Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་ཕྱག་བཞི་པའི་གཏོར་དབང་ཁྱེར་བདེ་བ་དངོས་གྲུབ་ཀུན་འབྱུང་།
   
   
   
   
   
   
   


 
previousམགོན་པོ་ཕྱག་བཞི་པའི་གཏོར་དབང་ཁྱེར་བདེ་བ་དངོས་གྲུབ་ཀུན་འབྱུང་།next

མགོན་པོ་ཕྱག་བཞི་པའི་གཏོར་དབང་ཁྱེར་བདེ་བ་དངོས་གྲུབ་ཀུན་འབྱུང་།


CMR027_Page_0257
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཕྱག་བཞི་པའི་གཏོར་དབང་ཁྱེར་བདེ་བ་དངོས་གྲུབ་ཀུན་འབྱུང་ཞེས་བྱ་བ་བཞུགས་སོ།།


CMR027_Page_0258
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་ཙཀྲ་སཾ་ཝ་ར། བླ་མ་དང་བཅོམ་ལྡན་འཁོར་ལོ་སྡོམ་པ་ལ་ཕྱག་འཚལ་ལོ། །ཡེ་ཤེས་མགོན་པོའི་གཏོར་དབང་བྱེད་པར་འདོད་པས། སྟེགས་བུའམ་ཟམ་པོ་ཁ་གང་ལྟེབ་པ་གྲུ་གསུམ་དུ་བཏིང་བའི་སྟེང་དུ་སྲན་མའམ་ནས་ཀྱིས་ཚོམ་བུ་ལྔའམ་བཅུ་གསུམ་བཀོད། འདིའི་སྟེང་མཉྫིསོགས་ཀྱི་སྟེང་དུ་གཏོར་མ་ཟུར་གསུམ་ཧ་ཅང་མི་རྣོ་བ་ནག་པོ་ལ་ཐོད་སྐམ་གསུམ་གྱི་འདབ་མ་དང་མར་རྒྱན་མེ་རི་གྲི་ཐོད་དམ་ཧཱུྃ་ཡིག་གིས་མཚན་པའི་རྩེར་ཡོད་ན་ཙཀླུ་དང་དར་གདུགས་ནག་པོ་བཙུགས། མཐར་རྣམ་ལྔ་སོགས་དང་ཡོད་ན་སྨན་རཀ་དམར་གཏོར་གཅིག་ཀྱང་བཤམ། མགོན་པོའི་ཕུག་གཏོར་ཡོད་ན་གསོ་བྲན་དང་། མེད་ན་དབང་གཏོར་སྟོད་ལྷ་དང་སྨད་མཆོད་པར་བསྐྱེད་པར་བྱའོ། །བདེ་མཆོག་གི་ཡི་དམ་གང་རུང་གིས་


CMR027_Page_0259
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྐྱེད་དང་བསྙེན་པ་ཅུང་ཟད། མགོན་པོའི་མདུན་བསྐྱེད་སྤྱན་འདྲེན་མཆོད་བསྟོད་གཏོར་ཚོགས་ལྟ་བུར་རྒྱས་བསྡུས་སྐབས་དང་བསྟུན། བསྙེན་པ་ཕྲེང་སྐོར་ལས་མི་ཉུང་བ་དང་། སློབ་མ་མང་ཞིག་ཡོད་ན་སྔགས་འུར་འདོན་སྟོང་ཕྲག་ཙམ་བྱས་ན་བྱིན་རླབས་ཆེའོ། །དེ་ནས་སློབ་མ་རྣམས་ལ་ཆབ་དང་ནས་བཀྱེ། སྔོན་དུ་དབང་གཞན་བསྐུར་འཕྲོ་མིན་ན་བགེགས་གཏོར་དང་མཚམས་གཅོད་སྲུང་འཁོར་རྒྱས་བསྡུས་ཅི་རིགས་ངེས་པར་བྱའོ། །དེ་ནས་དབང་བཤད་ནི། འོ་ན་རྟེན་གྱི་གང་ཟག་བྱང་ཆུབ་སྒྲུབ་པ་བྱིན་གྱིས་རློབས་པའི་བླ་མ། དངོས་གྲུབ་སྟེར་བའི་ཡི་དམ། བདུད་བཞིའི་བར་ཆད་སེལ་ནུས་པའི་ཡེ་ཤེས་ཀྱི་ཆོས་སྐྱོང་གཅིག་དང་གསུམ་མེད་ཁ་མེད་ཡིན་པར་


CMR027_Page_0260
[མ་དཔེ་གཟིགས་ན་འདིར་གནོན།]

གསུངས། དེ་ལ་མགོན་པོ་མངོན་འབྱུང་ལ་སོགས་པ་ནས་ཆོས་སྐྱོང་ཐམས་ཅད་ཀྱི་མཆོག་དང་གཙོ་བོ་དམ་པ་གསུངས་པས་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་དབང་བསྐུར་བ་ཡིན་ཏེ། །མགོན་པོ་འདིའི་ངོ་བོ་ནི་འཁོར་ལོ་སྡོམ་པ་ཉིད་མགོན་པོའི་སྐུར་བཞེངས་པ་ཡིན་པར་བདེ་མཆོག་རྒྱུད་འགྲེལ་ཆེན་རྣམས་ནས་བཤད། དེ་ལ་བླ་མའི་གསུང་རྒྱུན་སློབ་མ་ལ་ལས་ཡི་གེར་བྲིས་ནས་མཁས་གྲུབ་ཆེན་པོ་དག་གིས་མཛད་པར་ཁ་གཡར་བ་འགའ་ཞིག་ནས་འདི་རུ་ཏྲ་ཡིན་པ་དང་། མུ་སྟེགས་མ་ཁོལ་བདུད་སྤྲུལ་དུ་སྟོན་པའི་ལུང་བསྟན་ཟེར་བ་སོགས་ནི་མི་འཐད་དོ། །བདེ་མཆོག་གི་རྒྱུད་གཞུང་ཆེན་པོ་རྣམས་དང་། འཇམ་དཔལ་རྩ་རྒྱུད་དང་དངོས་སུ་འགལ་བའི་ཕྱིར། རྡོ་རྗེ་རི་རབ་ཁང་བུ་བརྩེགས་པའི་རྒྱུད་དང་ཡང་འགལ་བར་འགྱུར་རོ། །དཔེར་ན་མགོན་པོ་འདི་འཁོར་ལོ་སྡོམ་པ་དངོས་ཡིན་པ་དང་། སངས་རྒྱས་བྱེ་བ་ཕྲག་དྲུག་ཅུ་རྩ་གཉིས་ཀྱིས་ཐུགས་ཀྱི་འོད་ཟེར་གཅིག་ཏུ་བསྡུས་པ་ཡིན་པར་གསུངས་ཏེ། བྱ་རོག་སྲོག་གཟན་ནག་པོའི་རྒྱུད་ལས། ངོ་བོ་ཁྲག་འཐུང་བདེ་མཆོག་ཡིན། །ཡེ་ཤེས་སྐུ་སྟེ་རྡོ་རྗེ་དང་། །ཞེས་གསུངས་པས། ཞི་བ་རྡོ་རྗེ་འཆང་། ཁྲོ་བོ་


CMR027_Page_0261
[མ་དཔེ་གཟིགས་ན་འདིར་གནོན།]

བདེ་མཆོག་མགོན་པོ་ཕྱག་བཞི་པ་རྣམས་ངོ་བོ་གཅིག་ཡིན་པར་ངེས་སོ། །ངོ་བོ་དེ་ལྟ་བུ་ལ་སྐྱེ་རྒྱུད་དང་སྤྲུལ་ཚུལ་ཡེ་ཐོག་དང་པོའི་སངས་རྒྱས་དེ་ཉིད་ཤྲཱི་ཧེ་རུ་རིགས་ལྔའི་སྐུར་བཞེངས་པའི་ཐུགས་རྗེ་རིག་པ་ཕྱིར་འཆར་བ་ནི་གཤིན་རྗེ་ལྔར་གྱུར་ནས་སེམས་ཅན་རྣམས་ཟོས་པས་ཧེ་རུ་ཀ་ལྔས་བཞད་པའི་གད་རྒྱངས་ཀྱིས་བརྒྱལ་ཏེ། བརྒྱལ་སངས་ནས་རང་རང་རྣམས་ཁྲག་འཐུང་ལྔའི་ངོ་བོར་རང་ངོ་ཤེས་ནས་སངས་རྒྱས་པ་ནི་མགོན་པོ་སྐུ་ལྔ་ཡིན་པར་བཤད། ཆོས་ཀྱི་དབྱིངས་སུ་ཐིམ་མོ། །དེ་ནས་ཡང་སྔོན་འདས་པའི་དུས་ན་བདུད་ཀྱི་རྒྱལ་པོ་དགའ་རབ་དབང་ཕྱུག་གིས་སེམས་ཅན་རྣམས་སྡུག་བསྔལ་གྱི་ཉམ་ཐག་པར་བྱས་པ་དང་། དཔལ་ཧེ་རུ་ཀ་ཡབ་ཡུམ་གྱི་སྦྱོར་མཚམས་ནས་མགོན་པོ་འདི་འཁོར་དང་བཅས་པ་སྤྲུལ་ནས་བཏུལ་ཏེ། མགོན་པོ་འཁོར་བཅས་དཔལ་ཧེ་རུ་ཀ་ཉིད་ལ་ཐིམ་མོ། །ཆོས་ཐམས་ཅད་རྒྱུ་འབྲས་ཀྱི་རྟེན་འབྲེལ་ལས་འབྱུང་བའི་ཕྱིར། བར་སྐབས་སུ་བྲམ་ཟེའི་བུར་སྤྲུལ་ཏེ་སངས་རྒྱས་ལ་རིན་པོ་ཆེའི་མེ་ཏོག་འདབ་མ་བཞི་པ་ཕུལ་ནས། ཕྲིན་ལས་བཞི་འགྲུབ་པའི་སྨོན་ལམ་འདེབས་པའི་ཚུལ་ཡང་མཛད། ལྷའི་བུ་དཀར་པོ་


CMR027_Page_0262
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་བཞི་པ་གཅིག་ཏུ་སྤྲུལ་ནས་གཞན་འཕྲུལ་དབང་བྱེད་ཀྱི་གནས་སུ་བདུད་ཀྱི་ཁ་གནོན་ལ་བཞུགས་སོ། །དེའི་ཚེ་སངས་རྒྱས་རྣམ་པར་གཟིགས་ལ་སོགས་པ་སངས་རྒྱས་རབས་བདུན་གྱི་བསྟན་པ་ཡང་མགོན་པོ་འདིས་བསྲུང་བར་མཛད་དོ། །དེ་ནས་འོད་སྲུང་གི་བསྟན་མཇུག་ཏུ་ལྷ་རྣམས་ཀྱིས་གསོལ་བ་བཏབ་པས། བྱ་རོག་ཏུ་སྤྲུལ་ནས་དཔག་བསམ་ཤིང་གི་རྩེར་བབ་སྟེ་རི་རབ་ཙམ་དུ་གྱུར་ནས་འོད་ཟེར་དང་མེ་དང་སྤུ་གྲི་ལྟ་བུས་ནམ་མཁའ་བར་སྣང་ཁྱབ་སྟེ། བྱ་རོག་དེའི་སྤྱན་གཡས་ལས་མགོན་པོ་ཕྱག་བརྒྱད་པ། གཡོན་པས་ཕྱག་དྲུག་པ། མཛོད་སྤུ་ནས་གྲི་གུག་མ། རྣ་བ་གཡས་ལས་སྐོས་རྗེ་དྲང་དཀར། གཡོན་ལས་ཨེ་ཀ་ཙ་ཏི། སྣ་བུག་གཉིས་ལས་ལྷ་མོ་དཔོན་གཡོག །རྐང་པ་གཉིས་ལས་ཀླུ་དུང་ཕྱུར་བརྒྱད་ཁྲི། མཇུག་མ་ལས་གཉན་ཐེར་འབུམ་དགུ་སྟེ། མཆེ་བ་བཞི་ལས་མཁའ་འགྲོ་སྡེ་བཞི། གཤོག་པ་གཡས་ལས་གཞན་འཕྲུལ་དབང་བྱེད་ཀྱི་ལྷ་དམག་ཁྲི་ཕྲག་དགུ་བཅུ་རྩ་དགུ། གཡོན་ལས་དགའ་ལྡན་གྱི་ལྷ་དམག་བྱེ་བ་ཕྲག་དགུར་སྤྲུལ་ནས། ལྷ་མ་ཡིན་རྣམས་ཁྲག་སྐྱུག་ཅིང་བརྒྱལ་འདར་ཞིང་སྔངས་བར་གྱུར་ཏོ། །དེའི་ཚེ་ལྷ་རྣམས་ཀྱིས་


CMR027_Page_0263
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་ཅིང་བསྟོད་དོ། །ས་གསུམ་གྱི་བདག་ཉིད་མགོན་པོ་བྱ་རོག་ཆེན་པོ་ཞེས་གྲགས་སོ། །དེ་ནས་སྤྲུལ་པ་རྣམས་བསྡུས་ཏེ་ནག་པོ་ཕྱག་བཞི་པར་གྱུར་པ་ལ། གནོད་སྦྱིན་ཡང་དག་ཤེས་ཀྱིས་བྷེ་འབྲས། སྲིན་མོ་རལ་པ་འཛིན་པས་བདུད་ཀྱི་ཐོད་པ། བདུད་རལ་གྲི་ཟླ་བས་རལ་གྲི། མཁའ་འགྲོ་མ་ཤིན་ཏུ་དཔའ་མོས་ཁ་ཊཾ་རྣམས་ཕུལ་ཏེ། ཤིང་ཡོངས་འདུས་ལྗོན་པ་དང་། རི་བོ་གནམ་ལྕགས་མ་ལ་ཡ། འོག་མིན་འཐུག་པོ་བཀོད་ཀྱི་རྣམ་པར་སྣང་མཛད་དུར་ཁྲོད་རྣམས་སུ་བཞུགས་སོ། །དེ་ནས་ཡང་བྱ་རོག་ཏུ་སྤྲུལ་ནས་སེང་ག་ལའི་གླིང་དུ་གཤོག་པ་བརྡབས་པས་རྒྱ་མཚོ་དཀྲུགས་ཤིང་ཁ་ནས་མེ་དཔུང་འཕྲོས་པས་སྲིན་མོའི་ཚོགས་རྣམས་ཐམས་ཅད་རྩད་ནས་བརླགས་ཤིང་བཏུལ་ལོ། །སྲིན་པོའི་ཡུལ་དུ་ལངྐའི་བདག་པོ་བཏུལ་ནས། འཁོར་ཤ་ཟ་འབུམ་ཕྲག་ཡོད་པ་བྲན་དུ་བཀོལ་ལོ། །བྱ་རོག་དེ་གཤིན་རྗེའི་ཡུལ་དུ་སོང་ནས་གཤིན་རྗེའི་བེ་བྷ་སྭ་ཏ་བཏུལ་ནས་སྲོག་སྙིང་ཕུལ། འཁོར་མ་མོ་བྱེ་བ་ཡོད་པ་བྲན་དུ་ཕུལ་ལོ། །དེ་ནས་སངས་རྒྱས་འོད་སྲུང་གི་བསྟན་པའི་ཐ་མ་ལ། བྱང་ཆུབ་སེམས་དཔའ་ཟླ་བའི་སྙིང་པོ་འཁོར་བྱེ་བ་ཁྲག་ཁྲིག་


CMR027_Page_0264
[མ་དཔེ་གཟིགས་ན་འདིར་གནོན།]

ལ་ཆོས་སྟོན་པའི་ཚེ། བདུད་དང་མུ་སྟེགས་ཀྱི་དམག་དཔུང་ཆེན་པོས་བསྐོར་བ། བྱ་རོག་ཆེན་པོ་དེས་ལྷ་དམག་དུང་ཕྱུར་ཕྲག་བརྒྱད་གཤོག་པ་གཉིས་ཀྱིས་བཏེགས་ནས་འོང་སྟེ་བདུད་ཀྱི་རྒྱལ་པོ་ཁ་ཏྲ་པ་ལ་བསྒྲལ། དེའི་ཡན་ལག་བརྒྱད་གཏོར་བའི་དངོས་གྲུབ་བརྒྱད་བྱུང་། །ལུས་ཀྱི་དུམ་བུ་གཏོར་བའི་གནས་སུམ་ཅུ་རྩ་གཉིས་བྱུང་། དེའི་ཤ་ཁྲག་དོན་སྙིང་ལ་རིན་པོ་ཆེ་སྣ་ཚོགས་ཀྱང་འབྱུང་ཞིང་། བདུད་ཀྱི་དཔུང་ཆེན་པོ་དེ་བཅོམ་མོ། །དེ་ནས་འོད་སྲུང་གི་བསྟན་པ་ནུབ་ནས་ཡུན་རིང་ཞིག་ན་བཅོམ་ལྡན་འདས་ཤཱཀྱ་ཐུབ་པ་འབྱོན་པར་ཉེ་བ་ན། བདུད་ནག་ཕྱོགས་ཀྱི་ལྷ་སྲིན་མ་དགའ་ནས་ནད་རིགས་དང་། གདོན་རིགས་དུ་མ་རླུང་ལྟར་འཚུབ། དེར་མགོན་པོ་འདིས་སྐུ་ནམ་མཁའ་དང་བར་སྣང་བཀང་སྟེ་དྲག་སྔགས་ཀྱིས་ང་རོ་བསྒྲོགས་པས་བདུད་དང་ལྷ་སྲིན་ཐམས་ཅད་བརྒྱལ་ཏེ། བརྒྱལ་སངས་ནས་སྲོག་སྙིང་ཕུལ་བསྟན་ལ་མི་གནོད་ཅིང་ཆོས་སྐྱོང་བར་ཁས་བླངས་སོ། །དེའི་ཚེ་སྐུའི་ལས་མཁན་དུ་བྱ་རོག་དངོས། གསུང་གི་ལས་མཁན་ལྷ་མོ་འབར་མ། ཐུགས་ཀྱི་ལས་མཁན་རཱ་ཧུ་ལ། བཀའ་སྡོད་ཀྱི་ལས་མཁན་དུ་སེང་གདོང་རྣམས་བསྐོས་ནས།


CMR027_Page_0265
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་དབྱིངས་སུ་ཐིམ། དེ་ནས་རྒྱུད་གསུང་ཚུལ་ནི། ཕྱི་ལྟར་སྤྲུལ་སྐུ་ཤཱཀྱ་ཐུབ་པས་འབྲས་སྤུང་གི་མཆོད་རྟེན་སོགས་སུ་གསུངས་པ་དང་། ནང་ལྟར་ཤྲཱི་ཧེ་རུ་ཀ་དང་། ཕྱག་ན་རྡོ་རྗེས་གསུངས་པ་དང་། གསང་བ་ལྟར་ན་མགོན་པོ་ཉིད་ཀྱིས་གསུངས་པ་མཐའ་ཡས་པ་ཡོད་དོ། །ནུབ་ཕྱོགས་ཨོ་རྒྱན་དང་ལྕང་ལོ་ཅན་དང་རང་བྱུང་གི་མཆོད་རྟེན་བརྒྱད་སོགས་སུ་གཏེར་དུ་སྦས་སོ། །དེ་ནས་འཕགས་པ་ཀླུ་སྒྲུབ་ཀྱིས་ཆོས་བཟང་སྤྲིན་གྱི་ཡང་རྫོང་ནས་བཏོན་པ་དང་། སློབ་དཔོན་པདྨར་མ་མགོན་ཉིད་ཀྱིས་གནང་བ་དཔལ་སྒ་ལོས་བསིལ་བ་ཚལ་ནས་རྒྱུད་དྲུག་བཏོན་པ་ལ་སོགས་རྒྱུད་ཆེན་ཉི་ཤུ་རྩ་ལྔར་གྲགས་ཀྱང་དེ་ལས་ཆེས་མང་བ་ད་ལྟ་བོད་ན་ཡང་འགྱུར་ནི་མི་སྣང་བས། རྒྱ་གར་སོགས་སུ་ནི་དཔག་ཏུ་མེད་པ་ཡོད་པར་སྣང་ལ། མན་ངག་ནི་ཀླུ་སྒྲུབ་དང་སློབ་དཔོན་པདྨ་དཔལ་ཆེན་སྒ་ལོ་སོགས་ལ་མགོན་པོ་ཉིད་ཀྱིས་གནང་བས་གདམས་པ་དང་སྙན་བརྒྱུད་ཀྱང་གྲངས་ལས་འདས་པ་ཡོད་དོ། །དེའང་རྗེ་བཙུན་ས་པཎ་གྱིས་ཞིང་སྐྱོང་ལག་པ་བཞི་པ་ཞེས་གསུངས་ཟེར་བའི་ངག་རྒྱུན་འདུག་པ་ཡང་བསྟོད་པ་ཡིན་ཏེ། ཡེ་ཤེས་པ་ཡིན་པ་ཙམ་ནི་


CMR027_Page_0266
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་སྲིན་སྡེ་བརྒྱད་མཐོ་མཐོ་ཐམས་ཅད་ཡིན། མགོན་པོ་ཡིན་པ་ཙམ་གྱིས་ནི་བདུད་རིགས་སངས་རྒྱས་ཀྱི་བསྟན་པ་སྲུང་ཚད་ཡིན་ཏེ། སངས་རྒྱས་ཀྱི་ཞིང་ཐམས་ཅད་སྐྱོང་ནུས་པ་ནི་ཉུང་། སྐྱོང་བ་ལས་ནི་དགོ་པའི་ཞིང་ཁམས་སུ་འགྲོ་བ་ཡང་མི་ནུས་སོ། །དེ་ལ་འོག་མིན་འཐུག་པོ་བཀོད་རྣམ་པར་སྣང་མཛད་ཀྱི་ཞིང་ཁམས། ས་བཅུའི་བྱང་ཆུབ་སེམས་དཔའ་ཐམས་ཅད་བཞུགས་ཤིང་། ས་བརྒྱད་མ་ཐོབ་པར་དེ་ན་བརྗོད་པར་ཡང་མི་ནུས་པ་དེར། རང་བྱུང་གི་དུར་ཁྲོད་འཇིགས་སུ་རུང་བ་མགོན་པོ་འདི་དུས་རྟག་ཏུ་བཞུགས་ཤིང་། བདེ་བ་ཅན་དང་། མངོན་དགའ་ལ་སོགས་པ་དག་པའི་ཞིང་ཁམས་ཐམས་ཅད་སྐྱོངས་ཤིང་། རི་རབ་བྱེ་བ་ཕྲག་བརྒྱའི་རྩེར་དཔག་བསམ་གྱི་ཤིང་བྱེ་བ་ཕྲག་བརྒྱ་དང་སྲིན་ཡུལ་རི་མ་ལ་ཡ་བྱེ་བ་ཕྲག་བརྒྱ་དང་། བསིལ་བའི་ཚལ་བྱེ་བ་ཕྲག་བརྒྱར་སྤྲུལ་པ་རེ་རེ་གནས་ནས་བསྐལ་པ་འདི་མ་རྫོགས་བར་དུ་བཞུགས་ཏེ་ཤཱཀྱ་ཐུབ་པ་སོགས་སངས་རྒྱས་སྟོང་བྱེ་བ་ཕྲག་བརྒྱའི་བསྟན་པ་བསྲུངས་ནས། མ་འོངས་པ་ན་ནུབ་ཕྱོགས་ཀྱི་འཇིག་རྟེན་མེ་རླུང་སྦྱོར་བ་ཞེས་བྱ་བ་ན་སངས་རྒྱས་དབང་པོའི་སྐུ་མཆོག་ཅེས་བྱ་བར་སངས་རྒྱས་པར་གསུངས་སོ།


CMR027_Page_0267
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་འབྱུང་རྒྱུད་ལས། བསྐལ་པ་བཟང་པོ་འདི་ལ་ནི། །བྱུང་བའི་མགོན་པོ་མ་ལུས་པ། །ཀུན་གྱི་སྙིང་པོར་གྱུར་པ་ནི། །གསང་བ་ཞིང་སྐྱོང་མགོན་པོ་ཆེ། །སངས་རྒྱས་ཀུན་གྱི་མགོན་པོ་འདིས། །བསྟན་པ་སྲུང་བར་མཛད་པ་ཡིན། །ཞེས་གསུངས་པ་དང་། རྒྱུད་སྲོག་གཟན་ནག་པོ་ལ་སོགས་ལས། སེམས་ཅན་ཀུན་གྱི་མགོན་ཡིན་ཕྱིར། །ཡེ་ཤེས་མགོན་པོ་ཞེས་བྱའོ། །ཞེས་དང་། མ་འོངས་དུས་མཐའི་བསྐལ་པ་ལས། །ནུབ་ཀྱི་ཕྱོགས་ཀྱི་འཇིག་རྟེན་ཁམས། །མེ་རླུང་སྦྱོར་ཞེས་བྱ་བའི་གླིང་། །སངས་རྒྱས་དབང་པོ་སྐུ་མཆོག་ཅེས། །བསྟན་པ་མི་ནུབ་རྒྱས་པར་བྱེད། །ཅེས་གསུངས་སོ། །དེ་ལ་ཀླུ་སྒྲུབ་ཡབ་སྲས་རྡོ་རྗེ་གདན་པ་ཆེ་ཆུང་སོགས་ཀྱི་ཐུགས་དམ་གྱི་གཙོ་བོ་ཡིན་ལ། ཁྱད་པར་མུ་སྟེགས་ཀྱི་པཎྜི་ཏ་མ་ཁོལ་ཞེས་ཀྱང་བྱ་རྟ་དབྱངས་རྟ་སྐད་དང་། ཕ་ཁོལ་དང་། མ་ཏི་ཙི་ཏྲ་སོགས་མཚན་དུ་མ་དང་ལྡན་ཞིང་། མཁས་ཤིང་དབང་ཕྱུག་ཆེན་པོ་དངོས་སུ་གྲུབ་ནས། མངལ་སྐྱེས་གང་གིས་མི་ཐུབ་པའི་དངོས་གྲུབ་བྱིན་པ་དེས། རིག་པ་དང་ནུས་མཐུའི་སྟོབས་ཀྱིས་ནང་པའི་པཎ་གྲུབ་དགེ་འདུན་དང་བཅས་པ་ཕྱི་


CMR027_Page_0268
[མ་དཔེ་གཟིགས་ན་འདིར་གནོན།]

པར་བསྒྱུར་ཏེ་སུས་ཀྱང་མ་ཐུལ་བའི་ཚེ། སློབ་དཔོན་ཀླུ་སྒྲུབ་ཀྱིས་ཆོས་སྐྱོང་འདི་ལ་གསོལ་བ་བཏབ་པས་མགོན་པོའི་སྤྲུལ་པ་ཨརྱ་དེ་ཝ་བརྫུས་སྐྱེས་སུ་འཁྲུངས་ནས་མ་ཁོལ་ནང་པར་བཙུད་པས། སློབ་དཔོན་དཔའ་བོ་ཞེས་སམ་བྷ་བའི་ལྷ་ཞེས་ནང་པའི་པཎ་གྲུབ་ཆེན་པོར་གྱུར་ནས། བསྟན་པ་སྔར་ལས་ལྷག་པར་རྒྱས།་མུ་སྟེགས་ལ་ཁོང་བས་ལྷག་མེད་པས་ནང་པའི་ཆེ་བ་ཐོན་ཏེ་རྡོ་རྗེ་གདན་དང་ནཱ་ལེན་དང་བི་ཀ་མ་ལ་ཤི་སོགས་སུ་པཎྜི་ཏ་འབུམ་ཕྲག་གསུམ་རེ་དང་། འབྲིང་ཡང་ཁྲི་སྟོང་རེ་དང་བདུན་བརྒྱ་ཙམ་ལས་མི་ཉུང་སྐབས་ལའང་འཚོགས་པ་ཐམས་ཅད་ཀྱི་སྤྱིའི་ཆོས་སྐྱོང་མགོན་པོ་ཆེན་པོ། གཙུག་ལག་ཁང་དང་བྱང་ཆུབ་ཀྱི་ཤིང་དང་བཅས་པའི་སྲུང་མ་ནི་མགོན་པོ་འདི་ཁོ་ན་ཡིན་གྱི། གཞན་རྣམས་པཎ་གྲུབ་སོ་སོའི་ཐུགས་དམ་ཡན་འགར་བ་ཙམ་ཡིན་ནོ། །དེ་ལ་བོད་དུ་ཨོ་རྒྱན་ཆེན་པོས་སྦས་པའི་གཏེར་ཁ་གསར་རྙིང་བརྒྱུད་པ་ནི་ཐོ་རེ་བ་རྟགས་ཐོན་པ་དེང་སང་བར་ཡོད་ཀྱི། གཞན་གསར་མའི་ལོ་ཙཱ་བརྒྱ་ཙམ་གྱིས་མགོན་པོ་འདིའི་རྒྱུད་གཞུང་བོད་དུ་བསྒྱུར་བར་སྣང་ཡང་ལུང་རྒྱུན་ཙམ་དང་མན་ངག་འགའ་རེ་ཙམ་ལས་བྱིན་རླབས་ཀྱི་བཀའ་


CMR027_Page_0269
[མ་དཔེ་གཟིགས་ན་འདིར་གནོན།]

བབས་བརྒྱུད་པར་གཞན་ཆེར་མ་འཕེལ། དེའི་ནང་ནས་དཔལ་མགོན་ཉིད་ཀྱི་སྤྲུལ་པ་སྒ་ལོ་ཆེ་བ་རྡོ་རྗེ་གཞོན་ནུའི་དཔལ་ཞེས་པ་དེ། རྒྱ་གར་དུ་བྱོན་ནས་རྡོ་རྗེ་གདན་པ་ཆེ་ཆུང་ལ་ཞུས་ཏེ། རྡོ་རྗེ་གདན་དུ་ལོ་དྲུག །བི་ཀ་མར་ལོ་དྲུག །བསིལ་བ་ཚལ་དུ་ཟླ་བ་བདུན་བསྒྲུབས་པས། མགོན་པོ་ཞལ་གཟིགས་པས་མགོན་པོ་དམ་ལ་ཐོགས། རྒྱུད་དྲུག་གཏེར་ནས་བཏོན་པས་རྒྱ་གར་པ་རྣམས་ཀྱིས་འདི་འཁོར་ལོ་སྡོམ་པ་དངོས་ཡིན་ཟེར་ནས་སྐུ་ཁྲུས་ཀྱི་ཆུ་རྒྱལ་པོ་རྣམས་ཀྱིས་འཐུང་ཞིང་། ཞབས་རྡུལ་སྤྱི་བོས་ལེན་པར་བྱེད། བོད་དུ་སོང་ནས་རྒྱ་གར་དུ་མ་གནས་ཞེས་དགེ་སློང་ལ་སྟོད་དུ་ཇག་པ་མི་བདུན་གྱིས་བཅོམ་པར་ཚད་པ་ན། བདུན་པོ་སྐད་ཅིག་གིས་བྱ་རོག་གདོང་གིས་དངོས་སུ་ལྷཁྱེར་ནས་མི་སྣང་བར་སོང་། བོད་དུ་ཁམས་པ་མི་གསུམ་ཁམས་པ་ཨ་སེང་སོགས་སློབ་མ་བརྒྱད་ལ་རྒྱུད་སྒྲུབ་ཐབས་མི་འདྲ་བ་རེ་རེ་གནང་ནས་དངོས་གྲུབ་མི་འདྲ་བ་རེ་སོ་སོར་ཐོབ། ཁྱད་པར་དུ་དུས་མཁྱེན་གྱིས་དབང་ཞུ་དུས་དཔལ་སྒྲ་ལོ་ནི་བདེ་མཆོག་དངོས་སུ་གྱུར་པ་ལ་དཔའ་བོ་དཔའ་མོ་བསམ་གྱིས་མི་ཁྱབ་པས་བསྐོར་ནས་དབང་བསྐུར། ཆོས་སྐྱོང་


CMR027_Page_0270
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་དང་བཅས་པས་བར་ཆད་སེལ་བའི་གཟིགས་སྣང་བྱུང་བས། དད་པ་ལྷག་པར་སྐྱེས་ནས་གོས་ཡུག་གཅིག་དང་གསེར་ཞོ་ཕྱེད་དོ་ཡོད་པའང་ཕྱག་ཏུ་ཕུལ། རྗེ་དུས་མཁྱེན་གྱི་ཐུགས་དམ་ནི་འདི་ཡིན་པས། ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཀྱི་བཀའ་སྲུང་དུའང་བསྐོས་པར་མཛད་དོ། །གཞན་ཡང་རྗེ་ཕག་གྲུ། གླིང་རས་སོགས་འབྲུག་པ། ཐང་པ་སོགས་སྟག་ལུང་པ། སྐྱོབ་པ་སོགས་འབྲི་གུང་པ། ཞང་སོགས་ཚལ་པ། འབའ་རོམ་པ་སོགས་བོད་ཀྱི་སྐྱེས་ཆེན་དམ་པ་ཕལ་ཆེ་བས་ཐུགས་དམ་གྱི་གཙོ་བོ་ཡིན་པས་བསྟན་པ་ཉི་ཟླ་ཤར་བ་ལྟར་གྱུར་ཞིང་། གང་གིས་སྒྲུབ་ཅིང་བརྟེན་པ་ཐམས་ཅད་བྱིན་རླབས་ཆེ་ལ་བཀྲ་ཤིས་ཕུན་སུམ་ཚོགས་པ་ནི་ད་ལྟའི་བར་དུ་རྒྱུན་མ་ཆད་པ་མངོན་སུམ་གྲུབ་བོ། །དེའང་གང་ལས་བརྒྱུད་པའི་རིམ་པ་ནི། དུས་མཁྱེན་ནས་ཀཾ་ཚང་ལ་བརྒྱུད་པ་དང་། རྒྱ་རས་ནས་འབྲུག་པ་ལ་བརྒྱུད་པ་དང་། ཐང་པ་སྐྱོབ་པ་སོགས་ནས་འབྲི་སྟག་ལ་བརྒྱུད་པ་དང་། རྨ་སེ་ནས་ཟུར་མང་ལ་བརྒྱུད་པ་དང་། དཔལ་ཆེན་སྒ་ལོའི་སྐྱེ་བ་ངོམ་པ་མཁའ་སྤྱོད་པ་ནས་བརྒྱུད་པ་སོགས་བརྒྱུད་པ་དྲུག་བདུན་ཙམ་ནས་དབང་ལུང་གདམས་པ་ཅི་


CMR027_Page_0271
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་པ་ཐོབ་པའི་བརྒྱུད་པ་དེ་རྣམས་གང་རུང་ལ་འཇུག་ཆོག་ཀྱང་། ད་ལམ་གཏོར་དབང་འདི་ཉིད་དངོས་ནི་རི་པ་བཀྲ་ཤིས་དཔལ་འབྱོར་ནས་བརྒྱུད་པ་ཡིན་ནོ། །དེའང་འདིའི་དབང་ཐོབ་ཅིང་ཆོས་སྐྱོང་དུ་བརྟེན་པ་དང་། བསྙེན་པ་སོགས་ཅི་འགྲུབ་བྱས་པའི་ཕན་ཡོན་ནི། ཁྲག་མཚོ་ཁོལ་མ་སྙིང་འབྱིན་རྒྱུད་ལས། །ལུས་ངག་ཡིད་གསུམ་སྨིན་པའི་དབང་། །ཧེ་རུ་ཀ་དཔལ་དོན་རྟོགས་ནས། །རྒྱུད་གསུམ་སྨིན་པའི་འབྲས་བུ་དེ། །སྐུ་གསུམ་འབྲས་བུ་སྨིན་པར་འགྱུར། །བཅུ་གསུམ་གནས་པའི་རྡོ་རྗེ་འཛིན། །ནག་པོ་ཆེ་ལ་འབྲས་དམིགས་ན། །དེ་ཉིད་ཀྱི་ནི་རིགས་སུ་འགྱུར། །ལུས་ངག་དབང་ཐོབ་དམ་ཚིག་དག །རིལ་བུ་མིག་སྨན་རྐང་མགྱོགས་དང་། །གནོད་སྤྱི་བུམ་པ་མཆིལ་ལྷམ་དང་། །རལ་གྲི་བཅུད་ལེན་ཚེ་རིང་ཐོབ། །བསད་དང་བཅིང་དང་རེངས་བ་དང་། །འགུགས་དང་མྱོས་དང་བསྐད་དང་དབྱེ། །མི་སྣང་བ་སོགས་ལས་ཆེན་བརྒྱད། །ཡེ་ཤེས་འཇིག་རྟེན་མགོན་པོས་སྟེར། །ལྷ་ཀླུ་གནོད་སྦྱིན་མཁའ་འགྲོ་མ། བདུད་དང་གཤིན་རྗེ་སྲིན་པོ་རྣམས། །ལས་བྱེད་བྲན་བཞིན་བཀའ་ལ་ཉན། །ཞེས་


CMR027_Page_0272
[མ་དཔེ་གཟིགས་ན་འདིར་གནོན།]

དང་། ཡང་ཏི་བསྐོལ་བའི་རྒྱུད་ལས། འདི་ཤེས་སྔགས་པས་འདི་བྱས་ན། །སྲུང་བ་ཚེ་ཟད་ལུས་ཀྱང་ཐུབ། །བཟློག་ན་གནམ་ལྕགས་ཐོག་ཀྱང་ཟློག །གསོད་ན་བསྐལ་པའི་མེ་ཡང་འཆི། །ཞེས་དང་། རྩ་རྒྱུད་ཐུགས་རྗེ་འབྱུང་བ་ལས། གནས་སྐབས་མཐར་ཐུག་འབྲས་བུ་བཤད། །ཞི་དང་རྒྱས་དང་དབང་གི་ལས། །ཚེ་དང་དཔལ་དང་གྲགས་དང་གཟི་བརྗིད་དང་། །མཐུ་སྟོབས་འབྱོར་པ་དང་ལྡན་བསྲུང་བ་དང་། །ས་སྟེང་དང་ནི་མཐོ་རིས་གནས་སུ་ནི། །དེས་ནི་བགེགས་ཀྱི་ཚོགས་ནི་སྲུང་བར་བྱེད། །རྐང་མགྱོགས་རིལ་བུ་རལ་གྲི་བུམ་པ་བཟང་། །གནོད་སྦྱིན་མཆིལ་ལྷམ་མཁའ་ལ་སྤྱོད་པར་གྱུར། །དག་པའི་ལམ་ནས་ས་བཅུའི་དབང་ཕྱུག་ཡིན། །སྤྲུལ་དང་དོན་སྤྱོད་ཟག་པ་མེད་འབྲས་ཐོབ། །དགའ་བའི་ཤུགས་ཅན་མགོན་པོ་དེ་ཡ་ཞིང་། །སྐྱེ་ཞིང་མགོན་པོ་དེ་དང་མཚུངས་པར་འགྱུར། །ཞེས་དང་། དངོས་གྲུབ་འབྱུང་རྒྱུད་ལས། ཕྱོགས་དང་དུས་ཐམས་ཅད་དུ་ཡེ་ཤེས་ཀྱི་ནག་པོ་ཆེན་པོས་རྗེས་སུ་སྐྱོང་བ་དང་། རྒྱང་རིང་པོ་ནས་ཀྱང་ངེས་པར་གཟིགས་པར་མཛོད། འཇིགས་པ་ཐམས་ཅད་ལས་རབ་ཏུ་སྒྲོལ་བར་འགྱུར་


CMR027_Page_0273
[མ་དཔེ་གཟིགས་ན་འདིར་གནོན།]

རོ། །སྟོབས་དང་ཚེ་དང་དཔལ་རབ་ཏུ་སྟེར་ཞིང་མི་ཟད་པའི་ཡེ་ཤེས་ཐོབ་པར་བྱེད་དོ། །ཞེས་དང་། སྔགས་བཟླས་པའི་ཕན་ཡོན་ནི། བྱ་རོག་སྲོག་གཟན་ནག་པོའི་རྒྱུད་ལས། གསང་བའི་ཡང་སྙིང་འདི་དག་ལ། །མོས་ཤིང་དད་པས་བཟླ་བྱེད་པ། །མགོན་པོ་དམ་ཅན་ལོས་ལ་འདུ། །གཞན་ཡང་བཟླས་པའི་ཕན་ཡོན་ནི། །སྲིད་གསུམ་ཟིལ་གྱིས་གནོན་པ་དང་། །མེ་དང་རྒྱལ་པོ་ཆུ་དང་དུག །མ་རུངས་ལྕེ་སྤྱང་ལ་སོགས་པ། །འཇིགས་པ་ཀུན་ལས་ཡོངས་སུ་ཐར། །ནད་དང་སྡུག་བསྔལ་ཞི་བ་དང་། །ཚེ་དང་དབང་ཐང་ལ་སོགས་པ། །ལོངས་སྤྱོད་འཕེལ་ཞིང་དབུལ་བ་སེལ། །དཔག་བསམ་ལྗོན་ཤིང་རྒྱས་པ་སྟེ། །མི་ནུབ་རྒྱལ་མཚན་འཇིག་རྟེན་དུ། །གྲགས་པ་ཆེན་པོ་བླ་མེད་འགྱུར། །ཚོགས་རྫོགས་སྒྲིབ་པ་རྣམ་དག་ཅིང་། །བླ་མེད་བྱང་ཆུབ་ཆེན་པོར་འགྱུར། །དཔེར་ན་ཡིད་བཞིན་ནོར་བུ་འདྲ། །དགོས་འདོད་ཐམས་ཅད་དེ་ལས་འབྱུང་། །ཞེས་གསུངས་སོ། །རྒྱུན་དུ་བརྟེན་ཞིང་གཏོར་བསྔོས་སོགས་བྱ་བའི་ཕན་ཡོན་ནི། བྱ་རོག་ཆེན་པོའི་རྒྱུད་ལས། །གཏོར་མའི་མན་ངག་འདི་བཞིན་དུ། །ཤེས་པར་


CMR027_Page_0274
[མ་དཔེ་གཟིགས་ན་འདིར་གནོན།]

བྱ་ལ་འབུལ་བར་བྱ། །སྒྲུབ་པ་པོ་དག་ཚེ་གཅིག་གིས། །ཁྲག་འཐུང་རྒྱལ་པོ་འཐོབ་བྱའི་ཕྱིར། །དེ་ཡིས་ལམ་གྱི་བར་ཆད་སེལ། །ནག་པོ་ཆེན་པོས་བསྟན་པ་བསྲུང་། །ཞེས་དང་། སྤུ་གྲི་ཀླད་གཟེར་རྒྱུད་ལས། གཏོར་མ་འདི་ལ་བརྩོན་བྱས་ན། །བདེ་མཆོག་སྐུ་ཡི་དངོས་གྲུབ་ཐོབ། །ཅེས་གསུངས་ཤིང་བསྐང་གསོ་དང་དགུ་གཏོར་སོགས་བྱས་པའི་ཕན་ཡོན་ནི། བྱ་རོག་བརྩེགས་པའི་རྒྱུད་ལས། མཆོད་དང་གཏོར་མར་གང་བརྩོན་པ། །དེ་ལ་བར་ཆད་མི་འབྱུང་ཞིང་། །ཕྲིན་ལས་རྣམ་བཞི་འགྲུབ་པར་འགྱུར། །ཞེས་གསུངས་ཤིང་། དབང་འདི་ཐོབ་ཕྱིན་དམ་ཚིག་བསྲུངས་ན་ཕན་ཡོན་ནི། བྱ་རོག་བརྩེགས་པའི་རྒྱུད་ལས། དམ་ཚིག་ལྡན་པའི་སྔགས་པ་ནི། །ཡིད་ལ་འདོད་པ་ཀུན་རྫོགས་ཤིང་། །གྲགས་པས་ས་སྟེང་ཁྱབ་པ་དང་། །སྟོབས་ཆེན་བདུད་རིགས་སྟོང་ཕྲག་ཀྱང་། །དེ་ཡི་བཀའ་བཞིན་ལས་རྣམས་བྱེད། །རྣམ་ཐོས་ལ་སོགས་གནོད་སྦྱིན་སྟོང་། །ལོངས་སྤྱོད་ནོར་གྱི་ཆར་པ་འབེབས། །དངོས་གྲུབ་ཐམས་ཅད་སྟེར་བར་འགྱུར། །ཞེས་གསུངས་སོ། །དེའང་དུས་སྙིགས་མ་ལྔའི་དུས་སུ་མཁའ་འགྲོ་ཆོས་སྐྱོང་ཕལ་


CMR027_Page_0275
[མ་དཔེ་གཟིགས་ན་འདིར་གནོན།]

ཆེར་རི་རབ་ལ་ཞལ་གཟིགས་པས་བྱིན་རླབས་དངོས་གྲུབ་རྒྱང་རིང་ནའང་མགོན་པོ་འདི་ནི་བྱིན་རླབས་དངོས་གྲུབ་ཁྱད་པར་དུ་མྱུར་ཏེ། གྲི་གུག་བརྩེགས་པའི་རྒྱུད་ལས་དེ་ནས་དཔལ་ལྡན་ནག་པོ་ཆེ། །ཕྱག་བཞི་པ་ཡིས་ལྷར་གསོལ་བ། །ལྔ་བརྒྱ་དུས་ཀྱི་སྙིགས་མ་ལ། །ཟས་ངན་ལྕི་བ་ཟ་བའི་དུས། །གོས་ངན་རེ་བ་གྱོན་པའི་དུས། །མཚོན་ལ་རྒྱན་དུ་འདོགས་པའི་དུས། །མུ་སྟེགས་ལོག་ལྟ་དར་བའི་དུས། །རབ་བྱུང་སྡེ་འཁྲུག་དར་བའི་དུས། །སྔགས་པ་ནང་དམེ་དར་བའི་དུས། །དེ་ཚེ་ང་ཡི་བསྟན་པ་འབྱུང་། །ཞེས་གསུངས་སོ། །འདི་ནི་སངས་རྒྱས་མ་ཐོབ་བར་དུ་སྲུང་ཞིང་ལམ་སྣ་འདྲེན་ཏེ། གྲི་གུག་བརྩེགས་པའི་རྒྱུད་དེ་ཉིད་ལས། བྱིན་རླབས་རྩལ་འབྱུང་བར་ཆད་མེད། །བྱང་ཆུབ་སེམས་ནི་འགྲོ་དོན་བྱེད། །ས་ལམ་ཡོན་ཏན་ངེས་པར་འཆར། །བར་མ་དོར་ནི་འཇུག་ཚེ་ཡང་། །བར་ཆད་སེལ་ཞིང་ལམ་སྣ་འདྲེན། །ཞིང་ཁམས་དག་པར་སྐྱེལ་བར་བྱེད། །དེ་ཕྱིར་ཆོས་སྐྱོང་ཆེན་པོ་ཡིན། །ལྷ་སྟོང་དབང་བསྐུར་འགྲོ་དོན་འབྱུང་། །གྲུབ་པ་བརྒྱད་སོགས་ལས་ཚོགས་འགྲུབ། །ཅེས་གསུངས་སོ། །ཆོས་


CMR027_Page_0276
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་གཞན་ཕལ་ཆེར་ནི་ཆོས་རེ་རེའི་ཆོས་སྲུང་དང་། གྲུབ་མཐའ་སོ་སོ་དང་། གྲུབ་ཐོབ་རེ་རེའི་རིགས་རྒྱུད་ཆོས་རྒྱུད་སྐྱོང་བར་ཞལ་གྱིས་བཞེས་པ་ཡིན་ལ། འདི་ནི་སྤྱིའི་སྲུང་མ་ཆེན་པོ་སྟེ། རྒྱུད་ལས། བདེ་གཤེགས་ཐུགས་རྗེས་སྐུ་སྤྲུལ་པ། །སེམས་ཅན་ཀུན་ལ་མགོན་སྐྱབས་མཛད། །ཅེས་གསུངས་པས། ཀུན་ལ་ཐུགས་རྗེས་གཟིགས་པ་དང་། །སེར་ཆགས་ཡོངས་ཀྱི་དགྲ་བླ། ཏདྱ་ཐཱ། བཟློག་ཅེས་པ་ཡན་ཆད་ཀྱི་གྲོགས་བྱེད་པར་བཤད་པས་སེར་མོ་བ་དང་སྔགས་པ་ཐམས་ཅད་ལ་སྐྱོབ་པར་བྱེད་པས། སེམས་ཅན་ཐམས་ཅད་ཀྱི་མགོན་ཆེན་པོ་ཡིན་ནོ། །དེ་ལྟ་བུའི་དབང་ཟབ་ཅིང་གཉན་པ་ཞུ་བའི་ཕྱིར་མཎྜལ་ཕུལ། ས་གཞི་སྤོས་ཆུས་སོགས། ད་བླ་མ་བཅོམ་ལྡན་འདས་འཁོར་ལོ་སྡོམ་པར་གསལ་བའི་དྲུང་དུ་གསོལ་བ་འདེབས་པའི་རྗེས་ཟློས་མཛོད། དུས་གསུམ་སངས་རྒྱས་ཐམས་ཅད་དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ཡེ་ཤེས་མགོན་པོ་ཡི། །རྗེས་གནང་བསྩལ་བར་མཛད་དུ་གསོལ། །དགའ་ཆེན་ཁྱོད་བདག་སྟོན་པ་སྟེ། །བྱང་ཆུབ་ཆེན་པོའི་ཚུལ་བསྟན་པ། །མགོན་པོ་


CMR027_Page_0277
[མ་དཔེ་གཟིགས་ན་འདིར་གནོན།]

ཆེན་པོར་བདག་འཚལ་ལོ། །དམ་ཚིག་དེ་ཉིད་བདག་ལ་སྩོལ། །བྱང་ཆུབ་སེམས་ཀྱང་བདག་ལ་སྩོལ། །སངས་རྒྱས་ཆོས་དང་དགེ་འདུན་ཏེ། །སྐྱབས་གསུམ་དག་ཀྱང་བདག་ལ་སྩོལ། །ཐར་པ་ཆེན་པོའི་གྲོང་མཆོག་ཏུ། །མགོན་པོའི་བདག་ནི་གཞུག་ཏུ་གསོལ། །ད་བླ་མ་དང་བདེ་མཆོག་ལ་སོགས་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་བ་དང་ཚེ་གཅིག་ལ་རྡོ་རྗེ་འཆང་གི་གོ་འཕང་སྒྲུབ་སྙམ་པས་རྗེས་ཟློས་མཛོད། །དཀོན་མཆོག་གསུམ་ལ་བདག་སྐྱབས་མཆི། །སྡིག་པ་མི་དགེ་སོ་སོར་བཤགས། །འགྲོ་བའི་དགེ་ལ་རྗེས་ཡི་རང་། །སངས་རྒྱས་བྱང་ཆུབ་ཡིད་ཀྱིས་བཟུང་། །སངས་རྒྱས་ཆོས་དང་ཚོགས་མཆོད་ལ། །བྱང་ཆུབ་བར་དུ་སྐྱབས་སུ་མཆི། །རང་གཞན་དོན་གཉིས་རབ་བསྒྲུབ་ཕྱིར། །བྱང་ཆུབ་སེམས་ནི་བསྐྱེད་པར་བགྱི། །བྱང་ཆུབ་མཆོག་གི་སེམས་ནི་བསྐྱེད་བགྱིས་ནས། །སེམས་ཅན་ཐམས་ཅད་བདག་གིས་མགྲོན་དུ་གཉེར། །བྱང་ཆུབ་སྤྱོད་མཆོག་ཡིད་འོང་སྤྱད་པར་བགྱི། །འགྲོ་ལ་ཕན་ཕྱིར་སངས་རྒྱས་འགྲུབ་པར་ཤོག །ལན་གསུམ་གྲུབ་ན་ལེགས། མ་གྲུབ་ན་ཚིག་རྗེས་མ་ལན་གསུམ་བྱའོ། །དེ་ནས་དབང་ཞུ་བའི་


CMR027_Page_0278
[མ་དཔེ་གཟིགས་ན་འདིར་གནོན།]

ཡུལ་གསལ་གདབ་པ་ནི། མདུན་གྱི་མཎྜལ་དང་གཏོར་མ་མི་དམིགས་པ་སྐད་ཅིག་གིས་དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་འཇིགས་ཤིང་སྐྱི་གཡའ་བའི་དབུས། གྲུ་གསུམ་མཐིང་ནག་པད་ཉི་རོ་ཡི་གདན་ལ།་དམ་ཚིག་པ་དང་ཡེ་ཤེས་པ་དབྱེར་མེད་པའི་རང་བཞིན་ཅན་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་ཆར་སྤྲིན་ལྟར་གནག་པ། ཞལ་གཅིག་ཕྱག་བཞི་པ་དམར་ལ་ཟླུམ་པའི་སྤྱན་གསུམ་བསྒྲད་ཅིང་ཟླ་ཚེས་ལྟ་བུའི་མཆེ་བ་བཞི་རྣམ་པར་གཙིགས་ནས་ལྗགས་འདྲིལ་བ། སྨ་ར་དང་སྨིན་མ་དམར་སེར་མེ་ལྟར་འབར་ཞིང་སྦྲུལ་དཀར་པོས་དབུ་སྐྲ་བཅིངས་པ། ཐོད་སྐམ་ལྔ་དང་རིན་པོ་ཆེའི་རྩེ་བྲན་དང་བདེ་མཆོག་ལྷན་སྐྱེས་ཡབ་ཡུམ་གྱིས་བརྒྱན་པ། ཕྱག་གཡས་བྷེ་འབྲས་དང་གཡོན་ཁྲག་གི་ཐོད་པ་སྟེང་འོག་ཏུ་འཛིན་ཞིང་། གཡས་འོག་མས་རལ་གྲི་དང་གཡོན་འོག་མས་ཁ་ཊཾ་བསྣམས་ནས། ཞབས་གཉིས་དཔའ་བོ་རོལ་པའི་སྟབས་ཀྱིས་འགྱིངས་བག་ཏུ་བཞུགས་པ། སྟག་ལྤགས་ཀྱི་ཤམ་ཐབས་ལ་སོགས་པ་དུར་ཁྲོད་ཀྱི་ཆས་བརྒྱད་དཔལ་གྱི་ཆས་བཅུས་བརྒྱན་ཞིང་ཡེ་ཤེས་ཀྱི་མེ་དཔུང་འབར་བའོ། །དེའི་གཡས་སུ་ལས་མགོན་བྱ་རོག་གདོང་ཅན་གཡོན་དུ་ཡུམ་ཙཎྚི་


CMR027_Page_0279
[མ་དཔེ་གཟིགས་ན་འདིར་གནོན།]

ཀ །རྒྱབ་ཏུ་ཡབ་ལེགས་ལྡན་ནག་པོ། མདུན་དུ་བཀའ་སྡོད་སེང་གེའི་གདོང་ཅན། ཕྱོགས་མཚམས་སུ་བྱ་རྒོད་གདོང་སོགས་མཁའ་འགྲོ་བརྒྱུད། ཕྱི་རོལ་དུ་ནག་པོ་སྟོང་། ཤ་ཟ་འབུམ། མ་མོ་བྱེ་བ། གནོད་སྦྱིན་ཁྲི་ལ་སོགས་པ་སྤྲིན་ལྟར་འཁྲིགས་ཤིང་རླུང་ལྟར་འཚུབ་པ་མངོན་སུམ་དུ་བཞུགས་པར་བསྒོམ་པ་དང་། བླ་མ་ཡང་དཔལ་ཆེན་ཧེ་རུ་ཀ་དངོས་སུ་གསལ་ཐོབ་ལ་རྗེས་ཟློས་མཛོད། ཨོ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡི། །སྐུ་ཡི་བྱིན་རླབས་བུམ་པའི་དབང་བསྐུར་སྩོལ། །ལུས་ཀྱི་སྒྲིབ་སྦྱང་སྒྱུ་མ་ལྷ་ཡི་སྐུ། །འོད་གསལ་ཟུང་འཇུག་སྤྲུལ་སྐུ་འགྲུབ་མཛད་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས་བླ་མའི་ཐུགས་ཀའི་འོད་ཟེར་གྱིས་མགོན་པོ་བསྐུལ། མགོན་པོའི་སྐུའི་སྐུ་ལས་འོད་ཟེར་ཁ་དོག་སྣ་ཚོགས་བྱུང་ནས་སློབ་མའི་ལུས་ལ་ཐིམ་པས། ནད་གདོན་སྡིག་སྒྲིབ་རྣམ་སྨིན་མ་དག་པའི་ལུས་ཡོངས་སུ་དག་ནས། དག་པ་ཡེ་ཤེས་ཀྱི་ལུས་བཅོམ་ལྡན་འདས་བདེ་མཆོག་ལྷན་སྐྱེས་སྐུ་མདོག་མཐིང་གསལ་ནམ་མཁའ་དྭངས་པ་ལྟ་བུ་ཞལ་གཅིག་སྤྱན་གསུམ་རལ་པའི་ཐོར་ཚུགས་དང་ཐོད་སྐམ་རཏྣའི་ཅོད་པན་ཅན།


CMR027_Page_0280
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱག་ན་རྡོ་རྗེ་དང་དྲིལ་བུ་ཐུགས་ཀར་བསྣོལ་བས་ཡུམ་ཕག་མོ་དམར་མོ་གྲི་གུག་ཐོད་ཁྲག་ཅན་ལ་འཁྱུད་པ་ཞབས་གཡས་བརྐྱང་གཡོན་བསྐུམས་པས་འཇིགས་བྱེད་དུས་མཚན་མནན་ཞིང་དཔལ་ཆེན་པོའི་ཆས་བཅུས་བརྒྱན་ཞིང་གར་གྱི་ཉམས་དགུ་དང་ལྡན་པས། རང་འོད་འཁྲུགས་པའི་ཀློང་ན་འགྱིང་བའི་དཔྲལ་བར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། །ཐུགས་ཀར་ཧཱུྃ་མཐིང་ག །ལྟེ་བར་སྭ་སེར་པོ། གསང་བར་ཧྭ་ལྗང་གུས་མཚན་པར་བསྒོམ། ཁྱེད་རང་དང་སློབ་དཔོན་མདུན་གྱི་མགོན་པོ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས། འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ལྕང་ལོ་ཅན་གྱི་གནས་མཆོག །ནཱ་ལེནྡྲའི་གཙུག་ལག་ཁང་། དུར་ཁྲོད་ཆེན་པོ་བསིལ་བའི་ཚལ་ནས་དཔལ་ལྡན་རྡོ་རྗེ་ནག་པོ་ཆེན་པོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿཛཿ རྔ་རོལ་མོ་མེད་ན་དྲིལ་བུ་ཌཱ་རུ་སྤོས་དུད་བྱ། ཧཱུྃ། ཕུན་ཚོགས་ཡོན་ཏན་མ་ལུས་འབྱུང་བའི་གནས། །འོག་མིན་གནས་དང་ལྕང་ལོ་ཅན་གྱི་ཞིང་། །བསིལ་ཚལ་རྡོ་རྗེ་གདན་དང་ནཱ་ལེནྡྲ། །རྒྱ་མཚོ་ཆེ་འགྲམ་དུར་ཁྲོད་བརྒྱད་དང་ནི། །གནས་ཆེན་ཉི་ཤུ་ཀུན་བཟང་ནགས་ཁྲོད་སོགས། །གར་བཞུགས་དུར་ཁྲོད་


CMR027_Page_0281
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བའི་གཞལ་ཡས་ནས། །ས་གསུམ་དབང་བསྒྱུར་ནག་པོ་ཆེན་པོའི་སྐུ། །བྱ་རོག་མཚན་ཅན་ལེགས་ལྡན་དཔའ་བོ་ཆེ། །ནག་པོ་སྟོང་དང་ཤ་ཟ་འབུམ་གྱི་ཚོགས། །མ་མོ་བྱེ་བ་ཡང་སྤྲུལ་ཕོ་ཉའི་ཚོགས། །སྔོན་ཚེ་རྡོ་རྗེ་འཆང་གི་སྤྱན་སྔ་རུ། །ཐུགས་དམ་ཞལ་བཞེས་དམ་ཚིག་དྲན་དགོངས་ལ། །གནས་འདིར་སྤྱན་འདྲེན་ད་ལྟ་གཤེགས་སུ་གསོལ། །གནས་འདིར་སྤྱན་འདྲེན་ད་ལྟ་གཤེགས་ནས་ཀྱང་། །སྐལ་ལྡན་རིགས་ཀྱི་བུ་རྣམས་ཐམས་ཅད་ལ། །བྱིན་རླབས་དབང་བཞི་དངོས་གྲུབ་བསྩལ་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཡ་ས་པཱ་རི་ཝཱ་ར་ཨེ་ཧྱ་ཧི་ཛཿཧཱུྃ་བཾ་ཧོ༔ སོགས་དང་རོལ་མོ་ཡུན་རིང་བྱ། རོལ་མོ་སྒྱུར། རྡོ་རྗེ་མེ་ཏོག་ཐོགས་ལ། སྐུ་ལ་སྐུ་ཐིམ་སྐུའི་གཟི་བརྗིད་རི་རབ་ཙམ་དུ་ཤགྱུར། གསུང་ལ་གསུང་ཐིམ་གསུང་གི་ནུས་པ་འབྲུག་སྟོང་ལྡིར་འདྲའི་སྒྲ་དང་ལྡན་པར་གྱུར། ཐུགས་ལ་ཐུགས་ཐིམ་པས་ཐུགས་སྐྱེ་མེད་འོད་གསལ་ཆོས་སྐུའི་ངང་ལ་བཞུགས་པར་གྱུར། ཞེས་ཡེ་ཤེས་པ་སློབ་མ་དང་མདུན་གྱི་གཏོར་མ་ཅི་རིགས་སུ་ཐིམ་པར་བསམ་སྟེ་འཁོར་འཇིག་རྟེན་པ་སློབ་མ་ལ་མི་བསྟིམ་མོད། རྡོ་རྗེ་མགོར་བཞག་ལ། ཏིཥྛ་བཛྲ། དེས་དབང་གི་གཞི་བཀོད་པ་ལྷར་


CMR027_Page_0282
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་ཅིང་ཡེ་ཤེས་སེམས་དཔའ་བསྟིམ་པ་དང་དེ་བརྟན་པར་བྱས་པ་ཡིན། ད་གཏོར་མ་མགོན་པོར་གསལ་བའི་དཔྲལ་བའི་ཨོཾ་ལས་འོད་ཟེར་དཀར་པོ་ཕྱོགས་བཅུར་འཕྲོས་པས། དེས་སྐུའི་མགོན་པོ་དཀར་པོ་ཕྱག་བཞི་པ་སྐུ་ཆུང་ལ་ཡན་ལག་དོད་པ་དཔག་ཏུ་མེད་པ་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པར་སྒོམས་ཤིག །གཏོར་མ་ལག་ཏུ་བཟུང་དྲིལ་བུ་དབྱངས་དང་བཅས་པས། ཧཱུྃ། ཕྱོགས་བཅུའི་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་ཡི་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །སྐུ་ཡི་སྤྲུལ་པ་ཉིད་དུ་བྱོན་ནས་ཀྱང་། །སྐུ་ཡི་སྤྲུལ་པ་ཉིད་དུ་བྱིན་གྱིས་རློབས། །ལྷ་དབང་ལུས་ལ་རྫོགས་པར་མཛད་དུ་གསོལ། །ཨོཾ་ཧྲཱིཿཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ། ཞེས་སྤྱི་བོར་བཞག །བཅོམ་ལྡན་དུང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །བཅོམ་ལྡན་སྐུ་ཡི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དབང་བསྐུར་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །ཅེས་མེ་ཏོག་འཐོར། འོ་དེས་ལུས་ཀྱི་སྒྲིབ་པ་དག །སྐུ་བུམ་པའི་དབང་ཐོབ། ལུས་ལ་གནོད་པའི་ནད་གདོན་ཞི། དེང་ཕྱིན་ཆད་ཡེ་ཤེས་


CMR027_Page_0283
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འཁོར་བཅས་བསྒོམ་པར་དབང་། མ་འོངས་པ་ན་ལུས་སྤྲུལ་སྐུ་ཐོབ་པ་སྐུའི་དབང་ཡིན། ད་གསུང་གི་དོན་དུ་རྗེས་ཟློས་མཛོད། ཨཱཿ དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡི། །གསུང་གི་བྱིན་རླབས་གསང་བའི་དབང་བསྐུར་སྩོལ། །ངག་གི་སྒྲིབ་སྦྱོང་གྲག་སྟོང་སྔགས་ཀྱི་སྒྲ། །འོད་གསལ་ཟུང་འཇུག་ལོངས་སྐུ་འགྲུབ་མཛད་གསོལ། །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་མགོན་པོར་གསལ་བའི་མགྲིན་པའི་ཨཱཡིག་ལས་འོད་ཟེར་དམར་པོ་འཕྲོས་པས་འོག་མིན་ལ་སོགས་ནས་གསུང་གི་མགོན་པོ་སྐུ་མདོག་དམར་པོ་ཕྱག་བཞི་པ་རྒྱན་ཆ་ལུགས་དང་ལྡན་པ་དཔག་ཏུ་མེད་པ་སྤྱན་དྲངས། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པར་སྒོམས་ཤིག ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །གསུང་གི་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །གསུང་གི་སྤྲུལ་པ་ཉིད་དུ་བྱོན་ནས་ཀྱང་། །གསུང་གི་སྤྲུལ་པ་ཉིད་དུ་བྱིན་གྱིས་རློབས། །སྔགས་དབང་ངག་ལ་རྫོགས་པར་མཛད་དུ་གསོལ། །ཨོཾ་བཛྲ་ཀ་ཝུ་ཝ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ བཅོམ་ལྡན་ཟངས་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་གྲགས་ཤིང་


CMR027_Page_0284
[མ་དཔེ་གཟིགས་ན་འདིར་གནོན།]

ལྷ་དང་མིས་མཆོད་པ། །བཅོམ་ལྡན་གསུང་གི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དབང་བསྐུར་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །འོ་དེས་ངག་གི་སྒྲིབ་པ་དག །གསུང་གསང་བ་སྔགས་ཀྱི་དབང་ཐོབ། ངག་ནུས་པ་དང་ལྡན་པ། དེང་ཕྱིན་ཆད་མགོན་པོའི་སྔགས་བཟླ་བར་དབང་། མ་འོངས་པ་ན་གསུང་ལོངས་སྤྱོད་རྫོགས་པ་ཡན་ལག་དྲུག་ཅུའི་དབྱངས་ལྡན་གྱི་འབྲས་བུ་ཐོབ་པ་གསུང་གི་དབང་ཡིན་ནོ། །ད་ཐུགས་ཀྱི་དོན་དུ་རྗེས་ཟློས། ཧཱུྃ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡི། །ཐུགས་ཀྱིས་བྱིན་རླབས་ཡེ་ཤེས་དབང་བསྐུར་སྩོལ། །སེམས་ཀྱི་སྒྲིབ་སྦྱང་སྒྱུ་མ་ལྷ་ཡི་ཐུགས། །འོད་གསལ་ཟུང་འཇུག་ཆོས་སྐུ་འགྲུབ་པར་གསོལ། །འོ་དེ་ལྟར་གསོལ་བ་བཏབ་པས་གཏོར་མ་མགོན་པོར་གསལ་བའི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་མཐིང་ཁ་ཕྱོགས་ཐམས་ཅད་དུ་འཕྲོས་པས་རང་བཞིན་གྱི་གནས་ནས་ཐུགས་ཀྱི་མགོན་པོ་མཐིང་ག་ཞལ་གཅིག་ཕྱག་བཞི་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པར་སྒོམས་ཤིག ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཐུགས་ཀྱི་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །


CMR027_Page_0285
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀྱི་སྤྲུལ་པ་ཉིད་དུ་བྱོན་ནས་ཀྱང་། །ཐུགས་ཀྱི་སྤྲུལ་པ་ཉིད་དུ་བྱིན་གྱིས་རློབས། །ཐུགས་དབང་སེམས་ལ་རྫོགས་པར་མཛད་དུ་གསོལ། །ཨོཾ་བཛྲ་མ་ཧཱ་ཀཱ་ལ་ཧཱུྃ་ཕཊ༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། བཅོམ་ལྡན་མཐིང་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །བཅོམ་ལྡན་ཐུགས་ཀྱི་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དབང་བསྐུར་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །འོ་དེས་སེམས་ཀྱི་སྒྲིབ་པ་དག །ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། སེམས་ལ་རྟོགས་པ་ཁྱད་པར་ཅན་སྐྱེ། དེང་ཕྱིན་ཆད་མགོན་པོའི་ཏིང་ངེ་འཛིན་རྣམས་བསྒོམ་པར་དབང་། འབྲས་བུ་ཆོས་སྐུ་ཐོབ་པར་འགྱུར་བ་ཐུགས་ཀྱི་དབང་། ད་ཡོན་ཏན་གྱི་དོན་དུ་རྗེས་ཟློས། སྦ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡི། །ཡོན་ཏན་བྱིན་རླབས་བཞི་པའི་དབང་བསྐུར་སྩོལ། །སྒོ་གསུམ་སྒྲིབ་སྦྱང་སྒྱུ་མ་ལྷ་ཡི་དངོས། །འོད་གསལ་ཟུང་འཇུག་ཉིད་སྐུ་འགྲུབ་མཛད་གསོལ། །དེ་ལྟར་གསོལ་བ་བཏབ་པས། གཏོར་མ་མགོན་པོར་གསལ་བའི་ལྟེ་བའི་སྭཱ་ཡིག་ལས་འོད་ཟེར་སེར་པོ་ཕྱོགས་བཅུར་འཕྲོས་པས། ཡོན་


CMR027_Page_0286
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་གྱི་མགོན་པོ་སེར་པོ་ཞལ་གཅིག་ཕྱག་བཞི་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ཀྱི་ལྟེ་བར་ཐིམ་པར་སྒོམས་ཤིག ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཡོན་ཏན་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །ཡོན་ཏན་སྤྲུལ་པ་ཉིད་དུ་བྱོན་ནས་ཀྱང་། །ཡོན་ཏན་སྤྲུལ་པ་ཉིད་དུ་བྱིན་གྱིས་རློབས། །ཡོན་ཏན་དབང་བསྐུར་རྫོགས་པར་མཛད་དུ་གསོལ། །ཨོཾ་མ་ཧཱ་ཀཱ་ལ་གུ་ཎ་ཧྲི་ཏ་ཧཱུྃ་ཕཊ༔ སརྦ་ཨ་བྷི་ཥིཉྩ་སྭཱ། བཅོམ་ལྡན་གསེར་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །བཅོམ་ལྡན་ཡོན་ཏན་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དབང་བསྐུར་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །འོ་དེས་ལུས་ངག་ཡིད་གསུམ་ཆ་སྙོམས་ཀྱི་སྒྲིབ་པ་དག །ཚིག་དབང་ཐོབ། གནས་སྐབས་ཚེ་དང་བསོད་ནམས་དར་ཞིང་རྒྱས། མཐར་ཐུག་བྲལ་བ་དང་རྣམ་པར་སྨིན་པའི་ཡོན་ཏན་ཐམས་ཅད་དང་ངོ་བོ་ཉིད་ཀྱི་སྐུ་འགྲུབ་པ་ཡོན་ཏན་དབང་ངོ་། །དེ་ནས་ཕྲིན་ལས་ཀྱི་དོན་དུ་རྗེས་ཟློས་མཛོད། ཧཱ། དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡི། །ཕྲིན་ལས་བྱིན་རླབས་ལས་བཞིའི་དབང་བསྐུར་


CMR027_Page_0287
[མ་དཔེ་གཟིགས་ན་འདིར་གནོན།]

སྩོལ། །ཤེས་བྱའི་སྒྲིབ་སྦྱང་སྒྱུ་མ་ལྷ་ཡི་སྐུ། །འོད་གསལ་ཟུང་འཇུག་བདེ་གཤེགས་སྐུ་འགྲུབ་མཛོད། །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་མགོན་པོར་གསལ་བའི་གསང་གནས་ཀྱི་ཧཱ་ཡིག་ལས་འོད་ཟེར་ལྗང་གུ་དཔག་ཏུ་མེད་པ་བྱུང་སྟེ་རང་བཞིན་གྱི་གནས་ནས་ཕྲིན་ལས་ཀྱི་མགོན་པོ་ལྗང་གུ་ཞལ་གཅིག་ཕྱག་བཞི་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་ཁྱེད་རང་རྣམས་ཀྱི་གསང་བར་ཐིམ་པར་སྒོམས་ཤིག ཧཱུྃ། ཕྱོགས་བཅུ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །ཕྲིན་ལས་སྤྲུལ་པ་མ་ཧཱ་ཀཱ་ལ་ནི། །ཕྲིན་ལས་སྤྲུལ་པ་ཉིད་དུ་བྱོན་ནས་ཀྱང་། །ཕྲིན་ལས་སྤྲུལ་པ་ཉིད་དུ་བྱིན་གྱིས་རློབས། །ཕྲིན་ལས་དབང་བསྐུར་རྫོགས་པར་མཛད་དུ་གསོལ། །ཨོཾ་ཀརྨ་བཛྲ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ། ཀརྨ་ཨ་བྷི་ཥིཉྩ་ཧཱ། བཅོམ་ལྡན་གཡུ་མདོག་རི་ཡི་རྒྱལ་པོ་འདྲ། །འཇིག་རྟེན་གསུམ་ན་གྲགས་ཤིང་ལྷ་དང་མིས་མཆོད་པ། །བཅོམ་ལྡན་ཕྲིན་ལས་བཀྲ་ཤིས་གང་ལགས་པ། །དམ་པ་དེས་ཀྱང་དབང་བསྐུར་མཆོག་ལ་གནས་པའི་བཀྲ་ཤིས་ཤོག །དེས་ཕྲིན་ལས་ཀྱི་དབང་ཐོབ། ཤེས་བྱའི་སྒྲིབ་པ་དག །ཕྲིན་ལས་གང་བརྩམ་འགྲུབ། མ་འོངས་པ་ན་བདེ་


CMR027_Page_0288
[མ་དཔེ་གཟིགས་ན་འདིར་གནོན།]

བ་ཆེན་པོའི་སྐུ་འགྲུབ་ནས་འབད་མེད་ལྷུན་གྲུབ་ཀྱི་འགྲོ་དོན་འབྱུང་བ་ཡིན་ནོ། །དེ་ནས་གཏོར་མའི་བྱིན་རླབས་བཀའ་བསྒོ་བའི་དོན་དུ་གཏོར་མ་འདི་ཉིད་ཀྱི་སྟེང་གི་ཆ་ལ་རྩ་བརྒྱུད་ཀྱི་བླ་མ། བར་གྱི་ཆ་ལ་ཡི་དམ་འཁོར་ལོ་སྡོམ་པའི་ལྷ་ཚོགས། གཏོར་མ་འདི་ཉིད་དང་ཡེ་ཤེས་ཀྱི་མགོན་པོའི་ལྷ་ཚོགས་སུ་གསལ་བ་སྤྱི་བོར་བྱོན་ནས་བདག་གིས་གསོལ་བ་ཇི་ལྟར་བཏབ་པའི་བྱིན་རླབས་དངོས་གྲུབ་ཐམས་ཅད་བསྩལ་ཏེ། དེ་རྣམས་ལས་སྐུ་དང་ཡིག་འབྲུ་ཕྱག་མཚན་དཔག་ཏུ་མེད་པར་ཆར་ལྟར་བབས་ནས་ཁྱེད་རང་ལ་སིབ་སིབ་ཐིམ་པར་རྩེ་གཅིག་ཏུ་སྒོམས་ཤིག །ཆོས་སྐུ་དྲུག་པ་རྡོ་རྗེ་འཆང་ཆེན་པོ། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་ཀླུ་སྒྲུབ་སྙིང་པོ།་ཨརླ་དེ་ཝ། ཨ་བྱཱ་ཀ་ར། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་སྒ་ལོ་ཙཱ། དཔལ་ལྡན་དུས་གསུམ་མཁྱེན་པ་ལ་སོགས་པ་མན་ངག་གང་ལས་བརྒྱུད་པའི་དཔལ་ལྡན་བླ་མ་དམ་པ་ཐམས་ཅད་དང་། ཁྱད་པར་དུ་རྟ་པ་ལོ་ཙཱ་བ། བདེ་གཤེགས་ཕག་མོ་གྲུ་པ། སྐྱོབ་པ་འཇིག་རྟེན་གསུམ་མགོན། སྟག་ལུང་ཐང་པ་ཆེན་པོ། གྲུབ་ཐོབ་གླིང་རྗེ་རས་པ། འགྲོ་མགོན་གཙང་པ་རྒྱ་རས། རྒོད་ཚང་


CMR027_Page_0289
[མ་དཔེ་གཟིགས་ན་འདིར་གནོན།]

བ་མགོན་པོ་རྡོ་རྗེ། མཁས་གྲུབ་ཨོ་རྒྱན་ཆེན་པོ། འགྲོ་མགོན་སངས་རྒྱས་ཡེལ་པ། སངས་རྒྱས་དབོན་རིན་ཆེན། གྲུབ་ཆེན་རྨ་སེ་རྟོགས་ལྡན། གདོང་མཁའ་སྤྱོད་པ་ནམ་མཁའ་རྒྱལ་མཚན། སྤྱན་སྔ་ཆོས་ཀྱི་གྲགས་པ། དྲུང་ཆེན་ཀུན་དགའ་རྣམ་རྒྱལ་ལ་སོགས་པ་ཡེ་ཤེས་ཀྱི་མགོན་པོ་དངོས་གྲུབ་གྲུབ་པའི་གྲུབ་ཆེན་ཐམས་ཅད་དང་། ཡི་དམ་འཁོར་ལོ་སྡོམ་པ། མཁའ་སྤྱོད་ཐུགས་ཀྱི་འཁོར་ལོ། ས་སྤྱོད་གསུང་གི་འཁོར་ལོ། ས་འོག་སྤྱོད་པ་སྐུའི་འཁོར་ལོ། བདེ་བ་ཆེན་པོ་ཡེ་ཤེས་ཀྱི་འཁོར་ལོ། དམ་ཚིག་གསང་བའི་འཁོར་ལོ་སྟེ་འཁོར་ལོ་སྡོམ་པའི་ལྷ་དྲུག་ཅུ་རྩ་གཉིས་ཀྱི་ལྷ་ཚོགས་རྣམས་དང་། དཔལ་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ། སྐུའི་མགོན་པོ། གསུང་གི་མགོན་པོ། ཐུགས་ཀྱི་མགོན་པོ། ཡོན་ཏན་གྱི་མགོན་པོ། ཕྲིན་ལས་ཀྱི་མགོན་པོ་ཡབ་ཡུམ་རྣམས་ཀྱིས་སློབ་མ་འདི་རྣམས་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་སྒོ་ནས་བྱིན་གྱིས་རློབས་ཤིག །ནད་དང་གདོན་དང་སྡིག་སྒྲིབ་འཇིགས་པ་བརྒྱད་དང་བཅུ་དྲུག་ཐམས་ཅད་ཉེ་བར་ཞི་བར་མཛོད་ཅིག །བྱད་ཁ་དང་རྦོད་གཏོང་ཆག་ཆེན་ཉམ་ང་བར་དུ་


CMR027_Page_0290
[མ་དཔེ་གཟིགས་ན་འདིར་གནོན།]

གཅོད་པ་ཐམས་ཅད་ལས་བསྲུང་ཞིང་བསྐྱབ་པར་མཛད་དུ་གསོལ། ཚེ་དང་བསོད་ནམས་སྟོབས་དང་འབྱོར་པ་ཉམས་དང་རྟོགས་པ་ཐམས་ཅད་ཟླ་བ་ཡར་གྱི་ངོ་ལྟར་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། རླུང་སེམས་སྣང་སྲིད་ཐམས་ཅད་དབང་དུ་འདུ་བར་མཛད་དུ་གསོལ། བདུད་བཞི་དང་དགྲ་བགེགས་མི་མཐུན་པའི་ཕྱོགས་ཐམས་ཅད་ཚར་གཅོད་པར་མཛད་དུ་གསོལ། མདོར་ན་འདི་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བསྲུང་ཞིང་སྐྱོབས་པ་དང་བྱིན་གྱིས་བརླབ་པར་མཛོད་ཅིག །ༀ་ཧཱིཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ཅེས་སོགས་མགོན་པོ་སྐུ་ལྔའི་སྔགས་དང་ཤཱ་ས་ན་བརྗོད་དོ། སློབ་མ་སྙིང་དང་འདྲ་བ་ལ་དབང་ལྷ་ཐིམ་པར་བསྒོམ། གཞན་ལ་ལྷ་མི་བསྟིམ་མོ། རྒྱལ་བ་སྲས་བཅས་བདེན་པའི་བྱིན་གྱིས་རླབས། །དཔལ་ལྡན་ཡེ་ཤེས་མགོན་པོའི་བདེན་པའི་མཐུས། །འགྲོ་བ་འདི་དག་བདག་གིས་བསྲུངས་ཟིན་གྱིས། །འདི་ལ་སུས་ཀྱང་གནོད་པ་མ་བྱེད་ཅིག་།ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ།་ཞེས་མེ་ཏོག་འཐོར། དེ་ཡན་ནི་གཏོར་མ་ལ་བརྟེན་ནས་དབང་བཞི་རྫོགས་པར་བསྐུར་བ་སྟེ། མགོན་པོ་གཏོར་མའི་ལས་རྒྱུད་ཆེན་པོ་ལས་གཏོར་མ་དབང་དུ་ཤེས་པར་བྱའོ་གསུངས་པའི་དོན་ཡིན། ད་སྔགས་ཀྱི་བཟླས་


CMR027_Page_0291
[མ་དཔེ་གཟིགས་ན་འདིར་གནོན།]

ལུང་གི་དོན་དུ་མེ་ཏོག་མཐིང་ཁའི་ཕྲེང་བ་ཞིག་ཕུལ་བའི་མོས་པས་རྗེས་ཟློས་མཛོད། མགོན་པོ་བདག་གིས་བཟུང་ལགས་ཀྱིས། །བདག་ལ་འགོ་བར་མཛད་དུ་གསོལ། །སྔགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ། །ཕྲིན་ལས་རྫོགས་པར་མཛད་དུ་གསོལ། །བརྟུལ་ཞུགས་བརྟན་པར་མཛད་དུ་གསོལ། །གསུམ་མམ་གཅིག །དེ་ལྟར་གསོལ་བ་བཏབ་པས། སློབ་དཔོན་བདེ་མཆོག་ཏུ་གསལ་བའི་ཐུགས་ཀ་ནས་སྔགས་ཕྲེང་བེཟླུརླ་ཞུན་མའི་མདོག་ལྟ་བུ་བྱུང་ནས་ཁྱེད་རང་གི་ཞལ་དུ་ཞུགས་ཏེ་ཐུགས་ཀར་ཧཱུྃ་གི་མཐར་འཁོད་པར་བསྒོམས་ལ་རྗེས་ཟློས་མཛོད། ཕྲེང་བ་བཟུང་ལ། ཨོཾ་ཧྲི་ཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཕཊ༔ གསུམ་མམ་གཅིག་དང་། སྔགས་པ་ཚད་ལྡན་ནམ། མགོན་པོ་བསྙེན་མི་ཡིན་ན། །སྐུ་ལྔ་མགོན་པོའི་སྔགས་དང་། ཤཱ་ས་ན་དང་སྙིང་པོ་ཡང་བརྗོད། དེ་ནས་མེ་ཏོག་ཕྲེང་བ་དེ་སྔགས་ཕྲེང་དུ་གྱུར་ནས་སྤྱི་བོར་བཅིངས་བར་སྒོམས་ཤིག །ཙམ་པ་ཀའི་ཕྲེང་བའམ་ནས་འབྲུ་རྡོ་རྗེ་དང་བཅས་པ་སྤྱི་བོར་བཞག་ལ། མགོན་པོ་འདི་ལ་བསྩལ་ལགས་ཀྱིས། །སོགས་བརྗོད། དེ་ཡན་ཆད་ཡི་དམ་མགོན་པོ་དབྱེར་མེད་ཡིན་པས་ཡོན་བདག་གལ་ཆེན་ལ་ཡང་རུང་ལ་འཇིག་རྟེན་པའི་བཀའ་གཏད་ནི་སློབ་མ་དམ་ཚིག་ཅན་དང་། སྔགས་པ་ཚད་ལྡན་མ་


CMR027_Page_0292
[མ་དཔེ་གཟིགས་ན་འདིར་གནོན།]

གཏོགས་གང་ངོ་། །དེ་ནས་དམར་གཏོར་བྲན་བཀུག་གཞུག་བསྡུས་པ་དང་། ཤཱ་ས་ནས་བསྔོས་ལ། རྔ་དང་རོལ་མོ་བཅས་བསིལ་ཚལ་མའམ་ཁྲག་འཐུང་རྒྱལ་པོ་སོགས་བསྐུལ་ཐུང་ཞིག་བཏོན་ལ། གཏོར་མ་ལ་མེ་རི་བཙུགས་ནས་རང་གི་ལག་ཏུ་གདེངས། དྲིལ་བུ་དང་བཅས། ཧོཿ དཔལ་ལྡན་ཡེ་ཤེས་མགོན་པོ། བཀའ་སྡོད་ལས་མགོན་བྱ་རོག་གདོང་མཆེད་དགུ། ཡུམ་ཙཎྜི་ཀ་མཁའ་འགྲོ་བརྒྱད་དྲུག །ཡབ་ལེགས་ལྡན་ནག་པོ། དམག་དཔོན་བརྒྱད། ཕྱག་བརྙན་སེང་གེའི་གདོང་ཅན། ཞིང་སྐྱོང་ཉི་ཤུ་རྩ་བཞི། སྐུ་འཁོར་ནག་པོ་སྟོང་། གསུང་འཁོར་ཤ་ཟ་འབུམ། ཐུགས་འཁོར་མ་མོ་བྱེ་བ། ཡོན་ཏན་གྱི་འཁོར་གནོད་སྦྱིན་ཁྲི། །ཕྲིན་ལས་ཀྱི་འཁོར་མཁའ་འགྲོ་འབུམ་ཕྲག་བཅུ། སྤྲུལ་པའི་ལྷ་དམག་ཁྲབ་ཆེན་བྱེ་བ་འབུམ་དྲུག་དང་བཅས་པ་ཁྱེད་། རྣམས་ཀྱིས་སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་རྡོ་རྗེ་འཆང་། ཤྲཱི་ཧེ་རུ་ཀ་ཙཀྲ་སཾ་བྷ་ར། གསང་བདག་ཕྱག་ན་རྡོ་རྗེ། དཔལ་མགོན་འཕགས་པ་ཀླུ་སྒྲུབ། ཨརྱ་དེ་ཝ། རྡོ་རྗེ་གདན་པ་ཆེ་ཆུང་། དཔལ་ཆེན་སྒ་ལོ་ཙཱ་ལ་སོགས་པ་གྲུབ་ཐོབ་བརྒྱུད་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སྤྱིར་སངས་རྒྱས་ཀྱི་བསྟན་པ་


CMR027_Page_0293
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། རྣལ་འབྱོར་པའི་སྐུ་ཚེ་སྲིངས། ཁྱད་པར་རྡོ་རྗེའི་སློབ་མ་དམ་ལྡན་འདིས་བྱིན་པའི་ཕུད་གསོལ། བཅོལ་བའི་ཚོལས་སྒྲུབས། སྡང་བའི་དགྲ་བགེགས་ཐུལ། བར་ཆད་ཀྱི་རྐྱེན་ཟློག །ཇི་ལྟར་བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་པ་མེད་པར་འགྲུབ་པར་མཛོད་ཅིག །ཨོཾ་མ་ཧཱ་ཀཱ་ལ་ཁ་ཁ་མུ་ཁ་ཧཱུྃ་ཕཊ༔ ཨོཾ་ཀཱ་ལ་ས་མ་ཧཱ་ཀཱ་ལི་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀཱ་ལ་རཀྵ་དུ་བེ་ཛཿ ཨོཾ་མ་ཧཱ་ཀཱ་ལ་སེང་ཧ་མུ་ཁ་ཧཱུྃ་ཕཊ༔ ཨོཾ་མ་ཧཱ་ཀཱ་ལ་སིདྡྷི་ཡ་མ་དུ་ཛཿ ཞེས་སྙིང་པོ་བརྗོད་དེ། །འོ་དེ་ལྟར་བཀའ་བསྒོས་པས་དེ་ལྟར་བགྱིའོ། །ཞེས་ཞལ་གྱིས་བཞེས་པར་སྒོམས་ཤིག །དེ་ལྟར་མགོན་པོའི་དབང་ཐོབ་ནས་བྱ་ནག་པོ་ལ་རྡོ་མི་རྡེག་པ་ལ་སོགས་པ་ཐུན་མོང་དང་༔ ཁྱད་པར་གྱི་དམ་ཚིག་རྣམས་བསྲུང་ཞིང་མགོན་པོ་འདི་ཡི་དམ་ཆོས་སྐྱོང་དབྱེར་མེད་དུ་བཟུང་སྙམ་པས་རྗེས་ཟློས་མཛོད། གཙོ་བོས་ཇི་ལྟར་སོགས། །ས་གཞི་སྤོས་ཆུས་སོགས་མཎྜལ་ཕུལ༔ དེ་ནས་སློབ་མ་གྲོལ། དམར་གཏོར་དེ་ལ་ཟློག་ཐུང་ངམ་བསྐུལ་ཐུང་བཏོན་ལ་ཕྱི་རོལ་གཙང་སར་ཕུལ་ལོ། །འདི་གཏོར་དབང་རྗེས་གནང་ཡིན་ཀྱང་དོན་འཐུས་དྲགས་པས་བསྙེན་སྒྲུབ་ཙམ་ནི་སྨོས་མ་དགོས། སྐུ་ལྔ་སོ་སོ་དང་


CMR027_Page_0294
[མ་དཔེ་གཟིགས་ན་འདིར་གནོན།]

ལས་མགོན་སྒྲུབ་པ་གསང་ཁྲིད་འཁོར་ལོ་ལྔ་ལ་སོགས་ཀྱང་འདི་ཐོབ་ནས་ཉམས་ལེན་རུང་ངོ་། །མདོས་དང་བསྐང་གསོ་གདོང་ལྔ་སོགས་ཞག་མང་དུ་བྱས་པའི་སྐབས་སུ་ཡོན་བདག་གལ་ཆེན་འགའ་ཟུང་ལ་འདི་བསྐུར་ན་ཆོག་བྱིན་རླབས་ཆེའོ།། ༈ ཡང་འདིའི་དབང་བརྒྱ་སོགས་ནི་དམ་ཉམས་སྡོམ་ཉམས་དང་བསྟན་པ་ལ་གནོད་པའི་རིགས་དང་ཧ་ཅང་སྡིག་སྤྱོད་མནའ་མང་དུ་ཟོས་པ་སོགས་ལ་བྱས་ན་མི་ཕན་གནོད་པར་འགྱུར་ཏེ་དམ་ཉམས་ཀྱི་སྲོག་གཅོད། མནའ་ཟན་གྱི་གཤེད་པོ། ལེགས་ཉེས་ཀྱི་སྟངས་འཛིན་ཡིན་པས་སོ། །མཆེད་གྲོགས་དམ་ཚིག་གཙང་བ། གྲྭ་པ་སྡོམ་ཁྲིམས་ལྡན་པ། སྔགས་པ་དམ་ཚིག་ཅན། ཡོན་བདག་དད་པ་དམ་ཚིག་ཆོས་ལ་དགའ་བ། ཡོན་ཏན་ཅན་བསྟན་པ་སེམས་ཅན་ལ་ཕན་པ་དག་ལ། བར་ཆད་ནད་གདོན་གྱིས་མནར་ཏེ་ཅིས་ཀྱང་ཕན་དཀའ་ན། འདིའི་དབང་བརྒྱ་བྱས་ན་སྔོན་གྱི་ལས་ཀྱི་རྣམ་སྨིན་མ་གཏོགས་བར་ཆད་ངེས་པར་སེལ། བསོད་ནམས་མངའ་ཐང་ཡང་ཁོ་རང་གི་ཚོགས་ཀྱིས་ཇེ་ལེགས་སུ་འགྲོ༔ དེ་ལ་དང་པོ་གོང་ལྟར་རྒྱས་པ་གཅིག་ལ་བཀའ་གནང་མན་ཆད་བྱ། དེ་ནས་བསྡུས་པ་ལ་གྲངས་བཟུང་སྟེ། བརྒྱ་རྩ་བརྒྱད་དམ་ལོ་གྲངས་སམ། ཉེར་གཅིག་བཅུ་གསུམ་བདུན་སོགས་ཅི་ལྕོགས། དེ་ལ་ཐོག་མར་མཎྜལ་གཅིག་གིས་ཆོག་སྟེ། ད་སློབ་དཔོན་བདེ་མཆོག་ལྷན་སྐྱེས་གཏོར་མ་ཡེ་ཤེས་མགོན་པོར་གསལ་བའི་དྲུང་དུ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། དུས་གསུམ་སངས་རྒྱས་ཐམས་ཅད་


CMR027_Page_0295
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལྷག་པའི་ལྷ་ཡི་ངོ་བོ་ཉིད། །དཔལ་ལྡན་བླ་མའི་བཀའ་དྲིན་གྱིས། །བདག་ལ་ཡེ་ཤེས་མགོན་པོ་ཡི། །དབང་དང་བྱིན་རླབས་བསྩལ་དུ་གསོལ། །དེ་ལྟར་གསོལ་བ་བཏབ་པས་གཏོར་མ་མགོན་པོར་གསལ་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་ཕྱོགས་བཅུར་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་ཀྱི་ཞིང་ཁམས་ཐམས་ཅད་དུ་བཞུགས་པའི་ཡེ་ཤེས་ཀྱི་མགོན་པོ་ཐམས་ཅད་ལ་ཕོག་པས་ཐུགས་བརྒྱུད་བསྐུལ་ཏེ། དེ་རྣམས་ལས་ཡེ་ཤེས་མགོན་པོ་ཕྱག་བཞི་པའི་སྐུ་ཆེ་བ་རི་རབ་ཙམ་ཆུང་བ་ཡུངས་ཀར་གྱི་འབྲུ་ཙམ། གསུང་སྔགས་ཀྱི་ཕྲེང་བ། ཐུགས་ཧཱུྃ་ཡིག་མཐིང་ག་དང་རྡོ་རྗེ་རྩེ་ལྔ་པ་དཔག་ཏུ་མེད་པ་ཁ་བ་བུ་ཡུག་འཚུབ་པ་ལྟར་བྱོན་ནས་ཁྱེད་རང་གི་ལུས་ངག་ཡིད་གསུམ་ལ་སིབ་སིབ་ཐིམ་པར་སྒོམས་ཤིག །གཏོར་མ་བཟུང་ལ། ཧཱུྃ། དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི། །སྐུ་གསུང་ཐུགས་སྤྲུལ་ནག་པོ་ཆེ། །སྐུ་གསུང་ཐུགས་སྤྲུལ་ད་ཚུར་བྱོན། །སྐུ་གསུང་ཐུགས་སྤྲུལ་བྱོན་ནས་ཀྱང་། །སྐལ་ལྡན་རིགས་ཀྱི་བུ་རྣམས་ལ། །སྐུ་གསུང་ཐུགས་དབང་བསྩལ་དུ་གསོལ། །དཔལ་ཆེན་སྒ་ལོ་ཙཱ་ལ་སོགས་པ་གྲུབ་


CMR027_Page_0296
[མ་དཔེ་གཟིགས་ན་འདིར་གནོན།]

པའི་དཔང་ཕྱུག་རྣམས་དང་ཡི་དམ་འཁོར་ལོ་སྡོམ་པ་ལྷ་དྲུག་ཅུ་རྩ་གཉིས་ཀྱི་ལྷ་ཚོགས་ཡེ་ཤེས་ཀྱི་མགོན་པོ་ཕྱག་བཞི་པ་འཁོར་དང་བཅས་པས་བྱིན་གྱིས་བརླབ་པ་དང་དབང་བསྐུར་བར་མཛད་དུ་གསོལ། ནད་གདོན་སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི་བ་དང་། ཚེ་དང་བསོད་ནམས་དབང་ཐང་རྒྱས་པ་དང་། བསམ་དོན་ཡིད་བཞིན་འགྲུབ་པར་མཛད་དུ་གསོལ། སྐུ་རྡོ་རྗེ་བུམ་པའི་དབང་ཐོབ་པར་གྱུར་ཅིག །གསུང་རྡོ་རྗེ་གསང་བའི་དབང་ཐོབ་པར་གྱུར་ཅིག །ཐུགས་རྡོ་རྗེ་ཡེ་ཤེས་ཀྱི་དབང་ཐོབ་པར་གྱུར་ཅིག །ཨོཾ་ཧཱིཧ་ཧ་ཧཱུྃ་ཧཱུྃ་ཕཊ༔ ཨོཾ་བཛྲ་ཀ་ཝུ་ཝ་ཝ་པ་ཤ་ཡ་མ་ཧཱ་ཀཱ་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ཀཱ་ཡ་ཝཱཀྐ་ཙིཏྟ་ཨ་བྷི་ཥིཉྩནྟཾ། ཧཱུྃ། མི་འགྱུར་སྐུ་མཆོག་མཚན་དང་དཔེ་བྱད་བརྒྱན། །འགག་མེད་གསུང་མཆོག་ཚངས་དབྱངས་སྔགས་སྒྲ་སྒྲོག །འཁྲུལ་མེད་ཐུགས་ནི་ཡེ་ཤེས་ལྔ་དང་ལྡན། །དཔལ་ལྡན་མགོན་པོ་མ་ཧཱ་ཀཱ་ལ་ཡི། །སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་གང་ལགས་པ། །སྐལ་ལྡན་རིགས་ཀྱི་བུ་ལ་དེང་འདིར་སྩོལ། །ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱ་ཧཱ། ཞེས་མེ་ཏོག་འཐོར། དེ་ལྟ་བུ་དུས་རེ་ལ་དུ་ཐོན་གྱི་རྗེས་སུ། གཙོ་བོས་ཇི་ལྟར་བཀའ་སྩལ་པ། །སོགས་དང་། ས་གཞི་


CMR027_Page_0297
[མ་དཔེ་གཟིགས་ན་འདིར་གནོན།]

སྤོས་སོགས་བྱ། སྐབས་སྐབས་སུ་མངོན་རྟོགས་སྤྱན་འདྲེན་མཆོད་བསྟོད་བྱས་ལ་བསྙེན་པ་ཁ་གསོ་གྲྭ་པ་མང་ན་དབང་བསྐུར་ཚེ་སོགས་ལ་མགོན་པོའི་སྔགས། བདེ་མཆོག་ཡིག་བདུན་རྡོ་རྗེ་ཕུབ་རྫོང་ཆེ་ཆུང་། །བསྐང་བ་བསྟན་རྒྱས་མ། ༈ གཏོར་དབང་གི་བརྒྱུད་པ་ནི། རྡོ་རྗེ་འཆང་། མགོན་པོ་བསྐལ་པ་བཟང་མོ། ཀླུ་སྒྲུབ་སྙིང་པོ། ཨརྒྱ་དེ་ཝ། ཨ་བྷ་ཀཱ་ར། ཙ་མི་སངས་རྒྱས་གྲགས་པ། དཔལ་ཆེན་སྒ་ལོ་ཙཱ་བ། སྐྱེ་མེད་ཞང་ཚལ་པ། བདེ་གཤེགས་ཕག་མོ་གྲུ་པ། སྐྱི་ཤོད་པ་བཀྲ་ཤིས་འབུམ། དབོན་པོ་རྒྱལ་མཆོག །བདག་པོ་གྲགས་བློ། ཆོས་རྗེ་ངག་གི་དབང་པོ། འཇམ་དབྱངས་དཔལ་ལྡན་རིན་ཆེན། མཁས་གྲུབ་ནམ་མཁའ་བཀྲ་ཤིས།། གྲགས་པ་བྱང་ཆུབ་བཀྲ་ཤིས། རིམ་གཉིས་འཇམ་དབྱངས་གྲགས་པ། རི་པ་བཀྲ་ཤིས་དཔལ་འབྱོར། སྔགས་འཆང་ཀརྨ་དོན་ཡོད། མཚུངས་མེད་རཱ་ག་ཨ་སྱ་ལའོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།། །།


previousམགོན་པོ་ཕྱག་བཞི་པའི་གཏོར་དབང་ཁྱེར་བདེ་བ་དངོས་གྲུབ་ཀུན་འབྱུང་།next