Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
ཡེ་ཤེས་མགོན་པོའི་ཚེ་སྒྲུབ་ཟབ་མོའི་དམིགས་རིམ་གསལ་བའི་དམིགས་པ་བསྒོམ་ཞིང་སྔགས་བཟླས།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཡེ་ཤེས་མགོན་པོའི་ཚེ་སྒྲུབ་ཟབ་མོའི་དམིགས་རིམ་གསལ་བའི་དམིགས་པ་བསྒོམ་ཞིང་སྔགས་བཟླས།next

ཡེ་ཤེས་མགོན་པོའི་ཚེ་སྒྲུབ་ཟབ་མོའི་དམིགས་རིམ་གསལ་བའི་དམིགས་པ་བསྒོམ་ཞིང་སྔགས་བཟླས།


CMR027_Page_0167
[མ་དཔེ་གཟིགས་ན་འདིར་གནོན།]

ཡེ་ཤེས་མགོན་པོའི་ཚེ་སྒྲུབ་ཟབ་མོའི་དམིགས་རིམ་གསལ་བའི་དམིགས་པ་བསྒོམ་ཞིང་སྔགས་བཟླས་བཞུགས་སོ།།


CMR027_Page_0168
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཛྙཱ་ན་ན་ཐཱ་ཡེ། བླ་མ་ཡི་དམ་ཆོས་སྐྱོང་དབྱེར་མེད་པས། །མགོན་པོའི་ཚེ་སྒྲུབ་རྒྱུན་ཁྱེར་ཉམས་ལེན་ནི། །ནང་ནུབ་ཉིན་སོགས་ཐུན་མཚམས་ནམ་འདོད་དུ། །རང་ཉིད་ཐ་མལ་ལུས་ཀྱི་སྤྱི་བོའི་གཙུག །ཉ་རྒྱས་ཟླ་བའི་གདན་ལ་ཧཾ་ཡིག་ལས། །དྲན་རྫོགས་དམ་ཚིག་ཡེ་ཤེས་གཉིས་མེད་ལས། །ཡེ་ཤེས་མགོན་པོ་དུང་དང་ཀུནྡའི་མདོག །ཞལ་གཅིག་ཕྱག་བཞི་རྒྱུན་དང་ཆ་ལུགས་རྫོགས། །ཕྱག་གཡོན་འཆི་མེད་བདུད་རྩིས་གང་བ་ཡི། བྷནྡྷ་གཡས་ཀྱིས་གྲི་གུག་གིས་བསྟན་འཛིན། །གཡས་འོག་རལ་གྲི་གཡོན་འོག་ཁཊཾ་ག །ཁྲོ་འཛུམ་རོལ་པའི་སྟབས་ཀྱིས་ཟླ་གདན་བཞུགས། །


CMR027_Page_0169
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀར་ཟླ་སྟེང་ཧཱུྃ་མཐར་སྔགས་གཡས་འཁོར། །དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པ་ཡིས། །འཁོར་འདས་ལམ་གྱིས་བསྡུས་པའི་ཚེ་བསོད་ནམས། །ཐམས་ཅད་བསྡུས་ནས་ཕྱག་གི་ཐོད་པར་ཐིམ། །མགོན་པོ་དགྱེས་ནས་ཕྱག་གི་བདུད་རྩི་བླུག །ཚངས་བུག་ནས་ཞུགས་བདག་གི་ལུས་གང་བས། །སྡིག་སྒྲིབ་ཉམས་ཆག་གྲིབ་དང་མི་གཙང་བ། །ཚེ་ཡི་བར་ཆད་དུད་ཁུ་སོལ་ཁུ་ཡི། །རྣམ་པ་རྐང་མཐིལ་གཉིས་དང་འོག་སྒོ་ཡི། །ལམ་ནས་ཐོན་ཏེ་རིམ་དགུ་ས་ཡི་འོག །འཆི་བདག་གཤིན་རྗེས་འཐུང་བས་ངོམས་ཤིང་ཚིམས། །བདག་ལུས་


CMR027_Page_0170
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་བུམ་འོ་མས་བཀང་བ་ལྟར། །འཆི་མེད་ཡེ་ཤེས་བདུད་རྩིས་གང་བསམ་ཞིང་། །ༀ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཨ་ཡུསྶཏེ་པུཏྟིཾ་ཀུ་རུ་ཨོ། དེ་ལ་བརྒྱ་སྟོང་ཅི་འགྲུབ་བཟླས་པའི་རྗེས། །སྤྱི་བོའི་མགོན་པོ་རང་ལ་ཐིམ་པའི་མཐུས། །རང་ཉིད་ཐ་མལ་ལུས་དེ་གནས་འགྱུར་ནས། །སྟོན་ཟླའི་མདོག་ཅན་མགོན་པོ་ཕྱག་བཞི་པ། །ཞལ་གཅིག་སྤྱན་གསུམ་ཤིན་ཏུ་ཞི་ཞིང་བཞད། །སྐྲ་སེར་གྱེན་བརྫེས་ཐོད་སྐམ་ལྔ་ཡིས་བརྒྱན། །དང་པོས་གྲི་གུག་ཐོད་པ་བདུད་རྩིས་བཀང་། །གཡོན་འོག་རྩེ་གསུམ་གཡས་ཀྱི་འོག་མ་ན། །བདུད་རྩི་རང་བཞིན་ཞགས་པ་འཁྱིལ་བ་བསྣམས། །དུར་ཁྲོད་ཆས་དང་དར་དང་རིན་ཆེན་བརྒྱན། །པད་དཀར་ཟླ་བའི་སྟེང་ན་རོལ་སྟབས་འགྱིངས། །རང་འོད་འཁྲུགས་པའི་ཀློང་ན་ལམ་མེར་གསལ། །དེ་ཡི་ཐུགས་ཀར་རང་འདྲའི་ཡེ་ཤེས་སེམས། །དེ་ཡི་ཐུགས་ཀར་ཟླ་བའི་དཀྱིལ་འཁོར་སྟེང་། །ཏིང་འཛིན་སེམས་དཔའ་ཐུགས་ཀར་སྔགས་ཀྱིས་བསྐོར། །དེ་ལས་འོད་ཟེར་སྣ་ཚོགས་འཕྲོས་པ་ཡིས། །བླ་མ་ཡི་དམ་སངས་རྒྱས་བྱང་སེམས་དང་། །མཁའ་འགྲོ་ཆོས་སྐྱོང་ཀུན་གྱི་བྱིན་རླབས་བཅུད། །རང་གི་བླ་ཚེ་ཡར་དང་འཁྱམས་པ་


CMR027_Page_0171
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྷ་ཀླུ་མི་ཡི་ཚེ་བསོད་འབྱུང་བའི་བཅུད། །ཐམས་ཅད་བསྡུས་ནས་སྙིང་དབུས་ལྷ་ལ་ཐིམ། །བཀྲག་མདངས་རྒྱས་ཤིང་སྐུ་དང་ཟླ་གདན་ལས། །འཆི་མེད་ཚེ་ཡི་བདུད་རྩིའི་རྒྱུན་བབས་པས། །བདག་ལུས་གང་ཞིང་བདུད་རྩིའི་ཟེགས་མ་རེ། །བ་སྤུའི་ལམ་བར་རྡོ་རྗེ་ཕྱེད་པ་རེ། །སྲིན་ལག་གཉིས་ཀྱི་རྩ་བར་ཧཱུྃ་དཀར་མཚན། །དེ་ལྟར་བསྒོམ་ཞིང་སྔགས་འདི་ཅི་འགྲུབ་བཟླ། །ཨོཾ་ཨ་མཱ་ར་ཎི་ཛཱི་སྭཱ་ཧཱ། དེ་ནས་མི་དམིགས་སྟོང་ཉིད་ངང་ལ་བཞག །ཏིང་འཛིན་མ་ཡེངས་སྟོང་ཕྲག་ཙམ་བཟླས་ཀྱང་། །ལོ་སྟོང་ཐུབ་པར་མངོན་འབྱུང་རྒྱུད་ནས་གསུངས། །བྱེ་བ་བཟླས་ན་ལྔ་སྟོང་ཐུབ་པར་གསུངས། །རྒས་པ་མེད་ཅིང་འཆི་མེད་ཐོབ་པར་བཤད། །རྒྱུན་ཁྱེར་བྱས་ཀྱང་ཉམས་ཆག་སྡིག་སྒྲིབ་དག །ཚེ་ཡི་རིག་འཛིན་ཐོབ་པ་ཙམ་ཡིན་གསུངས། །མགོན་པོ་མངོན་འབྱུང་རྒྱུད་དང་སྐུ་རིགས་མར། །འདི་དག་རྩ་ཚིག་འཐོར་ནས་བཞུགས་པ་དེ། །ཚིག་ཐུང་དོན་གསལ་རཱ་ག་ཨ་སྱས་བསྡེབས། །སྡེབ་མཁན་ཞན་ཀྱང་གདམས་ངག་ཟབ་པའི་ཕྱིར། །སེར་གར་ཕན་ན་ཁྱི་ཚིལ་བྱུག་པའི་དཔེ། །སྤྲུལ་སྐུ་མཆེད་གསུམ་ཐུན་རེ་ཆག་མེད་ཞུ། །འབྱུང་བའི་དགྲ་གྲོགས་ལམ་ལའང་འཕྲོད་པར་ན། །ཚེ་སྒྲུབ་རིགས་ལ་བརྒྱ་སྟོང་གྲངས་མང་ཡང་། །བརྒྱུད་པར་བཀའ་བབ་ཚེ་རབས་མང་པོའི་ལྷ། །ཡིན་ཕྱིར་ཐུགས་རྗེ་བྱིན་རླབས་མྱུར་བར་ངེས། །འདི་དོན་མངོན་འབྱུང་


CMR027_Page_0172
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་དང་སྐུ་རིགས་མར། །ཡིན་ཕྱིར་ལུང་རྒྱུན་མ་ཐོབ་མི་དོགས་འཚལ། །འདི་བྲིས་དགེ་བས་བསྟན་འཛིན་སྐྱེས་བུ་རྣམས། །སྐུ་ཚེ་བརྟན་ཅིང་མཛད་ཕྲིན་རྒྱས་གྱུར་ཅིག །ཅེས་ཤོར་ཕུ་བླ་མས་བསྐུལ་ངོར། །རཱ་གའི་མིང་གིས་དཔལ་རི་རྩེ་རུ་སྦྱར་བའོ། །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousཡེ་ཤེས་མགོན་པོའི་ཚེ་སྒྲུབ་ཟབ་མོའི་དམིགས་རིམ་གསལ་བའི་དམིགས་པ་བསྒོམ་ཞིང་སྔགས་བཟླས།next