Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
གཏེར་མགོན་མངོན་རྟོགས་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   


 
previousགཏེར་མགོན་མངོན་རྟོགས་བསྡུས་པ།next

གཏེར་མགོན་མངོན་རྟོགས་བསྡུས་པ།


CMR027_Page_0181
[མ་དཔེ་གཟིགས་ན་འདིར་གནོན།]

གཏེར་མགོན་མངོན་རྟོགས་བསྡུས་པ་བཞུགས༔


CMR027_Page_0182
[མ་དཔེ་གཟིགས་ན་འདིར་གནོན།]

ཆོས་ཀུན་མི་དམིགས་སྟོང་པའི་ངང་ཉིད་ལས༔ མེ་རི་རྡོ་ར་ཐོད་པའི་གུར་ཁང་དབུས༔ རཾ་ཡཾ་ཁཾ་ཡིག་ལས་བྱུང་འབྱུང་རིམ་བརྩེགས༔ དེ་སྟེང་པཾ་ལས་པདྨ་འདབ་བརྒྱད་ཀྱི༔ ལྟེ་བར་ཉི་མ་ཐཾ་སྟེང་ཧཱུྃ་མཐིང་ལས༔ དཔལ་ལྡན་ཡེ་ཤེས་མགོན་པོ་སྐུ་མདོག་མཐིང་རྔམ་བརྗིད་ཞལ་གཅིག་ཕྱག་བཞི་ཁྲོ་བོའི་གཟུགས༔ ཕྱག་གཡས་དང་པོས་དགྲ་སྙིང་དམར་པོ་བསྣམས༔ གཡོན་གྱི་ཐོད་པ་འོག་མའི་གཡས་གཡོན་གྱིས༔ རལ་གྲི་ཁ་ཊཾ་འཛིན་ཅིང་བཙན་འཁྱིལ་གྱི༔ ཡུམ་ཆེན་ཀྲོ་ཏི་གྲི་ཐོད་འཛིན་པ་འཁྲིལ༔ དུར་ཁྲོད་དཔལ་ཆས་ཡོངས་རྫོགས་མེ་


CMR027_Page_0183
[མ་དཔེ་གཟིགས་ན་འདིར་གནོན།]

ཀློང་བཞུགས༔ དེ་ཡི་ཕྱི་རིམ་པདྨ་འདབ་བརྒྱད་ལ༔ ཤར་ལྷོར་བྱ་རོག་གདོང་ཅན་གྲི་ཐོད་འཛིན༔ དུར་ཁྲོད་ཆས་ལྡན་སྤྲུལ་པའི་བྱ་རོག་བཅིབས༔ ལྷོ་ནུབ་སེང་གདོང་རྟ་ནག་བེར་ནག་ཅན༔ དཱར་ནག་དམར་གཏོར་ཕྱར་ཞིང་བམ་རོས་བརྟེན༔ ནུབ་བྱང་གཟའ་བདུད་མགོ་དགུ་བྱ་རོག་གདོང་༔ མིག་མང་ཆུ་སྲིན་མདའ་གཞུ་སྦྲུལ་མཇུག་འཁྱིལ༔ བྱང་ཤར་འབར་མ་རྩེ་གསུམ་ཐོད་ཁྲག་འཛིན༔ དར་ནག་གོ་ཟུ་གྱོན་ཅིང་བྱ་རོག་ཞོན༔ ཤར་དུ་གིང་ཆེན་དཀར་པོ་བེར་དཀར་ཅན༔ མདུང་དར་འཁོར་ལོ་བསྣམས་ཤིང་རྟ་དཀར་བཅིབས༔ ལྷོ་རུ་གཤིན་རྗེ་


CMR027_Page_0184
[མ་དཔེ་གཟིགས་ན་འདིར་གནོན།]

དམར་པོ་ར་དམར་བཅིབསཾ༔ སྤུ་གྲི་ཞགས་བསྣམས་ཁྲ་གདེངས་བསེ་ཕུབ་ཁུར༔ ནུབ་ཏུ་བཙན་རྗེ་སྔོ་ནག་སེང་གེ་ཞོན༔ རྡོ་རྗེ་འཛིན་ཅིང་སྤྲུལ་པའི་ལྕགས་སྤྱང་འགྱེད༔ བྱང་དུ་སྦྱིན་ནག་པོ་རིའུ་སླག་གྱོན༔ ལྕགས་ཀྱི་ཁར་བ་སྙིང་འཛིན་རྟ་ནག་བཅིབས༔ ཡང་འཁོར་ནག་པོ་མ་མོ་ཤ་ཟ་དང་༔ ཁྲག་འཐུང་བྱ་གཅན་ཚོགས་ཀྱིས་བསྐོར་བའོ༔ ཀུན་གྱི་གནས་གསུམ་ཡིག་འབྲུ་གསུམ་པོ་དང་༔ སོ་སོའི་ས་བོན་དག་ལས་འོད་འཕྲོས་པས༔ འོག་མིན་རྡོ་རྗེ་གདན་དང་ནཱ་ལེནྡྲ༔ སོ་སོའི་གནས་ནས་འཁོར་བཅས་སྤྱན་དྲངས་གྱུར༔ དེ་ནས་སྤྱན་འདྲེན་ནས་བསྟོད་པ་ཡན་ཆད་འདོན༔ ལས་ཀྱི་གཉེར་གཏད་ནས་བསྐུལ་པ་རྣམས་དགུ་གཏོར་ལ་སོགས་གལ་ཆེ་ན་མ་གཏོགས་རྒྱུན་དུ་མི་འདོན༔ འདི་ཡི་དམ་ཆོས་སྐྱོང་དབྱེར་མེད་ཡིན་པས་མངོན་རྟོགས་གཅིག་གིས་བདག་མདུན་དུས་གཅིག་བསྐྱེད་རྒྱུ་ཡིན་ནའང་རྒྱུན་གྱི་གཏོར་ཆོག་ཚེ་རང་ཡི་དམ་ལ་མདུན་དུ་མགོན་པོ་འཁོར་བཅས་བསྐྱེད་ཀྱང་ཆོག་བསྙེན་པ་བྱེད་ན་ནི་བདག་མདུན་གཉིས་མགོན་པོར་བསྒོམ་པར་བྱ་སྟེ༔ རྒྱུན་གྱི་བསྙེན་པ་ནི༔ ཨོཾ་མ་ཧཱ་ཀ་ལ་ཨེ་ཀ་ཛ་ཊི་གུ་ཎ་ཧྲི་ད་ཧཱུྃ་ཕཊ༔ ཅེས་པ་ཕྲེང་སྐོར་ཙམ་དང་དེ་ལ་བཏགས་པ་ནི༔ མ་ཧཱ་ཀཱ་ལ་ཁ་ཁ་མུ་ཁ༔ མ་མ་རཀྵ་ཛ་ལི་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ རཀྵ་རཱ་ཧུ་ལ། གིང་ཀ་


CMR027_Page_0185
[མ་དཔེ་གཟིགས་ན་འདིར་གནོན།]

རཱ༔ ཡ་མ་རཱ་ཛཿ ཙ་ཏྲི་ཤཱུ་ལ༔ ཡཀྵ་སརྦ་དུཥྚཱཾ༔ སརྦ་ཌཱ་ཀི་ནཱི་ཧཱུྃ་ཕཊ༔ ཅེས་སྔགས་རིང་ཚར་བདུན་རེ་ཙམ་བཟླའོ༔ ཞེས་ཨ་རཱ་གས་སོ༔ མངྒ་ལཾ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགཏེར་མགོན་མངོན་རྟོགས་བསྡུས་པ།next