྐྱབས་གཏོར་མའི་ཕྱག་ལེན་རྙིང་པ་ཡིན། །འདི་ལ་འཛམ་ལྷ་རིགས་དགུ་ནོར་རྒྱུན་མ། །དེ་སོགས་ནོར་ལྷའི་རིགས་གྱུར་ཀུན་ལ་བསྔོ། །འཇའ་ཚོན་ལུགས་དང་གནམ་ཆོས་ལུགས་ལ་སོགས། །འགྲུབ་སྦྱོར་ཡོད་དུས་གཡང་སྐྱབས་འདོན་འདོད་ན། །འདི་ལ་འདོན་ཆོག་ལོགས་སུ་བཅའ་མི་དགོས། །ད་ནི་བཞི་བཅུ་ཁ་རལ་སུམ་ཅུར་ཉེར། །སུམ་ཅུ་པ་ལ་མུ་གེའི་བསྐལ་པ་འབྱུང་། །གསུངས་ཕྱིར་འདི་ཉིད་ཤིན་ཏུ་གལ་ཆེན་ཡིན། ༈ །དེ་ནས་རེ་མན་ཡི་གཏོར་མ་ནི། །ཟླུམ་པོ་སྟོད་ཟུར་གཉིས་པ་ནོར་བུའི་དབྱིབས། །ཁ་དོག་དམར་པོ་དབང་གི་རང་བཞིན་མཚོན། །ནོར་བུ་དབུས་མར་མེ་ཏོག་པདྨ་ནི། །འདི་ཉིད་སྒྲུབ་པའི་དཀྱིལ་འཁོར་ཚང་བ་ཡིན། །ཟུར་གཉིས་མར་གྱིས་ཤན་ཅིང་སེན་མོས་བཤད། །དེ་ནི་ནོར་བུའི་མེ་རིའི་མཚོན་པ་ཡིན། །རྩེ་ལ་རལ་གྲི་མེ་འབར་འཁོར་ལོ་ནི། །ལྷ་ཉིད་སྒོམ་པའི་དམིགས་རྟེན་ཡིན་པའོ། །དཔག་བསམ་ཤིང་དང་ནོར་བུའི་ཆར་མཚོན་པའི། །མར་རྒྱང་གཡས་གཡོན་གཉིས་རེ་


CMR026_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

བཙུགས་པ་ཡིན། །བླ་ཆེན་ཡིན་ན་རྟ་གོད་འོང་དོགས་སྣང་། །བླ་ཕྲན་ཡིན་ཀྱང་སྡོམ་རྟ་འཆི་དོགས་སྣང་། །འདི་ནི་རྣམ་སྲས་ལོགས་སུ་བཞག་པའམ། །མགོན་པོ་ཡིན་ཕྱིར་གོང་དུ་བཞག་ཀྱང་རུང་། ༈ །དེ་ནས་རྣམ་སྲས་སེར་ཆེན་གཏོར་མ་ནི། །རྣམ་སྲས་དངོས་གྲུབ་འབྱུང་བའི་རྒྱུད་ཆེན་ལས། །གཏོར་མའི་ཆོ་ག་བྱ་བ་ནི། །འབྲས་སམ་ཏིལ་ལམ་གང་ཡང་རུང་། །རི་རབ་གཟུགས་བྱས་བང་རིམ་བཞི། །དབུས་སུ་རྒྱལ་པོའི་བཞུགས་གདན་བྱ། །ཟུར་བཞི་ལྕོགས་བཞི་བྱ་བ་ནི། །དུང་དང་དུང་ནི་ཆེན་པོ་དང་། །པདྨ་པདྨ་ཆེན་པོའོ། །གླིང་བཞི་གླིང་ཕྲན་བརྒྱད་དང་བཅས། །དེ་ནི་རྒྱལ་པོ་རྟེན་པའི་རྫས། །མར་མེ་བརྒྱ་དང་ལྷ་བཤོས་བརྒྱ། །གནོད་སྦྱིན་ཆེན་པོ་བརྒྱད་ཀྱི་རྫས། །དཀར་གསུམ་མངར་གསུམ་བླུག་པ་ནི། །ཀླུ་ཆེན་བརྒྱད་ཀྱི་རྫས་ཡིན་ནོ། །མཐེབ་སྐྱུ་བརྒྱ་དང་རྩ་བརྒྱད་བཞག །གནོད་སྦྱིན་བྱེ་བ་རྟེན་པའི་རྫས། །གསུངས་པ་སེར་དམར་གཉིས་ཀྱི་གཏོར་མ་ཡིན། །པཎ་ཆེན་བུད་དྷ་གུལྟའི་རྒྱ་གཞུང་ལས། །བཤོས་བུ་རི་རབ་དབྱིབས་སུ་བྱ་བར་གསུངས། །རི་རབ་བྱ་བ་དེ་དག་དོན་འདུས་ཡིན། །དེ་ལ་དུང་ཕྲེང་བྱས་པ་མཛེས་


CMR026_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

པའི་རྒྱན། །དེ་སྟེང་ཟླུམ་པོ་མིག་མང་རིས་བྲིས་པ། །བཞུགས་གནས་གདན་དང་བཅས་པ་མཚོན་པ་ཙམ། །དེ་སྟེང་ནོར་བུ་སུམ་ཚོམ་དགོས་འདོད་འབྱུང་། །ནོར་བུ་གསུམ་ལ་འདབ་བརྒྱད་གསུམ་བཀོད་པ། །སྟེང་མ་རྣམ་སྲས་གནོད་སྦྱིན་མོ་བརྒྱད་དང་། །གཡས་པ་ཕོ་བརྒྱད་གཡོན་པ་ཀླུ་བརྒྱད་མཚོན། །སེར་ཆེན་ལྗང་ཆུང་དྲེགས་པ་གསུམ་མཚོན་ཕྱིར། །རྩེ་ལ་མར་རྒྱང་གསུམ་ནི་བཙུགས་པ་ཡིན། །ཤ་ནི་ཤེས་ཤིང་འོས་པ་ཞེས་བྱའོ། །རྡོ་རྗེ་སེར་གོར་རྒྱུད་ལས་གསུངས་པའི་ཕྱིར། །གཡས་གཡོན་ཤ་རྒྱན་གཉིས་ནི་བཙུགས་པ་ཡིན། །འདི་ཉིད་གཞུང་དུ་བཅའ་ཚུལ་མ་འཆུག་ཀྱང་། །འཛམ་གླིང་རྒྱན་པའི་ཕྱག་ལེན་བརྒྱུད་པ་ཡིན། ༈ །དེ་ནས་མདུང་དམར་ཅན་གྱི་གཏོར་མ་ནི། །རི་རབ་བང་རིམ་བཞི་པའི་འོག་མ་ལ། །མར་སྐུད་འདབ་བརྒྱད་བྲིས་པ་ཀླུ་བརྒྱད་མཚོན། །བང་རིམ་གསུམ་ལ་དུང་ཕྲེང་འཐེན་པ་ནི། །གཞོང་ཐོགས་ཕྲེང་ཐོགས་རྟག་མྱོས་ལྷ་རྣམས་མཚོན། །དེ་སྟེང་ཟུར་གཉིས་བཤོས་ཆུང་བརྒྱད་བསྐོར་བ། །བཀའ་སྡོད་ནོར་ལྷ་མཆེད་བརྒྱད་གཏོར་མ་ཡིན། །དེ་དབུས་གཙུག་ལག་ཁང་གི་དབྱིབས་འདྲ་བ། །ལྕང་ལོ་ཅན་གྱི་ཕོ་བྲང་མཚོན་པ་ཡིན། །དེ་སྟེང་


CMR026_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་བཞི་པད་འདབ་བཞི་བཞག་པ། །དུང་དང་དུང་ཆེན་ལ་སོགས་གཏོར་ཆེན་བཞི། །དེ་དབུས་གཏོར་མ་གྲུ་བཞི་བཞག་པ་ནི། །རྒྱས་པའི་ཕྲིན་ལས་གཙོ་བོ་ཡིན་པའི་ཕྱིར། །རྩེ་ལ་ཕྱག་མཚན་མེ་རི་འོད་ཟེར་ཚུལ། །རྒྱལ་པོ་འཁོར་དང་བཅས་པ་སྒོམ་པའི་རྟེན། །གོ་ཆ་མནབས་པ་འདི་ནི་དྲག་པོའི་ཚུལ། །ཡིན་ཕྱིར་གཏོར་མདོག་དམར་ཞིང་ཤ་རྒྱན་ལྡིང་། །འདི་ཡི་གཏོར་མ་གཞུང་ནས་འདྲ་མིན་མང་། །འོན་ཀྱང་འདི་ཙམ་ཕྱག་ལེན་རྒྱུད་ལྡན་ཏེ། །བཅའ་སློ་གང་དང་མ་འགལ་ཕྱོགས་ཙམ་མཐུན། །གོང་མ་རྣམས་ཀྱི་ཕྱག་སྲོལ་འདི་ཙམ་འདུག ༈ །དེ་ནས་དགོངས་འདུས་གཏོར་མའི་དམར་ཁྲིད་ལས། །འཇིག་རྟེན་པ་ཡི་གཏོར་མགྲོན་དང་། །ཁྱད་པར་ཡི་དྭགས་རིགས་རྣམས་ལ། །རྒྱུ་དག་ཆེ་ཞིང་མང་བར་བཤམས། །དེ་མཉེས་འདོད་པའི་དོན་གྲུབ་འགྱུར། ༈ །རྒྱུད་ལས་ཡི་དྭགས་་་་མགར་ནག་མཆན། བཙན་གྱི་རྒྱལ་པོ་ཉིད། །ཡིན་པར་གསུངས་ཕྱིར་གཏོར་མ་ཆེ་ན་ལེགས། །གཞུང་ནས་མཁར་ཐབས་སུམ་བརྩེགས་གསུངས་ན་ཡང་། །སྒར་ཆེན་ཕྱག་ལེན་ཟུར་གསུམ་རྭ་མགོ་ཅན། །རང་ལུགས་རྭ་མགོས་གནད་འབེབས་འགྲུབ་པར་སླ།


CMR026_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ལོགས་གསུམ་རྭ་ཞོན་དཀར་ནག་རྐང་ཐང་གསུམ། །ཟུར་གསུམ་ལྷ་བཙན་བདུད་ཀྱི་དགེ་བསྙེན་ནི། །བརྒྱ་དང་ཉི་ཤུ་ཚན་གསུམ་གཏོར་མ་ཚང་། །གཙོ་འཁོར་བར་དུ་མར་རྒྱུན་རི་མོས་བཅད། །ཟུར་གསུམ་མར་རྒྱན་མེ་རི་ཞིབ་པོས་བརྒྱན། །རྩེ་ལ་ཕྱག་མཚན་གཙོ་བོ་སྒོམ་པའི་རྟེན། །མེ་འབར་དྲག་རྩལ་མེ་ལྟར་འབར་བའི་རྟགས། །གཙོ་འཁོར་ཡུམ་གསུམ་མཆོད་ཕྱིར་ཤ་དར་གསུམ། ༈ །མགར་དམར་གཏོར་མ་མཁར་ཐབས་སུམ་བརྩེགས་ནི། །ཕ་ཝང་ལོང་བུ་ཟངས་དང་ལྕགས་ཀྱི་མཁར། །ཁ་བད་དུང་ཕྲེང་ལོངས་སྤྱོད་མཛེས་པའི་བརྒྱན།ཟུར་གསུམ་ལོགས་གསུམ་ཤ་རྒྱན་གོང་དང་མཚུངས། །ཕྱག་མཚན་བྷཻཾ་རྟེན་མེ་འབར་དྲག་པོའི་རྟགས། །བཙན་བཤོས་ཡིན་ཕྱིར་མཁར་ཐབས་ངེས་པར་དགོས། བླ་མ་ཞིང་གཤེགས་ཆོས་དབང་ཀུན་བཟང་ལ། །རྨི་ལམ་ལྷ་མོ་ཉིད་ཀྱིས་ལུང་བསྟན་ནས། །འབྲས་ཟན་གཏོར་མ་བཅས་ནས་ཕྱག་ཁྲིད་གནང་། །གཏོར་གདན་ཟན་གྱི་ཟླུམ་སྐོར་སྲབ་བུའི་སྟེང་། །སྨན་ཏིང་པདྨ་འདབ་བཞི་ལྡན་པའི་དབུས། །ལྕོག་ཟླུམ་འདེར་སོ་བཞག་པའི་ལྷ་མོ་ཉིད། །ཕྱོགས་བཞིར་བཤོས་ཕྲན་བཞི་ནི་མཆེད་བཞི་སྟེ། །སྨན་ཏིང་དེ་ནི་བརྟན་མ་


CMR026_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

བཅུ་གཉིས་ཏེ། །གདན་གྱི་ཟན་ནི་སྨན་མོ་འབུམ་ཕྲག་ཚང་། །ཉི་ཟླ་ནོར་བུ་ལྷ་མོ་བསྒོམ་པའི་རྟེན། །མེ་རི་འཇམ་པོ་འཇའ་འོད་གུར་དུ་མཚོན། །མདུན་གྱི་པདྨ་སྒྲུབ་རྟེན་ཚོམ་བུ་ཚང་། །མར་རྒྱང་གཉིས་ནི་ཞི་སྒྲུབ་དཀར་མོ་ཚང་། །ཤ་རྒྱན་གཉིས་ནི་ནག་མོ་སྲོག་སྒྲུབ་དང་། །ཌཀྐི་ཟ་བྱེད་གདོང་ཅན་མཆོད་པའི་རྫས། །གཏོར་མ་བརྒྱད་པོས་ནོར་ལྷའི་གཏོར་མ་ཚང་། །དེ་དག་གཏོར་གདན་སྟེང་དུ་ཕྲེང་བྱས་བཤམས། ༈ །དེ་དང་མི་འདྲ་གཏོར་སྣོད་དགོས་པ་གཉིས། །རིན་ཆེན་སྣོད་དམ་མེད་ན་ཤིང་སྡེར་དུ། ༈ །ཐང་ལྷའི་གཏོར་མ་གྲུ་བཞི་སོར་བཅུ་གཉིས། །དབུ་མ་བཞི་ནི་ལྷ་ཀླུ་བདུད་བཙན་འཁོར། །གཡུང་དྲུང་གཡས་འཁྱིལ་སྒྲུབ་རྟེན་དཀྱིལ་འཁོར་ཚང་། །དུང་ཕྲེང་མཛེས་པའི་རྒྱན་ཡིན་༈ གཡའ་སྤང་མཚམས། །སྤྲིན་རིས་བྱས་པ་ན་བུན་འཕྱུར་བའི་ཚུལ། །ཉི་ཟླ་སྐར་གསུམ་དུང་ཕྲེང་དགེ་ལེགས་འབྱུང་། །ནོར་བུ་མེ་རི་འཇམ་པོ་ལྷ་སྒོམ་རྟེན། །གཏོར་མ་དངོས་ནི་མཆོད་པའི་ཞལ་ཟས་ཏེ། །གནམ་མཚོ་ཡུམ་དང་བཀའ་སྡོད་ཐང་འབྲེལ་གཉིས། །མཆོད་པའི་མར་རྒྱང་གཉིས་ནི་བཙུགས་པ་ཡིན། །འཕྲལ་དུ་རྒྱལ་འགོང་གནོད་པ་བྱུང་བའི་ཚེ། །


CMR026_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

གཏོར་མ་མགོར་བཞག་བཀའ་བསྒོ་བྱ་བའི་ཕྱིར། །གཏོར་མ་གྲལ་དུ་མི་བསྒྲིག་སྣོད་དུ་བཅའ། ༈ །དེ་བཞིན་ལྕགས་སྡེར་རམ་ནི་ཟངོས་སྡེར་དུ། །གཏོར་མ་ཟུར་གསུམ་ནག་པོ་གཡས་དཀྱུས་དགུ། །འདི་ཡི་མིང་ལ་ར་བཤོས་མིང་དུ་གྲགས། །གཙོ་བོར་མིག་དགུ་འཁོར་ལ་མིག་རེ་ཟུང་། །གཙོ་བོར་ཁྱབ་འཇུག་འཁོར་ནི་གཟའ་ཆེན་བརྒྱད། །ཕྱོགས་བཞི་སྙིང་དང་གདོང་མོ་མཆེད་བཞི་ཡིན། །འཁོར་ལ་མེ་ལྕེ་གཙོ་བོར་བྱ་ཡི་མཆུ། །དེ་ནི་རང་རྟགས་ཡིན་པས་གནད་ལ་ཕེབས། །ཤ་རུལ་ཁྲག་རུལ་མཆོད་རྫས་གཙོ་བོའི་ཕྱིར། །ལོགས་གསུམ་ཤ་དར་གསུམ་སོགས་མང་བར་བཙུགས། །གློ་བུར་ལས་བཅོལ་ཟོར་དུ་འཕང་བའི་ཕྱིར། །གྲལ་དུ་མི་བསྒྲིག་སྣོད་དུ་བཅའ་བ་ཡིན། །དྲང་སྲོང་གནོད་པ་ལ་སོགས་མི་འབྱུང་ཞིང་། །སྙིགས་དུས་ཆོམ་རྐུན་ལ་སོགས་འཚེ་བའི་ཚེ། །ཆོ་འཕྲུལ་དགོས་ན་འདི་ཉིད་མྱུར་བའི་ཕྱིར། །འདི་ཡང་གལ་ཆེ་གུད་དུ་བཅའ་དགོས་བྱུང་། ༈ །དེ་ནས་གོང་དུ་བསྐང་བའི་དྲུང་དེ་རུ། །གཡག་ནག་ལིངྒ་བཀལ་དང་བྱ་མོ་དང་། །མགྲིན་པར་དུང་ཕྲེང་བརྒྱན་དང་ལུག་ནག་གཟུགས། །དཔྲལ་བར་མར་བྱུག་དར་ཚོན་ཚར་བུས་བརྒྱན། །དེ་ནི་མ་


CMR026_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་བསྐང་བ་རྫས་མཆོད་བཅའ། །དེ་ཡིས་གཏོར་བསྔོས་རྒྱས་པའི་བཅའ་ཚོགས་ཚང་། ༈ །དེ་ནས་མདོས་སོགས་རིམ་གྲོ་བྱ་བའི་དུས། །བླ་མ་ཡི་དམ་མཁའ་འགྲོ་མར་གྱུ་དབུས། །གཡས་གྲལ་བེར་དང་ཕྱག་བཞི་ཕྱག་དྲུག་པ། །མ་ནིང་ཞིང་སྐྱོང་གཉིས་ཏེ་མགོན་པོ་ལྔ། །གཡོན་དུ་དུར་ཁྲོད་བདག་པོ་རྣམ་སྲས་དང་། །དམ་ཅན་ལྷ་སྨན་རེ་མན་དང་ལྔ། །གཡས་མཐར་དཀར་གཏོར་ཕྱི་རྒྱུད་ངོམ་རྒྱལ་ཡིན། །གཡོན་མཐར་ཐང་ལྷ་སྔགས་བདག་མཁར་ནག་སོགས། །གཙོ་བོ་ཐང་ལྷ་བྱས་ཏེ་གཏོར་མ་གཅིག །རྟ་མགྲིན་ནག་པོ་ཡི་དམ་གཏོར་མར་འདུས། །བྲག་མགོན་སྲིན་མགོན་ཞིང་སྐྱོང་གཏོར་མར་འདུས། །རྣམ་སྲས་སེར་དམར་མགར་བ་དམར་ནག་རྣམས། །གཏོར་མ་སོ་སོར་མི་དགོས་རེ་རེས་ཆོག །མར་རྒྱན་ཞིབ་ཆ་མི་དགོས་ཕྱོགས་མགོ་ཙམ། །བྱ་ཚུལ་གོང་དུ་བཤད་དང་མཚུངས་པ་ཡིན། ༈ །དེ་ལས་བསྡུ་ན་རྩ་གསུམ་གོང་ལྟར་ལས། །ཁེར་དང་ཕྱག་བཞི་ཕྱག་དྲུག་གཅིག་ཏུ་བསྡུ། །མ་ནིང་ཞིང་སྐྱོང་གཉིས་དང་ཆོས་སྐྱོང་གསུམ། །དེ་མཐར་ངོམ་རྒྱལ་ཕྱི་རྒྱུད་དཀར་གཏོར་གཅིག །གཡོན་དུ་རྟ་ལྷ་རྣམ་ཐོས་སྲས་ལ་བསྡུ། །ཐང་ལྷ་ཀླུ་རིགས་ཀུན་


CMR026_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

ལ་དཀར་གཏོར་གཅིག །འདི་དུས་སྔགས་སྲུང་ཕྱག་བཞི་པ་ལ་བསྡུ། །བཙན་ནི་མ་ནིང་འཁོར་དུ་འདུ་བ་ཡིན། །སྔགས་བདག་མཁར་ནག་ཐང་ལྷའི་ནང་དུ་འདུ། །གཏོར་རྩེར་ལྷ་ནི་མི་བསྐྱེད་ནམ་མཁར་བསྐྱེད། །དེ་ཕྱིར་ཕྱག་མཚན་མར་རྒྱན་ལ་སོགས་པ། །ཅི་བདེར་ཆོག་གི་ངེས་པ་ཡོད་པ་མིན། །དེ་བས་བསྡུ་ན་སྔགས་ནག་གཏོར་མ་ལྟར། ༈ །དེ་ལས་བསྡུ་ན་རྒྱུན་གཏོར་གནམ་ཆོས་ལུགས། །རིན་ཆེན་འབར་བ་ལས་བཞིའི་གཏོར་མས་བསྐོར། །རིན་ཆེན་འབར་བའི་ལོགས་གསུམ་རྩ་བ་གསུམ། །ཟུར་གསུམ་གཡས་གཡོན་རྒྱབ་ཀྱི་ཟུར་གསུམ་པོ། །ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་བཀའ་སྲུང་གསུམ། །སྐེད་པ་ཟླུམ་པོ་ནོར་ལྷ་གཞི་བདག་ཀུན། །རྩ་བ་ཟླུམ་པོ་ཕྱི་རྒྱུད་པ་ཀུན་ཡིན། །གཡས་ཀྱི་གྲུ་བཞི་རྣམ་སྲས་སེར་དམར་གཉིས། །གཡོན་གྱི་གྲུ་གསུམ་མགར་བ་དམར་ནག་གཉིས། །རྒྱབ་ཀྱི་ཟུར་གཉིས་ལྷ་སྨན་དབང་གི་ལྷ། །མདུན་གྱི་ཟླུམ་པོ་ཤ་སྤང་ཕྱི་རྒྱུད་པ། །རྒྱུན་གཏོར་ནུབ་རེ་བཞིན་དུ་གཤེགས་དགོས་པས། །མར་རྒྱན་ཐེབ་རྒྱན་ཅི་འབྱོར་བྱས་པས་འཐུས། །ཤ་རྒྱན་ཡོད་ན་བཞི་པོ་རྣམས་ལ་བཙུགས། །གཏོར་མའི་ངོ་བོ་ངེས་ཚིག་ཨོ་རྒྱན་གསུང་། །ངོ་བོ་དབྱིབས་


CMR026_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

དང་ཡེ་ཤེས་གཉིས་མེད་དེ། །ཆོས་ཉིད་ངང་ལས་ཆོས་ཅན་གཏོར་མར་འཆར། །ངེས་ཚིག་ཆགས་འཛིན་མེད་པར་སྟོང་པས་གཏོར། །མགྲོན་རྣམས་ཀུན་ལ་ཁྱབ་པས་མ་ཞེས་བྱ། །དགོས་ཆེད་ཚོགས་རྫོགས་སྒྲིབ་བྱང་བར་ཆད་ཞི། །དངོས་གྲུབ་རྣམ་གཉིས་མྱུར་དུ་ཐོབ་པའོ། །ཆུ་ནི་ཆུང་ངུ་མང་དུ་སྤེལ་བའི་རྫས། །ཡིན་ཕྱིར་ཆབ་ཀྱིས་བྲན་པ་དེ་ཡི་དོན། །ཆབ་བྲན་ཆང་རྒོད་བྲན་ཅིང་ཆུ་གཙང་བྲན། །ཆུ་གཉིས་བར་གྱི་ཆང་ཞེས་བྱ་བ་སྟེ། །དེ་ནས་བྱིན་གྱིས་བརླབས་པའི་བདུད་རྩིས་བྲན། །དེ་ནས་གཏོར་མ་བྱིན་རླབས་བསྔོ་ཚུལ་སོགས། །ཆོ་གའི་གཞུང་ནས་གསལ་ཕྱིར་བཤད་མ་དགོས། ༈ །ནས་ནག་གཙང་མ་མདུན་དུ་བཞག་བྱས་ཏེ། །ནས་འབྲུ་རེ་རེ་ཧཱུྃ་ཡིག་རེ་རེར་དམིགས། །དེ་ནས་མི་དམིགས་ངང་ནས་རྔོ་བཏག་བྱེད། །ཆོས་སྐྱོང་གང་ཡིན་དེ་ཡི་གཏོར་མ་བཅའ། །གཙོ་འཁོར་ཧྲག་བསྡུས་དྲག་རིམ་གཏོར་མ་བཅའ། །ཤོག་དྲིལ་བྱ་སྟེ་རྩེ་དང་སྨད་ཆ་བཞིར། །རྩེ་ནས་བླ་མ་བརྒྱུད་རིམ་མཐོ་ཐོག་མཚན། །དེ་འོག་ཡི་དམ་རྣམས་ཀྱི་སྙིང་པོ་དང་། །དེ་འོག་ཆོས་སྐྱོང་གང་ཡིན་བསྙེན་སྒྲུབ་སྔགས། །དེ་འོག་ཆོས་སྐྱོང་དེ་ཡི་བསད་སྔགས་སོགས། །


CMR026_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

ཤོག་དྲིལ་བཅུག་ཅིང་གསེར་ལ་སོགས་པ་ཡི། །རིན་པོ་ཆེ་ཡི་ནང་གཞུག་གང་ཡོད་བཅུག །མར་རྒྱན་ཤ་རྒྱན་ལ་སོགས་གཟབ་བྱས་ནས། །གཏོར་སྣོད་ནང་བཤམས་ལྷ་ཡི་གཞལ་ཡས་ཁང་། །མཆོད་པའི་སྤྲིན་ཕུང་ཆེན་པོར་དམིགས་བྱས་ཏེ། །མི་བསྒུལ་རྒྱུན་དུ་བཞག་ཅིང་དུས་བཟང་ལ། །གསོ་བྲན་བྱེད་པ་རྟེན་གཏོར་ཞེས་བྱའོ། །དེ་ནི་ཕྱོགས་མཚོན་ཡིན་གྱིས་ཞིབ་པར་ནི། །སོ་སོའི་གཞུང་ནས་གཏོར་མ་བཅའ་ཐབས་གསལ། ༈ །སྒྲུབ་པ་བྱེད་དུས་ཐུན་མཚམས་དྲུག་གམ་བཞིར། །གཏོར་མ་འབུལ་བ་ཐུན་གཏོར་ཞེས་བྱའོ། །མདོས་སོགས་སྲུང་ཟློག་བཅའ་བའི་དུས་ཀྱི་ཚེ། །ནུབ་མོ་དཀར་གཏོར་དམར་གཏོར་གཉིས་བཤམས་ནས། །ཆོས་སྐྱོང་གཏོར་འབུལ་ཆད་ཐོ་བརྟན་སྐྱོང་དང་། །དཀར་གཏོར་འདོན་ལ་འབུལ་བ་གཏོར་འབུལ་ཟེར། །སྒྲུབ་པའི་དུས་སུ་ལྷ་བསྐྱེད་གཏོར་མ་ནི། །རིན་ཆེན་འབར་བ་ལ་སོགས་སྒྲུབ་གཏོར་ཡིན། །གློ་བུར་ལས་ལ་ཟད་པའི་དུས་ཀྱི་ཚེ། །གཏོར་མ་གསར་བཅས་བསྐུལ་པ་གང་ཡོད་འདོན། །ཕྲིན་ལས་བཅོལ་གཏམ་བྱས་ནས་ཕུལ་བ་ནི། །གློ་བུར་ལས་བཅོལ་གཏོར་མ་ཞེས་བྱའོ། ༈ །འདོད་གསོལ་མ་གཏོགས་ལམ་གཏོར་དེ་


CMR026_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

དང་འདྲ། །སྔོན་གྱི་སྔགས་འཆང་རྣལ་འབྱོར་ཕལ་ཆེར་གྱིས། །གསོལ་ཁ་ལམ་གཏོར་གཏོང་སྲོལ་ཡོད་དོ་སྐད། །གཏོར་མའི་བཤད་པ་རྒྱས་པ་དཔག་མེད་ཀྱང་། འདི་རུ་བྲི་བར་མི་ལོངས་རྒྱ་ཆེའོ། །བྲིས་ཀྱང་གལ་ཆུང་ནའང་བཤད་པར་སྣང་། ༈ །དེ་ལྟར་གཏོར་མའི་བཅའ་ཚོགས་ཟིན་བྲིས་འདི། །མཁས་པ་རྣམས་ལ་དགོས་པ་མི་སྣང་ཡང་། །བློ་དམན་གསར་བུ་རྣམས་ལ་ཕན་པའི་ཕྱིར། །བླ་མ་པདྨ་ནམ་མཁའ་ཞེས་བྱ་དང་། །དབུ་མཛད་དགེ་སློང་ཐབས་མཁས་ཞེས་བྱ་བས། །ནན་གྱིས་བསྐུལ་ཕྱིར་རཱ་ག་ཨ་སྱ་ཡིས། །འཕྲལ་དུ་ཡིད་ལ་གང་དྲན་བཀོད་པ་ལ། །ཉེས་འགལ་མཆིས་ན་མཁས་པ་རྣམས་ལ་བཤགས། །དགེ་བས་འགྲོ་བ་དཔག་ཏུ་མེད་པ་དང་། །བློ་གསར་རྣམས་ལ་དགའ་སྟོན་ཆེན་པོར་ཤོག །སརྦ་མངྒ་ལཾ། ཤུ་བྷཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགསང་སྔགས་ནང་གཏོར་གྱི་བཅའ་ཐབས་ཟིན་བྲིས་གསལ་བར་བཀོད་པ་བློ་གསལ་སྒྲོན་མེ།next