Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
གསོལ་བསྡུས། གཏོར་བསྔོས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགསོལ་བསྡུས། གཏོར་བསྔོས།next

གསོལ་བསྡུས། གཏོར་བསྔོས།


CMR027_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

ཨོཾ་ཨཱཿཧཱུྃ༔ ཡཾ་རཾ་ཀེ་ལས་རླུང་མེ་ཐོད་སྐྱེད་སྟེང་། །བྷནྡྷའི་སྣོད་དུ་ཟག་མེད་བདུད་རྩི་ཡི། །གཏོར་མ་འདི་ཉིད་འབུལ་བའི་གནས་རྣམས་ནི། །ཀུན་བཟང་་ཡབ་ཡུམ་རྒྱལ་བ་རིགས་མཆོག་ལྔ། །རྡོ་རྗེ་འཆང་ཆེན་སྟོན་པ་རྡོ་རྗེ་སེམས། །དགའ་རབ་རྡོ་རྗེ་ཤྲཱི་སིཾ་ཧ་དང་། །རྒྱ་གར་རིག་འཛིན་བརྒྱད་པོ་ལ་སོགས་པ། །རྙིང་མ་བརྒྱུད་པའི་ཞལ་དུ་བ་ལཾ་འབུལ། །སྣང་བ་མཐའ་ཡས་ཐུགས་རྗེ་ཆེན་པོ་དང་། །པདྨ་འབྱུང་གནས་རྗེ་འབངས་ཉི་ཤུ་ལྔ། །གཏེར་སྟོན་བརྒྱ་རྩ་ལས་ཅན་ཆོས་བདག་ཚོགས། །གཏེར་མ་བརྒྱུད་པའི་ཞལ་དུ་བ་ལི་འབུལ། །རྡོ་རྗེ་འཆང་ཆེན་རྡོ་རྗེ་རྣལ་འབྱོར་མ། །གསང་བའི་བདག་པོ་དཔལ་ལྡན་ས་ར་ཧ། །རྒྱ་གར་གྲུབ་ཆེན་བརྒྱད་ཅུ་ལ་སོགས་པ། །ཕྱག་ཆེན་བརྒྱུད་པའི་ཞལ་དུ་བ་ལ་འབུལ། །ཏེ་ལོ་ནཱ་རོ་མར་མི་རྗེ་ཡི་མཚན། །བཀའ་བརྒྱུད་ཡ་བཞི་འབྲི་སྟག་མཚལ་འབྲུག་པ། །མངྒ་ཤི་གཱིརྟི་ཤྲཱི་སོགས། །བཀའ་བརྒྱུད་བླ་མའི་ཞལ་དུ་བ་ལཾ་འབུལ། །བསྟན་པའི་མངའ་བདག་ཀརྨ་པ་བཅུ་གཉིས། །ཞྭ་དམར་ཉེར་གཅིག་སི་ཏུ་གདན་རབས་དང་། །དཔའ་བོ་རྒྱལ་ཚབ་ཀྲེ་ཧོ་དྲུང་པ་སོགས། །ཀཾ་ཚང་


CMR027_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱུད་པའི་ཞལ་དུ་བ་ལ་འབུལ། །སྨན་བླ་མཆེད་བརྒྱད་སྤྲུལ་པའི་དྲང་སྲོང་གཉིས། །གཡུ་ཐོག་པ་དང་ཟུར་མཁར་གོང་འོག་གཉིས། །སྨན་གྱི་ལྷ་མོ་དྲང་སྲོང་འབུམ་ཕྲག་སོགས། །གསོ་རིག་བརྒྱུད་པའི་ཞལ་དུ་བ་ལི་འབུལ། །འཇམ་དབྱངས་ཞི་བ་ལྷ་དང་གསེར་གླིང་པ། །ཇོ་བོ་འབྲོམ་རྔོག་རྒྱལ་སྲས་སྐུ་མཆེད་གསུམ། །ལུང་བསྟན་དགྲ་བཅོམ་བརྒྱད་ཁྲི་ལ་སོགས་པ། །བཀའ་གདམས་བརྒྱུད་པའི་ཞལ་དུ་བ་ལ་འབུལ། །ཡུམ་ཆེན་འཇམ་དབྱངས་སྒྲོལ་མ་སུ་ཁ་སི། །ཨརྱ་དེ་ཝ་དམ་པ་མ་གཅིག་དང་། །བཀའ་བབ་བུ་ཆེན་བཅུ་དྲུག་ལ་སོགས་པ། །གཅོད་ཡུལ་བརྒྱུད་པའི་ཞལ་དུ་བ་ལ་འབུལ། །དབང་བསྐུར་རྒྱུད་བཤད་མན་ངག་གནང་བ་ཡི། །རྩ་བར་བརྒྱུད་པའི་བླ་མ་ཐམས་ཅད་ལ། །དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །བཞེས་ནས་བདག་ལ་དབང་བསྐུར་བྱིན་གྱིས་རློབས། །གུ་རུ་སྐུ་གསུམ་སྐུ་ལྔ་མཚན་མཆོག་བརྒྱད། །རྟ་ཕག་ཡབ་ཡུམ་གིང་བཞི་སྒོ་མ་བཞི། །ཐུགས་སྒྲུབ་འོད་འབར་ལྷ་ཚོགས་ཐམས་ཅད་ལ། །དམ་རྫས་བདུད་རྩིའི་གཏོར་མ་འདི་འབུལ་ལོ། །འཁོར་ལོ་སྡོམ་པ་རྡོ་རྗེ་རྣལ་འབྱོར་མ། །ཀྱེ་རྡོར་གསང་


CMR027_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

འདུས་དུས་འཁོར་འཇིགས་བྱེད་དང་། །མཱ་ཡཱ་གདན་བཞི་སངས་རྒྱས་ཐོད་པ་སོགས། །རྒྱུད་སྡེ་བཞི་ཡི་ཚོགས་ལ་བ་ལཾ་འབུལ། །དམར་ནག་ཐོད་ཕྲེང་ཡུམ་མཆོག་ཁྲོས་མ་ནག །གོ་ཆ་ལྷ་ལྔ་བྱ་ཁྱུང་རིགས་ཀྱི་བདག །དྲག་པོ་རིགས་བཞི་ཁྲོ་བཅུ་ལ་སོགས་པ། །རིག་འཛིན་ཁྲོས་པའི་ཚོགས་ལ་བ་ལི་འབུལ། །པདྨ་རྒྱལ་པོ་བདུད་འདུལ་གྲོ་བོ་ལོད། །གིང་བཞི་ཡུམ་བཞི་རྒྱལ་པོ་ཆེན་པོ་བཞི། །གསང་བདག་ཀླུ་འདུལ་ཁྱུང་དང་ཁྲོ་བོའི་ཚོགས། །ཌཱ་ཀི་མཚོ་རྒྱལ་སྒྲོལ་མ་དཀར་ལྗང་གཉིས། །ལོ་མ་ཅན་དང་ཕག་ཁྲོས་སེང་གསུམ་སོགས། །ཡི་དམ་མཁའ་འགྲོའི་ཚོགས་ལ་བ་ལཾ་འབུལ། །བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ཕྱག་བཞི་ཕྱག་དྲུག་བེར་ནག་གུར་གྱི་མགོན། །སྲིན་མགོན་གཉེན་མགོན་བྲག་ལྷ་མགོན་པོ་དང་། །དུད་སོལ་རང་བྱུང་རྒྱལ་མོ་ལ་སོགས་པ། །ཆོས་སྐྱོང་མ་མགོན་ཚོགས་ལ་བ་ལི་འབུལ། །མ་ནིང་སྡེ་ལྔ་སྲོག་བདུད་དཔལ་འབར་མ། །སེང་གདོང་ཡབ་ཡུམ་བམ་རོ་སྡེ་བརྒྱད་སོགས། །སྤུ་གྲི་མཆེད་གསུམ་མ་གཟའ་དམ་གསུམ་སོགས། །བཀའ་བརྒྱུད་དམ་ཅན་རྣམས་ལ་བ་ལི་འབུལ། །


CMR027_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

རྣམ་སྲས་རིགས་དགུ་འཛམ་ལྷ་རིགས་དགུ་དང་། །ནོར་རྒྱུན་མ་དང་ཨཅུ་རེ་མན། །ཚོགས་བདག་རིགས་ལྔ་རྟ་བདག་ཀུ་བེ་ར། །ཨ་པར་ཙིཏྟ་དགེ་བསྙེན་ཡེ་ཤེས་གྲགས། །ནོར་བདག་ལ་སོགས་ནོར་ལྷའི་ཚོགས་རྣམས་ལ། །གཏོར་མ་འདི་འབུལ་དགྱེས་པར་བཞེས་ནས་ཀྱང་། །འཛད་མེད་ལོངས་སྤྱོད་གཏེར་གྱི་དངོས་གྲུབ་སྩོལ། །ཇོ་བོ་སྤྱག་བཙན་སྐྱ་དགུ་བྲན་དང་བཅས། །མཁའ་རི་སྨྱོ་ཁ་ངོམ་རྒྱལ་མཁར་ནག་དང་། །རྟ་འདྲ་མེ་ཏོམ་བྲེ་རང་བཙན་རྒོད་སོགས། །བཀའ་སྡོད་ཕོ་ཉའི་ཚོགས་ལ་བ་ལི་འབུལ། །བཞེས་ནས་ཅི་བསམ་དོན་ཀུན་འགྲུབ་པར་མཛོད། །བདག་གི་ནད་རིགས་ཀུན་ཞི་ཚེ་བསོད་དཔལ། །རྒྱས་ཤིང་སྣང་སྲིད་དབང་དུ་འདུ་བ་དང་། །དགྲ་བགེགས་ལོག་འདྲེན་ཆོས་ལོག་དམ་ཉམས་རྣམས། །སྐད་ཅིག་ཐལ་བའི་རྡུལ་བཞིན་བརླགས་ནས་ཀྱང་། །བདག་གི་བསམ་པ་ཐམས་ཅད་བསྒྲུབ་ཏུ་གསོལ། །ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་དྷམ་པ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བ་། ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི།


previousགསོལ་བསྡུས། གཏོར་བསྔོས།next