Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
སྐུ་མགོན་དཀར་པོའི་ཞལ་གདམས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousསྐུ་མགོན་དཀར་པོའི་ཞལ་གདམས།next

སྐུ་མགོན་དཀར་པོའི་ཞལ་གདམས།


CMR028_Page_0143
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མགོན་དཀར་པོའི་ཞལ་གདམས་བཞུགས་པ་བདེ་ལེགས་སུ་གྱུར་ཅིག


CMR028_Page_0144
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་མགོན་དཀར་པོའི་མངོན་རྟོགས། ལས་བྱང་བཅོལ་གཏམ། བསྐང་གསོལ་ཐུན་གསུམ་མམ་བཞི་སྟེ། ཐུན་དངོས་ཀྱི་དམིགས་པ་ནི། རང་ཉིད་རྟ་ཕག་ཡབ་ཡུམ་གྱི་སྤྱི་བོར་ཨོ་རྒྱན་སྤྲུལ་སྐུ་སོགས་ཐུགས་ཀར་ལྟར་གསལ་བའི༔ རང་གི་སྙིང་དབུས་ཉི་མའི་སྟེང་དུ་ཧཱིདམར་པོ་འགྲེངས་ཏེ་གནས་པའི་མཐར༔ ཨོཾ་མ་ཧ་རི་ཎི་སོགས་ཛཿppགཡས་སུ་ཀྱི་ལི་ལི་འཁོར་བཞིན་པ་ལ་མདུན་དུ་མགོན་པོའི་ཐུགས་ཀར་ཧཱུྃ་དཀར་པོ་འགྲེངས་ཏེ་གནས་པའི་མཐར་གཡས་བསྐོར་དུ། མགོན་པོའི་སྔགས་འཁོར་བཞིན་པ་ཡི་གེ་ཐམས་ཅད་ལངས་ཏེ་གནས་པ་ལ་རང་གི་ཐུགས་ཀའི་སྔགས་


CMR028_Page_0145
[མ་དཔེ་གཟིགས་ན་འདིར་གནོན།]

ཕྲེང་ལས་འོད་ཟེར་གྲུབ་པའི་བཟླ་རྒྱུའི་སྔགས་ཕྲེང་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟར་འཕྲོས་ནས་རང་གི་ཞལ་ནས་ཕར་འཕྲོས་མགོན་པོའི་ཞལ་དུ་མཆོད་པའི་ཚུལ་དུ་ཕུལ་བས་མགོན་པོའི་ཐུགས་ཀར་ཐིམ། ཐུགས་ཤིན་ཏུ་མཉེས་ནས། ཞི་བའི་ཕྲིན་ལས་བཅོལ་རྒྱུ་ཡིན་པར་ཐུགས་ཀྱིས་མཁྱེན་། སྔོན་གྱི་དམ་ཚིག་དྲན་ནས་སྐུ་ལས་འོད་ཟེར་དཀར་པོ་ཟླ་བའི་འོད་ལྟ་བུ་ཕྱོགས་ཐམས་ཅད་དུ་འཕྲོས་པས་བདག་ཅག་སློབ་དཔོན་མི་ནོར་འཁོར་དང་བཅས་པ་དང་། བསྟན་པ་དང་བསྟན་འཛིན་རྣམས་ལ་དེང་ནས་སངས་རྒྱས་མ་ཐོབ་ཀྱི་བར་དུ་གནོད་ཅིང་འཚེ་བའི་ནད་ཐམས་ཅད་དང་།


CMR028_Page_0146
[མ་དཔེ་གཟིགས་ན་འདིར་གནོན།]

གདོན་ཐམས་ཅད་དང་། བར་ཆད་ཐམས་ཅད་དང་། མེའི་འཇིགས་པ། ཆུའི་འཇིགས་པ། དུག་གི་འཇིགས་པ། དགྲའི་འཇིགས་པ། རྒྱལ་པོའི་ཆད་པའི་འཇིགས་པ། ཆོམ་རྐུན་གྱི་འཇིགས་པ། གཅན་གཟན་གྱི་འཇིགས་པ། མཚོན་ཆའི་འཇིགས་པ་ལ་སོགས་པ། འཇིགས་པ་བརྒྱད་དང་བཅུ་དྲུག་གི་གནོད་པ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པའམ་མུན་པ་ལ་ཉི་མ་ཤར་བ་ལྟར་ཞི་མགོན་པོ་འཁོར་བཅས་ཀྱིས་ཀྱང་རམ་བུའི་ཚུལ་དུ་སྔགས་སྒྲ་དི་རི་རི་བཟླས། དེ་ནས་སངས་རྒྱས་བྱང་སེམས་བླ་མ་ཡི་དམ་མཁའ་འགྲོ་ཞི་བའི་དངོས་གྲུབ། འཇིག་རྟེན་སྐྱོང་བ་ལྷ་སྲིན་སྡེ་བརྒྱད་ཀྱི་ཞི་བའི་ལས་འགྲུབ་པའི་ནུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་མགོན་པོའི་ཐུགས་ཀར་སིབས་སེ་བསྡུས་ནས་མགོན་པོའི་ཐུགས་ཀའི་སྔགས་ཕྲེང་ལས་ཞི་བའི་དངོས་གྲུབ་ཀྱི་ངོ་བོ་ཡིན་པ་ལ། རྣམ་པ་སྔགས་ཕྲེང་དཀར་པོ་མུ་ཏིག་གི་ཕྲེང་བ་ལྟར་མགོན་པོའི་ཞལ་ནས་ཚུར་བྱུང་། རང་གི་ཞལ་དུ་ཞུགས་ནས་སྙིང་གའི་ཧྲིདང་སྔགས་ཕྲེང་ལ་ཐིམ་པས་ཞི་བའི་དངོས་གྲུབ་ཐམས་ཅད་ཐོབ་སྟེ། སྡིག་སྒྲིབ་བར་ཆད་ཐམས་ཅད་ཞི། ད་ཕྱིན་ཆད་ཞི་བའི་ཕྲིན་ལས་བསྒྲུབ་པ་ལ་ཐོགས་པ་མེད་པའི་དངོས་གྲུབ་


CMR028_Page_0147
[མ་དཔེ་གཟིགས་ན་འདིར་གནོན།]

ཐོབ་པར་བསྒོམ་ཞིང་བཟླས་སོ། །སྔགས་འདི་ཚིག་གི་འགྱུར་སྒྲ་ཐད་སོར་བསྒྱུར་ན། ཨོཾ་ནི་ཡེ་ཤེས་ལྔ། ཤྲཱི་ནི་དཔལ། མ་ཧཱ་ཆེན་པོ། ཀཱ་ལ་ནག་པོ། གྷ་ན་ཚོགས། གྷ་རྒྱ་གསང་བ། ཀཱ་ལི་ནག་པོ། སརྦ་ཐམས་ཅད། པུཎྜི་རྒྱས་པ། ཀུ་རུ་སྤེལ་ཚིག །སྭཱ་ཧཱ་གཞི་ཚུགས་ཞེས་པར་འགྱུར་ན་ཡང་འདི་དོན་འགྱུར་སྒྲ་ཐང་ལོག་ཡིན་པས། ཡེ་ཤེས་ལྔའི་དཔལ་ནག་པོ་ཆེན་པོ་སྟེ།་མགོན་པོ་དང་གསང་བའི་ལྷ་མོ་ནག་པོའི་ཚོགས་ཀྱིས་སྡིག་པ་དང་སྡུག་བསྔལ་ཐམས་ཅད་ཞི་བ་དང་། དགེ་ལེགས་ཀྱི་ཚོགས་ཐམས་ཅད་རྒྱས་པར་མཛོད། ཅེས་གསུངས་བ་ཞིག་འོང་བར་སྣང་ངོ་། །ༀ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྲུ་རྒྱ་ཀཱ་ལི་སརྦ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་ལྟར་འདོན་ནོ། འདི་ལ་བོདུན་གསུམ་ལྷག་ཙམ་ཚར་ནས་དངོས་གྲུབ་ལེན་པ་ནི།་དངོས་གྲུབ་ལེན་པའི་གཏོར་མ་ཟླུམ་པོ་སུམ་བརྩེགས་སྟེང་དུ་ཟླུམ་པོ་རྩེ་ནོར་བུ། ལྟོ་བར་མེ་ཏོག་གིས་བརྒྱན་པ། སྦྲང་བུ་རམ། ཤིང་ཏོག་ཟས་སྣ་ཚོགས་ཤ་ཐུད་ཀྱིས་བརྒྱན་པ་ཐེབ་ཙེའི་ནང་གསར་དུ་བཅའ་ལ། གཞན་འདོན་ལུགས་ནི་གཞུང་ལྟར་ལས། རང་གི་ཐུགས་ཀའི་འོད་ཟེར་སྔགས་ཕྲེང་མགོན་པོ་ལ་ཕོག །མགོན་པོའི་


CMR028_Page_0148
[མ་དཔེ་གཟིགས་ན་འདིར་གནོན།]

འོད་ཟེར་གྱིས་སྣང་སྲིད་འཁོར་འདས་ཀྱི་ཞི་བའི་དངོས་གྲུབ་ཐམས་ཅད་འོད་དཀར་པོའི་རྣམ་པར་བསྡུས་ནས་འབྲང་རྒྱས་ལ་ཐིམ་པར་བསྒོམ་ཞིང་། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་གྷ་ན་གྷ་ཡ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཿ སྔགས་འདི་ཞག་གསུམ་མམ་ལྔ་ཙམ་ཡང་ན་ཁྲི་སོགས་ཅི་ཐོན་བཟླས། དེ་ནས་ལས་བྱང་གི །ཧོ་དགོངས་སུ་གསོལ་སོགས། འཇིགས་པ་བརྒྱད་དང་བཅུ་དྲུག་བར་ཆད་ཐམས་ཅད་ཞི་བར་མཛད་དུ་གསོལ། ཞེས་བརྗོད་ནས་དེ་ནས་གྲོལ་ཁ་གཞུང་ལྟར་སྒྲུབ་གཏོར་གྱིས་རང་ལ་དབང་བསྐུར་ནས། ཅུང་ཟད་དངོས་གྲུབ་ཏུ་བཟའ། ཕྱི་མི་ལ་མི་སྦྱིན་ནོ། །ལྷ་ཡེ་ཤེས་པ་དར་ནག་དང་། ནང་གི་འདག་སྐུ་ལ་བསྟིམ། བཀྲ་ཤིས་བསྔོ་བ་སྨོན་ལམ་སོགས་བྱའོ། །བུ་ཡེ་ཤེས་ཀྱིས་སྒྲུབ་དུས། ༧ རཱ་ག་ཨ་སྱས་ཞལ་གདམས་བྲིས། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0149
[མ་དཔེ་གཟིགས་ན་འདིར་གནོན།]

རཏྣ་གླིང་པའི་ཐུགས་ཏིག་མ་ནིང་འཛམ་ནག་གི་ཞལ་ཁྲིད་བཞུགས་པ་དགེ་ལེགས་འཕེལ༔


CMR028_Page_0150
[མ་དཔེ་གཟིགས་ན་འདིར་གནོན།]

མཆོད་གཞི་གྲུ་བཞི་མདའ་གང་སྟེང་དུ་འབྲུའི་ཚོམ་བུ་ལྔ། དེ་རྒྱབ་ཏུ་བརྒྱུད་བཀོད་པར་བྱ། དེའི་དབུས་སུ་གཞུང་ལྟར་གའུ་བཞག༔ དེ་དང་མཉམ་དུ་གཏོར་མ་རིན་ཆེན་འབར་བ་རྟག་གཏོར་དུ་བཞག༔ དེའི་མདུན་དུ་རྒྱུན་གཏོར་གསོ་བྲན་བྱེད་རྒྱུ་བཞག༔ མཐར་མཆོད་པས་བསྐོར་བཤམ་བྱ༔ ཡོད་ན་གཡས་སུ་བདུད་རྩི་གཡོན་དུ་རཀྟ་བཞག༔ མེད་ཀྱང་རུང་ངོ་༔ དང་པོ་ཡི་དམ་གང་རུང་བདག་བསྐྱེད་བྱས་ནས་དེ་ནས་སྐད་ཅིག་ལ་གནས་གྱུར་ནས་ཕྱག་རྡོར་བསྒོམ་པའམ༔ ཕྱག་རྡོར་མངོན་རྟོགས་ཡོད་ན་བདག་བསྐྱེད་བྱས༔ མདུན་བསྐྱེད་འདོན་འགྲིགས་ལྟར༔ འཛམ་


CMR028_Page_0151
[མ་དཔེ་གཟིགས་ན་འདིར་གནོན།]

ནག་མངོན་རྟོགས་དང་མ་ནིང་ལས་བྱང་སྤྱན་འདྲེན་ནས་བཟུང་སྟེ་བསྟོད་པ་ཡན་ཆད་བྱ༔ རང་ཕྱག་རྡོར་ཐུགས་ཀར་ཕྱག་རྡོར་སྔགས་ཀྱིས་བསྐོར༔ མདུན་མ་ནིང་འཛམ་ནག་གཙོ་བོའི་ཐུགས་ཀར་ཧཱུྃ་མཐིང་གི་ནང་དུ་ཛམ་ཡིག་ནག་པོ༔ ཧཱུཾ་མཐར་སྔགས་གཡས་བསྐོར༔ འཁོར་ཐམས་ཅད་ཀྱི་ཐུགས་ཀར་རང་མདོག་ཛ་ཡིག་རེ་རེ་བྷེ༔ རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་མདུན་བསྐྱེད་གཙོ་འཁོར་ལ་ཕོག༔ དེ་རྣམས་ཀྱི་སྐུ་ལས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས་པས་འཇིག་རྟེན་ཁམས་ཀྱི་ཚེ་བསོད་དངོས་གྲུབ་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས༔ སྐུ་འདྲ་དང་


CMR028_Page_0152
[མ་དཔེ་གཟིགས་ན་འདིར་གནོན།]

དབྱེར་མེད་ཛཾ་ནག་ལ་ཐིམ་པས་གཙོ་འཁོར་ཐམས་ཅད་ཀྱི་ཕྱག་གཡས་ཡིད་བཞིན་གྱི་ནོར་བུ་ལས་དགོས་འདོད་སྣ་ཚོགས་ཆར་ལྟར་བབ༔ ཕྱག་གཡོན་གཏེར་གྱི་ནེའུ་ལེའི་ཁ་ནས་རིན་པོ་ཆེ་སྣ་ཚོགས་སྐྱགས་པས་གནས་ཁང་བང་མཛོད་དང་༔ ས་ཕྱོགས་འདི་ཐམས་ཅད་རིན་པོ་ཆེ་སྣ་ཚོགས་ཀྱི་ཁྲ་ཆི་ལི་ལི་གང་བར་བསྒོམ་པ་ཁོ་ན་ཡིན་ནོ༔ དམིགས་པ་དེ་ཁོ་ནས་ཆོག༔ གཞན་བདག་མདུན་བར་དུ་འོད་ཟེར་དང་སྔགས་འཁོར་སོགས་མི་དགོས་སོ༔ དེ་ལ་ཐུན་བཞི་སྟེ། ད་ནངས་ཡི་དམ་རྒྱལ་བ་རྒྱ་མཚོའི་བདག་བསྐྱེད་དམ༔ རྩ་གསུམ་མཆོད་ཕྲེང་པདྨ་འོད་འབར་གུ་དྲག་རྟ་མགྲིན་སོགས་གང་རེད་ཅིག༔ དེ་ནས་ཕྱག་རྡོར་དུ་གནས་འགྱུར་མངོན་རྟོགས་བསྒོམ༔ དེ་ནས་མ་ནིང་ཛོ་ནག་ལས་བྱང་རྐྱང་པ་དང་བསྙེན་པ་ཉིན་ཕྱེད་ལས་བྱང་ཚར་གཅིག་དང་གསོལ་ཁ་བཅོལ་གཏམ༔ དགོང་ཁ་ལས་བྱང་དང་བསྐང་བ་ཆེན་པོ༔ མུན་རུབ་ནས་རྒྱུན་ཁྱེར་ཆག་མེད་གང་ཡོད་དང་བློ་ལ་ཡོད་ན་མངོན་རྟོགས་ཡིད་ཀྱིས་གསལ་བཏབ་ནས་སྤྱན་འདྲེན་མན་ཆད་ལས་བྱང་ཚར་གཅིག་དང་ལས་བྱང་བློ་ལ་མེད་ན་གཏོར་བསྔོས་གྲ་ལ་མ་ནིང་རྩ་སྔགས་ལ་ཁཱ་ཧི་བཏགས་པས་འཐུས༔ དེ་ཐུན་གཅིག་ལ་བརྩི་བ་དེ་ལྟར་ཉིན་


CMR028_Page_0153
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་མཚན་བཞི་དང་༔ ཐུན་མཚམས་སུ་ཆག་མེད་ཀྱི་ཐུགས་དམ་རིགས་གང་ཡོད་ནམ་དགར་བྱའོ༔ དུས་ཞག་བདུན་གསུངས་ཀྱང་༔ བསྙེན་སྔགས་རིང་བ་ལ་ཁྲི་ཚོ་བཅུ་གསུམ་བྱ་བ་གལ་ཆེ༔ དེ་ཚར་ནས་བསྙེན་སྔགས་རིང་བ་དེ་ལ་ལས་སྦྱོར་སྔགས་དེ་བཏགས་པ་ཁྲི་ཚོ་གསུམ་བྱའོ༔ དེ་ནས་མདུན་བསྐྱེད་གའུ་ནང་གི་སྐུ་ལ་བསྟིམ༔ བཀྲ་ཤིས་བརྗོད། གཏོར་མ་དངོས་གྲུབ་ཏུ་ཅུང་ཟད་བཟའ་བའོ༔ ཞེས་པ་ཡེ་ཤེས་ལ་ཕན་ཕྱིར་འཕྲལ་དུ་རཱ་ག་ཨ་སྱས་སོ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


CMR028_Page_0155
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་མགོན་མ་ནིང་གི་ཐུགས་ལྕགས་རྟེན་འཛུགས་གཏོར་འབུལ་འདོད་གསོལ་བཞུགས་སོ།། ཧཱུྃ། ཉི་མ་བྱང་ཤར་ཕ་ཀི་ན། །དུར་ཁྲོད་ཆེན་པོའི་དཀྱིལ་ཤེད་ན། །སྐུ་མཁར་དེ་ནི་ལྡེམ་པ་ལ། །མི་མགོ་རྟ་མགོ་ལུག་གི་མགོ །སྤྲེལ་མགོ་བརྩེགས་པའི་ནང་ཤེད་ན། །བདུད་སྤྲུལ་ནག་པོ་བཞུགས་པ་ནི། །སྐུ་མདོག་མཐིང་ནག་འཇིགས་པ་ལ། །སྐུ་ལ་དར་ནག་བེར་ཆེན་གསོལ། །གསེར་ཆབ་དྲི་ལྤགས་སྐེད་ལ་བཅིང་། །དགྲ་མགོ་དགྲ་སྙིང་བསྲེས་མ་ཡི། །དོ་ཤལ་བྱས་ཏེ་བདུད་དམག་འགྱེད། །ཕྱག་གཡས་རྩེ་གསུམ་བ་དན་སྒྱུ་ཕྱིར། །གཡོན་པས་དགྲ་སྙིང་ཞལ་དུ་གསོལ། །འདིར་གཤེགས་དམ་རྫས་གཏོར་མ་བཞེས། །ཐུགས་ལྕགས་ཐོད་མཁར་རྟེན་གཏོར་རྣམས། །མགོན་པོ་ནག་པོའི་རྟེན་དུ་བཙུགས། །རྟེན་ལ་འཁོར་ཞིང་བཞུགས་སུ་གསོལ། །ལྷ་ཆེན་ཁྱོད་ལ་བསྟོད་པའི་མཐུས། །རྣལ་འབྱོར་བདག་ཅག་འཁོར་བཅས་ལ། །དགྲ་བགེགས་གནོད་པ་མ་བཏང་ཞིག །སངས་རྒྱས་བསྟན་པ་སྲུང་བ་དང་། །དཀོན་མཆོག་དབུ་འཕང་བསྟོད་པ་དང་། །རྣལ་འབྱོར་སྐུ་ཚེ་བསྲིང་བ་དང་། །བདག་ཅག་རྣལ་འབྱོར་འཁོར་བཅས་ཀྱི། །ཚེ་


CMR028_Page_0156
[མ་དཔེ་གཟིགས་ན་འདིར་གནོན།]

དང་བསོད་ནམས་འཕེལ་བ་དང་། །དཔལ་དང་གྲགས་པ་ཐོབ་པ་དང་། །འཁོར་དང་བསྟན་པ་བསྲུང་བ་དང་། །ས་ཞིང་མགོ་སྦྲ་ཁྱིམ་གཞིས་བང་མཛོད་ལ། །ལྷ་དཀར་པོ་དཔེ་རྟེན་ནོར་རྫས་དང་། །རྐང་འགྲོས་ཕྱུགས་ལུག་འོག་རྟ་གྲ་ཁལ་གྱི། །གཉེར་དང་བློན་པོ་ཁྱོད་ཀྱིས་གྱིས། །ཕྱི་རྐུན་ནང་ལ་མ་བཏང་ཞིག །ནང་རྐུན་བྱུང་ལ་མ་འགྱེད་ཅིག །རང་རེ་གཉིས་ཀའི་དཀོར་ནོར་དང་། །དགྲ་རྐུན་ཇག་པས་ཁྱེར་བའི་དུས། །ར་མདའ་རྗེས་གཅོད་ཁྱོད་ཀྱིས་གྱིས། །ཕྲིན་ལས་མཛད་པའི་དུས་ལ་བབ། །ད་ནི་ཕྲིན་ལས་མྱུར་དུ་མཛོད། །བཅོལ་བའི་ཕྲིན་ལས་འགྲུབ་པར་མཛོད། །རྩ་སྔགས་བྷ་ལིང་ཁཱ་ཧི་སྦྱར། མ་ནིང་གཏོར་འབུལ་མི་འགྱུར་རྡོ་རྗེས་མཛད་པ་ལས། རྟེན་འཛུགས་དང་བཅོལ་གདམ་གྱི་འདོད་གསོལ་ཅུང་ཟད་ཨ་རཱ་གས་སྤེལ་བའོ།།


CMR028_Page_0157
[མ་དཔེ་གཟིགས་ན་འདིར་གནོན།]

ཧཱུྃ༔ འོག་མིན་གནས་མཆོག་དམ་པ་ནས༔ ཡོངས་རྫོགས་དཔལ་གྱིས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ སྟེང་ཕྱོགས་དགའ་ལྡན་ལྷ་ཡུལ་ནས༔ ལྷ་ཆེན་དཔལ་འབར་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ བསིལ་བ་ཚལ་གྱི་དུར་ཁྲོད་ནས༔ མ་ནིང་ནག་པོས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ ཨུ་ཙ་ལ་ཡི་དུར་ཁྲོད་ནས༔ སྲོག་བདུད་ནག་པོའི་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ མེ་རླུང་འཚུབ་མའི་ད་ལ་ནས་ཡུམ་མཆོག་དཔལ་འབར་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ བདུད་རྒྱལ་ཐོད་ཕྲེང་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ གནམ་ལྕགས་སྤུ་གྲིས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ ཚོགས་བདག་ནག་པོས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ བྷ་ག་ནག་པོས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ བྱ་རྒོད་ཐང་ནག་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ ཏ་ཀི་ནག་པོས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ འཛམ་ལྷ་ནག་པོས་བྱིན་ཕོབ་


CMR028_Page_0158
[མ་དཔེ་གཟིགས་ན་འདིར་གནོན།]

ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ གཟའ་བདུད་ནག་པོས་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ ཆོས་སྐྱོང་ཆེན་པོའི་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ གཙུག་ལག་ཁང་སྐྱོང་བྱིན་ཕོབ་ལ༔ མོས་པའི་བུ་ལ་དབང་བསྐུར་ཅིག༔ ཁམས་གསུམ་དབང་དུ་འདུ་བའི་དབང་བསྐུར་ཅིག༔ སྲིད་གསུམ་ཟིལ་གྱིས་གནོན་པའི་དབང་བསྐུར་ཅིག༔ ཕྲིན་ལས་རྣམ་བཞི་འགྲུབ་པའི་དབང་བསྐུར་ཅིག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་ཤྲཱི་ཧེ་རུ་ཀ་ཧཱུྃ་ཕཊ༔ མ་ཧཱ་ཀྲོ་ཏི་ཤྭ་རི་སིཾ༔ ཨོཾ་ཤྲཱི་མ་ལ་གྷ་ན་གྷ་བྱ་རཾ་སིདྡྷི་ཧཱུྃ་ཿ ཞེས་པ་འདི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་ཚར་ལྔ་ཞིག་དགོས་སོ༔ བཀྲ་ཤིས་དཔལ་འབར་འཛམ་གླིང་རྒྱན་དུ་བྱོན༔ མངྒ་ལཾ།།


CMR028_Page_0159
[མ་དཔེ་གཟིགས་ན་འདིར་གནོན།]

མ་ནིང་བཟློག་མདོས་ཟིན་བྲིས་བསྡུས་པ་བཞུགས་སོ། །རཏྣ་ལུགས་ཀྱི་མ་ནིང་གི་བཟློག་མདོས་འདི། རྒྱས་པར་བྱེད་ན་ནམ་མཁའ་ཤིང་རིས་སོགས་མདོས་ཆེན་བཅའ་བྱ་བ་ལེགས་ཀྱང་། དེ་ལྟར་མ་འཛོམ་ན་གཏོར་མདོས་ལ་བརྟེན་ཆོག་སྟེ། གཞུང་ལས་ཤིང་རིས་ནམ་མཁའ་སོགས་འདོན་ཆ་མ་གསུངས་པའི་ཕྱིར། དཔེར་ན་གསར་མའི་གདོང་ལྔ་དང་འདྲ་བས། རྒྱས་པར་ན་སོགས་མདོས་བསྡུས་ན་གཏོར་མས་ཆོག་པར་སྣང་ངོ་། །དེ་ལ་ཤིན་ཏུ་བསྡུས་པའི་ཕྱག་ལེན་ལ། ཀ་ཊོ་རའམ་ལྕགས་སྣོད་གཙང་མའི་ནང་དུ། གཙང་མའི་ཕུད་རྒོད་ཐང་ལུད་འདྲ་བས་ཕྱུར་བུར་བཀང་། དེ་ལ་འཇིམ་པས་ལེགས་པར་གཡོགས། དེ་ལ་རི་མོ་རི་རབ་བང་རིམ་བཞི་པའི་ཐེམ་སྐས་བཏོད། ཕྱོགས་བཞི་ཞི་རྒྱས་དབང་དྲག་གི་ཟླུམ་པོ། གྲུ་བཞི་ཟླ་གམ། གྲུ་གསུམ་བྲི། བར་མཚམས་ཁྲག་གི་ཐིག་ལེས་བཀང་། རི་རབ་སྟེང་ན་བྲུབ་ཁུང་གྲུ་གསུམ་གྱི་ཚུལ་བྲུས་པའི་ནང་ཟན་ལིང་གཅིག་བཞག །དེའི་སྟེང་དུ་དཔལ་གཏོར་ཟུར་གསུམ་རབ་གྲུ་གང་འབྲིང་རྐང་གང་། ཐ་མ་མཐོ་གང་། དེའི་མདུན་གཡས་དང་། མདུན་གཡོན་དུ། སྲོག་བདུད་དང་དཔལ་འབར་མ་གཉིས་ལ་དམར་གཏོར་


CMR028_Page_0160
[མ་དཔེ་གཟིགས་ན་འདིར་གནོན།]

གཙོ་བོའི་ཕྱེད་དུ་སླེབ་ཙམ་གཉིས། གཙོ་བོའི་ལོགས་བཞིར་དམར་གཏོར་གཙོ་བོའི་སུམ་གཉིས་སུ་སླེབ་ཙམ་བཞི་བྱས། དེ་རྒྱབ་དམར་གཏོར་ཆུང་བ་བརྒྱད། དེ་རྒྱབ་མཐེབ་སྐྱུ་མང་དུ་བཞག །ཤ་ཁྲག་དང་ལིངྒས་བརྒྱན། མདུན་ངོས་དེར་ངར་མི་གཙང་མ་གཅིག་དང་ཚངས་བུ་གཙང་མི་མང་ཞིག་བཞག །ཁྲག་གི་ཀོང་བུ་ཟུར་གསུམ་པ་བཅུ་གསུམ་མམ་གསུམ་ཡང་མཐར་སྐོར་དེར་བཞག་གོ །དེ་ནས་གཏོར་མ་ལྔ་ལ་གཙོ་བོ་ལྔ། གཞན་བང་རིམ་ལ་ཙཀྲི་སོ་སོར། མཐའ་བསྐོར་དུ་སོ་སོའི་ཙཀླུ་ཡོད་ན་བཙུགས། ཙཀྲི་མེད་ཀྱང་གཏོར་མས་ཆོག །བྱ་ནག་ལུག་ནག་སོགས་བསང་འབྲས་བཙུགས་ན་ཡང་བཟང་། མཐར་རྩང་གིས་བསྐོར། དབུས་སུ་མདའ་དར་ནག་པོ་བཙུགས། རྩང་དང་མདའ་དར་མེད་ཀྱང་མི་འགལ་ལོ། །དེ་ནས་ཡི་དམ་ཐུགས་སྒྲུབ་ཡིན་ན་ལེགས། གང་རུང་ཞིག་བཏང་ནས་མདོས་གཞུང་གི་མངོན་རྟོགས་འདོན། དེ་ནས་མ་ནིང་གི་ལས་བྱང་གི་སྤྱན་འདྲེན་ནས་བསྟོད་པ་ཡན་ཆད་འདོན་༔ དེ་ནས་མདོས་གསོ་བྲན་བྱས་ལ། གསོལ་ཁ་བཅོལ་གཏམ་འདོན། ཡང་གསོས་ལ་བསྐང་བ་འདོན། དེ་ནས་ཟན་ལིང་ལ་འགུགས་གཞུག་བསྒྲལ་ལས་རྒྱས་བསྡུས་གང་


CMR028_Page_0161
[མ་དཔེ་གཟིགས་ན་འདིར་གནོན།]

རུང་ཞིག་བྱས་ལ། ལིང་རོ་དང་ཤ་དུམ་གྱིས་མདོས་གསོ། བདུད་རྩིས་བྲན་ལ་མདོས་གཞུང་འདོན་ཏེ། ཟོར་ལས་མ་གཏོགས་ཚང་བར་བཏོན། འབོད་རྦད་བསད་གསུམ་བཟློག་སྔགས་སྦྲེལ་བ་ཅི་ལྕོགས་བཟླས། བསྡུ་ན་བཅོལ་གཏམ་དང་བསྐང་བ་གཉིས་མ་བཏོན་ཀྱང་རུང་ངོ་། །དེ་ལྟར་ཞག་མང་ངམ་ཉིན་རྫོགས་ཀྱང་རུང་སྟེ། ཚར་དུ་ཐོན་བྱས་ལ། འབུལ་ཁ་གསེར་སྐྱེམས་གཞན་གང་རུང་ལྟར་ཕུལ། དཀར་གཏོར་བསྔོས། མདོས་གཞུང་ཚར་གཅིག་ཚར་ནས། མདོས་ཁ་ཕྱིར་བསྒྱུར་ལ་བསྐུལ་བྱང་དམ་བདར་མ་འདོན། །དེ་ནས་མདོས་གཞུང་གི་ཟོར་ལས་དེ་བཏོན་ལ་ཕྱོགས་ལེགས་པར་བརྩིས་ལ། ཕུལ་རྒྱུ་བསྐུར་རམ། གལ་ཆེ་ཟོར་དུ་འཕང་བར་བྱའོ། །ཡང་མངོན་རྟོགས་མདོས་གཞུང་འདི་ཉིད་ལྟར་བྱེད་ནས་སྤྱན་འདྲེན་མཆོད་བསྟོད་རྣམས་དཀྱུས་ལྟར་བྱས་ལ། གནམ་ཆོས་ཀྱི་མདོས་གཞུང་དང་འདི་གཉིས་ཀ་བཏོན་ཀྱང་རུང་སྟེ། གཏོར་མ་ཡིན་པས་ལར་ཆོས་སྐྱོང་གི་རིགས་ཐམས་ཅད་ཀྱི་བཟློག་པ་ཐམས་ཅད་ལས། མ་ནིང་གི་བཟློག་པ་འདི་ཟབ་སྟེ། ལྷ་འདི་ནི་ཕ་རོལ་གང་གིས་ཀྱང་བཟློག་ཏུ་མེད་པའི་ཕྱིར་རོ། །ལྷ་གཞན་གྱི་བཟློག་པ་ནི་ཡང་བཟློག་གིས་ཚུར་


CMR028_Page_0162
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བཟློག་ལ། འདི་ནི་ཚུར་བཟློག་མི་སྲིད་པའོ། །ཞེས་རཱ་ག་ཨ་སྱས་ཉེར་མཁོས་ཟིན་བྲིས་བསྡུས་པ་བྱས་པ་སྤྱི། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousསྐུ་མགོན་དཀར་པོའི་ཞལ་གདམས།next