Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་ཆོག་དང་རྒྱུན་བསྙེན་བྱ་ཐབས་མདོར་བསྡུས་མགོན་པོ་དངོས་གྲུབ་ཀུན་འབྱུང་།
   
   
   
   
   
   
   
   
   
   
   
   
   


 
previousདཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་ཆོག་དང་རྒྱུན་བསྙེན་བྱ་ཐབས་མདོར་བསྡུས་མགོན་པོ་དངོས་གྲུབ་ཀུན་འབྱུང་།next

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་ཆོག་དང་རྒྱུན་བསྙེན་བྱ་ཐབས་མདོར་བསྡུས་མགོན་པོ་དངོས་གྲུབ་ཀུན་འབྱུང་།


CMR027_Page_0195
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་ཆོག་དང་རྒྱུན་བསྙེན་བྱ་ཐབས་མདོར་བསྡུས་མགོན་པོ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།


CMR027_Page_0196
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། བླ་མ་ཡི་དམ་ཆོས་སྐྱོང་དབྱེར་མེད་པ། །འཇའ་ལུས་མཁའ་སྤྱོད་གཱ་ག་དྷ་ཛ་ལ། །གུས་པས་ཕྱག་འཚལ་རིགས་རྒྱུད་བྱིན་གྱིས་རློབས། །དེ་ལ་འདིར་ནག་པོ་ཆེན་པོ་ཕྱག་བཞི་པའི་སྒྲུབ་ཐབས་མཆོད་ཕྲེང་ཁྱེར་བདེར་བཀོད་པ་བྱ་བའི་ཕྱིར་བཀའ་ཡི་གནང་བ་བསྩལ་དུ་གསོལ་། །དེ་ཡང་ཐོག་མར་ངེས་ཤེས་ཀྱི་དད་པ་མེད་ན་བྱིན་རླབས་རྒྱང་རིང་བས། ངེས་ཤེས་དད་པ་སྐྱེད་ཕྱིར་ཕན་ཡོན་དགོས་ཆེད་བཤད་དེ། མགོན་པོ་འདི་ནི་ཡི་དམ་ཆོས་སྐྱོང་གཉིས་ཀ་ཡིན་པས་གོང་གནོན་གཞན་གཅིག་ཀྱང་མི་དགོས་ཏེ། བྱ་རོག་སྲོག་ཟན་ནག་པོའི་རྒྱུད་ལས། ངོ་བོ་ཁྲག་འཐུང་བདེ་མཆོག་ཡིན། །ཡེ་ཤེས་སྐུ་ཏེ་རྡོ་རྗེ་འཆང་། །ཞེས་གསུངས་སོ།


CMR027_Page_0197
[མ་དཔེ་གཟིགས་ན་འདིར་གནོན།]

བསྐལ་པ་འདི་ལ་བྱུང་བའི་མགོན་པོ་ཐམས་ཅད་ཀྱི་ནང་ནས་མཆོག་དམ་པ་སྙིང་པོ་ཡང་འདི་ཡིན་ཏེ། དངོས་གྲུབ་འབྱུང་རྒྱུད་ལས། བསྐལ་པ་བཟང་པོ་འདི་ལ་ནི། །བྱུང་བའི་མགོན་པོ་མ་ལུས་པ། །ཀུན་གྱི་སྙིང་པོ་གྱུར་པ་ནི། །གསང་བ་ཞིང་སྐྱོང་མགོན་པོ་ཆེ། །སངས་རྒྱས་ཀུན་གྱི་མགོན་པོ་འདིས། །བསྟན་པ་སྲུང་བར་མཛད་པ་ཡིན། །ཞེས་གསུངས། ༈ འདི་ནི་འཇིག་རྟེན་པའི་ཆོས་སྐྱོང་གཞན་དང་མི་འདྲ་སྟེ། ཕྱི་མ་ཡང་ལམ་སྣ་འདྲེན་པ་ཡིན་ཏེ། གྲི་གུག་བརྩེགས་པའི་རྒྱུད་ལས། བར་མ་དོར་ནི་འཇུག་ཚེ་ཡང་། །བར་ཆད་སེལ་ཞིང་ལམ་སྣ་འདྲེན། །ཞིང་ཁམས་དག་པར་སྐྱེལ་བར་བྱེད། །དེ་ཕྱིར་ཆོས་སྐྱོང་ཆེན་པོ་ཡིན། །ལྷ་སྟོང་དབང་བསྐུར་འགྲོ་དོན་འབྱུང་། །གྲུབ་པ་བརྒྱད་སོགས་ལས་ཚོགས་འགྲུབ། །ཅེས་


CMR027_Page_0198
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས་སོ། །དུས་སྙིགས་མའི་སྐབས་འདིར་ལྷ་གཞན་འགྲུབ་དཀའ་མོད་ཀྱི། མགོན་པོ་འདི་འགྲུབ་སླ་བ་སྟེ། གྲི་གུག་བརྩེགས་པའི་རྒྱུད་ལས། དེ་ནས་དཔལ་ལྡན་ནག་པོ་ཆེ། །ཕྱག་བཞི་པ་ཡིས་སླར་གསོལ་བ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །ཟས་ངན་ལྕི་བ་ཟ་བའི་དུས། །གོས་ངན་རེ་བ་གྱོན་པའི་དུས། །མཚོན་ཆ་རྒྱན་དུ་འདོགས་པའི་དུས། །མུ་སྟེགས་ལོག་ལྟ་དར་བའི་དུས། །རབ་བྱུང་སྡེ་འཁྲུག་དར་བའི་དུས། །སྔགས་པ་ནང་དམེ་དར་བའི་དུས། །དེ་དུས་ང་ཡི་བསྟན་པ་འབྱུང་། །ཞེས་གསུངས་སོ།། ༈ མདོར་ན་མགོན་པོ་འདི་སྒྲུབ་ན། །མཆོག་དང་ཐུན་མོང་དངོས་གྲུབ་ཐམས་ཅད་ཐོབ་ནས་ས་བཅུ་ནོན་པར་བཤད་དོ། །ཐུགས་རྗེ་འབྱུང་བ་རྩ་བའི་རྒྱུད་ལས། །གནས་སྐབས་མཐར་ཐུག་འབྲས་བུ་བཤད། །ཞི་དང་རྒྱས་དང་དབང་གི་ལས། །ཚེ་དང་དཔལ་དང་གྲགས་དང་གཟི་བརྗིད་དང་། །མཐུ་སྟོབས་འབྱོར་པ་དང་ལྡན་སྲུང་བ་དང་། །ས་སྟེང་དང་ནི་མཐོ་རིས་གནས་སུ་ནི། །དེས་ནི་བགེགས་ཀྱི་ཚོགས་རྣམས་སྲུང་བར་བྱེད། །རྐང་མགྱོགས་རིལ་བུ་བུམ་པ་བཟང་། །གནོད་སྦྱིན་མཆིལ་ལྷམ་མཁའ་ལ་སྤྱོད་པར་འགྱུར། །དགའ་བའི་ལམ་གནས་ས་བཅུའི་དབང་ཕྱུག་ཐོབ། །སྤྲུལ་དང་དོན་སྤྱོད་ཟག་པ་མེད་འབྲས་ཐོབ་། །དགེ་བའི་ཤུགས་ཅན་སྟོབས་ཆེན་དེ་ཡི་ཞིང་། །སྐྱེ་ཞིང་མགོན་པོ་དེ་དང་མཚུངས་པར་ཤོག །ཅེས་དང་། དངོས་གྲུབ་འབྱུང་བའི་རྒྱུད་ཆེན་པོ་ལས། ཁྱད་པར་དུ་ཡང་གསང་བ་ཆེན་པོའི་དམ་ཚིག་ལ་ངེས་པར་གནས་པ་ཉིད་


CMR027_Page_0199
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་ཕྱོགས་དང་དུས་ཐམས་ཅད་དུ་ཡེ་ཤེས་ཀྱི་མགོན་པོ་ནག་པོ་ཆེན་པོས་རྗེས་སུ་སྐྱོང་བ་དང་། རྒྱང་རིང་པོ་ནས་ཀྱང་ངེས་པར་གཟིགས་པར་མཛད་དོ། །འཇིགས་པ་ཐམས་ཅད་ལས་རབ་ཏུ་གྲོལ་བར་འགྱུར་རོ། །སྟོབས་དང་ཚེ་དང་དཔལ་རབ་ཏུ་སྟེར་ཞིང་། མི་ཟད་པའི་ཡེ་ཤེས་ཐོབ་པར་བྱེད་པ་དང་། ཉམ་ང་བ་མེད་པ་དང་བག་ཚ་བ་མེད་པ་དང་སེང་གེའི་སྟོབས་ཀྱིས་རྒྱུ་ཞིང་བདུད་ཀྱི་ཕྱོགས་མ་ལུས་པ་ཐམས་ཅད་ནམ་ཞིག་སྒྲུག་སྟེ། མགོ་བོ་འགེམས་པ་ཙམ་དུ་བྱེད་པར་འགྱུར་ཞིང་། རྒྱ་མཚོ་ཆེན་པོ་མཐར་ཐུག་པར་བྱེད་པར་འགྱུར་རོ། །གང་གཏུམ་པ་དང་དཔའ་བ་དང་དྲག་པོའི་སྟོབས་ཤུགས་ཀྱིས་ཀུན་ཏུ་སྤྱོད་ལ། རྡོ་རྗེའི་ཏིང་ངེ་འཛིན་མི་ཤིགས་པར་འགྱུར་བ་མེད་པའི་ཚུལ་ཁྱབ་པར་རྒྱུའོ། །གནས་ཀྱི་མཁའ་འགྲོ་མ་དང་། ཕོ་ཉའི་མཁའ་འགྲོ་མ་དང་། འཇིག་རྟེན་གྱི་མཁའ་འགྲོ་མ་དང་། དམ་ཚིག་གི་མཁའ་འགྲོ་མ་དང་། ཤ་ཟའི་མཁའ་འགྲོ་མའི་དབང་ཕྱུག་ཏུ་གྱུར་ཏོ། །རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ་ཕོ་ཉ་དྲུག་ཅུ་རྩ་བཞིས་ཀྱང་ཕྲིན་ལས་ཐོགས་པ་མེད་པར་འགྲུབ་པར་བྱེད་དོ། །ཞིང་སྐྱོང་ཆེན་པོ་དང་ཉེ་བའི་ཞིང་སྐྱོང་ཉི་ཤུ་རྩ་བཞི་པོ་དག་གིས་ཀྱང་ཕྲིན་ལས་ཐོགས་པ་མེད་པར་སྒྲུབ་པར་བྱེད་དོ། །གདུལ་དཀའ་བ་མ་ལུས་པ་འདུལ་ཞིང་འཇིག་རྟེན་གསུམ་ལས་རྣམ་པར་རྒྱལ་བར་བྱེད་དོ། །གང་རྒྱུད་འདི་འཆང་བ་དང་ཀློག་པ་དང་འཛིན་པ་དང་སེམས་དཔའ་བ་དང་དེ་བཞིན་ཉིད་དུ་གནས་པ་དང་། རྣལ་འབྱོར་དུ་གང་གནས་པ་ལ་ཉེ་བར་སྐྱོབ་པར་བྱེད་དོ། །ཉེ་བར་དགོངས་


CMR027_Page_0200
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཁྱེན་པར་འགྱུར་རོ། །བྱ་རོག་བརྩེགས་པའི་རྒྱུད་ལས། དམ་ཚིག་ལྡན་པའི་སྔགས་པ་ནི། །ཡིད་ལ་འདོད་པ་ཀུན་རྫོགས་ཤིང་། །གྲགས་པས་ས་སྟེང་ཁྱབ་པ་དང་། །སྟོབས་ཆེན་བདུད་རིགས་སྟོང་ཕྲག་ཀྱང་། །དེ་ཡི་བཀའ་བཞིན་ལས་རྣམས་བྱེད། །རྣམ་ཐོས་བུ་སོགས་གནོད་སྦྱིན་སྟོང་། །ལོངས་སྤྱོད་ནོར་གྱི་ཆར་པ་འབེབས། །དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར། །ཞེས་དང་། ཁྲག་མཚོ་ཁོལ་མ་སྙིང་འབྱིན་ནག་པོའི་རྒྱུད་ལས། དེ་ནས་མཆོག་དང་ཐུན་མོང་འབྲས་བུ་བཤད། །ལུས་ངག་ཡིད་གསུམ་སྨིན་པའི་དབང་། །ཧེ་རུ་ཀ་དཔལ་དོན་རྟོགས་ནས། །སྐུ་གསུམ་སྨིན་པའི་རིག་པ་དེ། །སྐུ་གསུམ་འབྲས་བུ་སྨིན་པར་འགྱུར། །བཅུ་གསུམ་གནས་པའི་རྡོ་རྗེ་འཛིན། །ནག་པོ་ཆེ་ལ་འབྲས་དམིགས་ན། །དེ་ཉིད་ཀྱི་ནི་རིགས་སུ་འགྱུར། །ལུས་ངག་དབང་ཐོབ་དམ་ཚིག་དག །རིལ་བུ་མིག་སྨན་རྐང་མགྱོགས་དང་། །གནོད་སྦྱིན་བུམ་པ་མཆིལ་ལྷམ་དང་། །རལ་གྲི་བཅུད་ལེན་ཚེ་རིང་ཐོབ། །བསད་དང་བཅིངས་དང་རིང་བ་དང་། །འགུགས་དང་མྱོས་དང་བསྐྲད་དང་དབྱེ། །མི་སྣང་ལ་སོགས་ལས་ཆེན་བརྒྱད། །ཡེ་ཤེས་འཇིག་རྟེན་མགོན་པོས་སྟེར། །ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་མ། །བདུད་དང་གཤིན་རྗེ་སྲིན་པོ་རྣམས། །ལས་བྱེད་བྲན་བཞིན་བཀའ་ལ་ཉན། །ཞེས་གསུངས་སོ། །ཁྱད་པར་དུ་འདི་ལ་མཆོད་གཏོར་ཕུལ་བའི་ཕན་ཡོན་ནི། བྱ་རོག་ཆེན་པོའི་རྒྱུད་ལས། གཏོར་མའི་མན་ངག་འདི་བཞིན་དུ། །ཤེས་པར་བྱས་ནས་འབུལ་བར་བྱ། །སྒྲུབ་པ་པོ་


CMR027_Page_0201
[མ་དཔེ་གཟིགས་ན་འདིར་གནོན།]

དག་ཚེ་གཅིག་གིས། །ཁྲག་འཐུང་རྒྱལ་པོ་ཐོབ་བྱའི་ཕྱིར། །དེ་ཡིས་ལམ་གྱི་བར་ཆད་སེལ། །ནག་པོ་ཆེན་པོས་བསྟན་པ་སྲུངས། །ཞེས་དང་། སྤུ་གྲི་ཀླད་གཟེར་རྒྱུད་ལས། གཏོར་མ་འདི་ལ་བརྩོན་བྱས་ན། །བདེ་མཆོག་སྐུ་ཡི་དངོས་གྲུབ་ཐོབ། །ཅེས་དང་། བྱ་རོག་བརྩེགས་པའི་རྒྱུད་ལས། མཆོད་དང་གཏོར་མར་གང་བརྩོན་པ། །དེ་ལ་བར་ཆད་མི་འབྱུང་ཞིང་། །དངོས་གྲུབ་གྲོགས་རྣམས་ཐོབ་པར་འགྱུར། །ཕྲིན་ལས་རྣམ་བཞི་འགྲུབ་པར་འགྱུར། །ཞེས་གསུངས་སོ། །འདི་ཡི་སྔགས་བཟླས་པའི་ཕན་ཡོན་ནི། བྱ་རོག་སྲོག་ཟན་ནག་པོའི་རྒྱུད་ལས། །གསང་བའི་ཡང་སྙིང་འདི་དག་ལ། །མོས་ཤིང་དད་པས་བཟླ་བྱེད་པ། །མགོན་པོ་དམ་ཅན་ལས་ལ་འདུ། །གཞན་ཡང་བཟླས་པའི་ཕན་ཡོན་ནི། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །མེ་དང་རྒྱལ་པོ་ཆུ་དང་དུག་།མ་རུངས་གཅན་སྤྱང་ལ་སོགས་པ། །འཇིགས་པ་རྣམས་ལས་ཡོངས་སུ་ཐར། །ནད་དང་སྡུག་བསྔལ་ཞི་བ་དང་། །ཚེ་དང་དབང་ཐང་ལ་སོགས་པ། །ལོངས་སྤྱོད་འཕེལ་ཞིང་དབུལ་བ་སེལ། །དཔག་བསམ་ལྗོན་ཤིང་རྒྱས་པ་སྟེ། །མི་ནུབ་རྒྱལ་མཚན་འཇིག་རྟེན་དུ། །གྲགས་པ་ཆེན་པོ་བླ་མེད་འབྱུང་། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །དགོས་འདོད་ཐམས་ཅད་དེ་ལས་འབྱུང་། །ཞེས་གསུངས་སོ། །སྲུང་ཟློག་ལ་ཡང་འདི་ལས་ལྷག་པ་མེད། ཡང་ཏིག་བཀོལ་བའི་རྒྱུད་ལས། འདུ་ཤེས་སྔགས་པས་འདི་བྱས་ན། །བསྲུངས་ན་ཚེ་ཟད་ལུས་ཀྱང་ཐུབ། །བཟློག་ན་གནམ་ལྕགས་ཐོག་


CMR027_Page_0202
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱང་ཟློག །གསོད་ན་བསྐལ་པའི་མེ་ཡང་འཆི། །ཞེས་གསུངས་སོ། །དེ་ལྟ་བུའི་མགོན་པོ་ནི། རྒྱ་གར་རྡོ་རྗེ་གདན་དང་། ཤྲཱི་ནཱ་ལེ། བི་ཀཱ་མ་ལའི་གཙུག་ལག་ཁང་གི་སྲུང་མ་ཡིན་པས། འཕགས་པ་ཀླུ་སྒྲུབ། ཨཱརྱ་དེ་ཝ། །རྡོ་རྗེ་གདན་པ་ཆེ་ཆུང་སོགས། རྒྱ་གར་གྱི་པཎ་གྲུབ་ཕལ་ཆེར་གྱི་ཐུགས་དམ་གྱི་རྩ་བ་ཡིན་པས་ཡིད་ཆེས། བོད་དུ་ལོཙྪབ་བརྒྱ་རྩ་བརྒྱད་ཙམ་གྱིས་བསྒྱུར་ཀྱང་ཆེར་མ་འཕེལ། །མགོན་པོ་ཉིད་ཀྱི་ཐུགས་སྤྲུལ་དཔལ་ཆེན་སྐྲ་ལོ་ཙཱ་ནས་འཕེལ་ཏེ། རྗེ་དུས་གསུམ་མཁྱེན་པ། ཕག་གྲུ། ཞང་ཚལ་པ། འབྲི་སྟག་འབྲུག་གསུམ་ཐམས་ཅད་ཀྱིས་ཐུགས་དམ་གྱི་རྩ་བ་ཡིན་པས་བྱིན་རླབས་ཀྱི་བབ་ཚེ། ཁྱད་པར་སྒ་ལོའི་སྤྲུལ་སྐུ་དྲུང་མཁའ་སྤྱོད་པ་ལས། ཁྱེད་ཀྱི་མི་རབས་བརྒྱུད་པ་བཅུ་གསུམ་བར་དུ་གཏོར་མ་མཐེབ་སྐྱུ་གཅིག་མ་བྱིན་ཀྱང་བསྟན་པ་སྲུང་ཞེས། མགོན་པོ་ཐམས་ཅད་ཀྱིས་ཞལ་གྱིས་བཞེས་པ་ཡིན་པས། དེང་སང་གདུང་རྒྱུད་ཀྱི་རིགས་ཐོབ་པ་རྣམས་ཀྱིས་འདི་ལ་བསྙེན་སྒྲུབ་མཆོད་གཏོར་ཕུལ་ན་གཞན་དང་མི་འདྲ་བའི་བཀའ་བབས་ཀྱི་གནད་ཆེན་པོ་ཡོད་པས། ཐུགས་དམ་ཡོད་པ་གལ་ཆེའོ། །དེ་ལ་འདིར་ཀུན་གྱིས་ཉམས་སུ་ལེན་པའི་བསྡུས་པ་སྟོན་ཏེ། མདུན་དུ་སྟེགས་གཙང་མ་ལ་ནས་ནག་གམ་སྲན་མའི་ཚོམ་བུ་ལྔ། དེ་རྒྱབ་བརྒྱད་བརྒྱད་པ་གཉིས། དེ་རྒྱབ་ཚོམ་བུ་གྲངས་མེད་པའི་ཕྲེང་བས་བསྐོར། དེ་ཡི་སྟེང་དུ་དབུས་སུ་མཉྫིའམ་ཤིང་ཁྲིའི་ཁར་ཟངས་ལྕགས་སམ་བྷནྟའི་ནང་དུ། གཏོར་མ་ཟུར་གསུམ་ཟུར་མི་རྣོ་བ་གཅིག་ལ་བཞིས་བསྐོར། དེ་རྒྱབ་མཐེབ་སྐྱུ་མར་


CMR027_Page_0203
[མ་དཔེ་གཟིགས་ན་འདིར་གནོན།]

ནག་གིས་བྱུགས་པ་མར་རྒྱན་མེ་རི་དང་ཤ་རྒྱན་བྱ་ནག་བཙུགས། དེ་ལ་མགོན་པོའི་ཙཀླུ་ཡོད་ན་བཙུགས་པ་ལྟར་བསྐྱེད་པའི་རྟེན་གཏོར་རོ། །དེའི་མདུན་དུ་སྣོད་ཆེ་བ་གཅིག་ཏུ་གཏོར་མ་དེ་འདྲ་བ་ཞིག་དང་དཀར་གཏོར་གཅིག་དང་གཉིས་བཤམས་པ་རྒྱུན་དུ་གསོ་བྲན་བྱ་བའི་རྒྱུན་གཏོར་རམ་རྟག་གཏོར་རོ། །ཟན་ལ་གཡག་ནག་ལིངྒ་བཀལ་བ་དང་ལུག་ནག་མར་གྱིས་བརྒྱན་ཅིང་རྭ་ཅོ་ལ་དར་ནག་ཅུང་ཟད་བཙུགས་པ་བསྐང་གཏོར་རོ། །དེ་ཡིས་མཆོད་པ་རྣམ་ལྔ་ཞི་བ་འོ་མ་སོགས་དང་། ཁྲག་གི་ཡོན་ཆབ་དབང་པོ་རྣམ་ལྔའི་གཟུགས་ལྷ་བཤོས་དམར་པོ་ཟུར་གསུམ་སོགས་དྲག་པོའི་མཆོད་པ་རྣམས་བཤམས། ཡོད་ན་ཞལ་ཐང་དང་དར་ནག་མདའ་དར་ནག་པོ་སོགས་རྟེན་རྫས་གང་འཛོམ་བཤམ་མོ། །དེ་ནི་བསྙེན་པ་བྱེད་ན་ཡིན་གྱི། རྒྱུན་དུ་མདུན་གྱི་བར་སྣང་ལ་བསྐྱེད་ཀྱང་ཆོག །གཏོར་མའི་རྩེའི་མར་རྒྱན་ལ་ལྷ་ཚོགས་དང་། སྨད་མཆོད་པར་དམིགས་ཀྱང་རུང་ངོ་། །འདི་བསྟན་པའི་སྤྱི་སྲུང་ཡིན་པས་ཡི་དམ་གང་རུང་ཆོག་ཀྱང་། བདེ་མཆོག་འབྲེལ་ཆེ་བས་སྐད་ཅིག་ལ་བདེ་མཆོག་ལྷན་སྐྱེས་སུ་གནས་འགྱུར་རམ། ཡང་ན་བདེ་མཆོག་ལྷན་སྐྱེས་ཀྱི་མངོན་རྟོགས་འདོན་ནོ། །དེ་ནས་མཆོད་པ་རྣམས་ཆུ་ཆང་བདུད་རྩིས་བྲན་ལ། ཨོཾ་སྭ་བྷ་ཝ་སོགས། སྟོང་པ་ཉིད་དུ་གྱུར། སྟོང་པའི་ངང་ལས་ཡཾ་རཾ་བཾ་ལཾ་སུཾ་རྣམས་ལས། རླུང་མེ་ཆུ་ས་རི་རབ་རྣམས་རིམ་བརྩེགས་ཀྱི་སྟེང་། མེ་རི་རྡོ་རྗེའི་ར་བ་དུར་ཁྲོད་ཆེན་པོ་བརྒྱད་ཀྱིས་ཡོངས་


CMR027_Page_0204
[མ་དཔེ་གཟིགས་ན་འདིར་གནོན།]

སུ་བསྐོར་བའི་དབུས་སུ། བློ་ལས་གཞལ་ཡས་ཀྱི་ཁང་པ་ཕྱི་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་གྲུ་བཞི་སྒོ་བཞི་པ།་ནང་ཐོད་པ་སྐམ་རློན་རྙིང་གསུམ་ལས་གྲུབ་པ་འཇིགས་ཤིང་ཡངས་པའི་ནང་དུ། པདྨ་དམཾར་པོ་འདབ་མ་བརྒྱད་དང་སྔོན་པོ་འདབ་མ་བཞི་པའི་དབུས། གྲུ་གསུམ་མཐིང་ནག་པདྨ་ཉི་མ་རོའི་གདན་ལ། རང་གི་ཐུགས་ཀ་ནས་ཧཱུྃ་མཐིང་ནག་གཅིག་འཕྲོས་ནས་བཞུགས་པའི་འོད་ཀྱིས་རྒྱལ་བ་སྲས་བཅས་མཆོད། སེམས་ཅན་གྱི་དོན་བྱས་དགྲ་བགེགས་བདུད་སྡེ་ཚར་བཅད། ཡི་དམ་མཁའ་འགྲོ་ཆོས་སྐྱོང་ལྷ་སྲིན་ཐམས་ཚེཅད་ཀྱི་སྟོབས་དང་ནུས་པ་བསྡུས་ནས་ཧཱུྃ་ལ་ཐིམ་པ་ལས་གྲི་གུག་ཧཱུྃ་གིས་མཚན་པར་གྱུར། དེ་འོད་དུ་འབར་ཞིང་ཞུ་བ་ལས་དཔལ་ཡེ་ཤེས་ཀྱི་མགོན་པོ་ཁྲག་འཐུང་མ་ཧཱ་ཀཱ་ལ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་བཞི་པ་ཞལ་གནམ་ས་ཙམ་གདངས་ཤིང་གངས་རིའི་ཕྲེང་བ་ལྟ་བུའི་མཆེ་བ་གཙིགས་པ། །བསྐལ་པའི་གློག་དམར་ལྟ་བུའི་ལྗགས་བསྐྱོད་ཅིང་ཧ་ཧའི་གད་རྒྱངས་སྒྲོག་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཕྱོགས་བཅུར་བསྒྲད་པས་སྲིད་གསུམ་ས་ལེར་གཟིགས་པ། བསྐལ་པའི་མེ་ལྟར་འབར་བའི་སྨ་ར་དང་སྨིན་མ་


CMR027_Page_0205
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་སྐྲ་དམར་སེར་གྱེན་དུ་འབར་བ་ལ་ཐོད་སྐམ་རིན་པོ་ཆེའི་རྩེ་བྲན་ལྔས་བརྒྱན་ཅིང་སྦྲུལ་དཀར་པོས་བཅིངས་པ་ལ་དར་ནག་གི་ཅོད་པན་འཕུར་བ། ཕྱག་བཞིའི་གཡས་ཀྱི་དང་པོས་གནོད་སྦྱིན་ཡང་དག་ཤེས་ཀྱིས་ཕུལ་བའི་བྷེ་ཏེའི་འབྲས་བུ་དང་གྲི་གུག་ཐུགས་ཀར་འཛིན་ཅིང་། འོག་མས་བདུད་རལ་གྲི་ཟླ་བས་ཕུལ་བའི་གཤིན་རྗེའི་ལྕེ་ལས་གྲུབ་པའི་རལ་གྲི་བསམ་ཆོད་འབར་བ་གདེང་བ། གཡོན་དང་པོས་ལྷ་མ་ཡིན་གྱི་མགོ་བཅད་པའི་ཐོད་པ་ཁྲག་གིས་བཀང་བ་ལྟེ་བར་འཛིན་ཅིང་གསོལ་བ། གཡོན་འོག་མས་མཁའ་འགྲོ་མ་ཤིན་ཏུ་དཔའ་མོས་ཕུལ་བའི་ཁཊཾ་རྩེ་གསུམ་པ་ཕྱིར་ཐབས་སུ་འཛིན་པ། གླང་ཆེན་གྱི་ཀོ་བས་སྟོད་གཡོགས་ཤིང་ཞིང་སྟག་གི་པགས་པའི་ཤམ་ཐབས། ཐོད་རློན་གྱི་དོ་ཤལ་ལ་སོགས་པ། དུར་ཁྲོད་ཀྱི་ཆས་བརྒྱད་དང་དཔལ་ཆས་བཅུས་བརྒྱན་ཅིང་། སྒེག་པ་དཔའ་བ་ལ་སོགས་གར་གྱི་ཉམས་དགུ་དང་ལྡན་པས་དཔའ་བོ་སྲིད་པ་གསུམ་གྱི་གཡུལ་ལས་རྒྱལ་བའི་སྟངས་སྟབས་བཙན་འཁྱིལ་བའི་སྟབས་ཀྱིས་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་དབུས་ན་འགྱིང་བའོ། །དེའི་གཡས་སུ་ཧཱུྃ་ལས་སྐུ་ཡི་སྤྲུལ་པ་ལས་མགོན་


CMR027_Page_0206
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲོ་རྒྱལ་རྡོ་རྗེ་བྱ་མཆུ་ཅན། རལ་གྲིའི་གཤོག་པ་སྤུ་གྲིའི་ཐིལ་ཕྲན་གནམ་ལྕགས་ཀྱི་མཆུ་སྡེར་ཁྲག་གིས་གོས་ཤིང་གྲི་གུག་ཐོད་ཁྲག་བསྣམས་པ། གཡོན་དུ་བྷྱོལས་སྦྱོར་ཡུམ་རྩ་འཕྲོས་ཁྲག་འཐུང་མ་ཁྲག་གི་མདོག་ཅན་དུག་རླངས་སྤྲིན་ལྟར་འཁྲིགས་པ། ཕྱག་བཞིས་གྲི་གུག་རལ་གྲི་མདའ་གཞུ་དང་དགྲའི་མགོ་བཅད་ཅིང་ཁྲག་ལྡག་པ། རྒྱབ་ཏུ་ཧཱུྃ་ལས་ཐུགས་ཀྱི་སྤྲུལ་པ་ལེགས་ལྡན་ནག་པོ་ཙན་དན་གྱི་བེང་ཆེན་དང་ལྕགས་སྤར་བསྣམས་ཤིང་མུན་པའི་བར་གཡུང་དྲུང་རིས་དགུ་བརྩེགས་གསོལ་བ། མདུན་དུ་ཧིལས་ཞིང་སྐྱོང་ནག་པོ་སེང་གེའི་ཞལ་ནས་དུག་རླངས་འཕྱུར་ཞིང་ང་རོ་འབྲུག་ལྟར་སྒྲོག་པ་གཡུ་རལ་སྤྲིན་ལྟར་འཐིབ་པ་ལས་སེང་ཕྲུག་འཕྱོ་བ། ཕྱག་གཡས་ཞིང་སྒྲོལ་གྱི་རལ་གྲི་ཕྱར་ཞིང་གཡོན་ཐོད་པར་དགྲ་བགེགས་ཀྱི་སྙིང་ཁྲག་རྔུབ་པ། དེ་རྒྱབ་འདབ་མ་བརྒྱད་ལ་བྷྱོ་བརྒྱད་ལ་ཤར་ནས་གཡོན་སྐོར་དུ། མ་མོ་བྱ་རྒོད་དང་སྟག་དང་ཁྱུང་དང་སྤྱང་ཀི་དང་ཁྭ་ཏ་དང་ཁྱི་དང་། འུག་པ་དང་ཕག་གི་གདོང་ཅན། བརྒྱད་ཀ་དམར་མོ་གཅེར་བུ་རལ་པ་ས་ལ་དྲུད་ཅིང་ཐོད་པ་སྐམ་རློན་དང་རྒྱན་དྲུག་གསོལ་ནས་གར་སྟབས་བསྒྱུར་བ། ཤར་ལྷོ་དང་ལྷོ་ནུབ་ཀྱི་གྲར་ཀླུ་


CMR027_Page_0207
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་གང་པོ་དང་མཛེས་མ་གསེར་མདོག་གདེངས་ཀ་ནོར་བུ་འབར་བའི་གཙུག་ཕུད་དང་སྦྲུལ་མཇུག་གཡས་སུ་འཁྱིལ་ཞིང་། ཕྱག་ཐལ་སྦྱར་གྱི་བར་ན་གཏེར་གྱི་བུམ་པ་ནས་དངོས་གྲུབ་ཀྱི་ཆར་རྒྱུན་སི་ལི་ལི་འབེབས་པ། ནུབ་བྱང་དང་བྱང་ཤར་གྱི་གྲྭར་མངག་གཞུག་གནོད་སྦྱིན་གང་པོ་དང་མཛེས་མ་གཉིས། གསེར་གྱི་མདོག་ཅན་དར་དང་རིན་པོ་ཆེའི་རྒྱན་དུ་མས་བརྒྱན་ཅིང་། ཕྱག་གཉིས་ཀྱིས་གཏེར་བུམ་ནས་སྒྲུབ་པ་པོ་ལ་ནོར་གྱི་ཆར་འབེབས་པ། སྒོ་བཞིའི་སྲུང་མ་ཤར་དུ་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་བསྣམས་ནས་ཡུལ་ཁམས་བདེ་བའི་ལས་མཛད་པ། ལྷོར་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་བསྣམས་ནས་དུས་མིན་འཆི་བ་བཟློག་པ། ནུབ་ཏུ་སྤྱན་མི་བཟང་དམར་པོ་སྦྲུལ་ཞགས་བསྣམས་ནས་ནོར་ཕྱུགས་སྤེལ་ཞིང་བཀྲ་ཤིས་པར་བྱེད་པ། བྱང་དུ་རྣམ་སྲས་ལྗང་གུ་རྒྱལ་མཚན་དང་ནེའུ་ལེ་བསྣམས་ནས་ལོངས་སྤྱོད་སྤེལ་བ། བཞི་ཀ་རིན་པོ་ཆེའི་གོ་ཁྲབ་དང་རྨོག་ཞུ་ཅན་། དཀྱིལ་འཁོར་ཕྱིའི་བར་ཁྱམས་ལ། ཤར་དུ་བྱ་རོག་གདོང་ཅན་མཆེད་བརྒྱད་དང་ནག་པོ་སྟོང་། ལྷོར་ཞིང་སྐྱོང་ཉི་ཤུ་རྩ་བཞི་དང་ཤ་ཟ་འབུམ། ནུབ་ཏུ་རེ་མ་ཏི་མཆེད་


CMR027_Page_0208
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་དང་མ་མོ་བྱེ་བ། བྱང་དུ་དམག་དཔོན་བརྒྱད་དང་ཁྲབ་ཅན་བྱེ་བ་འབུམ། གནོད་སྦྱིན་ཁྲིའི་ཚོགས། ཕྱི་ཡི་དུར་ཁྲོད་བརྒྱད་ལ་ཞིང་སྐྱོང་བརྒྱད་དང་དཔལ་མགོན་བདུན་ཅུ། དབང་ཕྱུག་ཉེར་བརྒྱད་ཤ་ཟ་རོ་ལངས་འབུམ་ཕྲག་ཡངས་པའི་མཁའ་འགྲོའི་ཚོགས་དང་བཅས་པ་ཐམས་ཅད་ཆར་སྤྲིན་འཁྲིགས་པ་ལྟ་བུ། ཐམས་ཅད་ཀྱི་གནས་གསུམ་ཡི་གེ་གསུམ་དང་སོ་སོའི་ས་བོན་དང་། གཙོ་བོའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་ཕྱོགས་ཐམས་ཅད་དུ་འཕྲོས་པས་འོག་མིན་རྣམ་པར་སྣང་མཛད་ཀྱི་དུར་ཁྲོད་ཆེན་པོ། གཞན་འཕྲུལ་དབང་བྱེད་ལྷ་ཡི་གནས། ཡོངས་འདུས་ཀྱི་ཤིང་། རྩུབ་འགྱུར་གྱི་ཚལ། རི་བོ་མ་ལ་ཡ། རྡོ་རྗེ་གདན། ནཱ་ལེནྡ། བི་ཀ་མ་ལ་ཤཱི་གཙུག་ལག །བསིལ་བའི་ཚལ་དུར་ཁྲོད་ཆེན་པོ་བརྒྱུད། ཡུལ་ཆེན་ཉི་ཤུ་རྩ་བཞི་རྣམས་ནས། དཔལ་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་སྤྱན་དྲངས། བཛྲ་ས་མཱ་ཛཿ ཧཱུྃ། དད་པ་དང་ནི་དམ་ཚིག་གིས། །སྤྱན་འདྲེན་དཔལ་ལྡན་ནག་པོ་ཆེ། །བདག་རྒྱུད་སྒྲིབ་པ་བསལ་བའི་ཕྱིར། །བརྩེ་བས་དགོངས་ཏེ་འདིར་བྱོན་ཅིག །ཧཱུྃ། སྐུ་གསུང་ཐུགས་ཀྱི་བདག་ཉིད་


CMR027_Page_0209
[མ་དཔེ་གཟིགས་ན་འདིར་གནོན།]

ཅན། །རྡོ་རྗེ་ནག་པོ་འཁོར་བཅས་རྣམས། །རང་བཞིན་གནས་ནས་སྐུ་བཞེངས་ལ། །བསྟན་པ་བསྲུང་ཕྱིར་འདིར་གཤེགས་ཤིག །འོག་མིན་གནས་མཆོག་དམ་པ་དང་། །ལྕང་ལོ་ཅན་གྱི་ཕོ་བྲང་དང་། །ནཱ་ལེནྡྲ་ཡི་གཙུག་ལག་དང་། །བསིལ་བ་ཚལ་གྱི་དུར་ཁྲོད་དང་། །གཞན་ཡང་དུར་ཁྲོད་གནས་བརྒྱད་དང་། །ཕྱི་ཡི་རྒྱ་མཚོའི་འགྲམ་དག་དང་། །རང་བཞིན་གར་བཞུགས་གནས་མཆོག་ནས། །དཔལ་ལྡན་མགོན་པོ་འཁོར་བཅས་རྣམས། །རྣལ་འབྱོར་བདག་ལ་རྗེས་དགོངས་ལ། །གནས་འདིར་མྱུར་དུ་གཤེགས་སུ་གསོལ། །མགོན་པོ་ཀུན་གཤེགས་ཐུགས་རྗེ་ཅན། །ད་ལྟ་སྙིགས་མ་ལྔ་ཡི་དུས། །གཤེགས་ཤིང་བཞུགས་པའི་གནས་ངན་ཡང་། །འདྲེན་པའི་བསྟན་པ་བསྲུང་བ་དང་། སེམས་ཅན་ཀུན་ལ་ཕན་གདགས་ཕྱིར། །དམ་ཚིག་ཅན་ལ་རྗེས་བརྩེ་བའི། །ནག་པོ་ཡབ་ཡུམ་འཁོར་དང་བཅས། །བྱ་སེང་ལེགས་ལྡན་རྩ་འཇིབ་མ། །མཁའ་འགྲོ་བཞི་དང་རྒྱལ་ཆེན་བཞི། །ཀླུ་དང་གནོད་སྦྱིན་གང་མཛེས་གཉིས། །བྱ་རོག་གདོང་བརྒྱད་དམག་དཔོན་བརྒྱད། །ཞིང་སྐྱོང་ཉེར་བཞི་རེ་ཏི་བཞི། །ནག་


CMR027_Page_0210
[མ་དཔེ་གཟིགས་ན་འདིར་གནོན།]

པོ་སྟོང་དང་ཤ་ཟ་འབུམ། །མ་མོ་བྱེ་བ་གནོད་སྦྱིན་ཁྲི། །མཁའ་འགྲོ་བསམ་མི་ཁྱབ་པའི་ཚོགས། །དཔལ་མགོན་བདུན་ཅུ་ལ་སོགས་པ། །གནས་འདི་ཉིད་དུ་གཤེགས་སུ་གསོལ། །ཨོཾ་ཙ་ཏུརྙ་སྟ་མ་ཧཱ་ཀ་ལ་ས་པཱ་རི་ཝཱ་ར་བཛྲ་ས་མ་ཛཿ ཨགྷོ་པཱ་ཏྱཾ་པྲ་ཏིཙྪ་ཧཱུྃ། ཧཱུྃ། སངས་རྒྱས་བསྟན་པ་སྲུང་བའི་མཐུ་རྩལ་ཅན། །དཔལ་ལྡན་མ་ཧཱ་ཀཱ་ལ་འཁོར་དང་བཅས། །བདུད་དང་མུ་སྟེགས་མ་ལུས་འདུལ་བ་དང་། །གདུག་པའི་དགྲ་བགེགས་མ་ལུས་བསྒྲལ་བའི་ཕྱིར། །གཉིས་མེད་བརྟན་པར་བཞུགས་ལ་ཕྲིན་ལས་མཛོད། །དྲག་པོའི་རྒྱན་ཅན་སྐུ་ལ་ཕྱག་འཚལ་བསྟོད། །དྲག་བྱེད་འབྲུག་སྟོང་གསུང་ལ་ཕྱག་འཚལ་བསྟོད། །མཉམ་ཉིད་མི་གཡོ་ཐུགས་ལ་ཕྱག་འཚལ་བསྟོད། །དཔལ་མགོན་ཐུགས་རྗེ་ཅན་ལ་ཕྱག་འཚལ་བསྟོད། །ཨོཾ་མ་ཧཱ་ཀཱ་ལ་ཀ་ཝུ་ས་པཱ་རི་ཝཱ་ར་ཛཿཧཱུྃ་བཾ་ཧོ༔ ས་མ་ཡ་ཏིཥྛ་ལྷན། ཨ་ཏི་པཱུ་ཧོ། ཧཱུྃ། ཡེ་ཤེས་མགོན་པོ་འཁོར་དང་བཅས། །སྔོན་གྱི་ཞལ་བཞེས་དགོངས་མཛོད་ལ། །རྡོ་རྗེ་འཆང་གི་བཀའ་མ་བཅག །ཀླུ་སྒྲུབ་སྙིང་པོའི་བཀའ་མ་བཅིག །དཔལ་ཆེན་སྒ་ལོའི་བཀའ་མ་བཅག །ནམ་མཁའ་རྒྱལ་མཚན་བཀའ་མ་


CMR027_Page_0211
[མ་དཔེ་གཟིགས་ན་འདིར་གནོན།]

བཅག །རྣལ་འབྱོར་བདག་གི་དམ་མ་བཀྲལ། །གལ་ཏེ་དམ་ལ་འདས་གྱུར་ན། །དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་མཆོག་རྡོ་རྗེ་འབར་བ་ཡིས། །འཁོར་བཅས་བརླག་པར་གདོན་མི་ཟ། །དེ་ཕྱིར་བདག་གི་ཕྲིན་ལས་སྒྲུབས། །སྔོན་གྱི་དམ་ཚིག་གཉེན་པོ་དགོངས། །སླར་ཡང་ཐུགས་ཀའི་འོད་ཟེར་གྱིས། །རྒྱལ་བ་རིགས་ལྔ་ཡུམ་བཞི་དང་། །སེམས་དཔའ་སེམས་མ་ཁྲོ་བོ་དང་། །ཁྲོ་མོ་སྤྱན་དྲངས་བདུད་རྩིའི་ཆུས། །དབང་བསྐུར་སྐུ་གང་དྲི་མ་དག །ཆུ་ཞབས་སྤྱི་བོར་བརྟན་པ་ལས། །གཙོ་བོར་བདེ་མཆོག་ལྷན་སྐྱེས་དང་། །འཁོར་རྣམས་ཀུན་ལ་རིགས་ཀྱི་བདག །ཡེ་ཤེས་མགོན་པོས་དབུ་བརྒྱན་གྱུར། །ཨོཾ་མ་ཧཱ་ཀཱ་ལ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། ཨ་བྷི་ཥིཉྩནྟཾ། ཨོཾ་ཁཎྜ་རོ་ཧེ་ཧཱུྃ་ཕཊ། ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཡཾ་ལས་རླུང་། །རཾ་ལས་མེ་དང་ཀཾ་ལས་ནི། །མི་མགོ་གསུམ་གྱི་སྒྱེད་པུའི་སྟེང་། །ཨ་ལས་ཡེ་ཤེས་ཀ་པཱ་ལར། །ཤ་ལྔ་བདུད་རྩི་ལྔ་པོ་དང་། །བདུད་དགྲའི་ཤ་རུས་སྤུངས་པ་ལ། །ཨོཾ་ཨཱཿཧཱུྃ་གིས་སྐུ་གསུང་ཐུགས། །ཡེ་ཤེས་བདུད་རྩིར་བྱིན་གྱིས་རློབས། །དེ་ཡི་ཤར་


CMR027_Page_0212
[མ་དཔེ་གཟིགས་ན་འདིར་གནོན།]

དུ་རིན་ཆེན་སྣོད། །དཀར་གསུམ་བདུད་རྩིའི་རྒྱ་མཚོ་དང་། །བཀྲ་ཤིས་རྫས་རྟགས་ལ་སོགས་པ། །ཞི་བའི་མཆོད་པ་སྤྲིན་ལྟར་གཏིབས། །ལྷོ་རུ་རྒྱལ་སྲིད་རིན་ཆེན་བདུན། །རིན་ཆེན་འབྲུ་སྨན་རི་ལྟར་སྤུངས། །ནུབ་ཏུ་སྨན་རཀ་གཏོར་མའི་ཚོགས། །དར་ཟབ་རྒྱན་ཆ་འཇའ་ལྟར་བཀྲ། །བྱང་དུ་དགྲ་བགེགས་ཤ་རུས་ཁྲག །མཚོ་ལྟར་བསྐྱིལ་ཞིང་གྲམ་ལྟར་བརྡར། །མཆོད་བསྒྲུབ་བསྐང་དང་རྟེན་པའི་རྫ་ས། །མ་ཚང་མེད་པ་ཕུན་སུམ་ཚོགས། །ཁ་དོག་དྲི་རོ་ནུས་བཅུད་ལྡན། །ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧྲཱི༔ ཨུ་ནེ་ཨུ་ནེ་ཧྲཱིཿ ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ། རི་རཱི་ལི་ལཱི། དམ་རྫས་མ་འཛོམས་ཀྱང་ནོར་བུ་རིན་པོ་ཆེ་ལྟ་བུར་མཐོང་བའི་སྔགས་སོ། །དེ་ནས་ལྷ་ཞི་བ་ལ་ཞི་བ་དང་དྲག་པོ་ལ་དྲག་པོའི་མཆོད་པ་སོ་སོར་ཕུལ་བར་བསྒོམ་ཞིང་། ཡན་ལག་བརྒྱད་ལྡན་སྨན་གྱི་ཆབ། །མི་ཁྲག་གི་ཁྲག་དང་འདྲེས་པའི། །དུག་ཆུ་ཁོལ་མའི་མཆོད་ཡོན་འདི། །མགོན་པོ་འཁོར་བཅས་མདུན་དུ་འབུལ། །པདྨ་ཨུཏྤལ་སྔོན་པོ་དང་། །བཙན་དུག་ར་དུག་དུག་ཤིང་གི །མེ་ཏོག་སྔོན་པོ་དྲི་ངད་ཅན། །མགོན་པོ་འཁོར་བཅས་དབུ་ལ་འབུལ། །གུ་གུལ་ཨ་ག་རུ་དག་དང་། །རྔ་མོང་བོང་བུའི་བདུད་རྩི་


CMR027_Page_0213
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ཤ་ཆེན་ཚིལ་ཆེན་བདུག་སྤོས་དང་། །མགོན་པོ་འཁོར་བཅས་ཤངས་ལ་འབུལ། །རྩི་མར་འབྲུ་དམར་སྣང་གསལ་དང་། །ར་ཚིལ་ཁྱི་ཚིལ་ཕག་ཚིལ་དང་། །ཞུན་ཆེན་སྣང་གསལ་སྒྲོན་མེ་འདི། །མགོན་པོ་འཁོར་བཅས་སྤྱན་ལ་འབུལ། །ཙནྡན་ག་པུར་གླ་རྩི་དང་། །ཤ་རུལ་ཁྲག་རུལ་དུག་སྦྱར་བའི། །དམར་ནག་འཁྲུགས་པའི་དྲི་ཆབ་འདི། །མགོན་པོ་འཁོར་བཅས་ཐུགས་ཀར་འབུལ། །རོ་བརྒྱ་ལྡན་པའི་ཟས་མཆོག་དང་། །ནས་ནག་ཏིལ་ནག་བྲ་བོ་ནག །ཚིགས་མ་ནག་པོའི་ལྷ་བཤོས་འདི། །མགོན་པོ་འཁོར་བཅས་ཞལ་དུ་འབུལ། །རྔ་དང་རྗེའུ་ཆུང་ཏིང་ཏིང་ཤག་།མི་རྐང་གླིང་བུ་ཌཱ་མ་རུ། །རོལ་མོ་སིལ་སྙན་གྱེར་མ་དབྱངས། །མགོན་པོ་འཁོར་བཅས་སྙན་ལ་འབུལ། །རླུང་ལྟར་མགྱོགས་པའི་རྟ་ནག་རྟིང་དཀར་དང་། །གཡག་ནག་རུ་རྣོན་སྤ་ཞོལ་བརྗིད་ཅིང་ཆེ། །ཁྱི་ནག་དོམ་བུ་གཏུམ་ཞིང་འཇིགས་པའི་གཟུགས། །ལུག་ནག་རྒྱུན་ལྡན་ཚོགས་རྣམས་འབུལ་བར་བགྱི། །གཞོམ་མེད་རྡོ་རྗེའི་གོ་ཆ་དུ་མ་དང་། །ཕ་རོལ་བདུད་དཔུང་གཅོད་པའི་མཚོན་ཆའི་ཚོགས། །ཕྱི་ནང་གསང་བའི་རྟེན་རྫས་


CMR027_Page_0214
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་རྫ་ས་དང་། །མཆོད་པའི་སྤྲིན་ཕུང་བསམ་མི་ཁྱབ་པ་འབུལ། །ལྷ་ཚོགས་དེ་དག་ཐམས་ཅད་ཀྱི། །ཧཱུྃ་ལས་བྱུང་བའི་རྡོ་རྗེའི་ལྗགས། །འོད་ཀྱི་སྦུ་གུས་གཏོར་མ་རྣམས། །དྲངས་ཤིང་གསོལ་བས་མཉེས་པར་གྱུར། །ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ཡ་ཧཱུྃ་ཧཱུྃ་ཕཊ། ས་པཱ་རི་ཝཱ་ར་ཨི་དཾ་བ་ལི་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་ཡ་ཤཱ་ས་ན་ཨུ་པ་ཧ་རི་ནི་ཨེ་ཥ་ཨ་པ། མ་ཀ་ལོ་ཡཾ། ཨི་དཾ་རཏྣ་ཏྲ་ཡ་ཡ། ཨ་པ་ཀ་རི་ཎི། ཡ་ཏི་པྲ་ཏི་ཛྙཱ། སྨ་ར་སི་ཏ་དཱ། ཨི་དཾ་དུཎྞཾ་བ་ལིཾ་ཁ་ཁ་ཁཱ་ཧི་ཁཱ་ཧི། མཱ་ར་མཱ་ར། གྷིཧྥ་གྷོཉྩ།་བྷནྡྷ་བྷནྡྷ། ཧ་ན་ཧ་ན། ད་ཧ་ད་ཧ། པ་ཙ་པ་ཙ། དཱི་ན་མེ་ཀེ་ན་ཧཱུྃ་ཕཊ། གསུམ། ཞེས་མགོན་པོ་གཙོ་འཁོར་དང་། ཨོཾ་ཨ་ཀཱ་རོ་སོགས། ཨོཾ་རཱ་ཛ་ཙ་ཏུར་ནཱ་ག་ཡཀ་ལོ་ཀཱ་པཱ་ལ་ས་པཱ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། གསུམ། ཞེས་རྒྱལ་ཆེན་བཞི་དང་ཀླུ་དང་གནོད་སྦྱིན་དཔལ་མགོན་བདུན་ཅུ་སོགས་ཕྱི་རྒྱུད་པ་ལ་དཀར་གཏོར་བསྔོའོ། །ཤི་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་ཕྱག་བཞི་པ། སྦྱོར་སྒྲོལ་གསང་བའི་ཡུམ། ལས་མགོན་བྱ་རོག་གདོང་དགུ། སེང་གདོང་ཞིང་སྐྱོང་ཉེར་བཞི། ལེགས་ལྡན་དམག་དཔོན་མཆེད་བརྒྱད། རེ་མ་ཏི་མཁའ་འགྲོ་


CMR027_Page_0215
[མ་དཔེ་གཟིགས་ན་འདིར་གནོན།]

བརྒྱད་དྲུག །སྒོ་སྲུང་རྒྱལ་ཆེན་སྡེ་བཞི། ཀླུ་རྒྱལ་གང་པོ་མཛེས་མ། བྲན་གཡོག་གནོད་སྦྱིན་གང་མཛེས། སྐུ་འཁོར་ནག་པོ་སྟོང་། །གསུང་འཁོར་ཤ་ཟ་འབུམ། ཐུགས་འཁོར་མ་མོ་བྱེ་བ། །ཡོན་ཏན་གྱི་འཁོར་གནོད་སྦྱིན་ཁྲི། ཕྲིན་ལས་ཀྱི་འཁོར་མཁའ་འགྲོ་བསམ་གྱིས་མི་ཁྱབ་པ། གཙང་རིས་དཔལ་མགོན་བདུན་ཅུ། །མྱུར་མགྱོགས་ལྷ་སྲིན་སྡེ་བརྒྱད། ཁྲུབ་ཆེན་བྱེ་བ་དུང་ཕྱུར་དང་བཅས་པ་ཁྱེད་རྣམས་ལ་དམ་རྫས་བརྒྱན་པའི་མཆོད་གཏོར་རྒྱ་ཆེན་པོ་འདི་འབུལ་ལོ། །གསོལ་ལོ། །མཆོད་དོ་། །མཉེས་ཤིང་ཚིམས་ནས། སྤྱིར་སངས་རྒྱས་ཀྱི་བསྟན་པ་སྲུང་། དཀོན་མཆོག་གི་དབུ་འཕང་བསྟོད། སེམས་ཅན་གྱི་བདེ་སྐྱིད་སྤེལ། ཁྱད་པར་དུ་བདག་ཅག་དཔོན་སློབ་མི་ནོར་བསྲུང་བྱར་གྱུར་པ་ཐམས་ཅད་ལ། བསྲུང་བ་དང་། བསྐྱབ་པ་དང་། ནད་གདོན་འཇིགས་པ་བརྒྱད་དང་བཅུ་དྲུག་ཐམས་ཅད་ཞི་བར་མཛད་དུ་གསོལ། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཉམས་དང་རྟོགས་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་རྒྱས་པར་མཛད་དུ་གསོལ།་མཆོག་ཐུན་མོང་གི་དངོས་གྲུབ་ཡིད་ལ་རེ་བ་ཐམས་ཅད་དབང་


CMR027_Page_0216
[མ་དཔེ་གཟིགས་ན་འདིར་གནོན།]

དུ་འདུ་བར་མཛད་དུ་གསོལ།་བདུད་དང་དགྲ་བགེགས་གདུག་པ་ཅན་ཐམས་ཅད་སྐད་ཅིག་ཉིད་ལ་རྡུལ་དུ་བརླག་པར་མཛད་དུ་གསོལ། ལུས་སྲོག་ལོངས་སྤྱོད་དང་བྱང་ཆུབ་སྒྲུབ་པའི་བར་ཆད་ཐམས་ཅད་བསལ་ནས། ཚེ་འདིར་ས་བཅུ་ནོན་ཏེ་ཕྱི་མ་ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་སུ་སྐྱེས་ནས་བྱང་ཆུབ་ཐོབ་སྟེ་འགྲོ་བ་སེམས་ཅན་ཐམས་ཅད་ཀྱི་དཔལ་དང་མགོན་དུ་འགྱུར་བར་མཛད་དུ་གསོལ། ཨོཾ་བཛྲ་ཀཱ་ཝུ་ཝ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་པཉྩ་ཨ་མྲྀ་ཏ་ཨོཾ་ཨཱཿཧཱུྃ། ཞེས་བདུད་རྩི་དམ་ཆུའི་ཚུལ་དུ་ཕུལ་ནས། ཧཱུྃ། འཇིག་རྟེན་གསུམ་ན་གྲགས་པའི་མགོན་པོ་ཁྱོད། །ལྷ་སྲིན་སྡེ་བརྒྱད་འདུལ་བའི་གཙོ་བོར་བཞུགས། །འཇིག་རྟེན་དཔག་མེད་གཟིགས་པའི་མགོན་པོ་ཁྱོད། །ཞལ་གྱི་དཀྱིལ་འཁོར་རྒྱས་ཤིང་དྲི་མ་མེད། །གཟི་བརྗིད་ཆེན་པོ་བསྐལ་པའི་མེ་ལྟར་འབར། །འོད་ཟེར་ཉི་མ་སྟོང་བས་ལྷམ་མེ་བ། །ཐུགས་རྗེ་མཐའ་ཡས་ཞིང་ཁམས་མ་ལུས་གཟིགས། །ནག་པོ་ཟིལ་གནོན་ཁྱོད་ལ་ཕྱག་འཚལ་བསྟོད། །ཧཱུྃ། དཔའ་བོ་དྲག་ཤུལ་སྟོབས་དང་ལྡན། །ཡོངས་སུ་དགའ་ལྡན་ཆེན་པོའི་ལྷ། །སེང་གེ་བཞིན་དུ་སྟོབས་དང་ལྡན། །འཇིག་རྟེན་ཁམས་ལ་


CMR027_Page_0217
[མ་དཔེ་གཟིགས་ན་འདིར་གནོན།]

མངའ་མཛད་ཅིང་། །དཔའ་བོ་སྲིད་གསུམ་འདུལ་བའི་སྐུ། །མཐུ་སྟོབས་ཆེ་མངའ་ཐམས་ཅད་ཀྱི། །གཙོ་བོ་ཆེན་པོ་ཆེར་གྲགས་པ། །ནག་པོ་དཔུང་ཚོགས་ཅན་ལ་ཕྱག་འཚལ་བསྟོད། །ལྷ་ཆེན་མགོན་པོ་ནག་པོ་སྟེ། །ཞལ་གདངས་དྲག་པོའི་མཆེ་བ་གཙིགས། །དབུ་སྐྲ་རལ་པ་གྱེན་དུ་བརྫེས། །ཧ་ཧ་ཞེས་པའི་སྒྲ་ཆེན་སྒྲོག །དྲག་པོའི་སྟོབས་ཀྱིས་སྲིད་གསུམ་འདུལ། །སྐུ་ལ་ན་བཟའ་སྔོན་པོ་གསོལ། །སྐུ་མདོག་ནག་པོ་མུན་པའི་མདོག །ནག་པོ་དྲག་ཤུལ་ཅན་ལ་ཕྱག་འཚལ་བསྟོད། །གཡས་ཀྱི་དང་པོས་བྷེ་ཏེའི་འབྲས་བུ་བསྣམས། །རལ་གྲི་འབར་བས་དམ་ཉམས་སྲོག་རྩ་གཅོད། །གཡོན་གྱི་དང་པོས་ཐོད་པ་ཁྲག་གིས་བཀང་། །ཁཊཾ་རྩེ་གསུམ་རྩུབ་པའི་མཚོན་ཆ་བསྣམས། །སྨིན་མ་དམར་སེར་སྤྱན་གསུམ་མཆེ་བ་གཙིགས། །མི་མགོ་རློན་པའི་ཕྲེང་བ་དོ་ཤལ་འཆང་། །ཕྱག་དང་ཞབས་ནི་སྦྲུལ་གྱིས་གདུབ་བུས་བརྒྱན། །དཔའ་བོའི་འདུག་སྟངས་ཉི་ཟླའི་གདན་ལ་བཞུགས། །ནག་པོ་འགྱིངས་བག་ཅན་ལ་ཕྱག་འཚལ་བསྟོད། །མེ་ཏོག་མཚོན་ཆར་ཕོག་པའི་མགོན་པོ་གྲགས། །ལྷ་དང་ལྷ་མིན་


CMR027_Page_0218
[མ་དཔེ་གཟིགས་ན་འདིར་གནོན།]

དབང་ཆེན་རྣམས་ཀྱང་སྡུད། །བྱ་རོག་སྤྱན་གསུམ་སྲིད་གསུམ་ས་ལེར་གཟིགས། །ཀ་ལ་པིང་ཀའི་སྐད་ཀྱིས་ཉེས་བྱེད་འདུལ། །མཚུངས་པ་མེད་པའི་མཐུ་རྩལ་ཆེན་པོ་མངའ། །ཞལ་ནས་འོད་ཟེར་དྲག་པོ་རབ་ཏུ་འབར། །ནག་པོ་མཐུ་རྩལ་ཅན་ལ་ཕྱག་འཚལ་བསྟོད། །རྡོ་རྗེ་འཇིགས་བྱེད་ཁྲག་འཐུང་རྒྱལ་པོ་ཁྱོད། །ནག་པོ་ཆེན་པོ་སྟོང་གི་ཚོགས་ཀྱིས་བསྐོར། །བསྟན་པའི་བཀའ་སྲུང་ལས་བྱེད་ཕོ་ཉའི་ཚོགས། །བྱ་རོག་གདོང་ཅན་ཉམས་པའི་སྲོག་ལ་དགྱེས། །དབང་ཆེན་ཐོག་འབེབས་འཇིགས་པའི་ཧཱུྃ་སྒྲ་ཅན། །གཟི་བརྗིད་ཆེན་པོ་དྲག་པོའི་སྟོབས་དང་ལྡན། །ནག་པོ་མྱུར་བའི་སྐུ་ལ་ཕྱག་འཚལ་སྟོད། །སྟོབས་ཆེན་བློ་གྲོས་མགོན་པོ་ནག་པོའི་སྐུ། །ཁྲོས་པའི་ང་རོས་བསྟན་པའི་བགེགས་རྣམས་འཇོམས། །གཏུམ་ཆེན་ཐོག་འབེབས་ཕས་ཀྱི་རྒོད་གཏོང་ཟློག །བདུད་ཀྱི་སྡེ་འཇོམས་མགོན་པོ་ནག་པོ་ཆེ། །གར་གྱི་ཉམས་དགུས་སྐྱེ་འགྲོ་ཟིལ་གྱིས་གནོན། །ཐུགས་རྗེ་སྤྲུལ་པ་དཔག་མེད་ཕྱོགས་བཅུར་འགྱེད། །དུས་གསུམ་སངས་རྒྱས་ཀུན་དང་སྤྱོད་ཡུལ་གཅིག །ནག་པོ་འགྲོ་བ་འདུལ་ལ་ཕྱག་འཚལ་བསྟོད། །བྱ་སེང་ཡུམ་དང་ལེགས་ལྡན་


CMR027_Page_0219
[མ་དཔེ་གཟིགས་ན་འདིར་གནོན།]

མཁའ་འགྲོ་བརྒྱད། །ཀླུ་དང་གནོད་སྦྱིན་གང་མཛེས་རྒྱལ་ཆེན་བཞི། །བྱ་རོག་གདོང་དགུ་བཀའ་སྡོད་ནག་པོ་སྟོང་། །ཞིང་སྐྱོང་ཉེར་བཞི་ཤ་ཟ་འབུམ་སྡེ་དང་། །རེ་ཏི་མཆེད་བཞི་མ་མོ་བྱེ་བ་འབུམ། །དམག་དཔོན་བརྒྱད་དང་ཁྲབ་ཅན་བྱེ་བ་འབུམ། །གནོད་སྦྱིན་ཁྲི་དང་མཁའ་འགྲོ་ལྷ་སྲིན་ཚོགས། །དཔལ་མགོན་བདུན་ཅུ་རང་རང་དཔུང་དང་བཅས། །སྤྲུལ་པའི་འཁོར་ཚོགས་བཅས་ལ་བདག་བསྟོད་དོ། །ལྷ་ཆེན་ལེགས་ལྡན་ནག་པོ་ཆེན་པོ་ཁྱོད། །སངས་རྒྱས་བསྟན་པ་གཉན་པོ་སྲུང་བར་མཛོད། །རྣལ་འབྱོར་དགྲ་བླ་དུག་གསུམ་ནད་ཀྱི་སྨན། །སྒྲུབ་མཆོག་རྣལ་འབྱོར་རྣམས་ཀྱི་རེ་བ་སྐོང་། །བདག་འདྲ་སྐྱེ་བོས་བསྟོད་པར་མི་འོས་ཀྱང་། །གུས་པའི་ཚུལ་གྱིས་ཁྱེད་ལ་བསྟོད་འབུལ་ན། །ཐུགས་རྗེའི་སྟོབས་ཀྱིས་བདག་གི་འཁོར་རྣམས་སྲུང་། །ནག་པོ་བར་ཆད་སེལ་ལ་ཕྱག་འཚལ་བསྟོད། །བདག་ཉིད་བཅོམ་ལྡན་འཁོར་ལོ་སྡོམ། །གསལ་བའི་ཐུགས་ཀར་ཉི་མ་ཡི། །དཀྱིལ་འཁོར་དབུས་སུ་ཧཱུྃ་གི་མཐར། །ཡི་གེ་བདུན་པོ་རབ་ཏུ་གསལ། །མགོན་པོའི་ཐུགས་ཀར་ཉི་སྟེང་ཧཱུྃ། །སྔོན་པོ་འོད་ཟེར་འབར་བའི་མཐར། །


CMR027_Page_0220
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་རྩ་སྔགས་རབ་ཏུ་གསལ། །རང་གི་ཐུགས་ཀའི་ཧཱུྃ་ཡིག་ལས། །འོད་འཕྲོས་དཔལ་ལྡན་ནག་པོ་ཆེའི། །ཐུགས་ཀར་ཕོག་པས་ཐུགས་རྗེ་ཆེ། །བསྐུལ་ཏེ་དངོས་གྲུབ་བྱིན་རླབས་ཀུན། །འོད་ཟེར་ཁ་དོག་སྣ་ཚོགས་ཚུལ། །མགོན་པོའི་ཞལ་ནས་བདག་ཉིད་ཞལ། །ཞུགས་ནས་ཐུགས་ཀར་ཐིམ་པའི་མོད། །ཡེ་ཤེས་མགོན་པོ་འཁོར་བཅས་ལས།སྤྲུལ་པའི་ཕོ་ཉ་མང་སྤྲུལ་ཏེ། །བདུད་བཞི་བཏུལ་ཞིང་ཕྲིན་ལས་བཞི། །ཐོགས་པ་མེད་པར་འགྲུབ་པར་གྱུར། །ཅེས་བསྒོམས་ལ་གོང་བསྙེན་གཞན་མ་སོང་ན་ཡིག་བདུན་དང་སྦྲེལ་ལ་བཟླ། སོང་ན་ཐུན་མགོ་ལ་བརྒྱ་ཙམ་གྱིས་ཆོག །ཨོཾ་ཧྲི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ། བདེ་མཆོག་ཡིག་བདུན། ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ། སྔགས་འདི་ཤིན་ཏུ་ཟབ། ཨོཾ་མ་ཧཱ་ཀཱ་ལ་གུ་ན་ཧྲཱིཿཏ་ཧཱུྃ་ཕཊ། ལས་་་་་སྔགས་ཏེ་དངོས་གྲུབ་ཐམས་ཅད་འབྱུང་ངོ་། །ༀ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛ། འཁོར་གྱི་སྔགས་སོ། །གཙོ་བོའི་སྔགས་ཀྱི་བཅུ་ཆ་ཙམ་ལས་མགོན། དེའི་བཅུ་ཆ་ཙམ་འཁོར་གྱི་སྔགས་བཟླའོ། །དེ་ནས་རང་གཞན་དོན་ལས་བསྲུང་བར་འདོད་ན་སྔགས་འདི་བཟླའོ། །ༀ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ། བདག་ཅག་མི་ནོར་འཁོར་དང་བཅས་པ་རཀྵ་རཀྵ་སྭཱ་ཧཱ། གྲུས་དུག་ཆུ་ལས་སྒྲོལ་བ་ལྟར་བགེགས་


CMR027_Page_0221
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་གནོད་པ་ལས་སྒྲོལ་ངེས་སོ། །ཚེ་རིང་བར་འདོད་ན། ༀ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཧཱུྃ་ཕཊ། ཨོཾ་ཨཱཡུ་ཛྙཱ་ན་ཨ་ཡུརྩེ་ཨ་པ་ར་སྭ་ཧཱ། རྒྱུན་དུ་བཟླས་ན་ཚངས་པའི་ཚེ་དང་མཉམ། །དེ་དག་བསྙེན་པའི་རྗེས་སུ་ཅུང་ཟད་བཟླའོ། །མགོན་པོ་མི་འགྲུབ་པ་དང་འཁུ་ལྡོག་དང་དངོས་གྲུབ་མི་སྩོལ་བ་དང་རྟགས་མི་གསལ་བ་ཐམས་ཅད་དམ་ཚིག་ཉམས་ཆག་ལས་བྱུང་བའི་རྒྱུན་དུ་བསྐང་བཤགས་འདི་གལ་ཆེ། དེ་ལ་རྒྱུད་ཚིག་འདི་བྱིན་རླབས་ཆེ་བས་བསྐང་བརྒྱ་སོགས་ཀྱང་འདི་ལ་བསོག །ཨོཾ་སྭ་བྷ་ཝ་སོགས། སྟོང་པའི་ངང་ལས་ཡི་གེ་ཏི་ལས་གཡག་ནག་རྔམས་ཤིང་བརྗིད་པ། ལུག་ནག་སྤྱི་དཀར་རྣམས་དཔྲལ་བ་ལ་མར་གྱིས་བྱུགས་ཤིང་རྭ་ལ་དར་ནག་གི་ཅོད་པན་འཕུར་བ། དར་ཚོན་རྔ་ཚོན་སྔགས་བྱང་གིས་དཔུང་པ་མཛེས་པ། དགྲ་བགེགས་ཀྱི་བམ་རོ་བཀལ་བ། ཞུན་མར་ཉི་ཟླ་ལྟར་གསལ་བ། །ཟླདར་ནག་རུ་མཚོན་སྤྲིན་ལྟར་གཏིབས་ཤིང་། ཤ་ཆེན་གྱི་དུད་པ་ན་བུན་ལྟར་འཕྱུར་བ། བདུད་རྩིའི་གསེར་སྐྱེམས་མཚོ་ལྟར་འཁྱིལ་ཞིང་དམར་གྱི་གཏོར་མ་རི་ལྟར་སྤུངས་པ། དེ་འདྲ་རེ་རེ་ལ་གྲངས་མེད་པ་འཕྲོ་བར་གྱུར། ཨོཾ་སརྦ་དྷརྨ་པཱ་ཙ་པཉྩ་རཏྣ་ཀཱ་ཡ་ཀོ་ཏི་བི་བྷ་ཝ་ཀ་སྭ་བྷ་ཝ་ཤུདྡྷོཉཧཾ། བསམ་གྱིས་མི་ཁྱབ་པར་སྤེལ་བའི་སྔགས་སོ།། ཧཱུྃ། མ་ཧཱ་ཀཱ་ལ་མཐུ་བོ་


CMR027_Page_0222
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །ནག་པོ་ཆེན་པོ་ལྕམ་དྲལ་དང་། །ལས་མཁན་ནག་པོ་བྱ་རོག་གདོང་། །ཆོས་ཀྱི་དབྱིངས་ནས་སྐུ་བཞེངས་ལ། །གཤེགས་ཤིག་བུ་ཡི་གནས་འདིར་གཤེགས། །བུ་ཡི་གནས་མཆོག་དམ་པ་ནས། །ཁྱོད་ཀྱི་མཐུན་པའི་དམ་རྫས་ནི། །གཡག་ལུག་ནག་པོ་མར་གྱིས་བྱུགས། །དར་ནག་རུ་མཚོན་རུ་ལ་བརྒྱན། །ཕྲག་པར་དགྲ་བགེགས་ལིངྒ་བསྐྱོན་། །གསེར་སྐྱེམས་བདུད་རྩིས་བྲན་པ་འདིས། །ནག་པོ་ཆེན་པོའི་ཐུགས་དམ་བསྐང་། །བྱ་རོག་གདོང་ཅན་ལ་སོགས་པའི། །འཁོར་གྱི་མ་དང་མཁའ་འགྲོའི་ཚོགས། །སྣང་གསལ་འོད་ཀྱི་ཞུན་མར་དང་། །ཤ་ཆེན་སྤོས་ཀྱི་དུད་སྤྲིན་གྱིས། །ནག་པོ་ཆེན་པོའི་ཐུགས་བསྐུལ་ཏེ། །མཁའ་ལ་སྤྲིན་ལྟར་གཏིབས་ནས་ཀྱང་། །སྒྲུབ་པ་པོ་ལ་བུ་བཞིན་སྐྱོང་། །དར་ནག་རུ་མཚོན་ལ་སོགས་ཀྱིས། །བྱ་རོག་གདོང་ཅན་དཔོན་དང་གཡོག །ཐུགས་དམ་གནད་ནས་བསྐུལ་བའི་ཚེ། །མྱུར་དུ་སྤྱོན་ཅིག་མཁའ་འགྲོའི་ཚོགས། །རོ་ལངས་ལ་སོགས་གཅན་གཟན་སྣ་ཚོགས་དང་། །བསྟན་སྲུང་བཀའ་ཡི་བྱ་ར་བྱེད་པ་རྣམས། །བསྐང་ངོ་བསྐལ་པར་ཐུགས་དམ་བསྐང་། །བཅོལ་བའི་ཕྲིན་ལས་འགྲུབ་པར་


CMR027_Page_0223
[མ་དཔེ་གཟིགས་ན་འདིར་གནོན།]

མཛོད། །ཧཱུྃ། ལྷ་ཆེན་མ་ཧཱ་ཀཱ་ལ་གསན་ཅིང་དགོངས་སུ་གསོལ། །མ་ཧཱ་ཀཱ་ལའི་དཀྱིལ་འཁོར་སྒོར་ཞུགས་ནས། །བཀའ་ཡི་དམ་ཚིག་གཉན་པོ་སྲུང་རྒྱུ་ལ། །བཀའ་ལྟར་མ་འགྲུབ་གཞུང་བཞིན་རྔོ་མ་ཐོག །བསྙེན་སྒྲུབ་དུས་འདས་ཕུད་དང་གཏོར་མ་ཆག །རྩ་བ་ཡན་ལག་དམ་ཚིག་ཉམས་པ་ཀུན། །རྡོ་རྗེ་སྲིན་པོའི་དུར་ཁྲོད་ཚོགས་ལ་བཤགས། །ལུག་ནག་ཁྱི་ནག་གཅན་གཟན་ལ་སོགས་པ། །ཤ་ཁྲག་དམར་གྱི་གཏོར་མ་ཆག་གྱུར་ཏེ། །བྱ་རོག་གདོང་ཅན་འཁོར་དང་བཅས་ལ་བཤགས། །བསྟན་སྲུང་མཐུ་ཡི་དངོས་གྲུབ་བསྩལ་དུ་གསོལ། །གཞན་ཡང་ཁྱོད་ལ་མཆོད་བསྒྲུབ་ལྷར་བཟུང་ནས། །དུས་བཞིའི་ཚོགས་ཕུད་ནང་ནུབ་མཆོད་རྒྱུ་ལ། །མཆོད་པའི་འབྱོར་ཚོགས་ཆུང་སྟེ་སྐུ་མ་མཉེས། །ཕྱི་རྟེན་གཡག་ལུག་ལ་སོགས་མ་འབྱོར་བས། །སྐུ་ཡི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །བཟླས་བརྗོད་སྔགས་ཚིག་ལོང་གཏམ་བར་དུ་ཆོད་། །ནག་པོའི་སྲོག་སྙིང་གནད་ནས་མ་ཁུལ་ཏེ། །བཟླས་བརྗོད་སྔགས་ཀྱི་དམ་ཚིག་ཉམས་པ་ཀུན། །ལྷ་ཆེན་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །ཡི་དམ་རྩེ་


CMR027_Page_0224
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་གཞུང་བཞིན་སྒོམ་རྒྱུ་ལ། །ཏིང་འཛིན་རྩེ་གཅིག་མ་གསལ་ནག་པོ་བསྐྱེད། །ཐུགས་ཀྱི་དམ་ཚིག་ཉམས་པ་མཐོལ་ལོ་བཤགས། །དར་ནག་བྷནྡྷ་དམ་རྫས་ལ་སོགས་པ། །རྟེན་རྫས་མ་ཚོགས་ཡན་ལག་དམ་ཚིག་ཉམས། །ནག་པོ་འཁོར་དང་བཅས་ལ་མཐོལ་ལོ་བཤགས། །གནོང་ངོ་འགྱོད་དོ་མ་དང་མཁའ་འགྲོའི་ཚོགས། །མཐོལ་ལོ་བཤགས་སོ་ཆོས་སྐྱོང་སྲུང་མའི་ཚོགས། །མཐོལ་བཤགས་བཟོད་གསོལ་དང་དུ་ཡར་བཞེས་ལ། །སྒྲིབ་མེད་དངོས་གྲུབ་རྣམ་གཉིས་བསྩལ་དུ་གསོལ། །ཨོཾ་བཛྲ་སཏྭ་ཨོ། ཨོཾ་བཛྲ་སཏཱ་ཨཱཿ ཨོཾ་བཛྲ་སཏྭ་ཧཱུྃ། དེ་ནས་ཐུན་མཚམས་སུ་ཐུན་གཏོར་བྲན་ལ།་ན་མོ། རྗེ་བཙུན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བདེན་པ་དང་། ཡི་དམ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་བདེན་པ་དང་། དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་གྱི་བདེན་པ་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པའི་བདེན་པ་དང་། བདེན་པ་ཆེན་པོའི་མཐུས། སྤྱིར་ཞིང་བཅུ་ཚང་བ་བསྟན་པའི་སྤྱི་དགྲ། དོ་བསྔོ་ཞིང་ཕོད་བཙུགས་པ། རྣལ་འབྱོར་པའི་སྒོས་དགྲ། ཁྱད་པར་དུ་རྣལ་


CMR027_Page_0225
[མ་དཔེ་གཟིགས་ན་འདིར་གནོན།]

འབྱོར་པ་བདག་ཅག་དཔོན་སློབ་བསྲུང་བྱ་མི་ནོར་འཁོར་དང་བཅས་པ་ལ་གནོད་ཅིང་འཚེ་བའི་གདོན་བགེགས་ཐམས་ཅད་ཀྱི་བླ་སྲོག་རྣམ་པར་ཤེས་པ་སྐད་ཅིག་རང་དབང་མེད་པར་དྲག་པོ་ཐུན་གྱི་གཏོར་མ་འདི་ལ་ཁུག་ཅིག །བཛྲ་ཨཾ་ཀུ་ཤ་ཛ་ཛཿ བཛྲ་པཱ་ཤ་ཧཱུྃ་ཧཱུྃ། བཛྲ་སྤོ་ཊ་བི་བི། བཛྲ་གནྡྷེ་ཧོ་ཧོ། ཛཿཧཱུྃ་བཾ་ཧོ༔ དགྲ་བགེགས་ཀྱི་ཤ་ཁྲག་བླ་སྲོག་འོད་དུ་ཞུ་བ་ལས་བྱུང་བའི་གཏོར་མ་བདུད་རྩིའི་རྒྱ་མཚོ་གྱུར། ཨོཾ་ཨཱཿཧཱུྃ་ཧ་ཧོ་ཧཱུྃསྭཱ་ཧཱ། ཨོཾ་མ་ཧཱ་ཀཱ་ལ་ཧྥུ་ན་ཧཱིཏ་སརྦ་ཤཱ་ཏུཾ་ཁ་ཁ་ཁཱ་ཧི། ༀ་མ་ཧཱ་ཀཱ་ལ་སུ་ཏྲི་ཡ་མ་དུ་ཛཿ སརྦ་ཤཱ་ཏུཾ་ཁ་ཁ་ཁཱ་ཧི། ཧཱུྃ། དཔལ་ལྡན་མགོན་པོ་ཁྲག་འཐུང་རྒྱལ། །ལེགས་ལྡན་ནག་པོ་འཇིགས་པའི་གཟུགས། །ཞལ་ནས་ཧཱུྃ་ཕཊ་འབྲུག་ལྟར་སྒྲོག །ལྗགས་ནི་ཕྱོགས་བཅུར་གློག་ལྟར་འཁྱུག །འཇིགས་པའི་གད་མོ་ཆེན་པོ་འབྱིན། །ཀེང་རུས་སྐམ་རློན་ཁྲི་ལ་བཞུགས། །ཤངས་ཀྱི་འཚུབ་མས་ཁམས་གསུམ་གཏོར། །སངས་རྒྱས་བསྟན་པའི་བཀའ་སྲུང་ཆེ། །དམ་ཉམས་རྣམས་ཀྱི་སྲོག་གཅོད་ཆེ། །རིག་འཛིན་རྣམས་ཀྱི་སྲོག་ཤིང་ཆེ། །རྣལ་འབྱོར་ཀུན་གྱི་དགྲ་བླ་ཆེ། །དུག་གསུམ་ནད་ཀྱི་སྨན་པ་


CMR027_Page_0226
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། །བདུད་འདུལ་རྣམས་ཀྱི་དབང་ཕྱུག་ཆེ། །ལྷ་ཡི་དགེ་བསྙེན་ཆེན་པོ་སྟེ། །ནམ་མཁའི་བུ་མོ་གློག་མ་སྤྲིན། །འདུལ་བ་ཞལ་གྱིས་བཞེས་མཛད་པ། །རྡོ་རྗེ་རོ་ལངས་དུར་ཁྲོད་བདག །གཙུག་ལག་ཁང་དང་དཀྱིལ་འཁོར་གྱི། །སྲུང་མ་ཆེན་པོར་མངའ་གསོལ་ལོ། །ཡེ་ཤེས་མགོན་པོ་འཁོར་བཅས་ལ། །ཤ་སྣ་སྙིང་སྣ་ཁྲག་སྣ་སྟོང་། །ཚིལ་དང་རུས་པ་སྣ་ཚོགས་དང་། །འབྲུ་སྣ་ཀུན་ལ་སྦྱར་བ་ཡི། །བརྒྱན་པའི་གཏོར་མ་འདི་བཞེས་ལ། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །བྷྱོཿ ཁྱོད་ཀྱི་ཐུགས་དམ་དུས་ལ་བབ། །རླུང་མཁྲིས་བད་ཀན་འདུས་པ་ལས། །གྱུར་པའི་ནད་རིགས་བཞི་བརྒྱ་དང་། །རྩ་བཞི་ཞི་བར་མཛད་དུ་གསོལ། །རྒྱལ་པོ་ཀླུ་བདུད་ལ་སོགས་པ། །གདོན་གྱི་རིགས་རྣམས་ཞི་བར་མཛོད། །རྨི་ལམ་ངན་སོགས་ཞི་བར་མཛོད། །བདག་ཉིད་རྣལ་འབྱོར་བསྲུང་དུ་གསོལ། །ཉིན་དང་མཚན་དུ་བྱ་ར་མཛོད། །ཚེ་དང་བསོད་ནམས་སྤེལ་དུ་གསོལ། །དཔལ་དང་གྲགས་པ་བསྒྲུབ་ཏུ་གསོལ། །འཁོར་དང་བསྟན་པ་བསྲུང་དུ་གསོལ། །ལུས་དང་གྲིབ་མ་བཞིན་དུ་འགྲོགས། །ལེགས་དང་སྤྲོད་ལ་ཉེས་དང་


CMR027_Page_0227
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོལ། །བསམ་པ་སྒྲུབ་ལ་རེ་བ་སྐོངས། །དོ་ནུབ་གནོད་པ་བཟློག་ཏུ་གསོལ། །བདུད་ཁ་དགྲ་ལ་བཟློག་ཏུ་གསོལ། །ཟློག་ཅིག་སྒྱུར་ཅིག་ས་མ་ཡ། །བྷྱོ༔ རེ་ལྟོས་གཞན་དུ་མ་བཅས་སོ། །ཟློག་ཅིག་མ་མོའི་སྔགས་ཟོར་ཟློག །དུ་ན་གཤིན་རྗེའི་འཁོར་ལོ་ཟློག །ཕུར་པའི་དབལ་ཁ་བཟློག་ཏུ་གསོལ། །བདུད་ཀྱི་ཁྲམ་ཁ་བཟློག་ཏུ་གསོལ། །གནོད་སྦྱིན་གཟེར་ནད་བཟློག་ཏུ་གསོལ། །རྒྱལ་པོའི་སྨྱོ་འབོག་བཟློག་ཏུ་གསོལ། །ཀླུ་ཡིས་བཅིང་བ་བཟློག་ཏུ་གསོལ། །བཙན་གྱི་རྐྱ་རྒྱུག་བཟློག་ཏུ་གསོལ། །མོན་པའི་གཅེར་རྒྱུག་བཟློག་ཏུ་གསོལ། །བལ་པོའི་དུག་མཚོན་བཟློག་ཏུ་གསོལ། །རོ་ལངས་གནོད་པ་བཟློག་ཏུ་གསོལ། །མ་ཧཱ་དེ་ཝ་ལ་སོགས་པའི། །ལྷ་ཆེན་བརྒྱད་ཀྱང་ཞབས་ཀྱིས་མནན། །བི་ན་ཡ་ཀ་ལ་སོགས་པའི། །བགེགས་ཆེན་བརྒྱད་ཀྱང་མནན་པས་བསྐོར། །ཡི་དྭགས་ཤ་ཟ་ལ་སོགས་པའི། །ནང་ནས་སྲི་ལངས་ཐམས་ཅད་ཟློག །རྒྱལ་འགོང་བཙན་འགོང་བྱིན་གྱིས་ཐུལ། །མ་བདུད་སྲིན་མོ་ཐལ་བར་རློགས། །ཐེའུ་རང་འགོང་པོ་གཞོབ་ཏུ་བསྲེགས། །དགྲ་བགེགས་རང་


CMR027_Page_0228
[མ་དཔེ་གཟིགས་ན་འདིར་གནོན།]

གཤེད་རང་ལ་ཕོབ། །དམ་ཉམས་མཚོན་ཆ་རང་ལ་རྒྱོབ། །ཁས་བླངས་དམ་བཅས་མ་གཡེལ་ཅིག །དཔལ་ལྡན་མ་ཧཱ་ཀཱ་ལའི་དུས་ལ་བབ། །ཡུམ་ཆེན་ཙན་ཏི་ཀ་ཡི་དུས་ལ་བབ་། །བཀའ་སྡོད་ལེགས་ལྡན་མགོན་པོའི་དུས་ལ་བབ། །ཕོ་ཉ་ལངྐ་ད་རའི་དུས་ལ་བབ། །ཕྱག་བརྙན་བྲག་ལྷ་མགོན་པོའི་དུས་ལ་བབ། །གནོད་སྦྱིན་ཤྭ་ན་ར་ཛའི་དུས་ལ་བབ། །ལས་མགོན་ཐོད་ཕྲེང་ནག་པོའི་དུས་ལ་བབ། །སྤྲུལ་པའི་དཔལ་མགོན་བདུན་ཅུའི་དུས་ལ་བབ། །ཁྱེད་ཀྱི་ཐུགས་དམ་དུས་ལ་བབ། །བཅོལ་བའི་ཕྲིན་ལས་མ་གཡེལ་ཅིག །ཨོཾ་མ་ཧཱ་ཀཱ་ལ་ཧེ་ཐུན་བྷྱོ། མ་ཧཱ་ཀཱ་ལི་པྲ་མོ་ཧེ་ཐུན་བྷྱོ༔ ཆག་ཆེན་ཉམ་ང་ཐམས་ཅད་མཱ་རཱ་ཡ་བྷྱོ་བྷྱོ་ཟློག་ཟློག །ཅེས་བསྙེན་སྒྲུབ་དུས་དཀྱིལ་འཁོར་དྲུང་དང་། རྒྱུན་དུ་ཕྱི་རོལ་དུ་ཕུལ་བཅུག །གཏོར་སྣོད་མདུན་དུ་སྦུབ་ལ། རྡོ་རྗེ་རྒྱ་གྲམ་རི་རབ་དང་བཅས་པའི་འོག་ཏུ་དམ་སྲི་སྒབ་འདྲེ་ཐམས་ཅད་ཁུག་ཅིག་ནོན་ཅིག །ཧཱུྃ། སྟོང་གསུམ་སྟོང་གི་འཇིག་རྟེན་འདིར། །ཀུན་ཀྱང་རིགས་ལྔ་ཧེ་རུ་ཀ །རིགས་ལྔ་ཀྲོ་ཏི་ཤྭ་རི་སྟེ། །ཡེ་ཤེས་མགོན་པོས་ནམ་མཁའ་གང་། །མ་མོས་སྤྲུལ་པས་བར་སྣང་གང་། །བྱ་རོག་ཕོ་མོ་སྤྲིན་ལྟར་གཏིབས། །བགེགས་


CMR027_Page_0229
[མ་དཔེ་གཟིགས་ན་འདིར་གནོན།]

ཞེས་བྱ་བའི་མིང་ཡང་མེད། །བདུད་དཔུང་ལྷ་ལ་གནོད་པའི་ཕྱིར། །བྲོ་འདི་བར་ཆད་མེད་པར་བརྡུང་། །ཚངས་པའི་དབྱིངས་སུ་འདྲེན་པའི་ཕྱིར། །བྲོ་འདི་བར་ཆད་མེད་པར་བརྡུང་། །ཨོཾ་མ་ཧཱ་ཀཱ་ལ་ཤ་ཏྲི་དམ་སྲི་ན་ཤ་ཡ། སྟམ་བྷ་ཡ་མཱ་ར་ཡ། མར་དྷ་ཡ་ནན། ས་མ་ཡ། རྒྱ་རྒྱ་རྒྱུ། སྒྲུབ་དུས་ཡིན་ན་ཐུན་བཞིར་དེ་ལྟར་བྱ་ཞིང་གྲོལ་དུས་བར་རྗེས་ཆོག་མི་བྱ། མཚམས་གྲོལ་ཁ་གཏོར་མ་མགོན་པོ་དངོས་སུ་གསལ་བའི་གནས་ལྔ་ནས་མགོན་པོ་དཀར་དམར་མཐིང་སེར་ལྗང་གུ་རྣམས་རང་ལ་ཐིམ་པས་དབང་དང་དངོས་གྲུབ་ཐོབ་པར་བསྒོམས་ལ། །གཏོར་མ་རང་གིས་གནས་ལྔར་གཏུག་ཅིང་རྩ་སྔགས་ཤམ་དུ། ཀཱ་ཡ་སིདྡྷི་ཨོ། ཝཱཀ་སིདྡྷི་ཨཱ༔ ཙིཏྟ་སིདྡྷི་ཧཱུྃ། གུ་ཎ་སིདྡྷི་སྭཱ། ཀརྨ་སིདྡྷི་ཧཱ། ཞེས་དབང་དང་དངོས་གྲུབ་བླང་ངོ་། ཨོཾ་མ་ཧཱ་ཀཱ་ལ་ས་པཱ་རི་ཝཱ་ར་ཨགྣི་སོགས༔ ཧཱུྃ། དུས་གསུམ་སངས་རྒྱས་ཀུན་གྱི་བསྟན་སྲུང་ཞིང་། །འཇིགས་བྱེད་མི་བཟད་དྲག་པོའི་ལས་ཀུན་མཛད། །རྔམ་པའི་ང་རོས་སྲིད་གསུམ་ཐལ་བར་བརླག ། མགོན་པོ་བྱ་རོག་མཚན་ལ་ཕྱག་འཚལ་བསྟོད། །མ་འབྱོར་པ་དང་ཉམས་པ་དང་། །གང་ཡང་བདག་རྨོངས་བློ་ཡིས་ནི། །བགྱིས་པ་དང་ནི་བགྱིད་བསྩལ་བ། །དེ་ཀུན་མགོན་


CMR027_Page_0230
[མ་དཔེ་གཟིགས་ན་འདིར་གནོན།]

པོས་བཟོད་པར་གསོལ། །ཡིག་བརྒྱ། རྟེན་ཡོད་ན། ཡེ་ཤེས་པ་རྟེན་རྣམས་ལ་ཐིམ་པར་གྱུར། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། མེད་ན། ཨོ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །རྗེས་སུ་མཐུན་པའི་དངོས་གྲུབ་སྩོལ། །སོ་སོའི་ཡུལ་དུ་གཤེགས་ནས་ཀྱང་། །སླར་ཡང་འབྱོན་པར་མཛད་དུ་གསོལ། །ཡེ་ཤེས་པ་བཛྲ་མུ༔ དམ་ཚིག་པ་རང་ལ་ཐིམ་པར་གྱུར། བདག་གིས་ནག་པོ་ཆེན་པོ་མཆོད་པ་དང་། །བསྙེན་སྒྲུབ་ཐུགས་དམ་བསྐང་བ་ལ་སོགས་པ། །དུས་གསུམ་བསགས་པའི་དགེ་བ་ཅི་མཆིས་པ། །ནམ་མཁའི་མཐའ་ཀླས་གྱུར་པའི་འགྲོ་བ་རྣམས། །བླ་མེད་ཐེག་པ་ཆེན་པོའི་སྣོད་གྱུར་ནས། །ཀུན་ཀྱང་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག །གནས་འདིར་ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པ། །དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །ཅེས་སོགས་བྱའོ། །རྒྱུད་དང་རྒྱ་གཞུང་མན་ངག་དུ་མའི་བཅུད། །ཟབ་པའི་གནད་མང་ཁྱེར་བདེ་མང་ཉུང་འཚམས། །འདོན་ཆ་རྒྱུད་དང་རྒྱ་བོད་གྲུབ་ཆེན་གསུངས། །མངོན་རྟོགས་འདུས་ཆེ་བརྗིད་རྔམས་རབ་ཏུ་མཛེས། །གཏོར་ཆོག་ཁ་རྐྱང་མ་ཡིན་དཀྱིལ་ཆོག་ཚང་། །རྒྱུན་ཁྱེར་སྒྲུབ་


CMR027_Page_0231
[མ་དཔེ་གཟིགས་ན་འདིར་གནོན།]

ཐབས་གཉིས་ཀ་འདི་ཡིས་ཆོག །ཞི་རྒྱས་དབང་དྲག་ལས་ཚོགས་ཀུན་དང་འབྲེལ། །ཡིད་བཞིན་ནོར་ལྟར་དངོས་གྲུབ་ཀུན་འབྱུང་འདི། །མགོན་པོའི་རིག་འཛིན་དྲུང་ཆེན་མཁའ་སྤྱོད་པའི། །གདུང་རིག་ལས་འཁྲུངས་ལྷ་རྒྱུད་བག་ཆགས་ཅན། །ཨ་ནུ་ཚེ་དབང་རྡོ་རྗེས་བསྐུལ་བའི་ཕྱིར། །དགེ་སློང་རཱ་ག་ཨ་སྱས་ལེགས་པར་བསྒྲིགས། །ཉེས་འགལ་མཆིས་ན་ལྷ་སྲུང་རྣམས་ལ་བཤགས། །དགེ་བས་འདི་ཉིད་ཉམས་སུ་སུས་བླངས་ན། །མཆོག་ཐུན་དངོས་གྲུབ་ཚེ་འདིར་མྱུར་ཐོབ་ཤོག །ཨེ་མ་སྔོན་ལས་འབྲེལ་བས་ཆུང་ནས་ལྷ་འདི་འཕྲད། །བཅོ་ལྔ་ལོན་ཚེ་བསྙེན་སྒྲུབ་བགྱིས་པ་ནི། །དེང་སང་མགོ་སྐྱེས་དཀར་པོར་ཉེ་བའི་བར། །ཆོས་སྐྱོང་ཀུན་གྱི་མཆོག་ཏུ་ཁྱེད་བརྟེན་ན། །ཚེ་འདིར་མཆོག་གི་དངོས་གྲུབ་ཐོབ་པ་དང་། །ཕྱི་མ་བདེ་ཆེན་ཞིང་ཁམས་བགྲོད་པ་ཡི། །འགལ་རྐྱེན་སེལ་དང་མཐུན་རྐྱེན་བསྒྲུབ་མི་བསྒྲུབས། །ཀ་ཝུ་མ་ཧཱ་ཀཱ་ལ་ཁྱེད་རང་ཤེས། །མངྒ་ལཾ། བྷ་ཝནྟུ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པའི་གཏོར་ཆོག་དང་རྒྱུན་བསྙེན་བྱ་ཐབས་མདོར་བསྡུས་མགོན་པོ་དངོས་གྲུབ་ཀུན་འབྱུང་།next