Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
དཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་དམར་པོ་སྒྲུབ་པའི་འདོན་འགྲིགས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousདཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་དམར་པོ་སྒྲུབ་པའི་འདོན་འགྲིགས།next

དཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་དམར་པོ་སྒྲུབ་པའི་འདོན་འགྲིགས།


CMR028_Page_0097
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ནག་པོ་ཡི༔ མ་ནིང་དམར་པོ་སྒྲུབ་པའི་འདོན་འགྲིགས་བཞུགས་སོ༔


CMR028_Page_0098
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚོགས་རྣམས་གཞུང་ལྟར་ལས་མདུན་དུ་ད་ལ་དམར་པོ༔ ཕྱི་ཐོད་པ་སྐམ་རློན༔ ནང་རིན་ཆེན་ལྔ་ལས་གྲུབ་པའི་དབུས་སུ༔ ཧཱུྃ་དམར་ནག་ལས་འོད་ཟེར་ཕྱོགས་བཅུར་འཕྲོས༔ རྒྱལ་བ་ཐམས་ཅད་ལ་མཉེས་པའི་མཆོད་པ་ཕུལ༔ སྣང་སྲིད་འཁོར་འདས་འོད་དམར་པོར་བསྡུས་ཏེ༔ ཧཱུྃ་ལ་ཐིམ་འོད་དུ་འབར་བ་ལས་ཡེ་ཤེས་ཀྱི་མགོན་པོ་སྐུ་མདོག་དམར་པོ་ཞལ་གཅིག་ཕྱག་གཉིས་སྤྱན་དམར་ཟླུམ་གཡོ་ཞིང་ཞལ་མཆེ་བ་བཞི་འཚམ་པར་གཙིགས༔ ཁྲོ་འཛུམ་རབ་ཏུ་འོད་ཟེར་དམར་པོ་འཕྲོས༔ ཐོད་སྐམ་གྱི་དབུ་རྒྱན༔ རལ་པའི་ཐོར་ཅོག་སྐུ་རྒྱབ་


CMR028_Page_0099
[མ་དཔེ་གཟིགས་ན་འདིར་གནོན།]

ཁེབས་པ༔ ཕྱག་གཡས་གྲི་གུག་དང་༔ གཡོན་པས་ཐོད་ཁྲག་འཛིན་པ༔ སྐུ་ལ་དར་དམར་གྱི་འཇོལ་བེར་གསོལ་བ༔ ཙནྡན་གྱི་བེང་རྐེད་ལ་བཙུགས་པ༔ ཞབས་ལ་བསེ་ཡི་སག་ཏི་དམར་པོ་གསོལ་བ༔ པདྨ་དང་ཉི་ཟླའི་སྟེང་ན་ཚོགས་བདག་དཀར་པོ་གཡས་བེ་ཏའི་འབྲས་བུ་དང་གཡོན་པས་ནེའུ་ལེ་ནོར་བུ་ཁྲ་ཆི་ལི་ལི་སྐྱུགས་པ་ཞབས་ཀྱིས་མནན་པ་ཅིག་བསྐྱེད༔ དེའི་གཡས་སུ་སྲོག་བདུད་དམར་པོ་བསེའི་གདོང་པ་ཅན༔ བྲ་ནག་རྟིང་དཀར་ལ་ཆིབས་པ༔ གཡས་པས་མདུང་དམར་དང་ལྕགས་ཀྱུས་དགྲ་བོའི་རྣམ་ཤེས་སྙིང་ནས་འདྲེན་པ༔ གཡོན་


CMR028_Page_0100
[མ་དཔེ་གཟིགས་ན་འདིར་གནོན།]

པས་ཁ་ཊྭཱཾ་དང་ཞགས་པས་དགྲ་བོའི་རྣམ་ཤེས་དབང་དུ་སྡུད་པའོ༔ གཡོན་དུ་ཡུམ་དཔལ་འབར་མ་དམར་མོ་རལ་གྲི་བྷན་འཛིན་པས༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་པའོ༔ མདུན་དུ་མ་ཧཱ་དེ་ཝ་དམར་པོ་ལྕགས་ཀྱུ་དང་ཞགས་པས་དགྲ་བོའི་རྣམ་ཤེས་རང་དབང་མེད་པར་སྡུད་པ༔ རྒྱབ་ཏུ་ཨ་པ་ར་ཙི་ཏ་དཀར་པོ༔ མིག་ལུག་ལ་ཁད་པ༔ གཡས་ནོར་བུ་གཡོན་ནེའུ་ལེ་འཛིན་པར་གྱུར༔ དེའི་ཕྱི་རོལ་དུ་ཡང་ཁོལ་བརྒྱད་ནི༔ སྐུ་མདོག་དམར་པོ་འོད་ཟེར་ལྕགས་ཀྱུའི་ཚོགས་མང་པོ་འཕྲོས་པས༔ ལྷ་འདྲེ་མི་གསུམ་གྱི་རྣམ་ཤེས་འཕྲོག་པ་ཞལ་ནས་འགུལ་འགུལ་ཡེང་ཡེང་སྔགས་དི་རི་རི་བཟླས་པས་འགྲོ་བ་ཕོ་མོའི་རྣམ་ཤེས་ཡིད་ཙམ་དུ་འཕྲོག་པ༔ ཞལ་ཁྲོ་འཛུམ་བཞེངས་པའི་ཆ་ལུགས་ལ་རིན་པོ་ཆེ་སྣ་ཚོགས་ཀྱིས་བརྒྱན་པ༔ རྣལ་འབྱོར་པ་ལ་དངོས་གྲུབ་སྩོལ་བའི་ལས་ལ་བརྩོན་པ༔ ཕྱིར་བསྐོར་དུ་ཡང་ཕྱོགས་སྐྱོང་བཅུ་དང་གཙང་རིགས་ཀྱི་མགོན་པོས་བསྐོར་བ་དང་བཅས་པ༔ སྐུ་མདོག་དམར་པོ་བཞེངས་པའི་ཆ་ལུགས་གཡས་ཐམས་ཅད་ཀྱིས་འགུགས་བྱེད་ཀྱི་ལྕགས་ཀྱུ་བསྣམས་པ༔ གཡོན་པས་ཞགས་པ་དམར་པོ་བསྣམས་ནས་འགྲོ་བའི་


CMR028_Page_0101
[མ་དཔེ་གཟིགས་ན་འདིར་གནོན།]

ཡིད་འཕྲོག་པ༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུད་ཅིང་༔ རྣལ་འབྱོར་པ་བདག་ལ་དངོས་གྲུབ་སྩོལ་བའི་ལས་ལ་བརྩོན་པར་གྱུར༔ བདག་དང་དཀྱིལ་འཁོར་ལྷ་རྣམས་རང་རང་གི་གནས་གསུམ་ལས་འོད་ཟེར་དམར་པོ་འཕྲོས༔ འོག་མིན་དང་བསིལ་བ་ཚལ་ནས་ཡེ་ཤེས་ཀྱི་མགོན་པོ་འཁོར་བཅས་ཐམས་ཅད་དབང་གི་མེ་འོད་རྗིབ་རྗིབ་བྱོན་པ་དམ་ཚིག་ཡེ་ཤེས་གཉིས་སུ་མེད་པར་ཆུ་ལ་ཆུ་ལྟར་དབྱེར་མེད་དུ་འདྲེས་པར་གྱུརཿ་ལས་བྱང་གི་སྤྱན་འདྲེན་ལ་མ་ནིང་དམར་པོ་གཤེགས་སུ་གསོལ༔ ཞེས་བསྒྱུར་རོ་ལས་བྱང་གི་ཕུད་བསྐང་སྐབས་ལ་སྲོག་བདུད་དམར་པོ་ཞེས་བསྒྱུར་རོ༔ གཞན་ལས་གཞུང་ལྟར་རོ༔ བསྟོད་པ་ནི༔ ཧཱུྃ༔ དུར་ཁྲོད་ཐོད་མཁར་འབར་བའི་ཀློང་དཀྱིལ་ཀྱན༔ དཔལ་ཆེན་དངོས་སྤྲུལ་ཡེ་ཤེས་མགོན་པོ་ནི༔ དབང་གི་སྐུ་མདོག་མེ་ཡི་མདོག་ལྟར་དམར༔ སྣང་སྲིད་དབང་དུ་སྡུད་ལ་ཕྱག་འཚལ་ལོ༔ གྲི་གུག་འབར་བས་སྲིད་གསུམ་དབང་དུ་སྡུད༔ བྷནྡ་ཁྲག་བཀང་ལོངས་སྤྱོད་ཆར་ལྟར་འབེབས༔ ཙནྡན་བེང་ཆེན་སྲིད་གསུམ་གཡོ་ཞིང་འགུལ༔ ཡོན་ཏན་མ་ལུས་རྫོགས་ལ་ཕྱག་འཚལ་བསྟོད༔ དབུ་སྐྲ་


CMR028_Page_0102
[མ་དཔེ་གཟིགས་ན་འདིར་གནོན།]

འབར་ཞིང་ནགས་ཚལ་ལྟ་བུར་གཏིབས༔ བརྗིད་པའི་བེར་དམར་གསེར་སྐེད་ཆིངས་དང་བཅས༔ འདོར་ཐབས་ཞབས་གཉིས་ལྷ་ཆེན་ཚོགས་བདག་བརྫིས༔ ཆེ་བའི་ཡོན་ཏན་བརྗོད་མི་ལང་ལ་བསྟོད༔ ཐོད་ཕྲེང་སྦྲུལ་ནག་སྙིང་ཕྲེང་སྐུ་ཡི་རྒྱན་དུ་བཀླུབས༔ སྣང་སྲིད་བྲན་ཁོལ་སྲིད་གསུམ་དབང་དུ་སྡུད༔ རྣལ་འབྱོར་བདག་གིས་མོས་པས་ཁྱོད་བསྐུལ་ན༔ ཁམས་གསུམ་དབང་དུ་སྡུད་ལ་ཕྱག་འཚལ་བསྟོད༔ ལས་མགོན་ཡུམ་དང་ཚོགས་བདག་ཙིཏྟར་བཅས༔ ཡང་འཁོར་སྤྲུལ་པ་འཁོར་ཚོགས་འབུམ་གྱི་ཚོགས༔ ཁམས་གསུམ་སྲིད་གསུམ་དབང་དུ་སྡུས༔ དགོས་འདོད་རེ་སྐོང་ཁྱོད་ལ་ཕྱག་འཚལ་བསྟོད༔ རྣལ་འབྱོར་བདག་ནི་སྒྲུབ་པའི་དམ་ཚིག་ཅན༔ མ་གཡེལ་ཐུགས་དམ་གནད་ནས་བསྐུལ་ལྷ་འདྲེ་མི་གསུམ་སྣང་བ་དབང་དུ་སྡུས༔ རྣལ་འབྱོར་བདག་གི་འདོད་པ་བསྩལ་དུ་གསོལ༔ བསྙེན་པ་ལ་སོགས་རྗེས་རྣམས་སྒྲུབ་གཞུང་ལྟར་རོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0103
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་ནག་པོ་ཡི༔ ཕྲིན་ལས་མགོན་པོའི་འདོན་འགྲིགས་བཞུགས་སོ༔


CMR028_Page_0104
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚོགས་རྣམས་སྒྲུབ་གཞུང་ལྟར་བྱ༔ མདུན་དུ་པདྨ་དང་ཉི་ཟླ་དང་རུ་ཏྲའི་སྟེང་དུ༔ ཕྲིན་ལས་མགོན་པོ་སྲོག་བདུད་ནག་པོ་སྐུ་མདོག་ནག་པོ་ཞལ་གཅིག་ཕྱག་གཉིས་པ༔ སྐུ་ལ་དར་ནག་གྱི་བེར་ཆེན་གསོལ་བ༔ རྐང་ལ་གསེར་ཞབས་ལ་སག་ཏི་གསོལ་བ༔ རྟ་ནག་རྟིང་དཀར་ལ་ཆིབས་པ༔ གཡས་པས་མདུང་ནག་ལ་བ་དན་བཏགས་པ་ཕྱར་བ༔ གཡོན་པས་སྙིང་དང་ཞགས་པ་བསྣམས་པ༔ ཁྲམ་ནག་རྐེད་ལ་བཅུག་པ༔ གྲུ་མོ་གཡོན་ལ་གཞུ་བཀང་བ༔ ཞལ་གདངས་པ༔ མཆེ་བ་གཙིགས་པ༔ ལྗགས་འདྲིལ་བ༔ སྨ་ར་སེར་པོ་དང་༔ སྨིན་མ་ལ་མེ་


CMR028_Page_0105
[མ་དཔེ་གཟིགས་ན་འདིར་གནོན།]

འབར་བ༔ རལ་པ་དམར་པོ་གནམ་དུ་གཟེངས་བ༔ སྤྲུལ་པའི་མོན་ནག༔ ཁྱི་སྤྱང་༔ དོམ་དྲེད༔ ཡང་འཁོར་བརྒྱད༔ ལྷ་ཀླུ་བརྒྱད༔ གཤིན་རྗེ་གནོད་སྦྱིན་ལ་སོགས་དཔག་ཏུ་མེད་པ་ཁ་གདངས་མིག་བསྒྲད༔ གཅོད་ཅིང་གསོད་པའི་ལས་ལ་རྔམ་པས་བསྐོར་རང་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་དུ་མགོན་པོའི་ཐུགས་ཀར་ཕོག༔ མགོན་པོའི་ཐུགས་ཀ་ནས་འོད་ཟེར་ཨུ་ཙ་ལ་དང་འོག་མིན་དང་དུར་ཁྲོད་ཆེན་པོ་བརྒྱད་ནས་མགོན་པོ་འཁོར་དང་བཅས་པ་སྤྱན་དྲངས༔ སྤྱན་འདྲེན་ནས་བཟུང་སྟེ་བཞུགས་


CMR028_Page_0106
[མ་དཔེ་གཟིགས་ན་འདིར་གནོན།]

གསོལ་བར་ལས་བྱང་ལྟར་བྱའོ༔ རང་གི་རྡོ་རྗེ་རྩེ་ལྔའི་ཕྱག་རྒྱ་བྱས་ལ༔ ཧཱུྃ༔ ལྷ་ཆེན་མ་ནིང་འཁོར་བཅས་རྣམས༔ སྔོན་ཚེ་ཆེ་མཆོག་སྤྱན་སྔ་རུ༔ ཇི་ལྟར་ཁས་བླངས་དམ་བཅས་བཞིན༔ བདག་གིས་ཅི་བཅོལ་ལས་གྱིས་ཤིག༔ གལ་ཏེ་བཀའ་ལས་འདས་གྱུར་ན༔ ཡེ་ཤེས་ལྔ་ཡི་རྡོ་རྗེ་འདིས༔ མགོ་བོ་ཚལ་པ་བརྒྱ་རུ་འགེམས་པར་འགྱུར༔ དེ་བས་དམ་ལས་མ་འདའ་ཞིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་བཛྲ་ས་མ་ཡ་སྟཱ༔ ཨ་བྷི་ཥིཉྩ་ཧཱུཾ་ཞེས་མགོན་པོའི་སྐུ་མཚམས་སུ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པ་གཅིག་བཞག་པར་གྱུར་དེ་ནས་རྡོ་རྗེས་བདུད་རྩི་གཏོར་ལ༔ འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ལས་འདས་ན་སྲེག་པར་བྱེད༔ དམ་ཚིག་སྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་སརྦ་པཉྩ་ཨ་མྲྀ་ཏ་ཀཱ་ཡ་ཝཱཀྐ་ཙིཏྟ་ཨོཾ་ཨཱཿཧཱུྃ༔ བདག་གི་ཐུགས་ཀ་ནས་ཨོཾ་ཨཱཿཧཱུྃ་གསུམ་འཕྲོས་པས༔ ཁོ་ཡི་སྤྱི་བོ་མགྲིན་པ་ཐུགས་ཀར་ཕོག་པས༔ སྐུ་གསུང་ཐུགས་བྱིན་གྱིས་རླབས༔ ཕྱག་འཚལ་ནས་བཟུང་བསྟོད་པ་ལ་མ་ཐུག་བར་ལས་བྱང་ལྟར་བྱའོ༔ དེ་ནས་བསྟོད་པ་ནི༔ ལྷ་ཆེན་མགོན་པོའི་བསྟོད་པའི་རྒྱལ་པོ༔ སྤྲུལ་སྐུ་རཏྣ་གླིང་པས་སྦྱར་བ་དེའི་ནང་གིས་


CMR028_Page_0107
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་པ༔ དེའི་ནང་གི་ལས་མཁན་སྲོག་བདུད་དང་༔ སྦྱོར་བའི་ཡུམ་མཆོག་ལྷ་མོ་དེ་གཉིས་ཀྱི་བསྟོད་པ་སྐྱུར་ལ༔ དེ་འཕྲོས་བསྟོད་པར་བྱའོ༔ འདི་ལ་བསད་དང་རང་གར་བསྙེན་པ་གཉིས་ཡོད་དེ༔ བསད་ལས་ལྟར་བྱེད་ན་གཞུང་དང་ཞལ་ཤེས་ལྟར་རོ༔ རང་གར་བསྙེན་པའི་ཞལ་ཤེས་གཅིག་ཐུགས་ལ་གབ་བོ༔ སྔགས་འཆང་རཱ་ག་ཨ་མྱས་བསྒྲིགས་པའོ༔ མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0109
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་པོ་མ་ནིང་ནག་པོ་ཡི༔ མ་ནིང་གསང་སྒྲུབ་ཀྱི་འདོན་འགྲིགས་བཞུགས་སོ༔


CMR028_Page_0110
[མ་དཔེ་གཟིགས་ན་འདིར་གནོན།]

བཅའ་ཚོགས་རྣམས་ནི་གཞུང་ལྟར་ལས་རང་ཉིད་མ་ནིང་བདག་བསྐྱེད་ཕྱི་སྒྲུབ་ལྟར་བྱ་བས་ཆོག༔ བདག་གི་མདུན་དུ་དུར་ཁྲོད་ཐོད་མཁར་འབར་བའི་གཞལ་ཡས་མེ་རླུང་འཚུབ་མ་དགུ་ཀློང་འཁྱིལ་བའི་དབུས་སུ༔ རཾ་ཕཊ༔ ཅེས་པས་སྐད་ཅིག་གིས་མ་ནིང་སྲོག་བདུད་ནག་པོ་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ༔ ཁ་ཊྭཱཾ་གྲི་གུག་ལྕགས་པར་གཡས་ན་བསྣམས༔ ཐོད་པ་སྙིང་དང་བཅས་པ་གཡོན་ན་བསྣམས༔ བདུད་མདའ་དགྲ་སྙིང་གཟིར་བའི་ཕྱིར༔ རྟའི་འཕོར་བ༔ སྤྱན་གསུམ་ཁྲག་མཚོར་འཁྱིལ༔ ཞལ་ནས་ཁྲག་འཛག་པ༔ རྣོ་ལ་རྔམ་པའི་མཆེ་བ་གཙིགས་


CMR028_Page_0111
[མ་དཔེ་གཟིགས་ན་འདིར་གནོན།]

པ༔ ཤངས་ནས་དུག་གི་རླངས་པ་འཕྱུར་བ༔ སྲིད་གསུམ་གཟིགས་ཕྱིར་སྤྱན་གསུམ་བྲང་ལ་ཤར་བ༔ དམག་དཔོན་བཞི་འགྱེད་པའི་ཕྱིར༔ སྤྱན་བཞིའི་ལྷུ་ཚིགས་ལ་བརྒྱན༔ ཉི་ཟླའི་སྐར་ཆེན་གྱི་འོད་འཕྲོ་བ༔ རྟ་ནག་རྟིང་དཀར་ལ་ཆིབས་ནས་གླིང་བཞི་ཡུད་ཙམ་ལ་བསྐོར་བ༔ སྟག་རལ་གཟིག་ཤུབས་གཡས་གཡོན་དུ་བཏགས་པ༔ ཐོད་པ་སྐམ་པོ་ལྔས་དབུ་ལ་བརྒྱན་པ༔ རློན་པ་ལྔ་བཅུ་སྙིང་དང་སྤེལ་ནས་དོ་ཤལ་བྱས་པ༔ མི་ལྤགས་དང་སྟག་ལྤགས་རློན་པའི་སྐེ་རགས་ཤམ་ཐབས་ལྟར་བྱས་པ༔ གསེར་རྐེད་རིན་ཆེན་འབར་བས་སྐེ་རགས་བཅིངས་པ༔ ཙནྡན་


CMR028_Page_0112
[མ་དཔེ་གཟིགས་ན་འདིར་གནོན།]

བེང་ཆེན་རྐེད་ལ་བཅུག་པ༔ བདུད་ཀྱི་ཁྲམ་ཤིང་ཐུགས་ཀར་འཛིན་པ༔ ཞབས་ལ་སག་ཏིའི་ལྷམ་པོ་ཆེ་གསོལ་བ༔ སྐུ་ལ་ནད་དུག་མཚོན་གྱི་ཆར་པ་དགྲ་བོའི་སྟེང་དུ་འཕྲོ་བ༔ སྣང་སྲིད་དྲེགས་པ་ཅན་ཕོ་རྒྱུད་ཀྱིས་བསྐོར་བ༔ དེའི་གཡོན་དུ་ཡུམ་མཆོག་ལྷ་མོ་དཔལ་འབར་མ༔ སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་མ༔ གཡས་བདུད་ཀྱི་ཁྲམ་ཤིང་ནག་པོ་བསྣམས་པ༔ གཡོན་ནད་ཀྱི་རྐྱལ་པ་སྦྲུལ་ནག་གི་ཁ་ཆིངས་ཅན་བསྣམས་པ༔ སྐུ་ལ་གླང་ཆེན་གྱི་ཀོ་རློན་དང་དར་ནག་གི་གོ་ཟུ་གསོལ་བ༔ གཟིག་གི་ཤམ་ཐབས་ཅན༔ ཞིང་ལྤགས་སྐེད་ལ་དཀྲིས་པ༔ ཐོད་པ་སྐམ་པོས་དབུ་ལ་བརྒྱན་པ༔ ཐོད་རློན་གྱི་ཕྲེང་བ་སེ་རལ་ཁར་ཐོགས་པ༔ དབུ་སྐྲ་གྱེན་དུ་བཅིངས་པ་ལ་ཟླ་ཚེས་རྨ་བྱའི་མདངས་དབུ་ལ་བརྒྱན་པ༔ ཞལ་གདངས་ཤིང་མཆེ་བ་གཙིགས་པ༔ སྤྱན་གསུམ་སྡང་མིག་དམར་ལ་ཟླུམ་པ༔ ཁ་ཊྭཱཾ་ག་ལ་ཞིང་ལྤགས་ཀྱི་གཡབ་མོ་བརྡབས་ནས་ཕྱར་བ༔ ལྕགས་ཀྱི་དྲེལ་ནག་རྐང་གསུམ་ལ་ཆིབས་པ༔ ནད་ཀྱི་གྲུ་གུ་སྔོ་དམར་ཁལ་དུ་བཀལ་བ༔ བཀའ་འཁོར་དྲེགས་པ་མོ་རྒྱུད་ཀྱི་བཀའ་ཉན་པར་གྱུར༔ དེའི་ཤར་དུ་ལྷ་ཆེན་སྲིད་པའི་གཙོ་བོ༔ ལྷོར་གཤིན་རྗེ་ཡ་མ་རཱ་


CMR028_Page_0113
[མ་དཔེ་གཟིགས་ན་འདིར་གནོན།]

ཙ༔ ནུབ་དུ་ཀླུ་བདུད་ནག་པོ་མགོ་དགུ༔ བྱང་དུ་གནོད་སྦྱིན་ཀ་ལ་ཡཀྵ༔ ཤར་ལྷོར་སྲོག་ཟན་བཙན་རྗེ་དམར་པོ༔ ལྷོ་ནུབ་ཏུ་མ་མོ་རིམས་ནད་བདག་མོ༔ ནུབ་བྱང་དུ་བདུད་པོ་རྐང་རྗེ་དྲང་དཀར༔ བྱང་ཤར་དུ་བཟའ་བདུད་དུ་བ་མཇུག་རིང་༔ དེ་རྣམས་ཀྱི་ཕྱག་ན་མཚོན་ཆ་སྣ་ཚོགས་བསྣམས་ནས༔ དགྲ་བོ་རྡུལ་དུ་བརླག་པར་གྱུར༔ ལྷ་གཙོ་འཁོར་ཐམས་ཅད་ཀྱི་ཞལ་ནས་ཧཱུཾ་ཧཱུཾ་དང་ཕཊ་ཀྱི་སྒྲ་སྒྲོག་ཅིང་༔ དམིགས་བྱའི་སྟེང་དུ་ནད་དུག་མཚོན་གྱི་ཆར་པས་རྡུལ་དུ་བརླག་པར་གྱུར༔ དེའི་སྔོན་དུ་ལྕགས་ཀྱི་བྱ་ཁྲ་བརྒྱད་ལྡིང་བ༔ གཡས་སུ་སྟག་གཟིག་ལྕེ་སྤྱང་མཆོང་བ༔ རྒྱབ་ཏུ་ཁྱི་ནག་འཁང་ཟུག་དང་རྒྱུག་པ༔ གཡོན་དུ་མི་ནག་གར་ཐབས་དང་རྒྱུག་པ༔ སྟེང་ན་བྱ་ནག་ལྕོག་མིག་ལྡིང་བ་ལ་གཙོ་འཁོར་རྣམས་ཀྱི་མཚོན་ཆ་དང་༔ ཁྲག་བུན་སྣ་ཚོགས་པ་ཕབ་པ༔ བདག་དཔལ་ཆེན་པོས་གང་བཅོལ་ལས་བསྒྲུབ་པར་གྱུར༔ རང་ཉིད་ཡི་དམ་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ མདུན་དུ་མགོན་པོའི་ཐུགས་ཀར་ཕོག༔ མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ ཨུ་ཙ་ལ་དང་འོག་མིན་གྱི་དུར་ཁྲོད་ཆེན་པོ་བརྒྱད་ནས་མགོན་པོ་འཁོར་བཅས་སྤྱན་དྲངས༔ དེ་ནས་སྤྱན་


CMR028_Page_0114
[མ་དཔེ་གཟིགས་ན་འདིར་གནོན།]

འདྲེན་ནས་བཟུང་སྟེ་བཞུགས་གསོལ་བར་ལས་བྱང་ལྟར་རོ༔ རང་ཉིད་ལྷ་ཡི་ཐུགས་ཀའི་ཧཱུྃ་ལས་ཁྲོ་ཆུང་རིང་འདྲ་བ་ཞིག་འཕྲོས་ནས་མགོན་པོའི་སྤྱི་གཙུག་ཏུ་གར་སྟབས་ཁྱུག་ཁྱུག་བྱེད་པར་གྱུར༔ རང་གི་ཕྱག་མཚན་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་གཅིག༔ ཁོའི་སྐུ་མཚམས་སུ་བཞག་ལ༔ ནག་པོ་ཆེན་པོ་ཁྱོད་ཀྱིས་སྔོན་དཔལ་ཆེན་པོའི་སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་པ་བཞིན་དུ༔ སྔོན་ཚེ་དཔལ་ཆེན་པོའི་བཀའ་མ་བཅག༔ ཆེ་མཆོག་ཧེ་རུ་ཀའི་བཀའ་དང་དམ་ལས་མ་འདའ་ཞིག༔ ཨོ་རྒྱན་པདྨ་འབྱུང་གནས་བཀའ་མ་བཅག༔ སྤྲུལ་སྐུ་རཏྣ་གླིང་པའི་དམ་ལས་མ་འདའ་བར༔ སྒྲུབ་པ་པོ་བདག་གིས་ཅི་བྱིན་གྱི་ཟས་ཟོ༔ ཅི་མངག་པའི་ལས་གྱིས་ཤིག༔ དེ་མ་བྱས་ན་ཡེ་ཤེས་རྡོ་རྗེས་མེ་རབ་ཏུ་འབར་བ་འདིས༔ ཁྱོད་ཀྱི་མགོ་བོ་ཚལ་པ་བརྒྱད་དུ་འགེམས་པར་འགྱུར་ཏ་རེ༔ ཞེས་དབང་རྟགས་སུ་བཞག༔ བདུད་རྩི་གཏོར་ཞིང་དམ་ཆུ་བླུད༔ དམ་ཚིག་བསྲུངས་ན་མཐུ་རྩལ་འཐོབ༔ དམ་ཚིག་ཉམས་ན་བརླགས་པར་འགྱུར༔ དེ་བས་དམ་ལས་མ་འདའ་ཞིག༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ས་མ་ཡཱ་ཨི་དན་ན་ར་ཀན༔ ཞེས་དམ་ཆུ་བླུད་པས་བཀའ་ཉན་གསུང་སྒྲུབ་ཅིང་བསྒོ་བའི་ལས་བྱེད་ཟེར་


CMR028_Page_0115
[མ་དཔེ་གཟིགས་ན་འདིར་གནོན།]

ནས༔ དམ་ལས་མི་འདའ་བར་ཁོས་མནའ་བསྐྱལ༔ སྤྱི་བོར་ཡི་དམ་ལྷ་ཚོན་གང་བ་གཅིག་བཞུགས༔ བདག་གི་ཐུགས་ཀ་ནས་ཨོཾ་ཨཱཿཧཱུྃ་གསུམ་འཕྲོས་པས་སྐུ་གསུང་ཐུགས་བྱིན་གྱིས་རླབས་པར་གྱུར༔ ཕྱག་འཚལ་ནས་བཟུང་སྟེ་བསྟོད་པ་ལ་མ་ཐུག་བར་ལས་བྱང་ལྟར་བྱའོ༔ བསྟོད་པ་ནི་ཐོད་མཁར་མས་བྱའོ༔ མགོན་པོའི་ཐུགས་ཀར་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུྃ་མཐིང་ནག་འོད་འབར་བ་གཅིག་གསལ་བའི་མཐའ་སྐོར༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཞེས་སོགས་སྔགས་ཀྱི་གཡས་སུ་བསྐོར་བར་གྱུར༔ རང་ཉིད་ཡི་དམ་ལྷའི་ཐུགས་ཀ་ནས་འོད་ཟེར་ཕོག༔ མདུན་དུ་མགོན་པོའི་ཐུགས་ཀ་ནས་འོད་ཟེར་འཕྲོས༔ སྟེང་ལྷ༔ བར་མི༔ འོག་ཀླུའི་ཚེ་བསོད་ནམས་དཔལ་གྲགས་པ་བཀྲ་གཟི་མདངས་ཐམས་ཅད་ཀླུ་བསྡུས་ནས་མགོན་པོའི་ཐུགས་ཀར་ཐིམ༔ མགོན་པོའི་ཐུགས་ཀ་ནས་བདག་ལ་དངོས་གྲུབ་ཀྱི་ཚུལ་དུ་རང་གི་ཐུགས་ཀར་ཐིམ་པར་གྱུར༔ སྔགས་བཟླས་པས་མགོན་པོ་འཁོར་དང་བཅས་པས་བཟླ་བར་གྱུར༔ ཡི་དམ་སྔགས་ལ་ཆོས་སྐྱོང་གི་སྔགས་བཏགས་ལ་བཟླས་སོ༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷ་ཡ་རཾ་སིདྡྷི་ཧཱུྃ་ཕཊ༔ མ་ཧཱ་ཀ་ལ་ཏྲི་ཡཾ༔ རུ་ཏྲ་ནག་པོ་ཛཿppཏྲིང་ལིང་


CMR028_Page_0116
[མ་དཔེ་གཟིགས་ན་འདིར་གནོན།]

གིང་ཀ་ར༔ འདི་ནི་བསྟན་པའི་སྤྱི་དོན་མ་གཏོགས༔ རང་དོན་དུ་སྒྲུབ་ན་དགྲ་སྲོག་བས་ཀྱང་རང་སྲོག་མྱུར་བར་གསུངས་སོ༔ མན་ངག་ཐམས་ཅད་ཐུགས་ལ་གབ༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ འདོན་འགྲིགས་ཙམ་པོ་འདི་ནི་ཟུར་མང་ནང་སོས་བསྐུལ་བ༔ སྔགས་འཆང་རཱ་ག་ཨ་སྱས་བསྒྲིགས་པའོ༔ ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0117
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་མ་ཧཱ་ཀཱ་ལ་ཡེ། སྔགས་འཆང་པདྨ་ཡེ་ཤེས་ཀྱིས། །མགོན་པོ་མ་ནིང་བསྒྲུབ་པ་ལ། །གོ་བ་འདི་ལྟར་བསྐྱེད་པ་གཅེས། །མ་ནིང་ཕྱི་ནང་གསང་བ་དང་། །ཡང་གསང་རྣམ་པ་བཞི་རུ་འདུས། །ཕྱི་ཡི་མགོན་པོ་མ་ནིང་ནི། །ཀུན་བཟང་ཆེ་མཆོག་སྤྲུལ་པ་སྟེ། །ས་དང་ལམ་གྱི་བར་ཆད་སེལ། །ཞིང་ཁམས་དག་པར་སྐྱེ་བར་བྱེད། །ཀུན་བཟང་ཧེ་རུ་ཀ་ཡང་ཡིན། །དམ་ཉམས་སྡིག་ཅན་ཐམས་ཅད་ཀྱི། །སྲོག་རྩ་གཅོད་ཕྱིར་སྲོག་བདུད་ཡིན། །རྒྱལ་པོ་དམ་ཅན་ཐམས་ཅད་དང་། །དོན་གྱི་ངོ་བོ་གཅིག་པར་གནས། །བདུད་རིགས་ཀུན་གྱི་རྒྱལ་པོ་སྟེ། །བདུད་རྒྱལ་ཐོད་ཕྲེང་ཞེས་སུ་གྲགས། །རཱ་ཧུ་ལ་དང་ངོ་བོ་གཅིག །ཡན་ལག་བྲང་རྣམས་སྤྱན་གྱིས་མཛེས། །གཟའ་བདུད་མ་ནིང་ཞེས་སུ་གྲགས། །ཀླུ་བདུད་མགོ་དགུ་ངོ་བོ་གཅིག །སྦྲུལ་ནག་རིལ་པས་ས་གཞི་ཁྱབ། །ཀླུ་བདུད་མ་ནིང་ཞེས་བྱའོ། །དཔེར་ན་མི་གཅིག་ལུས་པོ་ལ། །ཕོ་མཚན་མོ་མཚན་གཉིས་ཡོད་ན། །ཕོ་མོ་གཉིས་ཡིན་གཉིས་ཀ་ཡིན། །དེ་ལ་མ་ནིང་ཟེར་བ་ལྟར། །ལྷ་ཡིན་ཡི་དམ་ཧེ་རུ་ཀ །འདྲེ་ཡིན་སྲོག་བདུད་ཀླུ་བདག་གཟའ། །ཡེ་ཤེས་འཇིག་རྟེན་གཉིས་ཀ་ཡིན། །


CMR028_Page_0118
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནི་ཕྱི་ཡི་མ་ནིང་ཡིན། །ནང་གི་མ་ནིང་རང་གི་ལུས། །ཕུང་པོ་ལྔ་ནི་རིགས་ལྔ་སྟེ། །ཤ་ཁྲག་མི་གཙང་རྫས་ཀྱང་ཡིན། །གཙང་དང་མི་གཙང་གཉིས་ཀའོ། །གསང་བའི་མ་ནིང་རང་གི་སེམས། །རྟོགས་ན་ཕྱག་རྒྱ་ཆེན་པོ་སྟེ། །དུས་གསུམ་རྒྱལ་བའི་དགོངས་པ་དངོས། །མ་གཏོགས་བདག་འཛིན་འཁོར་བའི་རྒྱུ། །གཉིས་ཀ་ཡིན་པས་མ་ནིང་ཡིན། །ཡང་གསང་སེམས་ཀྱི་ངོ་བོ་དེ། །ཡོད་པ་མ་ཡིན་མེད་པ་མིན། །གཉིས་ཀ་མིན་པས་མ་ནིང་ངོ་། །ཕྱི་ཡི་མ་ནིང་བསྒྲུབས་ནས་ནི། །དགྲ་བགེགས་ཚར་གཅོད་བསྟན་པ་སྲུང་། །ཞི་རྒྱས་དབང་གི་དངོས་གྲུབ་ཞུ། །ནང་གི་མ་ནིང་བསྒྲུབས་ནས་ནི། །ལུས་ངག་ཡིད་གསུམ་གནས་འགྱུར་ནས། །སྐུ་གསུང་ཐུགས་ཀྱི་རྡོ་རྗེར་འགྲུབ། །གསང་བའི་མ་ནིང་བསྒྲུབས་ནས་ནི། །རྣམ་རྟོག་མ་རིག་ཆེན་པོ་དེ། །དག་པ་རིག་པའི་ཡེ་ཤེས་རྒྱས། །ཡང་གསང་དེ་ཁོ་ན་ཉིད་ཀྱིས། །མ་ནིང་སྒྲུབ་པས་འཁོར་བ་ཡི། །རྩ་བ་བཅད་ནས་མངོན་སངས་རྒྱ། །མ་ནི་སྟོང་ཉིད་བདག་མེད་དེ། །ནིང་ནི་གསལ་ཞིང་མ་འགགས་པ། །དེ་ཉིད་བསྒྲུབ་པའི་ཐབས་བསྟན་པ། །ཕྱི་སྣོད་འཇིག་རྟེན་ས་དང་རྡོ། །སྐྱེས་པ་བུད་མེད་ལ་སོགས་པ།


CMR028_Page_0119
[མ་དཔེ་གཟིགས་ན་འདིར་གནོན།]

མིག་གི་ཡུལ་དུ་མཐོང་བ་དང་། །རྣ་བའི་ཡུལ་དུ་ཐོས་པ་ཀུན། །རང་གི་སེམས་ཀྱི་རང་འོད་ཡིན། །གཞན་དུ་མ་གྲུབ་བློ་ཐག་ཆོད། །དེ་ནི་མ་ནིང་བསྙེན་པ་ཡིན། །ནང་གི་སེམས་ལ་བཟང་ངན་དང་། །གསལ་དྲན་འཇམ་རྩུབ་ཅི་ཤར་ཡང་། །གང་ཤར་བསྡམ་ག་མེད་པ་རུ། །མ་ཡེངས་ཙམ་དུ་ལྷོད་དེ་ཞོག །དེ་ནི་མ་ནིང་སྒྲུབ་པ་ཡིན། །དུག་ལྔའི་རྣམ་རྟོག་གང་ཤར་ལ། །གཅེར་གཅེར་བལྟས་པས་རང་སར་བསྒྲལ། །ཡེ་ཤེས་ལྔ་རུ་གནས་སྤར་བ། །དེ་ནི་མ་ནིང་ལས་སྦྱོར་ཡིན། །རང་སེམས་མ་ནིང་ནག་པོ་ལ། །རྒྱུན་*་དུ་རང་ཞལ་བལྟས་པ་ན། །དགོས་འདོད་ཐམས་ཅད་ལྷུན་གྱིས་གྲུབ། །དེ་ནི་མ་ནིང་འཛམ་ནག་ཡིན། །རྣམ་རྟོག་ཕྲ་རག་གང་ཤར་ལ། །རང་ངོ་བལྟས་པས་རང་སར་ཞི། །དེ་ནི་སྐུ་མགོན་ཞི་བ་ཡིན། །རང་སེམས་རང་གི་དབང་འདུས་ནི། །སྣང་སྲིད་ཐམས་ཅད་དབང་དུ་འདུས། །དེ་ནི་གསུང་མགོན་དབང་སྡུད་ཡིན། །ང་དང་བདག་ཏུ་འཛིན་པ་དེ། །རུ་ཏྲ་ཡིན་པས་རང་ངོ་བལྟ། །བདག་འཛིན་བདག་མེད་སྟོང་པར་བསྒྲལ། །དེ་ལ་ཐུགས་མགོན་མཐིང་ནག་ཟེར། །རང་སེམས་རྒྱུན་དུ་སྐྱོང་བ་ན། །བསོད་ནམས་ཡོན་ཏན་ཤེས་རབ་


CMR028_Page_0120
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱས། །རྒྱས་བྱེད་ཡོན་ཏན་མགོན་པོ་ཡིན། །བདུད་དང་དགྲ་ཞེས་བྱ་བ་སྟེ། །རྣམ་རྟོག་ཡིན་པས་གཅེར་གྱིས་ལྟོས། །སྟོང་པ་ཉིད་དུ་རང་སར་བརླག །མ་རྟོགས་འགྲོ་ལ་སྙིང་རྗེ་ཡང་། །རང་བཞིན་ཤུགས་ལ་འཆར་བ་ནི། །དྲག་པོ་ཕྲིན་ལས་མགོན་པོ་ཡིན། །དེ་ལྟར་བསྒྲུབ་པ་ཉམས་ལེན་གཉིས། །སོ་སོ་མ་ཡིན་ཐ་མི་དད། །དམིགས་པ་བསྒོམ་པ་སེམས་ཉིད་དེ། །ངོ་བོའི་ངང་ནས་བསྒོམ་པར་མཛོད། །ད་ལམ་ཉམས་མཚར་གསལ་འདེབས་སོ། །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།


previousདཔལ་མགོན་མ་ནིང་ནག་པོ་ཡི་མ་ནིང་དམར་པོ་སྒྲུབ་པའི་འདོན་འགྲིགས།next