Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
དཔལ་མགོན་མ་ནིང་ལས་མ་ནིང་ཕྱི་སྒྲུབ་དང་དྲིལ་སྒྲུབ་གཉིས་ཀའི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་མགོན་མ་ནིང་ལས་མ་ནིང་ཕྱི་སྒྲུབ་དང་དྲིལ་སྒྲུབ་གཉིས་ཀའི་འདོན་འགྲིགས།next

དཔལ་མགོན་མ་ནིང་ལས་མ་ནིང་ཕྱི་སྒྲུབ་དང་དྲིལ་སྒྲུབ་གཉིས་ཀའི་འདོན་འགྲིགས།


CMR028_Page_0043
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ལས༔ མ་ནིང་ཕྱི་སྒྲུབ་དང་དྲིལ་སྒྲུབ་གཉིས་ཀའི་འདོན་འགྲིགས་བཞུགས་སོ༔ ༈ བཅའ་ཚོགས་རྣམས་ནི་གཞུང་ལྟར་རོ༔ རང་མདུན་དུར་ཁྲོད་ཐོད་པ་སྣ་བཞིའི་མཁར༔ ཤར་དུ་མི་ཐོད་ལྷོ་རུ་རྟ་ཐོད་བརྩེགས༔ ནུབ་ཏུ་སྤྲེལ་ཐོད་བྱང་དུ་ལུག་གི་ཐོད༔ ལོགས་བཞི་བརྩེགས་པ་ཟུར་བཞི་ཟངས་ལ་བྱས༔ ཐོད་པ་ལྕང་ལོ་ཁ་བད་གཡུ་ཡིས་བརྒྱན༔ རྨིང་གཞི་གནམ་ལྕགས་འབར་བ་ལས་གྲུབ་པའི༔ སྒོ་བཞི་ཕྱོགས་མཚམས་ཟངས་ཀྱི་གཟེར་བུས་བསྡམས༔ ཞིང་ཆེན་ཀ་གདུང་ཞིང་ཆུང་གྲལ་ལྕམ་བྱས༔ མི་ལྤགས་བླ་བྲེ་རྒྱུ་མའི་དྲྭ་ཕྱེད་འཕྱངས༔ སྙིང་གི་ཕྲེང་བ་དམ་དམ་ཚར་ཚར་བྱས༔ ཞིང་ཆེན་ཀླུ་གདུང་ཞིང་ཆུང་ཟ་ར་ཚག༔ ཀེང་རུས་སྒོ་སྐྱེས་སྒོ་ལེབ་བསེ་ལས་བྱས༔ རིན་ཆེན་འཛེར་བུ་ས་གཞི་ཤ་ཁྲག་མཚོ༔ སྒོ་ཕྱི་ཐམས་ཅད་ཁྲག་གི་རྫབས་སུ་གྱུར༔ དེ་རྒྱབ་སྒོ་ཕྱི་བར་ཁྱམས་ཐམས་ཅད་ན༔ ཤ་ཟ་སྟག་དང་སེང་གེ་སྤྱང་ཀུ་དང་༔ ལྕེ་སྤྱང་ཁྱི་ནག་རྟག་ཏུ་ངུ་ཞིང་ཟུག༔ གཞད་དང་དུར་བྱ་ཀཾ་ཀ་མཆུ་རིང་དང་༔ ཁྲ་དང་ཕོ་རོག་ཚོགས་ནི་རྟག་ཏུ་འཚུབ༔ རྟ་ནག་གཡག་ནག་ཚོགས་ནི་ངུར་ཞིང་རྒྱུགས༔ མི་ཁྲག་རྟ་ཁྲག་ཞམ་ཆུ་རྒྱུན་དུ་འབབ༔ ནད་དང་


CMR028_Page_0044
[མ་དཔེ་གཟིགས་ན་འདིར་གནོན།]

དུག་གི་ན་བུན་རྟག་ཏུ་འཐུལ༔ བྱ་ནག་ཤ་ཟན་ཚོགས་ནི་ལྡིང་ཞིང་འཁོར༔ མེ་རླུང་དམར་ནག་ཕྱི་ནང་ཀུན་ཏུ་འཚུབ༔ དེ་རྒྱབ་ཐོད་མཁར་འབར་བའི་ཕྱི་རོལ་ན༔ ཙནྡན་བྱང་ཆུབ་ཤིང་རིས་ཤིང་ལ་སོགས༔ ནགས་ཚལ་སྔོན་པོ་ཐིབས་སེར་ཐིབ་པའོ༔ སྣ་ཚོགས་རབ་འཇིགས་དུར་ཁྲོད་བརྒྱད་ཀྱིས་བསྐོར༔ རྡོ་རྗེ་མཚོན་ཆ་མེ་དཔུང་དམར་ནག་འཁྲིགས༔ དེ་ལྟར་གཞལ་ཡས་གྲུ་བཞི་ཐོག་རྩེ་མོར༔ གུར་འདྲ་ནོར་བུ་རིན་ཆེན་ཏོག་གིས་མཚན༔ ཕོ་བྲང་ཟླ་གམ་དམར་པོ་གྲུ་གསུམ་དབུས༔ གནམ་ལྕགས་འབར་བ་རྡོ་རྗེ་བྲག་ནག་སྟེང་དབུས་ནས་ཡར་རྩེ་མཆོང་གཟུང་གཡུའི་སྐན་ཕོ་བྲང་པད་ཉི་མི་རོའི་གདན་སྟེང་དུ༔ བདག་ལས་རྒྱུ་ཡི་ཡི་གེ་ཧཱུྃ་སྤྲོས་པས༔ ལྷ་ཆེན་མཐིང་ནག་རབ་བརྗིད་འཇིགས་པ་ཡི༔ ཞལ་གཅིག་ཕྱག་གཉིས་བེར་ནག་སྐུ་ལ་གསོལ༔ ཕྱག་གཉིས་རུ་མཚོན་སྙིང་དང་ཞགས་པ་བསྣམས༔ ཐོད་སྐམ་ལྔ་དང་སྦྲུལ་ནག་རལ་པ་འབར༔ སྦྲུལ་ནག་མགོ་ཕྲེང་སྙིང་གི་དམ་དམ་སྤྲས༔ སྐུ་ལ་གསེར་སྐད་མི་ལྤགས་བེང་ཆེན་བཙུགས༔ སྤྱན་གསུམ་ཁྲག་འདྲ་གྱེན་ཐུར་ཕྱོགས་བཅུར་བསྒྲད༔ ཞབས་གཉིས་གྱད་ཀྱི་འདོར་ཐབས་ཚུལ་དུ་བཞུགས༔ གཡས་སུ་


CMR028_Page_0045
[མ་དཔེ་གཟིགས་ན་འདིར་གནོན།]

སྲོག་བདུད་ནག་པོ་ཆེན་པོ་ནི༔ རྟ་ནག་རྟིང་དཀར་རྔམ་པ་རི་ཙམ་ཆིབས༔ མི་རོ་རྐང་བསྣོལ་ཤ་དག་དག་ལ་བཏགས༔ ཁ་ཊྭཱཾ་གྲི་གུག་ལྕགས་པར་ལག་ན་ཐོགས་སྐྲ་མཚམས་ཐོད་སྐམ་ལྔ་ཡིས་དབུ་ལ་བརྒྱན༔ ཐོད་རློན་སྦྲུལ་ཆུན་སྙིང་ཕྲེང་རྒྱན་དུ་ཐོགས༔ ལྕགས་གཞུ་བརྡུང་བཀུག་ཞགས་པ་གྲུ་ལ་བཀོན༔ སྟག་རལ་གཟིག་ཤུབས་འཁོར་གསུམ་སྐེད་ལ་བསྐོར༔ བྲང་ལ་སྤྱན་གསུམ་གསལ་བར་བལྟ༔ སྟག་དང་ཞིང་གི་སྐེ་རགས་ཁྲམ་ཤིང་བཙུགས༔ སྤྱན་ནས་ཁྲག་འཛག་མེ་ཡི་ཁ་རླངས་འཕྱོ༔ བདུད་མདའ་ཕྱིར་བཀང་གླིང་བཞི་ཀུན་ཏུ་རྒྱུགས༔ གཡོན་དུ་དཔལ་འབར་སྐུ་མདོག་དམར༔ རལ་གྲི་ཕྱར་ཞིང་ཐོད་ཁྲག་སྟོབ༔ གཡང་གཞི་སྟག་ལྤགས་ཉི་ཟླས་བརྒྱན༔ ཕྱི་རོལ་ཡང་འཁོར་བརྒྱད་པོ་ནི༔ ལྷ་དང་གཤིན་རྗེ་གནོད་སྦྱིན་ཀླུ༔ གཟའ་དང་མ་མོ་བདུད་དང་བཙན༔ འཁོར་གྱི་དམག་ཚོགས་ཁྲོམ་ལྟར་བསྐྱེད༔ དྲིལ་སྒྲུབ་བྱེད་ན༔ དེའི་འཁོར་དུ་རྒྱལ་ཆེན་སྡེ་བཞི༔ རེ་མ་ཏི༔ ཙན་དྲི་མ༔ མོན་ཕོ་མོན་མོ༔ ཡང་ཁོལ་སྡེ་བརྒྱད༔ ཤ་ཟ་ཁྲག་འཐུང་གི་འཁོར་བསམ་གྱིས་མི་ཁྱབ་པའི་ཚོགས་ཀྱིས་བཀའ་ཉན་ལས་བྱེད་པར་གྱུར༔ བདག་གི་ཐུགས་ཀ་ནས་ཨོཾ་


CMR028_Page_0046
[མ་དཔེ་གཟིགས་ན་འདིར་གནོན།]

ཨཱཿཧཱུྃ་འཕྲོས་པས་ཁོའི་སྤྱི་བོ་དང་མགྲིན་པ་ཐུགས་ཀར་ཕོག་པས༔ སྐུ་གསུང་ཐུགས་བྱིན་གྱིས་བརླབས༔ ཐུགས་སྲོག་ཧཱུཾ་ལས་འོད་ཟེར་འཕྲོས༔ བསིལ་བ་ཚལ་དང་ནཱ་ལེནྡྲ༔ རྡོ་རྗེ་གདན་དང་ཨུ་ཙ་ལ༔ འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ སངས་རྒྱས་བྱང་ཆུབ་སེམས་དཔའ་དང་༔ ཡི་དམ་ལྷ་ཚོགས་མཁའ་འགྲོ་དང་༔ ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་རྣམས༔ མ་ནིང་ལྷ་ཚོགས་གྱུར་ནས་སུ༔ བྱ་ནག་ཤ་ལ་རུབ་པ་བཞིན༔ འུར་འུར་ཐིབ་ཐིབ་ཆེམ་ཆེམ་བྱོན༔ མདུན་གྱི་ལྷ་ལ་གཉིས་མེད་ཐིམ༔ ལྷ་སྲིན་མཆོད་འབུལ་དགྱེས་པར་གྱུར༔ དེ་ནས་སྤྱན་འདྲེན་ནི༔ ཧཱུྃ་དད་པ་དང་ནི་མ་ཧཱ་ཀཱ་ལ་ས་མཱ་ཡ་ཏིཥྛ་ལྷན༔ དེའི་བར་ལས་བྱང་ལྟར༔ རང་གི་རྡོ་རྗེ་རྩེ་ལྔ་པའི་ཕྱག་རྒྱ་བྱས་ལ༔ ཧཱུྃ༔ ལྷ་ཆེན་མ་ནིང་འཁོར་བཅས་རྣམས༔ སྔོན་ཚེ་ཆེ་མཆོག་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ བདག་གི་ཅི་བཅོལ་ལས་གྱིས་ཤིག༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ ཡེ་ཤེས་ལྔ་ཡི་རྡོ་རྗེ་འདིས༔ མགོ་བོ་ཚལ་པ་བརྒྱར་འགེམས་འགྱུར༔ དེ་བས་དམ་ལས་མ་འདའ་ཅིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་ས་མ་ཧཱུྃ༔ ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགོན་པོའི་སྐུ་མཚམས་སུ་ལྕགས་ཀྱི་


CMR028_Page_0047
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་རྩེ་ལྔ་པ་ཅིག་བཞག་པར་བསམ༔ དེ་ནས་རྡོ་རྗེས་བདུད་རྩིའི་གཏོར་ལ༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ལས་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ དེ་ནས་ལས་བྱང་ནང་གི་ཕྱག་འཚལ་ནས་བཟུང་སྟེ་བསྟོད་པ་མ་རྫོགས་བར་ལས་བྱང་གཞུང་ལྟར་རོ༔ བདག་ཉིད་ཡི་དམ་ལྷར་གསལ་ངང་༔ ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས༔ མདུན་དུ་མགོན་པོའི་ཐུགས་ཀར་ཕོག༔ ཐམས་ཅད་རྒྱུད་བསྐུལ་འོད་ཟེར་དེ༔ སྟེང་འོག་ཕྱོགས་མཚམས་ཁྱབ་པར་སྤྲོས༔ ཕྱོགས་བཅུའི་སངས་རྒྱས་བྱང་སེམས་ནི༔ བུདྡྷ་བྷོ་དྷི་སཏྭ་དང་༔ མཁའ་འགྲོ་ཆོས་སྐྱོང་ཐམས་ཅད་དང་༔ ལྷ་སྲིན་སྡེ་བརྒྱད་ནུས་མཐུ་དང་༔ འཛམ་གླིང་མཐུ་དང་ནུས་པ་དང་༔ བྱིན་རླབས་ནུས་མཐུ་བསོད་ནམས་དང་༔ བཀྲག་དང་གཟི་མདངས་མ་ལུས་རྣམས༔ བསྡུས་ནས་མགོན་པོའི་ཐུགས་ཀར་ཐིམ༔ མགོན་པོའི་ཐུགས་ནས་རང་ལ་ཐིམ༔ གྲགས་པ་བཞི་ཡི་དངོས་གྲུབ་ཐོབ༔ བདག་གི་སྔགས་རྣམས་བཟླས་པ་ཡིས༔ མདུན་གྱི་གཙོ་འཁོར་ཐམས་ཅད་ཀྱིས༔


CMR028_Page_0048
[མ་དཔེ་གཟིགས་ན་འདིར་གནོན།]

བདག་གི་རམ་བུའི་ཚུལ་དུ་ནི༔ འུར་འུར་ལྡིར་ལྡིར་བཟླས་པར་གྱུར༔ ཤིན་ཏུ་གསལ་བའི་དམིགས་པ་བསྒོམས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གླུ་བྱ་རཾ་སིདྡྷི་ཧཱུྃ་ཿ དེ་ལྟར་རྒྱུན་དུ་བཟླས་གྱུར་ན༔ རི་རབ་གཡོ་ཞིང་རྒྱ་མཚོ་ལུད༔ གླིང་གཞི་གཡོ་འགུལ་སྙན་གྲགས་འཐོབ༔ བཀྲ་ཤིས་བྱིན་ཆེན་རྒྱུད་རྣམས་འཕེལ༔ འཇིགས་པ་ཀུན་ལས་རྣམ་པར་ཐར༔ འཇིག་རྟེན་འདི་ན་ཆེ་བཙན་ལྡན༔ གྲགས་པ་བཞི་ཡི་དངོས་གྲུབ་ཐོབ༔ སྟོང་གསུམ་འཁོར་ལོས་སྒྱུར་བར་ནུས༔ མཐར་ཕྱི་སྒྲུབ་ཡིན་ན་མདུན་བསྐྱེད་རང་ལ་བསྟིམ༔ དྲིལ་སྒྲུབ་ཡིན་ན་སྐུ་གཟུགས་ལ་བསྟིམ་མོ༔ གཞན་རྣམས་སྒྲུབ་གཞུང་ལྟར་རོ༔ ཞེས་པ་འདི་ནི་ཟུར་མང་ནང་སོས་བསྐུལ་ནས༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་མགོན་མ་ནིང་ལས་མ་ནིང་ཕྱི་སྒྲུབ་དང་དྲིལ་སྒྲུབ་གཉིས་ཀའི་འདོན་འགྲིགས།next