Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
མ་ནིང་གི་ཡོན་ཏན་བཤད་པ་མདོར་བྱ།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་ནིང་གི་ཡོན་ཏན་བཤད་པ་མདོར་བྱ།next

མ་ནིང་གི་ཡོན་ཏན་བཤད་པ་མདོར་བྱ།


CMR028_Page_0091
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནིང་གི་ཡོན་ཏན་བཤད་པ་མདོར་བྱ༔ ༈ མ་ནིང་ལ་རྒྱུད་ལས། མ་ནིང་གི་དབང་ཐོབ་པའི་ཕན་ཡོན་ནི། ལོ་ཀ་འདི་ན་ཆེ་བཙན་ལྡན། །ཞི་རྒྱས་དབང་དྲག་བསམ་པ་འགྲུབ་། །མཆོག་དང་ཐུན་མོང་དངོས་གྲུབ་ཐོབ། །བཀྲ་ཤིས་ནོར་འཕེལ་མཐུ་རྩལ་ཆེ། །ཀུན་གྱི་ཡིད་འོང་གཙུག་ཏུ་ཁུར། །ཅེས་དང་། ཡང་། མདོར་ན་འདི་ཉིད་གསོལ་ཁས་འགྲུབ་། །མ་ནིང་ཡིན་ཕྱིར་བཟློག་ཏུ་མེད། །ཅེས་དང་། །སྙན་གྲགས་ཡོན་ཏན་བརྗོད་ལས་འདས། །ལས་ཀྱི་ཁ་ཚར་བསམ་མི་ཁྱབ། །ཅེས་དང་། ཐེམས་ཡིག་ལས། ཆོས་སྐྱོང་མཐར་ཐུག་མ་ནིང་ནག་པོ་འདི། །དགོས་འདོད་ཀུན་འབྱུང་ཡིད་བཞིན་ནོར་བུ་འདྲ། །ནད་རྣམས་ཀུན་འཇོམས་བུ་རམ་རྐྱལ་པ་འདྲ། །ཁམས་གསུམ་དབང་སྡུད་དབང་གི་ཞགས་པ་འདྲ། །དགྲ་བགེགས་ཚར་གཅོད་ཏིལ་དམར་རལ་གྲི་འདྲ། །བཀྲ་ཤིས་དར་རྒྱས་དཔག་བསམ་ལྗོན་ཤིང་འདྲ། །ཞེས་དང་། །གྲགས་པས་རྒྱལ་ཁམས་བཞིན་དུ་ཁྱབ་པར་འགྱུར། །ཕྲིན་ལས་གང་འདོད་བརྩམས་པས་ཐོགས་མེད་འགྲུབ། །དབུ་ནག་མི་ཡི་སྤྱི་བོའི་གཙུག་ཏུ་ཁུར། །བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་འགྱུར། །ཅེས་དང་། ཕྱི་ནང་ཆོས་


CMR028_Page_0092
[མ་དཔེ་གཟིགས་ན་འདིར་གནོན།]

སྐྱོང་བྱེ་བ་དཔག་མེད་ལས། །མཐར་ཐུག་མ་ནིང་འདི་འདྲ་ཡོད་རེ་ཀན། །ཅེས་དང་། མངོན་རྟོགས་ཡིག་ཆུང་ལས། དེ་ལྟར་རྒྱུན་དུ་བཟླས་གྱུར་ན། །རི་རབ་གཡོ་ཞིང་རྒྱ་མཚོ་ལུད་།གླིང་བཞི་གཡོ་འགུལ་སྙན་གྲགས་ཐོབ། །བཀྲ་ཤིས་བྱིན་ཆེ་རྒྱུད་རྣམས་འཕེལ། །འཇིགས་པ་ཀུན་ལས་རྣམ་པར་ཐར། །འཇིག་རྟེན་འདི་ན་ཆེ་བཙན་ལྡན། །གྲགས་པ་བཞི་ཡི་དངོས་གྲུབ་ཐོབ། །སྟོང་གསུམ་འཁོར་ལོས་སྒྱུར་བར་ནུས། །ཞེས་དང་། དར་ནག་ཁ་པར་དེས་ནི་བསོད་ནམས་གཟི་བརྗིད་བསྐྱེད། །ཁྲོམ་འདུ་གཡོ་འགུལ་སྙན་གྲགས་མཐུ་རྩལ་བཙན་ཐབས་སུ་འབྱུང་། །ཞེས་དང་། རྟགས་ཡིག་ལས། ཚེ་འདི་ཉིད་ལ་དངོས་གྲུབ་ཐོབ། །ཕྱི་མ་རྒྱལ་བའི་སྲས་སུ་འཁྲུངས། །གྲགས་པས་ཕྱོགས་ཀུན་ཁྱབ་པར་འགྱུར་། །ཅེས་དང་། གནད་ཡིག་ལས། དཔལ་མགོན་མ་ནིང་ནག་པོ་ནི། །མཐུ་དང་རྫུ་འཕྲུལ་མངོན་ཤེས་ལྡན། །བཀྲ་ཤིས་སྙིང་ཉེ་སྡོང་གྲོགས་བྱེད། །ཆོས་སྐྱོང་ཀུན་གྱི་མཐར་ཐུག་སྟེ། །ཞེས་དང་། རྟེན་རྫས་ཡིག་པར། དེ་ལྟར་རྟེན་རྣམས་འཚོགས་བྱས་ནས། །ཙནྡའི་འོད་ཟེར་ཀུ་མུའི་པད་སྙིང་བཞིན། །འབྲལ་མེད་རྣལ་འབྱོར་རྟག་ཏུ་སྐྱོབ་པ་


CMR028_Page_0093
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་། །བཀྲ་ཤིས་ནོར་ཕྱུགས་རྒྱུད་རྣམས་དར་བ་དང་། །ཞི་རྒྱས་དབང་དྲག་ཕྲིན་ལས་ཐོགས་པ་མེད། །ཡིད་ལ་གང་བསམ་ནོར་རྣམས་འགྲུབ། །འཇིགས་པ་བརྒྱད་དང་རྒྱབ་ཀྱིས་ཕྱོགས། །འཁོར་ལོས་སྒྱུར་བའི་རྒྱལ་པོ་ཡི། །བསོད་ནམས་སྟོབས་དང་ལྡན་པར་འགྱུར། །ཅེས་དང་། རྟེན་གཏོར་ལས། །ཡོན་ཏན་སྲིད་གསུམ་དབང་དུ་སྡུད། །བཀྲ་ཤིས་ནོར་འཕེལ་རིགས་རྒྱུད་དར། །ཞེས་དང་། དྲིལ་སྒྲུབ་ལས། རྟག་ཏུ་སྤང་བླང་མེད་པར་མཆོད་བསྟོད་བསྒྲུབ་རྫས་འཛོམ་ཞིང་བསྐང་གསོ་ལ་བརྩོན་ན། མ་ཐོབསྐུལ་པར་ཡང་ལས་ཐམས་ཅད་རང་བཞིན་གྱིས་འགྲུབ་པར་ཐེ་ཚོམ་མེད་དོ། །ཕྲིན་ལས་སྒྲུབ་པར་ལན་གཅིག་བསྒྲུབས་ནས་རྗེས་སུ་བསྐུལ་དང་གཏོར་ཟོར་དུག་པོ་རྡེབ་པ་ལ་སོགས་བྱས་པས། དགྲ་བོ་སྒྲོལ་བར་འགྱུར་རོ། །བཟློག་པས་མི་བཟློག་སྔགས་བདག་ཟློག་མཁན་ཁོ་རང་འཆིའོ། །ཞེས་དང་། བེང་བཟོ་གདན་ཡིག་ལས། དེས་ལུས་དང་གྲིབ་མ་བཞིན་དུ་འགྲོགས༔ མཐུ་དང་ནོར་དུས་གཅིག་ཏུ་འབྱུང་བའོ། །ལན་གསུམ་སྒྲུབ་ན་འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་འདྲའོ། །མཐུ་དང་ནོར་གང་བསམ་ཡིད་བཞིན་འགྲུབ། བཀྲ་ཤིས་བྱིན་


CMR028_Page_0094
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ། ཞེས་དང་། རྩོ་བའི་བསྒྲུབ་པ་ལས། ལན་གཅིག་བསྒྲུབས་ནས་གཏོར་ཟོར་དང་། །དམོད་བཅོལ་གཡབ་མོ་བརྡབས་པས་སྒྲོལ། །མདོར་ན་འདི་ཉིད་གསོལ་ཁས་འགྲུབ། །མ་ནིང་ཡིན་པས་བཟློག་ཐབས་མེད། །བཀྲ་ཤིས་སྙིང་ཉེ་མི་ནོར་འཕེལ། །ཟློག་བྱེད་ཡོད་ན་དགྲ་བོ་ཡི། །སྔོན་ལ་སྔགས་ནག་ཁོ་རང་ཕུང་། །ཁྱད་པར་ནད་པ་སྲིའུ་གསོ། །གཙུག་ལག་ཁང་གི་དཀོར་སྲུང་ཤིས། །ཞེས་དང་། སྐུ་མགོན་སྒྲུབ་པར། འཇིགས་པ་བརྒྱད་ཞི་བ་དང་། དངོས་གྲུབ་ཆར་ལྟར་ཕབ་པའི་གསང་སྒྲུབ་ཅེས་དང་། འདི་ནི་ཡིད་བཞིན་ནོར་བུ་ལྟ་བུའི་བསྒྲུབ་པ་སྟེ། རྐྱེན་ཕྱི་ནང་གི་བར་ཆད་སེལ་ཡིད་ལ་འདོད་པའི་དོན་ཐམས་ཅད་འགྲུབ།་བཀྲ་ཤིས་བྱིན་ཆེ། སྤྱིར་ཕྲིན་ལས་རྣམ་བཞིས་མཆོད་ལ་བརྩོན་པ་རང་གིས་འགྲུབ། ཅེས་དང་། སྔགས་མགོན་སྒྲུབ་པར། ཆོས་དང་ཟང་ཟིང་མཐུ་དང་སྙན་གྲགས་ལ་སོགས་གང་འདོད་འབྱུང་སྟེ་མགོན་པོ་དམར་པོ་ཡིད་བཞིན་ལྟ་བུའོ། །ཞེས་དང་་ཛམ་ནག་སྒྲུབ་པར། མཐུ་དང་ནོར་དུས་གཅིག་ཏུ་འབྱུང་བས་ཤིན་ཏུ་ཟབ་ཅིང་གནད་ཆེའོ། །རྗེས་ཀྱང་སྔགས་རྒྱུན་དུ་བརྒྱ་རེ་བཟླས་ན། འཁོར་ལོས་སྒྱུར་བའི་རྒྱལ་པོ་དང་


CMR028_Page_0095
[མ་དཔེ་གཟིགས་ན་འདིར་གནོན།]

འདྲའོ། །ཞེས་དང་། ཞེས་པ་སྔགས་པ་ཨ་རཱ་གས་བྲིས་སོ། །མངྒ་ལཾ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམ་ནིང་གི་ཡོན་ཏན་བཤད་པ་མདོར་བྱ།next