Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཁ་སྐོང་གཏོར་བསྔོས་བདུད་རྩི་ཀུན་ཁྱབ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཁ་སྐོང་གཏོར་བསྔོས་བདུད་རྩི་ཀུན་ཁྱབ།next

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཁ་སྐོང་གཏོར་བསྔོས་བདུད་རྩི་ཀུན་ཁྱབ།


CMR027_Page_0011
[མ་དཔེ་གཟིགས་ན་འདིར་གནོན།]

གནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཁ་སྐོང་གཏོར་བསྔོས་བདུད་རྩི་ཀུན་ཁྱབ་བཞུགས་སོ།།


CMR027_Page_0012
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་དེ་ཝཱ་ཌཱ་ཀི་ནི་ཧཱུྃ། གནམ་ཆོས་ལ་སོགས་རྙིང་མའི་གཏོར་བསྔོས་ནི། །རྒྱས་པར་རྩ་གསུམ་ཆོས་སྐྱོང་ནོར་ལྷ་དང་། །བཀའ་སྲུང་ཕྱི་རྒྱུད་གཏོར་མ་བདུན་ཚར་བཅའ། །བསྡུ་ན་རིན་ཆེན་འབར་བ་པད་ཀོར་ཅན། །ལོགས་གསུམ་བླ་མ་ཡི་དམ་མཁའ་འགྲོ་གསུམ། །གཡས་གཡོན་ཟུར་གཉིས་མ་མགོན་གཉིས་ཀྱི་རིགས། །རྒྱབ་ཟུར་བཀའ་སྲུང་ཚོགས་རྣམས་ཐམས་ཅད་དེ། །སྨད་ཀྱི་ཟླུམ་པོ་ནོར་ལྷ་ཐམས་ཅད་ཡིན། །པད་འདབ་སྐོར་བ་ཕྱི་རྒྱུད་འཇིག་རྟེན་པ། །དེ་ལ་ལྷ་བརྒྱ་གཏོར་གཅིག་ཅེས་སུ་གྲགས། །གལ་ཏེ་དེ་ལས་རྒྱས་ཙམ་འདོད་པ་ནི། །དེ་ཡི་མདུན་དུ་ཟླུམ་པོ་དཀར་གྱིས་བརྒྱན། །ཤ་ཁྲག་མི་རུང་བ་རྣམས་དེ་ལ་བསྔོ། །གཡས་སུ་གྲུ་བཞི་ནོར་ལྷ་རྒྱས་པའི་རིགས། །རྒྱབ་ཏུ་ཟུར་གསུམ་མཁའ་འགྲོ་ལྷ་མོའི་


CMR027_Page_0013
[མ་དཔེ་གཟིགས་ན་འདིར་གནོན།]

རིགས། །གཡོན་དུ་ཟུར་གསུམ་ཆོས་སྐྱོང་ཐམས་ཅད་དེ། །དབུས་ཀྱི་མར་རྒྱུན་མདུན་བསྐྱེད་དཀྱིལ་འཁོར་རྟེན། །གཏོར་མ་མཆོད་པའི་སྤྲིན་ཕུང་ཆེན་པོར་དམིགས། །འདི་ནི་གནམ་ཆོས་གཏོར་མ་བསྡུས་པ་ཡིན། །ཆུ་ཆང་ཇ་ཕུད་ལ་སོགས་གང་རུང་བྲན། །དབང་བསྐུར་མ་ཐོབ་པ་ཡི་གཞི་བདག་ཀུན། །ཕུག་གཏོར་གྲ་འདིར་བསྔོ་བར་མི་རུང་ཡང་། །གཞི་བདག་ལྷ་སྲིན་སྡེ་བརྒྱད་ཐམས་ཅད་ཀུན། །ཐ་མལ་པ་ཡི་གཟུགས་སུ་མི་བསྒོམ་ཞིང་། །རིགས་བཞི་དཔའ་བོ་མཁའ་འགྲོའི་སྐུར་བསྒོམས་པས། །ནང་མཆོད་བྲན་པའི་གཏོར་མ་བསྔོ་བར་རུང་། །རང་ཉིད་ཡི་དམ་གང་རུང་སྔོན་སོང་རབ། །མིན་ན་སྐད་ཅིག་དྲན་རྫོགས་བསྒོམ་ཡང་རུང་། །གལ་ཏེ་གཏོར་མ་བཅའ་བ་མ་འཕྲོད་ན། །ཐེབ་ཙེའི་ནང་དུ་རྩམ་པ་གཙང་མ་བཤམ། །


CMR027_Page_0014
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ལ་རི་རབ་གཟུགས་ལྟར་གྲུ་བཞི་བྱ། །རྩེ་རུ་མར་ནི་ཅུང་ཟད་བཞག་པ་བྲན། །གཏོར་རྩམ་ཞེས་བྱ་གྲྭ་ས་ཀུན་ལ་དར། །ཡང་ན་ཐུད་དུམ་མར་སོགས་བྲན་ཡང་རུང་། །ཡང་ན་ཁྱིམ་དུ་གཏོར་མ་ཡོད་པ་དེ། །ཞག་གྲངས་དུ་ཐོག་གསོ་བྲན་བྱེད་པ་ནི། །ཕོགས་སྤྲད་བྱེད་པ་སྔགས་པ་ཀུན་ལ་དར། །དགོན་པ་ཆེན་པོ་སྤྱི་ཡི་གཏོར་མ་ལ། །གྲྭ་པ་ཀུན་གྱིས་གཏོར་བསྔོས་བྱེད་སྲོལ་ཡོད། །དམིགས་རྟེན་གཏོར་མ་ཅི་ཡང་མེད་པ་ལ། །གཏོར་བསྔོས་བྱེད་པ་གོད་ཁ་འབྱུང་བའི་རྒྱུ། །འོན་ཀྱང་རྟོགས་པ་ཤིན་ཏུ་མཐོ་ན་ནི། །གླིང་བཞི་གཏོར་སྣོད་རི་རབ་གཏོར་མ་དང་། །ལྷ་མིའི་ལོངས་སྤྱོད་ཐམས་ཅད་མཆོད་པར་དམིགས། །དེ་ནི་སྣང་སྲིད་གཞིར་བཞེངས་གཏོར་མ་སྟེ། །གང་ཟག་ཕལ་གྱི་སྤྱོད་ཡུལ་མ་ཡིན་ནོ། །དེ་ལྟར་མཐོ་དམན་གང་གི་ལུགས་བྱེད་ཀྱང་། །འདི་ཉིད་འདོན་སྒོམ་སྤྲུགས་པས་འཐུས་པ་ཡིན། ཧཱུྃ། རང་ཉིད་དྲན་རྫོགས་ཡི་དམ་ལྷ་གསལ་བའི། །ཐུགས་ལས་རཾ་ཡཾ་ཁཾ་གསུམ་འཕྲོས་པ་ཡིས། །མེ་ཆུ་རླུང་གིས་མི་གཙང་བསྲེགས་གཏོར་བཀྲུས། །ཡཾ་རཾ་ཀཾ་ལས་རླུང་མེ་ཐོད་སྐྱེད་སྟེང་། །ཨ་ཡིག་ལས་བྱུང་ཡེ་ཤེས་ཀ་པཱ་ལ། །ཕྱི་དཀར་ནང་དམར་ཉི་མ་ཟླ་བའི་སྣོད། །ཡངས་ཤིང་རྒྱ་ཆེ་སྟོང་གསུམ་མཉམ་པའི་སྟེང་། མུཿབིཿརཿཤུཿམཿལས་བདུད་རྩི་ལྔ། །རིན་ཆེན་དྲི་འདྲ་རླངས་པ་དང་བཅས་པ། །ནཿགོཿཀུཿདཿཧཿལས་ཤ་ལྔ་ནི། །


CMR027_Page_0015
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་ཚོ་བཀྲག་མདངས་ལྡན་ཞིང་དྲོད་དང་བཅས། །དེ་སྟེང་ཧཱུྃ་ཨཱༀ་གསུམ་མཐིང་དམར་དཀར། །རླུང་གཡོས་མེ་སྦར་སྣོད་དྲོས་རྫས་རྣམས་ཁོལ། །ཞུ་བས་མི་གཙང་ལྦུ་བ་ཕྱི་རོལ་ལུད། །ཧཱུྃ་ཐིམ་ཐུགས་ཀྱི་བདུད་རྩི་སྔོན་པོ་གྱུར། །ཨཱཐིམ་གསུང་གི་བདུད་རྩི་དམར་ལྟེམ་མེ། །ཨོཾ་ཐིམ་སྐུ་ཡི་བདུད་རྩི་དཀར་ལྟེམ་མེ། །གསུམ་འདྲེས་ཡེ་ཤེས་བདུད་རྩི་མུ་ཏིག་མདོག །ཟག་མེད་བདེ་བ་སྐྱེད་བྱེད་བདུད་རྩི་མཚོ། །མཚོ་རླབས་རོལ་མོའི་སྒྲ་སྐད་སྣ་ཚོགས་འབྱུང་། །དྲི་བཟང་ངད་པ་སངས་རྒྱས་ཞིང་ཀུན་ཁྱབ། །རླངས་པ་སྣ་ཚོགས་མཆོད་པའི་སྤྲིན་ཕུང་འཁྲིགས། །ཁ་དོག་དྲི་རོ་ནུས་པ་ཕུན་སུམ་ཚོགས། །ཧ་ཧོཿཧྲཱིཿཡི་སྔགས་ཀྱིས་བྱིན་གྱིས་བརླབས། །རང་ཉིད་ཡི་དམ་ཐུགས་ཀའི་འོད་ཟེར་གྱིས། །གཏོར་མགྲོན་ཐམས་ཅད་སྐད་ཅིག་སྤྱན་དྲངས་གྱུར། །ཧཱུྃ། སྐུ་གསུམ་དག་པའི་ཞིང་ཁམས་ཐམས་ཅད་ནས། །བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་དང་། །ནོར་ལྷ་བཀའ་སྲུང་འཇིག་རྟེན་སྐྱོང་བའི་ཚོགས། །མཆོད་པའི་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ། །ནམ་མཁའི་བར་སྣང་ས་གཞི་ཁྱབ་པར་བཞུགས། །ལུས་ངག་ཡིད་


CMR027_Page_0016
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་གུས་པས་ཕྱག་འཚལ་ཞིང་། །དངོས་འབྱོར་ཡིད་སྤྲུལ་མཆོད་པ་རྒྱ་མཚོས་མཆོད། །བསྟོད་དབྱངས་ཡན་ལག་རྒྱ་མཚོས་བསྟོད་པར་བགྱི། །རང་གི་ཐུགས་ལས་སྤྲུལ་པའི་ལྷ་མོ་ནི། །རིན་ཆེན་རྒྱན་ལྡན་བྱེ་བ་གྲངས་མེད་འཕྲོས། །ཕྱག་ན་རིན་ཆེན་ལས་གྲུབ་བྷནྡྷའི་སྐྱོགས། །ཐོགས་པས་བདུད་རྩིའི་རྒྱ་མཚོ་ནས་བཅུས་ཏེ། །ལྷ་ཚོགས་སོ་སོའི་མདུན་དུ་བཏེགས་བྱས་པས། །ལྗགས་ནི་འོད་ཀྱི་སྦུ་གུས་བདུད་རྩི་གསོལ། །མཉེས་ཤིང་ཚིམས་ནས་སྐུ་ལུས་བཀྲག་རྒྱས་གྱུར། །ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལི་ཏ་ཞེས་སོགས་གཏོར་མ་བྱིན་གྱིས་བརླབས་སྔགས་དང་། ཨོཾ་ཨཱཿཧཱུྃ་ཧཱུྃ༔བཛྲ་གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་དྷརྨ་པཱ་ལ་སརྦ་བ་སུ་དེ་ཝ་སརྦ་ལོ་ཀ་པཱ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧྲཱི༔ གསུམ་མམ་བདུན། ཨརྒྷཾ༴ སོགས། ཧཱུྃ། སངས་རྒྱས་ཀུན་ལས་བཀའ་དྲིན་ཁྱད་པར་འཕགས། །རྩ་གསུམ་ལྷ་ཡི་ཕྲིན་ལས་འབྱུང་བའི་སྒོ། །རིག་འཛིན་ཆེན་པོ་མི་འགྱུར་རྡོ་རྗེ་སོགས། །བརྒྱུད་པ་དྲུག་ལྡན་རྩ་བརྒྱུད་བླ་མ་ལ། །རྣམ་དག་བདུད་རྩི་གཏོར་མའི་མཉེས་མཆོད་འབུལ། །བཞེས་ནས་དབང་བསྐུར་བྱིན་གྱིས་བརླབ་ཏུ་གསོལ། །སྙིགས་དུས་འགྲོ་བའི་སྐྱབས་


CMR027_Page_0017
[མ་དཔེ་གཟིགས་ན་འདིར་གནོན།]

གནས་པདྨ་འབྱུང་། །སྐུ་གསུམ་སྐུ་ལྔ་མཆོག་གི་མཚན་མཆོག་བརྒྱད། །འཕྲུལ་མཚན་བཞི་བཅུ་ཨོ་རྒྱན་བྱེ་བ་བརྒྱ། །པད་འབྱུང་ཞི་བའི་ལྷ་ཚོགས་ཐམས་ཅད་ལ། །དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །བཞེས་ནས་ཁྱེད་རང་ལྟ་བུར་བྱིན་གྱིས་རློབས། །མི་ཏྲ་ཛོ་ཀི་བི་མ་མི་ཏྲ་དང་། །ཌོམ་བྷི་ཧེ་རུ་ཀ་དང་ཤི་སི་ཧ། །བིརླ་པ་དང་དམ་པ་རྒྱ་གར་དང་། །རིག་འཛིན་བརྒྱད་དང་གྲུབ་ཆེན་བརྒྱད་ཅུ་ལྔ། །རྗེ་འབངས་ཉེར་བདུན་གཏེར་སྟོན་བརྒྱ་རྩ་སོགས། །རིག་འཛིན་སློབ་དཔོན་ལྷ་ཚོགས་ཐམས་ཅད་ལ། །རྣམ་དག་དམ་རྫས་བདུད་རྩིའི་གཏོར་མ་འབུལ། །བཞེས་ནས་ཕྱག་རྒྱ་ཆེན་པོའི་དངོས་གྲུབ་སྩོལ། །པདྨ་བཛྲ་དགོངས་འདུས་ལྷ་ཡི་ཚོགས། །དམར་ནག་མེ་ཕྲེང་ཕྱི་ནང་གསང་སྒྲུབ་ལྷ། །སེང་གེ་སྒྲ་སྒྲོག་རྡོ་རྗེ་གྲོ་བོ་ལོད། །དྲག་མཐིང་པད་འབྱུང་ཟབ་པར་སྟོན་ལ་སོགས། །རིག་འཛིན་ཁྲོས་པའི་ལྷ་ཚོགས་ཐམས་ཅད་ལ། །མ་ཧཱ་བ་ལིང་ཏ་ཡི་མཆོད་པ་འབུལ། །བཞེས་ནས་ཉིད་དང་དབྱེར་མེད་བྱིན་གྱིས་རློབས། །ཀུན་བཟང་རིགས་ལྔ་དམ་པ་རིགས་བརྒྱ་དང་། །སྟོན་པ་བཅུ་གཉིས་བསྐལ་མགོན་དྲུག་ཅུ་ལྔ། །


CMR027_Page_0018
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་བཅས་ལ། །ཡེ་ཤེས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །བཞེས་ནས་སྣང་བཞི་མཐའ་རུ་ཕྱིན་མཛད་གསོལ། །སྣང་བ་མཐའ་ཡས་ཚེ་་དཔག་རིགས་ལྔ་དང་། །ཚེ་སྤྲུལ་ཕྱི་ནང་གསང་བ་ཡང་གསང་ལྷ། །ཚེ་དཔག་དཀར་དམར་མཚོ་སྐྱེས་རྡོ་རྗེ་སོགས། །འཆི་མེད་ཚེ་ཡི་ལྷ་ཚོགས་ཐམས་ཅད་ལ། །འཆི་མེད་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །བཞེས་ནས་རིག་འཛིན་ཚེ་ཡི་དངོས་གྲུབ་སྩོལ། །ཐུགས་རྗེ་ཆེན་པོ་ཕྱི་ནང་གསང་བའི་ལྷ། །འོད་དཀར་ཅན་དང་རྣོ་བཀྲ་དོན་ཡོད་ཞགས། །ལུས་དཀྱིལ་རིགས་ལྔ་རིགས་དགུ་ལྷ་ལྔ་དང་། །སངས་རྒྱས་སྟོང་གི་ཚོགས་དང་བཅས་པ་ལ། །ཡེ་ཤེས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །བཞེས་ནས་འབྲེལ་ཚད་བདེ་ཆེན་ཞིང་དུ་དྲོངས། །སྨན་བླ་ཆོས་བསྒྲགས་རྒྱ་མཚོ་འོད་དཔག་མེད། །བདེ་ཆེན་ཞིང་གི་ལྷ་ཚོགས་ཐམས་ཅད་དང་། །ཐུབ་པའི་དབང་པོ་ཉན་ཐོས་མཆོག་ཟུང་གཉིས། །གནས་བརྟན་བཅུ་དྲུག་དགེ་བསྙེན་དྷརྨཱ་ཏེ། །ཧྭ་ཤང་དགྲ་བཅོམ་ཁྲི་དང་དྲུག་སྟོང་སོགས། །འདུས་པ་མདོ་ཡི་ལྷ་ཚོགས་ཐམས་ཅད་ལ། །ཡེ་ཤེས་བདུད་རྩིའི་གཏོར་མ་འདི་


CMR027_Page_0019
[མ་དཔེ་གཟིགས་ན་འདིར་གནོན།]

འབུལ་ལོ། །བཞེས་ནས་བསྟན་པ་ཡུན་རིང་གནས་པར་མཛོད། །འཇམ་དཔལ་རིགས་ལྔ་ཕྱག་རྟགས་སྤྲ་མ་དང་། །ཀིང་ཀང་འཇིགས་བྱེད་གཤེད་དམར་།གཤེད་ནག་དང་། །ཁྲོ་ཆུ་དུག་སྡོང་གནམ་ལྕགས་ཕ་ལམ་དང་། །རྡོ་རྗེ་ཞུན་བྱེད་ཚེ་བདག་འཆར་ཁ་ནག །ནཱ་ག་རཀཱ་དགྲ་ཟློག་རྣམ་དགུ་སོགས། །འཇམ་དཔལ་སྐུ་ཡི་ལྷ་ཚོགས་ཐམས་ཅད་ལ། །དམ་རྫས་བ་ལི་ཏ་ཡི་མཆོད་པ་འབུལ། །དུས་མིན་འཆི་དང་དགྲ་ཡི་གནོད་པ་བཟློག །དབང་ཆེན་དམར་ནག་བདེ་མཆོག་དམར་པོ་དང་། །རྟ་མགྲིན་གསང་འདུས་ཕྱི་ནང་གསང་བའི་ལྷ། །ནཱ་ག་ཀླུ་འདུལ་ལས་རིམ་བདུན་པ་སོགས། །རྟ་མཆོག་རོལ་པའི་ལྷ་ཚོགས་ཐམས་ཅད་ལ། །དམ་རྫས་མ་ཧཱ་བ་ལིང་ཏ་འདི་འབུལ། །བཞེས་ནས་སྣང་སྲིད་ཟིལ་གནོན་དངོས་གྲུབ་སྩོལ། །ཨོཾ་ཙུག་ཅན་དང་ནམ་མཁའི་བདག་པོ་དང་། །རྣམ་འཇོམས་དམེ་བར་བརྩེགས་དང་ཨུ་ཙརླ། །གཏུམ་ཆེན་གཏུམ་ཆུང་འབྱུང་འདུལ་གོས་སྔོན་ཅན། །རྡོ་རྗེ་སྒེག་པ་བཛྲ་ཧེ་རུ་ཀ །ཡང་དག་ཐུགས་ཀྱི་ལྷ་ཚོགས་ཐམས་ཅད་ལ། །མ་ཧཱ་བ་ལིང་ཏ་ཡི་མཆོད་པར་འབུལ། །བཞེས་ནས་བདག་ལུས་རྡོ་


CMR027_Page_0020
[མ་དཔེ་གཟིགས་ན་འདིར་གནོན།]

རྗེའི་སྐུ་འགྲུབ་མཛོད། །ཆེ་མཆོག་དཔལ་དགུ་བཀའ་བརྒྱད་ལྷ་ཡི་ཚོགས། །ཡེ་ཤེས་འཇིགས་བྱེད་རོ་ཟ་གདམས་ངག་རྒྱལ། །ཡི་དམ་དཔལ་ཆེན་ལྷ་ཚོགས་ཐམས་ཅད་ཀྱིས། །དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །གཞོན་ནུ་བུམ་སྐུའི་ཀློང་དུ་གྲོལ་མཛད་གསོལ། །རྡོ་རྗེ་གཞོན་ནུ་ཁྲོ་བཅུ་ཁྲ་ཐབས་སོགས། །ཕུར་མཇུག་བཅུ་གཉིས་ཕུར་སྲུང་བཅུ་དྲུག་སོགས། །བདུད་འདུལ་ཕུར་པའི་ལྷ་རྣམས་གཏོར་མ་བཞེས། །བྱང་ཆུབ་བསྒྲུབ་ལ་བར་ཆད་མེད་པར་མཛོད། །མཚོ་རྒྱལ་མ་གཅིག་སྒྲོལ་མ་དཀར་སྔོན་དང་། །ཀུ་རུ་ཀུལླེ་ལྷ་མོ་འོད་ཟེར་ཅན། །ཕག་ཁྲོས་སེང་གསུམ་ལས་ཧུར་དྲག་མོ་སོགས། །རྦོད་གཏོང་མ་མོ་མཁའ་འགྲོའི་ལྷ་ཚོགས་ཀུན། །མ་ཧཱ་བ་ལིང་མཆོད་པ་འདི་བཞེས་ལ། །རྩ་རླུང་ལས་སུ་རུང་བར་བྱིན་གྱིས་རློབས། །མ་ནིང་སྡེ་ལྔ་སྲོག་བདུད་དཔལ་འབར་མ། །བྱ་རོག་མཚན་ཅན་མྱུར་མཛད་དཀར་མཐིང་གཉིས། །ལེགས་ལྡན་གུར་མགོན་ཚོགས་བདག་ཨ་གྷོ་ར། །སྲས་མཆོག་ནག་པོ་དྲེགས་བྱེད་བེར་ནག་ཅན། །མ་མགོན་སྡེ་བརྒྱུད་ཏྲཀ་ཤད་མདུང་འཛིན་དང་། །སེང་གདོང་ཡབ་ཡུམ་སྲིན་མགོན་གདོང་


CMR027_Page_0021
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་པ། །ཕོ་རྒྱུད་མགོན་པོའི་ལྷ་ཚོགས་ཐམས་ཅད་ཀྱིས། །དམ་རྫས་བ་ལོ་མཆོད་པ་འདི་བཞེས་ལ། །གནམ་ཆོས་བསྟན་པ་དར་ཞིང་རྒྱས་པར་མཛོད། །རང་བྱུང་རྒྱལ་མོ་དུད་པའི་སོལ་བ་མ། །རེ་ཏི་མཆེད་གསུམ་སྔགས་སྲུང་སྲོག་སྒྲུབ་མ། །དུར་ཁྲོད་བདག་པོ་ཡབ་ཡུམ་ངན་ནུ་མ། །སྤྱང་ཞོན་ཁ་མོ་ཆེ་དང་དམག་ཟོར་མ། །ཨ་ཕྱི་ཀོང་བཙུན་དེ་མོ་ཚེ་རིང་མ། །སྲིན་མོ་གཡག་གདོང་གཡུ་སྒྲོན་ཁོ་ལེ་མ། །ཐང་ནག་དཔལ་མོ་རྩ་འཇིབ་མ་ལ་སོགས། །བསྟན་སྲུང་མ་མོ་མཁའ་འགྲོ་ཐམས་ཅད་ཀྱིས། །དམ་རྫས་བདུད་རྩིའི་གཏོར་མ་འདི་བཞེས་ལ། །མི་ནད་ཕྱུགས་ནད་ཡམས་ནད་མེད་པར་མཛོད། །དབང་ཕྱུག་ཆེན་པོ་འདོད་པའི་རྒྱལ་པོ་དང་། །ཤིན་པ་དམར་ནག་བེག་རྩེ་ཡམ་ཤུད་དམར། །སྤུ་གྲི་མཆེད་གསུམ་ཁྱབ་འཇུག་རཱ་ཧུ་ལ། །མགར་བ་དམར་ནག་མཆེད་འཁོར་དཔུང་དང་བཅས། །འབར་བ་སྤྱན་བདུན་རོལ་པ་རྐྱ་བདུན་དང་། །ཇག་པ་མེ་ལེན་སྐྱེས་བུ་ལུང་གི་བཙན། སྤྲུག་གི་བཙན་རྒོད་ལ་སོགས་བཀའ་སྲུང་རྣམས། །དམ་རྫ་ས་བ་ལིང་མཆོད་པ་འདི་བཞེས་ལ། །ཁ་འཛིན་སྡོང་གྲོགས་མེལ་ཚེ་མ་གཡེལ་


CMR027_Page_0022
[མ་དཔེ་གཟིགས་ན་འདིར་གནོན།]

ཅིག །ཀྵེ་ཏྲ་པཱ་ལ་དམ་ཅན་ཆོས་ཀྱི་རྒྱལ། །ཧ་ས་གནྡྷ་མ་ཧཱ་པཱ་ལ་དང་། །བྱ་རོག་གདོང་དགུ་ཕྱི་ནང་གསང་བ་དང་། །ཡང་གསང་སྦས་པའི་ལྷ་སྲིན་སྡེ་བརྒྱད་སོགས། །བཀའ་དང་བསྟན་པ་སྲུང་བར་ཞལ་བཞེས་པའི། །བཀའ་སྲུང་དམ་ཅན་རྒྱ་མཚོ་ཐམས་ཅད་ཀྱིས། །དམ་རྫས་གཏོར་མའི་མཆོད་པ་འདི་བཞེས་ལ། །རྣམ་འབྱོར་བདག་གི་སྡོང་གྲོགས་རྒྱབ་རྟེན་མཛོད། །བྷཾལས་རིན་ཆེན་སྣོད་མཆོག་རྒྱ་ཆེ་བར། །ཨོཾ་ལས་གཏོར་མ་དཀར་གསུམ་བདུད་རྩིའི་མཚོ། །སྦྲང་རྩིའི་རོ་ལྡན་ཟག་མེད་བདེ་སྐྱིད་འདི། །རྣམ་ཟློསྲས་རིགས་དགུ་ཛཾ་ལྷ་རིགས་དགུ་དང་། །ནོར་རྒྱུན་མ་དང་ཨཱརླ་རེ་མཱནྟ། །ཚོགས་བདག་རིགས་ལྔ་རྟ་བདག་ཀུ་བེ་ར། །ཨ་པར་ཛི་ཏ་དགེ་བསྙེན་ཡེ་ཤེས་གྲགས། །ནོར་བདག་ལ་སོགས་ནོར་ལྷའི་ཚོགས་རྣམས་ལ། །གཏོར་མ་འདི་འབུལ་དགྱེས་པར་བཞེས་ནས་ཀྱང་། །འཛད་མེད་ལོངས་སྤྱོད་གཏེར་གྱི་དངོས་གྲུབ་སྩོལ། །སྔགས་ཀྱི་བདག་པོ་སྨྱོ་ཁ་རྡོ་རྗེ་རྒྱལ། །ཐང་ལྷ་ཡར་བཞུད་མི་མགོན་དཀར་པོ་དང་། །ཀླུ་ཆེན་བརྒྱད་པོ་རིགས་བཞི་ཀླུ་ཡི་ཚོགས། །དཀར་གསུམ་བདུད་རྩིའི་གཏོར་མ་འདི་བཞེས་ལ། །ཀླུ་ནད་ཀུན་


CMR027_Page_0023
[མ་དཔེ་གཟིགས་ན་འདིར་གནོན།]

སོལ་ལོ་ལེགས་འབྲུ་འཕེལ་མཛོད། །སྤོམ་ར་ལ་སོགས་མགུར་ལྷ་བཅུ་གསུམ་དང་། །མཁའ་རི་ལ་སོགས་དགེ་བསྙེན་ཉི་ཤུ་གཅིག །བརྟན་མ་བཅུ་གཉིས་སྐྱོང་མ་བཅུ་གཉིས་དང་། །ཡ་མ་བཅུ་གཉིས་སྨན་ཕྲན་འབུམ་དང་བཅས། །དབྱི་རྒྱལ་ལ་སོགས་ཕྱོགས་བཞིའི་དགེ་བསྙེན་བཞི། །སྨོན་སྐྱེས་ལ་སོགས་གཉན་ཕྲན་བཞི་བཅུ་གཉིས།དེ་སོགས་སྔོན་ཚེ་སློབ་དཔོན་པདྨ་དང་། །སྙིགས་དུས་རིག་འཛིན་མི་འགྱུར་རྡོ་རྗེ་ཡིས། །གནམ་ཆོས་དཀྱིལ་འཁོར་ཞལ་ཕྱེས་དབང་བསྐུར་ཚེ། །བསྟན་པ་སྲུང་བར་ཁས་བླངས་དམ་བཅས་པའི། །བོད་ཡུལ་ལྷ་སྲིན་གཞི་བདག་ཐམས་ཅད་ལ། །དམ་རྫས་དཀར་གསུམ་གཏོར་མ་འདི་འབུལ་ལོ། །བཞེས་ནས་སྔོན་གྱི་ཁས་བླངས་དྲན་མཛོད་ལ། །བདག་གི་འགལ་རྐྱེན་ཀུན་སོལ་མཐུན་རྐྱེན་སྒྲུབས། །བསམ་པའི་དོན་ཀུན་ཡིད་བཞིན་འགྲུབ་པར་མཛོད། །འཇིག་རྟེན་འདས་དང་མ་འདས་གཏོར་མགྲོན་རྣམས། །སོ་སོའི་ཡོན་ཏན་རྣམས་ལ་དང་བས་བསྟོད། །མཆོད་པ་དམན་དང་འབག་བཙོག་གྱུར་པ་བཤགས། །དེ་ལྟར་མཆོད་བསྟོད་དད་པའི་དགེ་བ་དེས། །ཚེ་འདིར་ཚེ་རིང་


CMR027_Page_0024
[མ་དཔེ་གཟིགས་ན་འདིར་གནོན།]

ནད་མེད་ཉམས་རྟོགས་འཕེལ། །ཕྱི་མ་བདེ་ཆེན་ཞིང་དུ་སྐྱེ་ཕྱིར་བསྔོ། །གཏོར་མགྲོན་ལ་སོགས་སྐབས་སུ་དེ་ཡན་ཆོག །གཏོར་བསྔོས་ཁ་རྐྱང་ཡིན་ན་རྗེས་ཆོག་ནི། །ལྷ་རྣམས་ནོངས་པ་གང་མཆིས་བཟོད་པར་གསོལ། །རང་གནས་གཤེགས་སམ་རྟེན་ལ་ཅི་བདེར་བཞུགས། །འཇིག་རྟེན་འཇིག་རྟེན་འདས་པའི་དགེ་ལེགས་ཚོགས། །གོང་ནས་གོང་དུ་འཕེལ་བའི་བཀྲ་ཤིས་ཤོག །ཅེས་བརྗོད་མི་དམིགས་སྟོང་པའི་ངང་ལ་བཞག །གཏོར་མའི་ལས་རྒྱུད་ཆེན་པོ་ལས། །རྣལ་འབྱོར་གཏོར་མར་བརྩོན་པ་ན། །དེ་ལ་བར་ཆད་སུ་ཡིས་ནུས། །རྣལ་འབྱོར་གཏོར་མར་མི་བརྩོན་ན། །དེ་ཡི་བར་ཆད་སུ་ཡིས་སེལ། །ཅེས་གསུངས་བར་ཆད་སེལ་བའི་མཆོག །སྤུ་གྲི་ཀླད་གཟེར་རྒྱུད་ཆེན་ལས། །གཏོར་མ་འདི་ལ་བརྩོན་བྱས་ན། །བདེ་མཆོག་སྐུ་ཡི་དངོས་གྲུབ་ཐོབ། །ཅེས་གསུངས་མཆོག་གི་དངོས་གྲུབ་ཐོབ། །དེ་ཕྱིར་འདི་ལ་བརྩོན་པར་གྱིས། །དམིགས་པ་འདོན་སྒོམ་སྦྲགས་པ་འདི། །བླ་མ་གུ་རུ་ལེགས་ལྡན་དང་། །པདྨ་མཁྱེན་བརྩེས་བསྐུལ་བ་ལྟར། །རཱ་ག་ཨ་སྱས་འཕྲལ་དུ་སྨྲས། །མཁྱེན་བརྩེ་ལྡན་པས་ཡི་གེ་བྲིས། །ཉེས་འགལ་རྩ་བ་གསུམ་ལ་བཤགས། །དགེ་བས་འདི་དང་འབྲེལ་ཚད་རྣམས། །ཚོགས་གཉིས་ཡོངས་སུ་རྫོགས་པར་ཤོག །མངྒ་ལཾ།། །།


previousགནམ་ཆོས་ཐུགས་ཀྱི་གཏེར་ཁའི་ཁ་སྐོང་གཏོར་བསྔོས་བདུད་རྩི་ཀུན་ཁྱབ།next