Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་ཕྱག་བཞི་པའི་ཀ་བསྟོད།
   
   
   
   
   
   
   
   
   
   
   
   


 
previousམགོན་པོ་ཕྱག་བཞི་པའི་ཀ་བསྟོད།next

མགོན་པོ་ཕྱག་བཞི་པའི་ཀ་བསྟོད།


CMR027_Page_0233
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཕྱག་བཞི་པའི་ཀ་བསྟོད་བཞུགས་སོ།། ཀ་ལ་ཆེན་པོ་ཞལ་གཅིག་ཕྱག་བཞི་པ། །ཁ་གདངས་མཆེ་གཙིགས་ལྗགས་འདྲིལ་སྤྱན་གསུམ་པོ། །ག་ཤུལ་མི་མགོའི་ཕྲེང་བས་དོ་ཤལ་བྱས། །ང་ཡི་སྲུང་མ་མཆོག་ཏུ་ཁྱེད་བསྟེན་ཕྱིར། །ཅ་ཅོའི་དབྱངས་དང་རོལ་མོས་སྤྱན་འདྲེན་ན། །ཆ་ལུགས་རལ་གྲི་གྲི་གུག་ཐོད་མདུང་འཛིན། །ཇ་ཆང་ཕུད་དང་བསང་གི་མཆོད་པ་འབུལ། །ཉ་རྒྱས་ཟླ་ལྟར་དགེ་ལེགས་འཕེལ་རྒྱས་མཛོད། །ཏ་ཐཱ་ག་ཏའི་བསྟན་སྲུང་མཐུ་བོ་ཆེ། །ཐ་ན་བདག་ཅག་དཔོན་སློབ་འཁོར་བཅས་ལ། །ད་ནི་སྲུང་སྐྱོབ་ཁ་འཛིན་སྡོང་གྲོགས་མཛོད། །ན་ཚ་ཤི་ཆད་བྱད་ཁ་ཕུར་ཁ་ཟློག །པ་དེ་པུ་དེའི་དགྲ་ཇག་ཆོམ་པོ་སོགས། །ཕ་རོལ་གནོད་བྱེད་བསྟན་དགྲ་དམ་ཉམས་རྣམས། །བ་མོར་ཉི་ཟེར་ཕོག་ལྟར་ཞི་བ་དང་། །མ་རྒན་སེམས་ཅན་ཆོས་ལ་འགོད་པར་མཛོད། །རྩ་གསུམ་ལྷ་དང་སངས་རྒྱས་བསྟན་པ་སྲུངས། །ཚ་གྲང་དམྱལ་བའི་སྡུག་བསྔལ་ཞི་བར་ཀུནམཛོད། །ཛ་ཡི་སངས་རྒྱས་སྤྱན་སྔར་ཁས་བླངས་པས། །ཝ་ལེར་བསྟན་པ་བསྲུང་བར་ཞལ་གྱིས་བཞེས། །ཞྭ་ལྟར་རྣལ་འབྱོར་བདག་གི་ཐོད་དུ་ཕྱུར། །ཟ་བྱེད་ནག་པོ་སྟོང་


CMR027_Page_0234
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་འཁོར་བཅས་ཀྱིས། །འ་རེ་འུ་རེའི་དུས་ངན་འཁྲུག་རྩོད་དུ། །ཡ་མཚན་ཆེ་བའི་སངས་རྒྱས་བསྟན་པ་སྲུངས། །ར་ཅན་གཡག་ལུག་གཟུགས་འགྲོའི་སྣ་ཚོགས་དང་། །ལ་ཆེན་རྟེན་རྫ་ས་མང་པོས་ཐུགས་དམ་བསྐང་། །ཤ་ཚ་སྙིང་རྗེའི་བདག་ཅག་འཁོར་བཅས་རྣམས། །ས་ཆ་གར་འགྲོ་གར་འདུག་ཁ་འཛིན་མཛོད། །ཧ་ཧ་དགྱེས་མཛོད་མགོན་པོ་འཁོར་བཅས་ཀྱིས། །ཨ་ལ་ལ་ཧོ་ངོ་མཚར་དངོས་གྲུབ་སྩོལ། །མགོན་པོ་ཕྱག་བཞིའི་ཀ་བསྟོད་བགྱིས་པ་ལ། །ཉེས་འགལ་མཆིས་ན་མགོན་པོ་འཁོར་བཅས་བཤགས། །དགེ་བས་སངས་རྒྱས་བསྟན་པ་དར་བར་ཤོག །དེ་སྐད་རཱ་ག་ཨ་སྱས་སྦྱར། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །།


previousམགོན་པོ་ཕྱག་བཞི་པའི་ཀ་བསྟོད།next