Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
དཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་དཀར་པོའི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་དཀར་པོའི་འདོན་འགྲིགས།next

དཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་དཀར་པོའི་འདོན་འགྲིགས།


CMR028_Page_0079
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ནག་པོ་ཡི༔ མ་ནིང་དཀར་པོའི་འདོན་འགྲིགས་བཞུགས་སོ༔


CMR028_Page_0080
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚོགས་ནི་སྒྲུབ་གཞུང་ལྟར་རོ༔ ཧཱུྃ་དེ་ནས་རང་ཉིད་ཆེ་མཆོག་གམ་རྟ་མགྲིན་ནམ་ཕྱག་རྡོར་དུ་གསལ་བའི་ངང་ནས༔ གཏོར་ཧཱུྃ་ལས་དུར་ཁྲོད་ཐོད་མཁར་འབར་བའི་དབུས་སུ༔ པདྨ་དང་ཉི་ཟླ་པཾ་གྱི་སྟེང་དུ༔ རྒྱུ་ཡི་ཡི་གེ་ཧཱུྃ་དཀར་པོ་ལས༔ འོད་ཟེར་ཕྱོགས་སྤྱིར་འགྲོ་བ་ཐམས་ཅད༔ ཁྱད་པར་རྣལ་འབྱོར་པ་བདག་གི་འཇིགས་པ་བརྒྱད་སོགས་ཞི་ཞིང་༔ འདོད་དགུའི་དབང་ཕྱུག་ཡིད་ཧཱུཾ་ལ་ཐིམ་པས་འོད་དུ་འབར༔ དེ་ཉིད་ཡོངས་སུ་གྱུར་པ་ལས༔ དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དཀར་པོ་ཞལ་གཅིག་ཕྱག་


CMR028_Page_0081
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་པ༔ རྒྱལ་པོ་རོལ་པའི་གཡས་བརྐྱང་གཡོན་བསྐུམ་འདུག་སྟང་ཅན༔ སྐུ་འགྱིངས་ཤིང་གསུས་ཁྱིམ་ཆེ་བ༔ གཡས་པ་ཐོད་པ་བུམ་པ་ཅན་དང་༔ གཡོན་ལྕགས་ཀྱུ་འཛིན་པ༔ དར་སྣ་ལྔའི་ཅོད་པན་དང་༔ སྟག་གི་ཤམ་ཐབས་ཅནི༔ ཞལ་ཁྲོ་ལ་འཛུམ་པ༔ གཡས་ན་བདུད་མགོན་རྟ་ནག་ལ་ཞོན་པ༔ གཡོན་དུ་དཔལ་འབར་མ་རལ་གྲི་དང་ཐོད་ཁྲག་འཛིན་པ༔ སྲོག་བདུད་ཡབ་ཡུམ་སྐུ་མདོག་དཀར་པོ༔ གཡས་བུམ་པ་གཡོན་ལྕགས་ཀྱུ་བཟུང་བ༔ མདུན་དུ་མ་ཧཱ་དྷེ་ཝ་དམར་པོ༔ མདའ་གཞུ་ལྕགས་སྒྲོག་འཛིན་པ༔ རྒྱབ་ཏུ་རྡོ་རྗེ་ལེགས་པ་སེང་གེ་ལ་ཞོན་པ་


CMR028_Page_0082
[མ་དཔེ་གཟིགས་ན་འདིར་གནོན།]

རྡོ་རྗེ་དང་ནེའུ་འཛིན་པ༔ ཕྱི་རོལ་དུ་ལྷ་སྲིན་སྡེ་བརྒྱད་བསྐྱེད་པ་ནི༔ སྐུ་མདོག་དཀར་པོ་གཡས་བདུད་རྩི་བུམ་པ་སྒྲུབ་པ་པོ་ལ་ཚེའི་དངོས་གྲུབ་སྟེར་བ༔ གཡོན་པས་ཡིད་བཞིན་གྱི་ནོར་བུ་འོད་འབར་བ་བསྣམས་པ་དགོས་འདོད་ཆར་བཞིན་དུ་འབེབས་པ༔ སྐུ་ལ་རིན་པོ་ཆེའི་དར་སྣ་ཚོགས་ཀྱིས་བརྒྱན་པ༔ ཞལ་ཁྲོ་འཛུམ་སྐུ་འཛུམ་པའི་ཆ་ལུགས་ཅན་དུ་བཞུགས་པ༔ ཕྱི་རོལ་ཕྱོགས་སྐྱོང་བཅུ་དང་དཔལ་མགོན་ལ་སོགས་པ༔ དེ་རྣམས་སྐུ་མདོག་དཀར་པོ་ཞི་བའི་ཆ་ལུགས་ཅན༔ གཡས་ལྕགས་ཀྱུ་གཡོན་རིན་པོ་ཆེ་བསྣམས་པ༔ དགོས་འདོད་ཆར་བཞིན་འབེབས་པར་གྱུར༔ འཁོར་ཡུག་ཏུ་ཡང་འཁོར་སྡེ་བརྒྱད་ལ་སོགས་པའི་འཁོར་ཐམས་ཅད་མི་སྡུག་པའི་ཚུལ་གྱིས་མ་ཡིན་པར༔ ཞི་བའི་ལས་དང་དགོས་འདོད་ཆར་ལྟར་འབེབས་པའི་ལས་ལ་བརྩོན་པ༔ བདག་དང་ད་ལའི་ལྷ་རྣམས་ལས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས༔ ཨུ་ཙ་ལ་དང་༔ འོག་མའི་དུར་ཁྲོད་བརྒྱད་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་སྤྱན་དྲངས༔ འུར་འུར་ཆེམས་ཆེམ་ཞུང་ཞུང་བྱིན་ཐིབས་ཐིབ་བྱོན་ནས༔ དཀྱིལ་འཁོར་གྱི་ལྷ་དང་གཉིས་སུ་མེད་པར་བཞུགས་པར་གྱུར༔ ལས་བྱང་གི་སྤྱན་འདྲེན་ལ༔


CMR028_Page_0083
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནིང་དཀར་པོ་གཤེགས་སུ་གསོལ༔ ལས་བྱང་ཕུད་བསྐང་ལ༔ ལས་མགོན་སྲོག་བདུད་དཀར་པོ་ཞེས་བསྒྱུར་རོ༔ གཞན་ལས་བྱང་གཞུང་ལྟར་བསྟོད་པ་ལ་མ་ཐུག་པར་བྱ༔ དེ་ནས་བསྟོད་པ་ནི༔ ཧཱུྃ་དུར་ཁྲོད་ཐོད་མཁར་མེ་རླུང་འཚུབ་འཁྱིལ་ནི༔ དངོས་གྲུབ་འབྱུང་གནས་གཏེར་གྱི་བདག་པོ་ནི༔ སྐུ་མདོག་དཀར་པོ་སྒེག་ཅིང་འགྱིང་བའི་གཟུགས༔ ཞི་བའི་ལས་མཛད་ཕྱག་གཡས་ཐོད་བུམ་འཛིན༔ དགོས་འདོད་ཀུན་འབྱུང་འགུགས་པའི་ལྕགས་ཀྱུ་གཡོན༔ སྤྱན་གསུམ་ཁྲོ་འཛུམ་མཆེ་བ་འཚམས་པར་གཙིགས༔ སྦྲུལ་ལྟ་དང་ཐོད་ཕྲེང་སེ་རལ་རྒྱན་དྲུག་སྤྱས༔ གཡས་བརྐྱང་གཡོན་བསྐུམ་རྒྱལ་པོ་རོལ་པའི་སྟབས༔ དར་སྣའི་ཅོད་པན་སྟག་ཤམ་བརྗིད་པར་བསྙིལ༔ དཔའ་བོ་ཆེན་པོ་སྒེག་གཏུམ་གར་དང་ལྡན༔ སྒྲུབ་པའི་རྡོ་རྗེ་རྣལ་འབྱོར་བདག་ཅག་གིས༔ ལྷ་ཆེན་ཁྱེད་ལ་བསྟོད་ཅིང་གསོལ་བཏབ་ཕྱིར༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ་བའི་ཕྱིར༔ བྱང་ཆུབ་སྒྲུབ་པའི་འགལ་རྐྱེན་བར་ཆད་ཚོགས༔ མ་ལུས་ཐམས་ཅད་ཞི་བར་མཛད་དུ་གསོལ༔ མི་ནོར་ཟས་གསུམ་གདུལ་བྱ་ཕྲིན་ལས་རྣམས༔ ཐམས་ཅད་མ་ལུས་ཆར་བཞིན་དབབ་ཏུ་གསོལ༔


CMR028_Page_0084
[མ་དཔེ་གཟིགས་ན་འདིར་གནོན།]

གཟུགས་ཅན་དགྲ་དང་གཟུགས་མེད་བགེགས་ལ་སོགས༔ ཚར་གཅོད་དྲག་པོའི་དངོས་གྲུབ་བསྩལ་དུ་གསོལ༔ འདོད་པའི་དངོས་གྲུབ་མ་ལུས་སྩོལ་བར་མཛོད༔ གཞན་རྣམས་སྒྲུབ་གཞུང་ལྟར་རོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་དཀར་པོའི་འདོན་འགྲིགས།next