Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
དཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་མགོན་སེར་གྱི་སྒྲུབ་པའི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་མགོན་སེར་གྱི་སྒྲུབ་པའི་འདོན་འགྲིགས།next

དཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་མགོན་སེར་གྱི་སྒྲུབ་པའི་འདོན་འགྲིགས།


CMR028_Page_0085
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ནག་པོ་ཡི༔ མ་ནིང་མགོན་སེར་གྱི་སྒྲུབ་པའི་འདོན་འགྲིགས་བཞུགས་སོ༔


CMR028_Page_0086
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚོགས་གཞུང་ལྟར་བྱའོ༔ མདུན་དུ་ད་ལའི་ངོ་བོར༔ དུར་ཁྲོད་ཀྱི་ཐོད་མཁར་རྒྱས་པའི་ཕོ་བྲང་གླིང་བཞིས་བསྐོར་བའི་དབུས་སུ༔ གཏོར་མའི་ངོ་བོ་དཔལ་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་གསེར་བཙོ་མ་ལྟ་བུ༔ ཞལ་གཅིག་ཕྱག་གཉིས་གཡས་པས་ཙནྡན་གྱི་བེང་དང་༔ གཡོན་པས་ནེའུ་ལེ་དང་ཞགས་པ་འཛིན་པ༔ སྐུ་ལ་ཟ་འོག་གི་བེར་ཆེན་གསེར་གྱི་པདྨ་རིས་ཡོད་པ༔ དབུ་ལ་ཐོད་སྐམ་ལྔའི་དབུ་རྒྱན་བྱས་པ༔ དབུ་སྐྲ་གྱེན་དུ་བརྫེས་པ༔ གསེར་སྐེད་རྐེད་ལ་བཅིངས་པ༔ ཞབས་ལ་སག་ཏིའི་ལྷམ་ཡོད་པ༔ པདྨ་དང་ཉི་ཟླ་གསེར་གྱི་བུམ་པ་


CMR028_Page_0087
[མ་དཔེ་གཟིགས་ན་འདིར་གནོན།]

བསྣོལ་བའི་སྟེང་དུ་གྱད་ཀྱི་འདོར་ཐབས་སུ་བསྒད་པ༔ སྐུ་རྒྱས་ཤིང་འགྱིང་བག་དང་ལྡན་པ༔ ཞལ་ཁྲོ་འཛུམ་གནོད་སྦྱིན་གྱི་ངང་ཚུལ་ལྟ་བུའོ༔ དེའི་གཡས་སུ་བདུད་མགོན་རྟ་ནག་ལ་ཞོན་པ་ནེའུ་ལེ་དང་ལྕགས་ཀྱུ་འཛིན་པ། གཡོན་དུ་ལྷ་མོ་རིན་པོ་ཆེའི་སྒྲོམ་ཕྱག་གཉིས་ཀྱིས་འཛིན་པ༔ མདུན་དུ་རྣམ་སྲས་དམར་པོ་བསེའི་གཞུ་ཅན༔ གཡས་རྒྱལ་མཚན་དང་གཡོན་ནེའུ་ལེ་འཛིན་པ༔ རྒྱབ་ཏུ་འཛམ་ལྷ་དམར་པོ་གཡས་རྒྱལ་མཚན་དང་གཡོན་པས་ནེའུ་ལེ་འཛིན་པའོ༔ གཞན་ཡང་མཐའ་སྐོར་དུ་ཡང་འཁོར་སྡེ་བརྒྱད་བསྐྱེད་པ་ནི༔ སྐུ་མདོག་སེར་པོ་འགྱིང་


CMR028_Page_0088
[མ་དཔེ་གཟིགས་ན་འདིར་གནོན།]

བག་དང་ལྡན་པ༔ ཞབས་གཡས་བསྐུམ་གཡོན་བརྐྱང་རོལ་པའི་འདུག་སྟངས་ཅན༔ ཞལ་ཁྲོ་འཛུམ་གནོད་སྦྱིན་གྱི་ངང་ཚུལ་ཅན༔ ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་བསྣམས་པ་དགོས་འདོད་ཆར་བཞིན་འབབ་པ་གཡོན་གཏེར་གྱི་ནེའུ་ལེའི་ཁ་ནས་དགོས་འདོད་རིན་ཆེན་སྐྱུག་པ༔ དར་སེར་པོའི་ཅོད་པན་འཕུར་བ་སྐུ་ལ་དར་དང་རིན་པོ་ཆེས་བརྒྱན་པ༔ སྒྲུབ་པ་པོ་ལ་དངོས་གྲུབ་སྩོལ་བའི་ཚུལ་དུ་བསྐྱེད༔ དེའི་ཕྱི་རོལ་དུ་ཕྱོགས་སྐྱོང་བཅུ་དང་དཔལ་མགོན་བདུན་ཅུ་རྩ་གཉིས་ལ་སོགས་པ་ཐམས་ཅད་ཀྱང་༔ སྐུ་མདོག་སེར་པོ་གསེར་བཙོ་མ་ལྟ་བུ་འོད་ཟེར་འཕྲོ་བ༔ འཇིག་རྟེན་གྱི་ཁམས་ཀྱི་ཚེ་བསོད་ནམས་དཔལ་འབྱོར་ཟས་ནོར་འཁོར་ལོས་སྒྱུར་བའི་རྒྱལ་སྲིད་མངའ་ཐང་ལོངས་སྤྱོད་ཐམས་ཅད་བསྡུས་ནས༔ རྣལ་འབྱོར་བདག་ལ་དངོས་གྲུབ་སྩོལ་བའི་ལས་ལ་བརྩོན་པར་གྱུར༔ འཇིག་རྟེན་ཁམས་ཀྱི་ཚེ་བསོད་དཔལ་འབྱོར་ཟས་ནོར་མངའ་ཐང་ཐམས་ཅད་བསྡུས་ནས་རྣལ་འབྱོར་པ་བདག་ལ་བྱིན་པར་གྱུར༔ བདག་དང་མགོན་པོ་འཁོར་བཅས་ཀྱི་གནས་གསུམ་གྱི་ཡིག་འབྲུ་གསུམ་ལས་འོད་འཕྲོས༔ འོག་མིན་ལྕང་ལོ་ཅན་དང་བསིལ་བའི་ཚལ་ལ་


CMR028_Page_0089
[མ་དཔེ་གཟིགས་ན་འདིར་གནོན།]

སོགས་ནས༔ ཡེ་ཤེས་པ་རྣམས་ཛཧཱུྃ་བཾ་ཧོ༔ ཞེས་ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་པས་སྤྱན་དྲངས་བས༔ མགོན་པོ་འཁོར་བཅས་བཞད་ཆིལ་ཆིལ་བྱིན་ཐིབས་ཐིབས་བྱོན་ནས༔ དཀྱིལ་འཁོར་ལྷ་རྣམས་ལ་དབྱེར་མེད་དུ་ཐིམ༔ དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་གྱུར༔ ལས་བྱང་གི་སྤྱན་འདྲེན་སྐབས་ལ་མ་ནིང་སོ་སོར་གཤེགས་སུ་གསོལ༔ ཞེས་བསྒྱུར་རོ༔ ལས་བྱང་ཕུད་སྐང་ལ་སྲོག་བདུད་ཅེས་བསྒྱུར་རོ༔ གཞན་ལས་བྱང་གཞུང་ལྟར་རོ༔ བསྟོད་པ་ནི༔ ཧཱུྃ༔ དུར་ཁྲོད་ཆེན་པོ་འབར་བའི་ཀློང་དཀྱིལ་ན༔ འཆོལ་བའི་ཁྲོ་རྒྱལ་རིན་ཆེན་གཏེར་གྱི་བདག༔ མ་བསྐུལ་བར་ཡང་ཕྲིན་ལས་སྒྲུབ་པའི་ལྷ༔ རྣལ་འབྱོར་སྐྱོང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་ཀླུ་གསེར་འདྲ་ཞལ་གཅིག་ཕྱག་གཉིས་པ༔ ཙནྡན་བེང་ཆེན་སྲིད་གསུམ་དབང་དུ་སྡུད༔ ནེའུ་ལེ་ཞགས་པས་ལོངས་སྤྱོད་ཆར་ལྟར་འབེབས༔ རིན་ཆེན་གཏེར་བདག་ཁྱེད་ལ་ཕྱག་འཚལ་བསྟོད༔ ཐོད་སྐམ་སྙིང་ཕྲེང་དབུ་སྐྲ་གྱེན་དུ་འབར༔ བརྗིད་པའི་སྐུ་ལ་ཟ་འོག་བེར་ཆེན་གསོལ༔ འདོར་ཐབས་ཞབས་གཉིས་རིན་ཆེན་གཏེར་བུམ་མནན༔ དངོས་གྲུབ་


CMR028_Page_0090
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་འབྱུང་ཁྱོད་ལ་ཕྱག་འཚལ་བསྟོད༔ ལས་མགོན་ནག་པོས་གླིང་བཞིའི་ལོངས་སྤྱོད་སྡུས༔ ཡུམ་མཆོག་ལྷ་མོས་སྲིད་དང་འཁོར་རྣམས་སྤེལ༔ རྒྱལ་ཆེན་རྣམ་སྲས་ལོངས་སྤྱོད་ཆར་ལྟར་འབེབས༔ ཛམ་ལྷ་རིན་ཆེན་འདོད་དགུའི་རེ་བ་བསྐང་༔ སྤྲུལ་འཁོར་ཡང་སྤྲུལ་བྱེ་བ་འབུམ་དང་བཅས༔ འཇིག་རྟེན་ཁམས་ཀྱི་ཚེ་བསོད་སྙན་དང་གྲགས༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་བཞིན་དུ༔ དངོས་གྲུབ་མ་ལུས་བདག་ལ་བསྩལ་དུ་གསོལ༔ ཅེས་བསྟོད་ཅིང་༔ ཀྱེ༔ མ་ཧཱ་ཀཱ་ལ་སྐུ་གསུང་ཐུགས་མི་གཡོ་བའི་ངང་ནས་དངོས་གྲུབ་སྩོལ་ཅིག༔ འཆི་མེད་ཚེའི་དངོས་གྲུབ་སྩོལ་ཅིག༔ འཛད་མེད་ནོར་གྱི་དངོས་གྲུབ་སྩོལ་ཅིག༔ རྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་སྩོལ་ཅིག༔ མི་འཛད་གཏེར་གྱི་དངོས་གྲུབ་སྩོལ་ཅིག༔ ཡོན་ཏན་རེ་སྐོང་གི་དངོས་གྲུབ་སྩོལ་ཅིག༔ ཕྲིན་ལས་འགྲོ་འདུལ་དངོས་གྲུབ་སྩོལ་ཅིག༔ དེ་ནས་གཞན་རྣམས་སྒྲུབ་གཞུང་ལྟར་རོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousདཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་མགོན་སེར་གྱི་སྒྲུབ་པའི་འདོན་འགྲིགས།next