Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་ཕྱག་བཞི་པའི་བདེ་སྨོན།
   
   
   
   
   
   


 
previousམགོན་པོ་ཕྱག་བཞི་པའི་བདེ་སྨོན།next

མགོན་པོ་ཕྱག་བཞི་པའི་བདེ་སྨོན།


CMR027_Page_0299
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་ཕྱག་བཞི་པའི་བདེ་སྨོན་བཞུགས་སོ། །ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། དེ་བཞིན་གཤེགས་པ་བྱེ་བ་ཕྲག །དྲུག་ཅུ་རྩ་བཞིའི་ཐུགས་ཀ་ཡི། །འོད་ཟེར་གཅིག་ཏུ་འདུས་པ་ལས། །བྱུང་བའི་དཔལ་ལྡན་ནག་པོ་ཆེ། །སངས་རྒྱས་ཀུན་གྱི་བསྟན་སྲུང་ཞིང་། །སེམས་ཅན་ཀུན་གྱི་མགོན་སྐྱབས་མཛད། །མ་ཧཱ་ཀཱ་ལ་ཀ་ཝུ་ཝ། །ཞི་རྒྱས་རྒྱུདབང་དྲག་ལས་མཛད་ཕྱིར། །སྐུ་མདོག་ཆ་ལུགས་ཅིར་ཡང་བསྒྱུར། །རྣལ་འབྱོར་སྐུ་ཚེ་བསྲིང་བའི་ཕྱིར། །སྟོན་ཟླའི་མདོག་ཅན་ཤིན་ཏུ་ཞི། །ཕྱག་བཞི་གྲི་གུག་ཐོད་པ་དང་། ཁ་ཊཾ་བདུད་རྩི་ཞགས་པ་འཛིན། །པདྨ་ཟླ་བའི་གདན་སྟེང་དུ། །བཙན་འཁྱིལ་དར་དང་རིན་ཆེན་བརྒྱན། །སྐུ་ལས་བདུད་རྩིའི་རྒྱུན་བབ་ཅིང་། །འོད་ཟེར་དཀར་པོའི་ཕྲེང་བ་ཅན། །བླ་མ་ཡི་དམ་མགོན་པོ་རྣམས། །གཅིག་ཏུ་འདུས་པའི་ངོ་བོ་ཉིད། །མངོན་པར་བྱུང་བའི་རྒྱུད་རྒྱལ་ལས། །གསུངས་པའི་མགོན་དཀར་ཁྱོད་ལ་བསྟོད། །སྟོང་གསུམ་འཇིག་རྟེན་རབ་འབྱམས་ཀྱི། །དཔལ་འབྱོར་བློ་ཡིས་བླངས་ཏེ་མཆོད། །དངོས་གྲུབ་འབྱུང་བའི་རྒྱུད་ཆེན་ལས། །སྐལ་བཟང་འདི་ལས་བྱུང་བ་ཡི། །མགོན་པོ་ཀུན་གྱི་


CMR027_Page_0300
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་དམ་པ། །ཁྱོད་ཉིད་ཁོ་ན་ཡིན་གསུངས་ཕྱིར། །བདག་གི་ཆོས་སྐྱོང་མཆོག་ཉིད་དུ། །མགོན་པོ་མཆོག་ཉིད་བསྟེན་འཚལ་གྱི། །བདག་དང་སློབ་མ་བརྒྱུད་པར་བཅས། །དུས་དང་དུས་མིན་འཆི་བ་ཟློག །ཚེ་དང་སྒྲུབ་པ་མཐར་ཕྱིན་ནས། །ཕྲིན་ལས་རྣམ་བཞིའི་དངོས་གྲུབ་སྩོལ། །གྲི་གུག་བརྩེགས་པའི་རྒྱུད་ཆེན་ལས། །བར་མ་དོ་རུ་འཇུག་ཚེ་ཡང་། །ཞིང་ཁམས་དག་པར་འཁྲིད་གསུངས་ཕྱིར། །ཁྱོད་ཉིད་རྟག་ཏུ་མཆོད་བསྒྲུབ་ཅིང་། །འདི་ཕྱི་བར་དོར་སྐྱབས་ཞུ་ཞིང་། །བར་མ་དོ་རུ་འཁྱམས་པའི་ཚེ། །བདེ་བ་ཅན་གྱི་ཞིང་ཁམས་སུ། །མགོན་པོ་ཁྱེད་ཀྱིས་སྐྱེལ་བར་མཛོད། །ཉི་ཟླ་ཐང་ལ་ལྷུང་བ་དང་། །ཆུ་བོ་མེ་རུ་འབར་སྲིད་ཅིང་། །རླུང་ནི་ཞགས་པས་ཟིན་སྲིད་ཀྱང་། །རྒྱལ་བའི་བཀའ་ཡིས་བསླུ་མི་སྲིད། །གསུངས་ཕྱིར་རྒྱུད་སྡེ་ཆེན་པོའི་གསུང་། །མི་བསླུ་འབྲས་བུ་མཆིས་པར་མཛོད། །དེ་ལྟར་འབྲུག་གི་དགུ་གཏོར་ཆེན་མོར། མགོན་པོའི་མདོས་ཆེན་དང་མགོན་དཀར་ལྷ་བདུན་བསྙེན་པའི་ཚེ་རྨི་ལམ་ལ་ཡ་མཚན་འགའ་རེ་དང་། ཡད་ཡུད་མདུན་གྱི་གསལ་ཁུང་ནས། །ཡེ་ཤེས་མགོན་པོ་ཕྱག་བཞི་པ། །མཐིང་ནག་ཤིན་ཏུ་གསལ་བར་ཞིག །གསལ་པོར་མཐོང་སྙམ་བྱེད་པའི་ཕྱིར། །རཱ་


CMR027_Page_0301
[མ་དཔེ་གཟིགས་ན་འདིར་གནོན།]

ག་ཨ་སྱ་བདག་གིས་བྲིས། །བདེ་བ་ཅན་དུ་སྐྱེ་བར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམགོན་པོ་ཕྱག་བཞི་པའི་བདེ་སྨོན།next