Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
རཏྣའི་གཏེར་ཁ་མ་ནིང་བདུད་རྩི་ཟས་སྒྲུབ་ཀྱི་ལག་ལེན་བལྟས་ཆོག་ཏུ་བཀོད་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousརཏྣའི་གཏེར་ཁ་མ་ནིང་བདུད་རྩི་ཟས་སྒྲུབ་ཀྱི་ལག་ལེན་བལྟས་ཆོག་ཏུ་བཀོད་པའི་ཟིན་བྲིས།next

རཏྣའི་གཏེར་ཁ་མ་ནིང་བདུད་རྩི་ཟས་སྒྲུབ་ཀྱི་ལག་ལེན་བལྟས་ཆོག་ཏུ་བཀོད་པའི་ཟིན་བྲིས།


CMR028_Page_0127
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣའི་གཏེར་ཁ་མ་ནིང་བདུད་རྩི་ཟས་སྒྲུབ་ཀྱི་ལག་ལེན་བལྟས་ཆོག་ཏུ་བཀོད་པའི་ཟིན་བྲིས་བཞུགས་སོ༔


CMR028_Page_0128
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡ༔ མ་ནིང་ཟས་སྒྲུབ་ལག་ལེན་ཁྱེར་བདེ་ཟིན་བྲིས་བཀོད༔ ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ༔ ཟས་ཀྱི་ནང་ནས་བཀྲ་ཤིས་ཞོ་ཡིན་ཏེ༔ ཟླ་རྒྱས་ཞེས་བྱ་དཀར་མོ་སྨིག་རྒྱུ་མ༔ སངས་རྒྱས་ཀུན་གྱིས་རྫོགས་སངས་རྒྱས་ཁར་གསོལ༔ རྒྱ་ཇ་རོ་བརྒྱ་ལྡན་པའི་ཡིད་འཕྲོག་པ༔ ནག་པོ་ལ་སོགས་དཔག་བསམ་ཤིང་གི་བཅུད༔ ཟླ་ཁྲོམ་ཐུད་སོགས་རང་ཉིད་རང་གི་ཟས༔ རང་ཉིད་ཡི་དམ་ལྷར་གསལ་ཐུགས་ཀ་ནས༔ རཾ་ཡཾ་ཁཾ་འཕྲོས་མེ་ཆུ་རླུང་གསུམ་གྱུར༔ འབག་བཙོག་དྲི་མ་བསྲེགས་གཏོར་བཀྲུས་ཤིང་སྦྱངས༔ རིན་ཆེན་སྣོད་དུ་རོ་མཆོག་བརྒྱད་ལྡན་ཟས༔ དར་ཟབ་རིན་ཆེན་འབྲུ་སོགས་ཕུན་ཚོགས་


CMR028_Page_0129
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས༔ ཨོཾ་ཨཱཿཧཱུྃ༔ བརྗོད་མེད་ཡེ་ཤེས་བདུད་རྩིར་དམིགས༔ མདུན་དུ་དུར་ཁྲོད་ཐོད་མཁར་མེ་རླུང་དབུས༔ མགོན་པོ་གསེར་མདོག་ཁྲོ་འཛུམ་སྐུ་ཤ་རྒྱས༔ ཟ་འོག་བེར་ཆེན་པདྨ་རིས་ཅན་གསོལ༔ ཙནྡན་བེང་ཆེན་ནེའུ་ལེ་ཞགས་པ་བསྣམས༔ གསེར་སྐེད་སག་ལྷམ་རིན་ཆེན་རྒྱན་རྣམས་རྫོགས༔ པད་ཉི་གཏེར་བུམ་བསྣོལ་སྟེང་འདོར་ཐབས་བསྒྲད༔ གཡས་སུ་སྲོག་བདུད་ལྕགས་ཀྱུ་ནེའུ་ལེ་འཛིན་གཡོན་དུ་དཔལ་འབར་རིན་ཆེན་སྒྲོམ་བུ་འཛིན༔ མདུན་དུ་རྣམ་སྲས་དམར་པོ་གསེར་རྨོག་ཁྲབ༔ རྒྱབ་ཏུ་འཛམ་དམར་རྣམ་རྒྱལ་ནེའུ་ལེ་


CMR028_Page_0130
[མ་དཔེ་གཟིགས་ན་འདིར་གནོན།]

འཛིན༔ དེ་རྒྱབ་ཡང་འཁོར་བརྒྱད་དང་དཔལ་མགོན་ཚོགས༔ རིན་ཆེན་ནེའུ་ལེ་འཛིན་ཏེ་ཇོ་སེར་འདྲ༔ རང་བཞིན་གནས་ནས་ཡིད་ཀྱིས་སྤྱན་དྲངས་བསྟིམ༔ བདག་གི་ཐུགས་ཀའི་འོད་ཟེར་ཕོག་པ་ཡིས༔ གཙོ་འཁོར་རྣམས་ལས་འོད་དམར་དཔག་མེད་འཕྲོས༔ རྒྱལ་བའི་བྱིན་རླབས་ཆོས་སྐྱོང་དངོས་གྲུབ་སྩོལ༔ འཇིག་རྟེན་ཟས་ནོར་ཚེ་བསོད་བཀུག་དང་བཅུད༔ ལྷ་ཀླུ་མི་ཡི་ལོངས་སྤྱོད་མངའ་ཐང་སྟོབས༔ འོད་ཟེར་དམར་པོར་བསྡུས་ནས་ཟས་ལ་ཐིམ༔ དེ་ལྟར་བསྒོམ་ཞིང་སྔགས་འདི་ཅི་མང་བསྒྲངས༔ ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་ལྕོགྲུ་ཡ་ཨཱཡུ་པུཎྱ་སིདྡྷི་ཧཱུྃ༔ རཏྣ་སརྦ་སིདྡྷི་ཿ རབ་སྟོང་འབྲིང་བརྒྱ་ཐ་མ་བདུན་ནམ་ཉེར་གཅིག༔ དེ་ནས་བསྟོད་པ་འདི་ཉིད་ཚང་མ་འམ་བསྡུ་ན་ཤོ་ལོ་ཀ་གཅིག་བརྗོད་པས་འཐུས༔ ཧཱུྃ༔ དུར་ཁྲོད་ཐོད་མཁར་འབར་བའི་ཀློང་དཀྱིལ་ནས༔ འཆོལ་བའི་ཁྲོ་རྒྱལ་རིན་ཆེན་གཏེར་གྱི་བདག༔ མ་བསྐུལ་པ་ཡང་ཕྲིན་ལས་སྒྲུབ་པའི་དཔལ༔ རྣལ་འབྱོར་སྐྱོང་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ སྐུ་མདོག་གསེར་འདྲ་ཞལ་གཅིག་ཕྱག་གཉིས་པ༔ ཙནྡན་བེང་ཆེན་སྲིད་གསུམ་དབང་དུ་བསྡུས༔ ནེའུ་ལེ་ཞགས་པའི་རིན་ཆེན་ཆར་དུ་འབེབས༔ རིན་ཆེན་གཏེར་


CMR028_Page_0131
[མ་དཔེ་གཟིགས་ན་འདིར་གནོན།]

བདག་ཁྱོད་ལ་ཕྱག་འཚལ་བསྟོད༔ ཐོད་སྐམ་སྙིང་འཕྲེང་དབུ་སྐྲ་གྱེན་དུ་འབར༔ བརྗིད་པའི་སྐུ་ལ་ཟ་འོག་བེར་ཆེན་གསོལ༔ འདོར་སྟབས་ཞབས་གཉིས་རིན་ཆེན་གཏེར་བུམ་མནན༔ དངོས་གྲུབ་ཀུན་འབྱུང་ཁྱོད་ལ་ཕྱག་འཚལ་བསྟོད༔ ལས་མགོན་ནག་པོས་གླིང་བཞིའི་ལོངས་སྤྱོད་བསྡུས༔ ཡུམ་མཆོག་ལྷ་མོས་སྲིད་དང་འཁོར་རྣམས་༔ སྤེལ༔ རྒྱལ་ཆེན་རྣམ་སྲས་ལོངས་སྤྱོད་ཆར་ལྟར་འབེབས༔ ཛཾ་ལྷ་རིགས་ལྔས་འདོད་དགུའི་རེ་བ་བཀང་༔ སྤྲུལ་འཁོར་ཡང་སྤྲུལ་བྱེ་བ་འབུམ་གྱིས་བསྟོད༔ འཇིག་རྟེན་ཁམས་ཀྱི་ཚེ་བསོད་སྙན་གྲགས་དང་༔ འཁོར་ལོས་སྒྱུར་བའི་རྒྱལ་པོ་ཇི་བཞིན་དུ༔ དངོས་གྲུབ་མ་ལུས་བདག་ལ་བསྩལ་དུ་གསོལ༔ བཏུང་བ་ཡིན་ན་སྟབ་ལ་བགྲེས་ཤིང་འཐོར༔ བཟའ་བ་ཡིན་ན་ཕུད་མཆོད་ཚུལ་དུ་བཞག༔ དྲིན་ཆེན་རྩ་བའི་བླ་མའི་ཞལ་དུ་བཟའ་བ་ཡིན་ན། བྷ་ལིཾ་ཏ་ཁཱ་ཧི༔ བཏུང་བ་ཡིན་ན༔ ཨོ་ཨཱཿཧཱུྃ༔ དཔལ་མགོན་མ་ནིང་ནག་པོའི་ཞལ་དུ༔ ལས་མགོན་སྲོག་བདུད་ནག་པོའི༔ ཡུམ་ཆེན་དཔལ་ལྡན་ལྷ་མོའི༴ རྒྱལ་ཆེན་རྣམ་སྲས་དམར་པོའི༴ གཏེར་བདག་ཛཾ་ལྷ་ནག་པོའི༴ ཡང་འཁོར་ལྷ་སྲིན་སྡེ་བརྒྱད༔ དཔལ་


CMR028_Page_0132
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་བདུན་ཅུ་རྩ་ལྔའི་ཞལ་དུ༴ གོང་ལྟར། དེ་ནས་རང་གི་གང་འདོད་དངོས་གྲུབ་ཀུན༔ ཐོབ་པར་བསམ་ཤིང་བཟའ་བཏུང་ལོངས་སྤྱོད་དེ༔ ཕྱི་མའི་ལས་ལ་སྦྱིན་པ་མི་རུང་ཞིང་༔ ནང་འཁོར་རྣམས་ལ་སྦྱིན་ཀྱང་འགལ་བ་མེད༔ མཐར་ནི་ཆོས་སྐྱོང་འཁོར་རྣམས་གཙོ་བོར་བསྟིམ༔ གཙོ་མོ་རང་ཐིམ་བསྒོམ་ཞིང་མི་དམིགས་བཞག་འབད་དང་སྩོལ་བས་སོགས་བཀྲ་ཤིས་ཤོག༔ བཀལ་བ་ཙམ་གྱི་བརྩོན་པས་འགྲུབ་པ་ཡིན༔ བཟའ་བཏུང་ཞིམ་དགུ་ལོངས་སྤྱོད་བྱེད་པ་དང༔ འདི་འདྲའི་དམ་པ་མཆོག་ཏུ་མི་ལྡན་ན༔ གཅིན་སྟུག་ཡང་པའི་སྣོད་ལ་འབྲས་བུ་མེད༔ འདི་ཀུས་བཀའ་ཡིག་ཆེན་པོ་ཐོབ་པའི་ཟས༔ བླ་མ་ཆོས་སྐྱོང་མཆོད་པས་ཚོགས་རྫོགས་ཏེ༔ ཆོས་སྐྱོང་སྒྲུབ་པའི་དམ་རྫས་མཆོག་ཏུ་འགྱུར༔ བསོད་ནམས་མངའ་ཐང་ལོངས་སྤྱོད་སྐྱེད་པ་དང་༔ མགོན་པོ་འཁོར་བཅས་ཡང་ནི་ཞོར་ལ་འགྲུབ༔ རྟག་ཏུ་བརྩོན་ན་འཁོར་ལོས་སྒྱུར་རྒྱལ་གྱི༔ མངའ་ཐང་དག་དང་མཚུངས་པར་འགྲུབ་པར་འགྱུར༔ འོན་ཀྱང་རྟག་ཏུ་འདི་དག་མ་འགྲུབ་ཀྱང་༔ རང་ཉིད་དགའ་བའི་བཟའ་བཏུང་ཡ་མཚན་ཅན༔ རྙེད་ཚད་བྱས་པས་བཟའ་བཏུང་འཕེལ་བ་ཡིན༔ ༧ རཱ་ག་ཨ་སྱ་ཇ་ལ་དགའ་བའི་དཔེ༔ ནག་པོ་བཏུང་རྒྱུ་རྙེད་ཚད་འདི་ལྟར་བྱས༔ དེ་ནས་ཉམས་སུ་མྱོང་བ་དང་༔ བསྡུས་ནས་སློབ་བུ་པདྨ་ཐབས་མཁས་ལ༔ ཤིན་ཏུ་ཡང་ཟབ་གསེར་ཆོས་ཚུལ་དུ་གདམས༔ ཨོ་རྒྱན་བྱེ་བ་ཕྲག་བརྒྱའི་བཀའ་སྲུང་བ༔ ཆོས་སྐྱོང་ཀུན་གྱི་ཡང་སྙིང་མ་ནིང་འདི༔ བཟློག་པས་མི་བཟློག་སྔགས་


CMR028_Page_0133
[མ་དཔེ་གཟིགས་ན་འདིར་གནོན།]

བཟློག་མཁན་གྱི་གཤེད༔ དེ་ཕྱིར་ཆོས་སྐྱོང་ཀུན་གྱི་མཐར་ཐུག་ཡིན༔ འདི་ཡི་སྒྲུབ་པ་ལོགས་སུ་མ་ཐོན་ཀྱང་༔ འདི་ཉིད་རྒྱུན་དུ་བྱས་ན་དེ་གས་མཐུས༔ འདི་ཡང་སྒྲུབ་ཐབས་སྣ་གཅིག་ཡིན་ཕྱིར་རོ༔ དེ་སྐད་སྔགས་འཆང་༧ རཱ་ག་ཨ་སྱས་ཡིས༔ རྟ་ལོ་ཐ་སྐར་ཉེར་གཅིག་གུང་ལ་སྨྲས༔ འབྲོང་བཙུན་པདྨ་ཐབས་མཁས་ཞེས་བྱ་བས༔ ལག་པ་རྫུ་འཕྲུལ་རླུང་གི་རྟ་ལ་ཞོན༔ ཕྱི་རབས་སྔགས་འཆང་རྣམས་ལ་ཕན་ཕྱིར་བྲིས༔ འདི་ལ་སྦ་འོས་གསལ་བཀོད་ཉེས་མཆིས་ན༔ མ་མོ་མཁའ་འགྲོ་ཆོས་སྐྱོང་རྣམས་ལ་བཤགས༔ དགེ་བས་ཟབ་གཏེར་བསྟན་པ་མཐའ་རྒྱས་ཤོག༔ བཀྲ་ཤིས་ཤོག །མངྒ་ལཾ། ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousརཏྣའི་གཏེར་ཁ་མ་ནིང་བདུད་རྩི་ཟས་སྒྲུབ་ཀྱི་ལག་ལེན་བལྟས་ཆོག་ཏུ་བཀོད་པའི་ཟིན་བྲིས།next