Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
གྲུབ་ཆེན་ཀརྨ་པཀྵིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངག་ཟིན་བྲིས་ངག་ཁྲིད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousགྲུབ་ཆེན་ཀརྨ་པཀྵིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངག་ཟིན་བྲིས་ངག་ཁྲིད།next

གྲུབ་ཆེན་ཀརྨ་པཀྵིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངག་ཟིན་བྲིས་ངག་ཁྲིད།


CMR028_Page_0317
[མ་དཔེ་གཟིགས་ན་འདིར་གནོན།]

གྲུབ་ཆེན་ཀརྨ་པཀྵིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངག་ཟིན་བྲིས་ངག་ཁྲིད་ཡོད་དོ། །འདི་ལ་བསྐྱེད་རིམ་ལས་ཚོགས་རྫོགས་རིམ་ཆོ་ག་ཆ་ཚང་ལགས་སོ།།


CMR028_Page_0318
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། དེ་ཡང་དཔལ་ནག་པོ་ཆེན་པོ་སྲོག་གི་འཁོར་ལོའི་རྒྱུད་ལས། དཔལ་ལྡན་མགོན་པོ་ནག་པོ་དང་། །ལྷ་མོ་ནག་མོ་གཉིས་སུ་མེད། །ཅེས་དང་། འཕགས་པ་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས། གཡོན་དུ་འཁྲིལ་བ་ཡུམ་གྱི་ཚུལ། །རང་སེམས་དག་པ་ལྷ་ཡི་སྐུ། །རྣམ་པར་བསྒོམས་པས་འགྲུབ་པ་ཡིན། །ཞེས་དང་། དྲག་པོའི་ལྷ་རྒྱུད་གསང་བ་ཆེན་པོ་ལས། ཞལ་སྦྱོར་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་དང་། ཞལ་སྦྱོར་སྔགས་རིང་དང་། སྤར་ནག་རྒྱས་པར་གསུངས་པའི་རྒྱུད་དོན་དང་། ཌོམྦི་ཧེ་རུ་ཀ་ལ་མ་མགོན་གཉིས་ཀྱིས་ལུང་


CMR028_Page_0319
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་ནས། རྒྱུད་བཅོ་བརྒྱད་ཀྱི་དགོངས་པ་བསྡུས་ནས་མཛད་པའི་ཞལ་སྦྱོར་གྱི་སྒྲུབ་ཐབས་ཀྱི་རྒྱ་གཞུང་དང་། སྙན་བརྒྱུད་རླུང་ཁྲིད་རྗེ་མར་པའི་སྙན་བརྒྱུད་ལྷོ་བྲག་མགོན་པོའི་གཞུང་རྣམས་ཀྱི་དོན་གཅིག་ཏུ་བསྡུས་ཏེ། གྲུབ་ཆེན་ཀརྨ་པཀྵི་ཉིད་ཀྱི་ཞལ་གཟིགས་དང་བསྟུན་ནས་མཛད་པའི་གཞུང་འདི་རྩ་བ་ཡིན་ཏེ། དེ་ལ་རས་ཆེན་ལུགས་ཀྱི་མགོན་པོ་ཡབ་རྐྱང་གཙོ་བོ་དང་། དུས་མཁྱེན་ལུགས་ཀྱི་ལྷ་མོ་ཡུམ་རྐྱང་གཙོ་བོ་རྣམས་ཆོ་ག་གཅིག་ཏུ་བསྡོམས་ནས་འཁོར་ལོ་བཞི་རིམ་དུ་བསྒོམ་པ་འདི་རྗེ་མཁའ་སྤྱོད་པས་མཛད། དེ་ལ་མཚུར་ཕུ་འཇམ་དབྱངས་པས་བཀག་པ་


CMR028_Page_0320
[མ་དཔེ་གཟིགས་ན་འདིར་གནོན།]

མཛད་ནའང་། རྗེ་མཁའ་སྤྱོད་པའི་གསང་བའི་རྣམ་ཐར་ནས། མདོ་རྒྱུད་མན་ངག་སྲིད་དོ་འཚལ་གྱི་དབང་ལུང་མན་ངག་རྒྱ་བོད་ཀྱི་གྲུབ་ཆེན་རྣམས་དང་། ཡི་དམ་གྱི་ལྷ་རྣམས་ལ་དངོས་ཉམས་རྨི་ལམ་དུ་ཞུས་པར་གསུངས་པས། རང་བཟོ་ཡིན་པར་མ་ངེས་པས། རྗེ་མཐོང་བ་དོན་ལྡན་གྱིས་མཁའ་སྤྱོད་པའི་རྗེས་སུ་འབྲངས་ནས་མགོན་ཉོབ་མའི་ཆོ་ག་མཛད། དེ་ལ་རྗེ་མི་བསྐྱོད་ཞབས་ཀྱིས་ངེད་རང་གི་རྗེས་འཇུག་རྣམས་ཟ་འདོད་པ་ལ་སློབ་གཉེར་མི་ནུས་པ་ཞིག་འདུག་པས། མགོན་པོ་འདི་ཉུང་ངུར་བསྡུས་པའི་ཆོག་ཁྲིག་གཅིག་བྲིས་ཞེས་བཀའ་གནང་བ་ལ་བསྟེན་ནས། རྗེ་དཀོན་མཆོག་འབངས་ཀྱི་ད་ལྟའི་པར་མ་ཚན་གསུམ་འདི་མཛད་ནས་པར་དུ་འཁོད་པའོ། །འདོན་བྱའི་ཆོ་ག་གཅིག་འདི་ལ་རས་ཆེན་ལུགས་ལྟར་ཡབ་རྐྱང་སྒྲུབ་ལུགས། དུས་མཁྱེན་ལྟར་ཡུམ་རྐྱང་སྒྲུབ་ལུགས། རྗེ་ཀརྨ་པཀྵིའི་ཡབ་ཆོས་ལྟར་སྤར་ནག་སྒྲུབ་ལུགས། མར་པའི་ལུགས་ལྟར་རྩ་རླུང་ཉམས་ལེན་བྱ་ཐབས་སོགས་མི་གཅིག་པ་མཐའ་ཡས་ཏེ། རྗེ་དབང་ཕྱུག་རྡོ་རྗེས་མཛད་པའི་པར་བུའི་སྐོར་སོགས་པོ་ཏི། དཀོན་མཆོག་འབངས་ཀྱིས་དེ་ཉིད་ཕྱོགས་གཅིག་ཏུ་བསྒྲིགས་པའི་པོ་ཏི། སྔར་གྱི་ཡིག་རྙིང་ཚན་མི་འདྲ་


CMR028_Page_0321
[མ་དཔེ་གཟིགས་ན་འདིར་གནོན།]

བ་དུ་མ་ཞིག་ཁོ་བོས་མཐོང་ཞིང་། སི་ཏུ་ཆོས་ཀྱི་རྒྱལ་མཚན་པ་དང་། དབེས་གང་ལོ་ཙཱ་བས་བྱས་པའི་མ་མགོན་གྱི་ཆོས་འབྱུང་སོགས་དང་། མ་མགོན་གྱི་རྒྱུད་གླེགས་བམ་རབ་ཏུ་ཆེ་བ་གཉིས་སོགས་ལ་ལེགས་པར་རྟོག་དཔྱོད་བྱས་པས་ཐམས་ཅད་མ་ལུས་པར་ད་ལྟའི་པར་མ་འདི་ལ་ཚང་བར་སྣང་བས། དེ་ལ་གཞན་དང་ཐུན་མོང་མ་ཡིན་པར་གྲུབ་ཆེན་པཀྴིས་བཞེད་པའི་མན་ངག་ནི་ཤིན་ཏུ་ཟབ་པས། གཞུང་ན་རྩ་ཚིག་ཙམ་འཐོར་བུ་མ་གཏོགས་མེད་པས། སློབ་དཔོན་ཉིད་ཀྱི་ཞལ་ཁྲིད་ཁོ་ན་གལ་ཆེ་བ་འདི་ལྟར་རོ། །དགུན་ཟླ་ཐ་ཆུང་གི་ནག་པོའི་བརྒྱད། །དཔྱིད་ཐ་ཆུང་གི་ལྔ། དབྱར་སྟོན་ཐ་ཆུང་གི་ནག་པོའི་བཅུ་བཞི་ལ་ཆོ་ག་བརྩམ་པར་བྱ་སྟེ། དེ་ཡང་དབེན་པའི་གནས་བྲག་ཕུག་སོགས་གཞུང་ལྟར་རམ། སྦྲ་གུར་ནང་དུ་ཡང་རུང་སྟེ། ས་སྟེགས་རྡུལ་ཚོན་བྲི་ན་ཀུན་རིག་ལྟར་ས་ཆོག་བསྡུས་པ་བྱ། རས་བྲིས་སམ་ཚོམ་བུ་ལས་མི་དགོས་ཏེ། གཞི་གཙང་མའི་སྟེང་དུ་འབྲུ་ནག་གམ་ནས་ཀྱི་ཚོམ་བུ་ལྷ་གྲངས་སམ་དགུ་བཀོད་པའི་དབུས་སུ་མཉྫི་འམ། ཤིང་བུ་རྐང་གསུམ་ཁར་ཟངས་ལྕགས་ཀྱི་སྣོད་དུ་གཏོར་མ་ཟུར་གསུམ་ཆེ་བ་གཅིག་ལ་ཆུང་བ་བརྒྱད་ཀྱིས་བསྐོར། དེ་


CMR028_Page_0322
[མ་དཔེ་གཟིགས་ན་འདིར་གནོན།]

ལ་མར་ནག་བྱུག །མར་གྱི་གྲི་ཐོད་ཁ་ཊྭཱཾ་མེ་རི་བྱ། འཁོར་བརྒྱད་ལ་མེ་རི་དང་ཤ་རྒྱན་བཙུགས། ཡོད་ན་གཙོ་བོ་ཡབ་ཡུམ་དང་ནག་པོ་ཡབ་ཡུམ་བཅུ་དྲུག་གི་ཙཀླུ་སོ་སོར་བཙུགས། མེད་ན་ཡང་གཙོ་བོ་ཡབ་ཡུམ་གྱི་ཙཀླུ་བཙུགས། མ་མགོན་གྱི་ཐང་སྐུ་ཡོད་ན་རྒྱབ་ངོས་ནས་ཚུར་བཤམས་ན་ཙཀྲི་མི་དགོས། གཏོར་མ་དེ་ལ་དར་ནག་གི་དུམ་བུའི་གདུགས་བྱས་ལ་བཙུགས། དང་པོ་བྲན་ནས་གསོ་བྲན་བྱ།་རྒྱུན་ཏུ་གསོ་བྲན་མི་དགོས། མདུན་བསྐྱེད་རྟེན་ཡིན་མི་བསྒུལ་ཏེ། སྒྲུབ་ཚེའི་རྟེན་གཏོར་རོ། །དེའི་གཡས་སུ་བདུད་རྩི། གཡོན་དུ་རཀྟ་། མདུན་དུ་མ་མགོན་གྱི་རྒྱུན་གཏོར་གཞུང་ལྟར་རོ། །དེ་ནས་འདོན་དུས་གསོ་བྲན་བྱ། གཡས་གཡོན་གང་བདེར་བསྐང་གཏོར་དང་གསོལ་ཁའི་གཏོར་མ། དེ་རྣམས་ཀྱི་མཐར་ཤར་དུ་ཁྲག་གི་མཆོད་ཡོན། ཤར་ལྷོར་ཞབས་བསིལ་དུག་ཆུ། ལྷོར་དབང་པོ་རྣམ་ལྔའི་མེ་ཏོག །ལྷོ་ནུབ་ཏུ་སྤྲོས་ནི་གུ་གུལ་ཚིལ་དུམ། ནུབ་ཏུ་ཚིལ་དང་རྐང་གི་མར་མེ། ནུབ་བྱང་དུ་ཁྲག་ཞག་མཁྲིས་པའི་དྲི་ཆབ། བྱང་དུ་ལྷ་བཤོས་ནག་པོ་ཟུར་གསུམ། བྱང་ཤར་ཐོད་རྔའམ་རྐང་དུང་བཀོད་དེ། དེ་རྣམས་ཉིན་རེ་ཁ་གསོ་བ་མ་གཏོགས་མི་རྗེ། ལོགས་


CMR028_Page_0323
[མ་དཔེ་གཟིགས་ན་འདིར་གནོན།]

སུ་གཏོར་ཁང་དུ་མ་མགོན་གཉིས་མ་གཏོགས་པའི་རང་གི་ཕུགས་གཏོར་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སོགས་ཀྱི་སྤྱི་གཏོར་དང་། རང་ཁོ་ན་ལས་གྲོགས་མེད་ན་གཏོར་གསོས་མཐེབ་སྐྱུ་མང་པོ་ཚོགས་ཆུང་ཐུན་གཏོར་སོགས་མང་པོ་བྱས་ཏེ། ལག་པ་བཀྲུ་མི་རུང་བས་སྔོན་འགྲོ་དཀར་བགེགས་བཅས། རང་གི་གདན་བསྒུལ་མི་རུང་བས་ལེགས་པར་གྲ་མལ་བཅའ། རྣམ་འཇོམས་སྔགས་པའི་གཟུངས་ཆུས་རང་ཁྲུས་བྱ། གནས་ཁང་གཏོར་ལ་གྲིབ་བསལ། རང་དང་གོས་གདན་སྤོས་རུམ་བྱ། སྒོ་རྩར་ཐོ་དཀར་པོ་བརྩེགས་པ་དེ་ལ་གཞི་བདག་དཀར་གཏོར་གཅིག་ཕུལ་ནས་བདག་གིས་སྒྲུབ་པ་འདི་མཐར་ཕྱིན་པའི་བར་དུ་ཕྱིའི་བར་ཆད་ནང་དུ་མ་བཏང་ཞིག །ནང་གི་དངོས་གྲུབ་ཕྱིར་མ་བཏང་ཞིག །ཁྱེད་གཞི་བདག་རྣམས་ལ་གཟི་བརྗིད་སྟོན་པ་མ་ཡིན་པས་མ་སྐྲག་མ་སྔངས་བར་གྲོགས་གྱིས་ཤིག །ཅེས་བརྗོད་དོ། །བགེགས་གཏོར་གང་ཞིག་མཚན་མོ་རྒྱུ་བའི་ཅེས་ཀུན་རིག་ལྟར་བསྔོས་ནས་བདེན་སྟོབས་བརྗོད་ལ། གནོད་འཚེ་མ་བྱེད་གཞན་དུ་དེང་བརྗོད། ཆོས་རྣམས་ཐམས་ཅད་རྒྱུ་ལས་བྱུང་སོགས་ཀྱིས་ཆོས་བཤད། སུཾ་བྷ་ནི་དྲག་ཏུ་བརྗོད་ཅིང་ཁྱིམ་ནང་དུ་རྡོ་ཐུན་ནམ་


CMR028_Page_0324
[མ་དཔེ་གཟིགས་ན་འདིར་གནོན།]

ཡུངས་ཀར་གྱིས་བྲབ། གུ་གུལ་བདུག་སྲུང་འཁོར་བསྒོམ། དེ་ནས་བཟུང་སྟེ་མི་དང་ངོ་མི་གཏུག་པར་ངག་དམ་པར་བཅད། དེ་ནས་ཕག་མོའི་བདག་བསྐྱེད་འདོན་པའམ། མི་འདོན་ན་ཡང་བདུད་རྩི་བྱིན་རླབས་དེའི་བྱ། བདག་བསྐྱེད་བྱས་ན་ཐུན་བསྡུ། འདི་ལ་གོང་ནོན་ཡེ་ཤེས་པ་གཞན་མི་དགོས་བླ་མ་མགོན་པོ་དབྱེར་མེད་ཡིན་གསུངས་པ་འདི་ནི་རྙིང་མའི་ལུགས་ཀྱི་པཀྵིའི་ཡབ་ཆོས་ཡིན་པས་བདག་འདུན་སོ་སོར་འདོན་མི་དགོས། མངོན་རྟོགས་ཚར་གཅིག་གིས། བདག་མགོན་པོ་ལ་ལྷ་མོར་ཚུར་འཁྱུད་པར་བསྒོམ། མདུན་གྱི་གཏོར་མ་ལྷ་མོ་ལ་མགོན་པོ་ཕར་འཁྱུད་པར་བསྒོམ་པ་ནི་ཁྱད་པར་རོ། །མངོན་རྟོགས་རྒྱས་བསྡུས་ཅི་རིགས་འདོན་ཆོག །སྤྱན་འདྲེན་དུས་ཡེ་ཤེས་པ་གྲངས་མེད་པ་སྤྱན་དྲངས་ནས་བདག་མདུན་ཟསོ་སོ་ལ་ཐིམ་པར་བསྒོམ། དམིགས་པ་མ་ཟིན་བར་སྤྱན་འདྲེན་སྔགས་བརྗོད། དབང་བསྐུར་རྒྱས་གདབ་དུས་བདག་གི་སྤྱི་བོར་ཀརྨ་པཀྴི་དང་།་་་་ཡི་དམ་གཞན་མེད་ན་ཡབ་ལེགས་ལྡན་བསྒོམ་པ་མཆོག་ཡིན་གསུང་མཆན། སྙིང་ཁར་མགོན་པོའི་ཧཱུྃ་གི་སྟེང་དུ་རང་གི་ཡི་དམ་གང་ཡིན་པའི་སྐུ་སོར་བཞི་ཙམ་ཞིག་བསྒོམ། མཆོད་བསྟོད་འདོན་ཚེ་རང་གི་ཐུགས་ཀ་ནས་སྤྲུལ་པའི་མཆོད་པའི་ལྷ་མོ་བྱེ་


CMR028_Page_0325
[མ་དཔེ་གཟིགས་ན་འདིར་གནོན།]

བ་དུང་ཕྱུར་སོགས་འཕྲོས་ནས་བདག་མདུན་སོ་སོ་ལ་མཆོད་ཅིང་བསྟོད་པ་བྱེད་པར་བསྒོམ། སྔ་དྲོ་ཞོགས་པ། ཉིན་ཕྱེད། དགོང་མོ། མཚན་མོ་དང་ཐུན་བཞིར་མཚལ་མ་བྱེད་ན་ཚར་བཞི་དགོས་ཀྱང་། ཡོངས་རྫོགས་ཚར་བཞི་བྱས་ན་སྔགས་མི་འགྲོ་བས། །སྔ་དྲོའི་ཐུན་ལ་བསྟོད་པ་ཡན་འདོན།་་་་་སྤྱན་འདྲེན་སྔགས་བདུན་བཟླ་ཞིང་སྤྱན་འདྲེན་དམིགས་པ་ཐུན་སོ་སོར་བྱས་ན་ལེགས་པ་འདྲ་སྙམ་མཆན། དེ་ནས་བསྙེན་པ་བྱ། ཐུན་མཇུག་ཏུ་གཏོར་ཆུང་གཅིག་ལ་འགུགས་གཞུག་དང་། བྱང་ཕྱོགས་དུར་ཁྲོད་མ་ཡབ་ཡུམ་འདོན་ལ་དཀྱིལ་འཁོར་དྲུང་དུ་ཡར་་ཕུལ་ལ་བཞག །བཟློག་པ་མི་དགོས། ཉིན་ཕྱེད་ཐུན་ལ་གསོལ་ཀ་ཚར་གཅིག །དེ་ནས་བསྙེན་པ་བྱ།་ཐུན་མཇུག་ཏུ་རྟགས་བསྟོད་ཡབ་ཡུམ་གྱི་ཐུན་གཏོར་ཡར་ཕུལ། དགོང་ཀའི་ཐུན་ལ་བསྐང་བ་ནས་བདག་སྒྲུབ་མ་དང་སྔགས་རིང་ཚར་གཅིག་སྔགས་ཚར་གཅིག་སྔགས་མཆོད་ཚུལ་དུ་བྱ། དེ་ནས་བསྙེན་པ་བྱ། ཐུན་མཇུག་ཏུ་འདས་དང་མ་བྱོན་ད་ལྟར་གྱིས། ཡབ་ཡུམ་གྱི་ཐུན་གཏོར་ཕུལ། ཐུན་མཚམས་དེར་ཡི་དམ་གཞན་གྱི་མངོན་རྟོགས་ཆག་མེད་ཡོད་ན་འདོན། དཔའ་བོ་རྣམ་རོལ་དམ་ཅན་སོགས་ཆོས་སྐྱོང་གསར་རྙིང་གང་


CMR028_Page_0326
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་དང་། ཟབ་མདོ་སེང་གདོང་མའི་བཟློག་པ་བྱ། མུན་རུབ་ནས་ཡང་མགོན་པོའི་མངོན་རྟོགས་རྒྱས་བསྡུས་གཉིས་གང་ལྕོགས་ནས་བསྟོད་པ་ཡན་འདོན། དེ་ནས་གཉིད་མ་རན་བར་བསྙེན། དེ་ནས་གང་ཞིག་བླ་མ་ལ་སྨོད་ཆོས་ལ་སྡང་། ཞེས་ཡབ་ཡུམ་བསྐུལ་དེས་ཐུན་གཏོར་འབུལ། རྗེས་ཆོག་དངོས་གྲུབ་ལེན་ཆོག་སོགས་མཚམས་གྲོལ་ནུབ་བར་མི་བྱ། བདག་མདུན་བསྐྱེད་རིམ་མི་བསྡུ། གཤེགས་གསོལ་མི་བྱ་བར་དེ་གར་གཉིད་དོ། །དེ་རྙིང་མའི་ལུགས་སོ། །གནད་ཀྱི་མན་ངག་གྲུབ་ཆེན་ཀརྨ་པའི་ཁྱད་ཆོས་བསྲེ་བ་སྐོར་གསུམ་གྱི་རྩ་བ། རང་ཉིད་མགོན་པོ་དང་མདུན་གྱི་མགོན་པོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ནག་ལངས་ཏེ་གནས་པའི་མཐར་ཡིག་ངོ་ཕྱིར་བལྟ་བ་གཡོན་དུ་བཀོད་དེ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཿ ཞེས་བཀོད་པ་དང་། བདག་མདུན་ལྷ་མོའི་ཐུགས་ཀར་ཉི་མའི་སྟེང་དུ་བློ་སྔོན་པོ་ལ་ཡིག་ངོ་ནང་དུ་བསྟན་ལ་གཡས་བསྐོར་དུ། ཨོཾ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ འདི་ཡིན་གསུངས་འདུག ། ཅེས་བཀོད། དང་པོ་ཡི་གེ་དེ་ཀློག་པའི་ཚུལ་དུ་ཕྲེང་བསྐོར་ཙམ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ བཟླ་བ་བསྙེན་པ་དང་། དེ་ནས་མགོན་པོའི་སྔགས་གཡས་དང་། ལྷ་མོའི་


CMR028_Page_0327
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་གཡོན་དུ་དང་པོ་དལ་བུས་འཁོར། དེ་ནས་ཇེ་མགྱོགས་དང་། རྗེས་ནས་དྲག་ཏུ་འཁོར་བར་དམིགས་ལ་སྟོང་ཙམ་བཟླས་པ་ཉེ་བསྙེན་ནོ། །དེ་ནས་སྔགས་འཁོར་བཞིན་པ་དེ་ལས་འོད་ཟེར་ཁ་དོག་སྣ་ཚོགས་ཕྱོགས་བཅུར་འཕྲོས་པས། ནམ་མཁའི་མཐར་ཐུག་པའི་ཞིང་ཁམས་རབ་འབྱམས་ན་བོཞུགས་པའི་བླ་མ་རིག་འཛིན་གྲུབ་ཐོབ་སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་ཡེ་ཤེས་ཀྱི་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ལ་འོད་ཟེར་དེས་མཆོད་པས། སྐུ་གསུང་ཐུགས་བདེ་བ་ཆེན་པོས་མཉེས་ནས། དེ་ཐམས་ཅད་མ་མགོན་ཡབ་ཡུམ་གྱིས་སྐུ་ཆེ་ཆུང་སྣ་ཚོགས་པ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཆར་ལྟར་དུ་བབས་ནས་རང་དང་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་བསྒོམ་པ་ནི། རྩ་བའི་སྔགས་ཡིན་པས་སྟོང་ཕྲག་ཙམ་བཟླ་བ་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ནས་རང་མགོན་པོའི་ཐུགས་ཀའི་སྔགས་འཁོར་བཞིན་པ་དེ་ལས་འོད་ཟེར་ཁ་དོག་ལྔ་ལྡན་ཧཱུྃ་གི་རྩེ་ནས་ཐོན། རང་གི་ཞལ་ནས་འཕྲོས་པས་དུམ་བུ་གཉིས་སྟོང་སྐུད་སྐྱ་བྱེ་བ་ལྟར་གྱུར་ནས། མདུན་གྱི་མ་མགོན་གཉིས་ཀའི་ཞལ་དུ་སོ་སོར་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་སྔོན་གྱི་དམ་བཅའ་ཐུགས་དམ་


CMR028_Page_0328
[མ་དཔེ་གཟིགས་ན་འདིར་གནོན།]

རྗེས་སུ་དྲན་པས། སྔགས་འཁོར་ཡང་སྔོན་ལས་མགྱོགས་པར་དྲག་ཏུ་འཁོར་བས་ཐུགས་ཀྱི་རྒྱུད་བསྐུལ་ཏེ་ཧཱུྃ་དང་བྷོ་ཡི་འོག་ནས་འོད་ཟེར་དེ་ཐོན་ནས་ཡབ་ཡུམ་སྦྱོར་མཚམས་ནས་ཚུར་བྱུང་འོད་ཟེར་གཉིས་གཅིག་ཏུ་གྱུར་ཏེ། རང་ཡབ་ཡུམ་སྦྱོར་མཚམས་ནས་རང་མགོན་པོའི་གསང་བའི་རྡོ་རྗེའི་སྦུ་གུ་ནས་ཡར་བྱོན་ཏེ། ཐུགས་ཀའི་ཧཱུཾ་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསྒོམ་སྟེ། དེ་ཡང་དང་པོ་ནི་འོད་ཟེར་དང་དེ་ནས་འོད་ཟེར་དེ་ཡང་བཟླ་བྱའི་སྔགས་ཕྲེང་དུ་གྱུར་ནས་རྒྱུན་ཆད་མེད་པར་འཁོར་བར་བསྒོམ་ཞིང་བཟླས་པ་སྟོང་ཙམ་བྱ་བ་སྒྲུབ་པ་ཆེན་པོ་ཡིན་ནོ། །དེ་ལ་གོམས་ནས། བདག་མདུན་བར་དུ་ཕར་འཕྲོ་ཚེ་སྔགས་ཕྲེང་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། སངས་རྒྱས་བྱང་སེམས་ཡི་དམ་མཁའ་འགྲོ་ཆོས་སྐྱོང་གི་བྱིན་རླབས་ཐམས་ཅད་འོད་ཟེར་དེ་ལ་ཐིམ་པ་དང་། ཚུར་འཕྲོས་ཚེ་འོད་ཟེར་འཕྲོས་པས་ལྷ་འདྲེ་མི་གསུམ་གྱི་ཚེ་བསོད་ནམས་ལོངས་སྤྱོད་དངོས་གྲུབ་ཐམས་ཅད་བསྡུས་ཏེ་འོད་ཟེར་དེ་སྔགས་ཕྲེང་ལ་ཐིམ་པས་རང་ལ་ཞུགས་ཏེ་དངོས་གྲུབ་ཐམས་ཅད་ཐོབ་པར་བསྒོམ་མོ། །དམིགས་པ་དེ་ཐམས་ཅད་ཐུན་རེ་རེ་ལ་རྫོགས་པར་བྱ་རྒྱུ་ཡིན་ནའང་། མ་ཟིན་ན་ཐུན་


CMR028_Page_0329
[མ་དཔེ་གཟིགས་ན་འདིར་གནོན།]

བཞི་ལ་སོ་སོར་དམིགས་པ་རེ་རེ་ཨུ་ཚུགས་བྱས་ལ་ཞག་གཅིག་ལ་ཚང་བར་བྱས་ཀྱང་རུང་ངོ་། །དེ་ལྟར་བསྙེན་སྒྲུབ་དམིགས་པ་དེ་རྣམས་ཞག་བདུན་ཡིན་ན་ཞག་བཞི་པ་ཙམ་བསྒོམ། བདུན་གསུམ་བསྒྲུབས་ན་བདུན་གཉིས་ལ་བསྒོམ། ཟླ་བ་གཅིག་བསྒྲུབས་ན་བདུན་གསུམ་ལ་བསྒོམ་མོ། །དེ་ནས་ལས་སྦྱོར་དམིགས་པ་ནི། གཞན་རྣམས་གོང་ལྟར་བསྒོམ་ཞིང་སྔགས་ཕྲེང་བསྐོར་རེ་ཙམ་བསྙེན་པར་བྱས་ནས་རང་གི་ཞལ་ནས་སྔགས་ཕྲེང་དཀར་པོ་མུ་ཏིག་ཕྲེང་བ་ལྟར་འཕྲོས་པ་ལས་ཞི་བའི་ལྷ་ཐམས་ཅད་ཀྱི་བྱིན་རླབས་བསྡུས། མདུན་གྱི་མ་མགོན་གྱི་ཞལ་དུ་ཞུགས། ཞི་བའི་མཆོད་པར་གྱུར་ནས་ཐུགས་ཤིན་ཏུ་མཉེས་ནས་ཐུགས་ཀར་ཐིམ་པས་ཞི་བའི་ཕྲིན་ལས་བཅོལ་བ་ལ་བསྙེན་ལ་ཐུགས་དགོངས་གཏད། ཐུགས་ཀའི་སྔགས་ཕྲེང་ལས་ཞི་བའི་དངོས་གྲུབ་ཀྱི་སྔགས་ཕྲེང་དཀར་པོ་ཚུར་བྱོན་པ་ལས་འོད་ཟེར་ཟླ་བ་ཤར་བ་ལྟ་བུས་རང་དང་བསྲུང་བྱ་ཐམས་ཅད་ཀྱི་ནད་གདོན་བར་ཆད་ཐམས་ཅད་འཇིགས་པ་བརྒྱད་དང་བཅུ་དྲུག་བ་མོ་ལ་ཉི་ཟེར་ཕོག་པ་ལྟ་བུར་ཞི་བ་དང་། སྔགས་ཕྲེང་རང་ལ་ཐིམ་པས་རང་གི་སྡིག་སྒྲིབ་ཉོན་མོངས་ཐམས་ཅད་ཞི་བར་བསྒོམ་སྔ་དྲོའི་དམིགས་པ། ཉི་དྲོས་ནས་


CMR028_Page_0330
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱེད་ཡོལ་བར་དུ་སྔགས་ཕྲེང་འོད་ཟེར་སེར་པོ་འཕྲོ་འདུས་སངས་རྒྱས་པའི་ལྷ་ཚོགས་ཚེ་དཔག་མེད་ཛཾ་ལྷ་སོགས་ཀྱི་བྱིན་རླབས་བསྡུ་བ་དང་། རང་དང་བསྲུང་བྱའི་ཚེ་བསོད་ནམས་ཟླ་བ་ཡར་ངོ་ལྟར་བསྒོམ་པ་སོགས་གོང་གི་རིག་འགྲེས། དགོང་ཀའམ་ཉི་ཐལ་བར་སྔགས་ཕྲེང་འོད་ཟེར་དམར་པོའི་འཕྲོ་འདུས་ཀུ་རུ་ཀུལླེ་སོགས་དབང་གི་ལྷའི་བྱིན་རླབས་བསྡུ་བ་དང་། རྒྱལ་བློན་འབངས་འཁོར་ཡུལ་ཁམས་སྣང་སྲིད་ཐམས་ཅད་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་དབང་དུ་འདུ་བར་བསྒོམ་པ་དང་། མུན་རུབ་ནས་ཉལ་ཁ་ཚུན་སྔགས་ཕྲེང་མཐིང་ནག་དང་འོད་ཟེར་ནག་པོ་ཚ་ལ་རྩུབ་པས་དྲག་པོའི་ལྷ་ཐམས་ཅད་ཀྱི་ཐུགས་རྒྱུད་བསྐུལ་བྱིན་རླབས་བསྡུ་བ་དང་། གནོད་བྱེད་ཐམས་ཅད་མེ་ལྕེའི་ཁའི་སྦྲང་མ་ལྟར་ཚར་བཅད། རང་གི་ཉོན་མོངས་པ་བདུད་བཞི་ཚར་བཅད་པར་བསྒོམ་པ་ནི་ལས་སྦྱོར་དམིགས་པའོ། །དེ་ལ་ཕྲེང་སྐོར་རེ་རེའི་མཐར་ཤམ་བུ་རེ་སྦྱར་ཏེ། ཞི་བ་ལ། ནད་གདོན་བར་ཆད་ཐམས་ཅད་སརྦ་ཤཱནཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པ་ལ། ཚེ་བསོད་དཔལ་འབྱོར་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། དབང་ལ། ཁམས་གསུམ་སྲིད་གསུམ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོ་ལ། གནོད་བྱེད་དགྲ་བགེགས་མཱ་ར་ཡ་


CMR028_Page_0331
[མ་དཔེ་གཟིགས་ན་འདིར་གནོན།]

ཕཊ། ཅེས་སྦྱར་རོ། །ཞག་བདུན་བསྒྲུབས་ན་དེ་ལ་ཞག་གསུམ། བདུན་གསུམ་བྱེད་ན་དེ་ལ་བདུན་གཅིག །ཟླ་བ་གཅིག་བྱེད་ན་ཞག་བཅུ་དགུ་ཙམ་སྟེ་ཁྲིག་ཁྲིག་ནི་མེད། ཡང་ལས་སྦྱོར་གང་རུང་རེ་རེའམ་བཞི་ཀ་ལ་རྟགས་མ་ཐོན་བར་དུའམ། ཞག་གསུམ་མམ་བདུན་ཙམ་བྱས་ན་ནི། ཕྱི་རྟགས་ནང་རྟགས་གསལ་པོར་འབྱུང་ངོ་། །དེ་ལ་རྟགས་ནི་བསྙེན་པའི་རྟགས་སྒྲུབ་པའི་རྟགས་ལས་སྦྱོར་རྟགས་ཏེ། རང་དབང་པོ་རབ་འབྲིང་ཐ་མའི་བྱེ་བྲག་གི་ངོས་བཟུང་དངོས་ཉམས་རྨི་ལམ་རྟགས་འབྱུང་སྟེ། ཞལ་མཐོང་བ་དང་། པོ་གསུང་ཐོས་ཤིང་ལུང་སྟོན་པ་དང་། དབང་བསྐུར་ཆོས་གསུང་ནི་སྤྱིར་བཤད་ལ། བྱེ་བྲག་རྨི་ལམ་དུ་རང་གི་སློབ་དཔོན་ནམ་ཆོས་གྲོགས་སམ་དམ་ཚིག་གཅིག་པ། མི་ནག་རྟ་ནག་གཡག་ནག་ལུག་ནག་བྱ་ནག་ཁྱི་ནག་འོད་དང་འཚུབ་མ་ནག་པོ་སྤྲིན་ནག་འབྲུག་སྒྲ། བུད་མེད་རྒྱུན་ཅན་རལ་པ་ཅན། མ་དང་སྲིང་མོ་བུད་མེད་ཀྱི་ཁྲོམ་ཚོགས་འདུ་བ། གཡུ་དང་། རལ་གྲི་དང་། ནེའུ་ལེ། རྨ་བྱའི་སྒྲོ། ཁྲག་གི་མཚོ། དུག་སྦྲུལ་རླུང་ཐོག །དྲེའུ་བོང་བུ་རྣམས་བསྙེན་པའི་རྟགས་སོ། །བྱ་བྲལ་སྤང་དབྱུག་ཐོགས་པ། བུད་མེད་སྤྲང་མོ་བྱུང་


CMR028_Page_0332
[མ་དཔེ་གཟིགས་ན་འདིར་གནོན།]

ན་གཏོར་མ་ཆུང་རྟགས་ཏེ། དེ་བཟང་དུ་བྱ། རང་སྙིང་མི་དགའ་བའམ། ཚིག་པ་ཟ་བ། བུད་མེད་ཡུགས་ས་མ་དང་ཁྲོ་བ་དང་། བྱ་ནག་ཁྱི་ནག་གཡག་ནག་མི་ནག་རང་ལ་འཐབ་པ་དང་། བྱིང་རྨུགས་འཐིབས་པ་དང་། ནད་སྙིང་སོགས་ལུས་མི་བདེ་བ་བྱུང་ན་དམ་ཚིག་ལ་སྐྱོན་ཡོད་རྟགས་ཡིན་པས་བསྐང་བ་ཅི་མང་འདོན། བདག་མདུན་སྤྱི་བོར་རྡོར་སེམས་བསྒོམ་པ་ལས་བདུད་རྩི་རྒྱུན་བབས་པས་ཉམས་ཆག་དག་པར་བསྒོམས་ལ། དམ་ཚིག་ཉམས་ཆག་དག་པའི་སྔགས། ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུཾ་ས་མ་ཡ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས། ཞེས་ཡིག་བརྒྱ་ཚར་བདུན་ནམ་ཅི་ལྕོགས་བཟླའོ། །སེར་ཉོབ་དང་ལྷ་ཁང་དཔེ་རུལ་བནྡྷེ་དམ་ཉམས་རིགས་སོགས་གཞན་ཡང་གདོན་རྟགས་དང་དམ་སྲིའི་རིགས་སོགས་བར་ཆད་རྟགས་བློ་མི་བདེ་བ་སོགས་བྱུང་ན། རང་ཉིད་མགོན་པོའི་ཕྲག་གོང་གཉིས་སུ། བྱ་རོག་ནག་ལ་དམར་བའི་མདངས་ཅན་གཉིས་བསྒོམ༔ དེ་ལས་བྱ་རོག་ཆེན་པོ་འབྲོང་གཡག་ཙམ་དཔག་ཏུ་མེད་པ་འཕྲོས། གཤོག་སྒྲ་འབྲུག་ལྟར་ཚེགས་སྒྲ་འུར་སྒྲ་དང་བཅས་ཏེ་ནམ་མཁའ་བར་སྣང་གང་སྟེ། རང་དང་བསྲུང་བྱ་


CMR028_Page_0333
[མ་དཔེ་གཟིགས་ན་འདིར་གནོན།]

ལ་གནོད་པར་བྱེད་པའི་དགྲ་བགེགས་འབྱུང་པོ་ཐམས་ཅད་བྱ་དང་བྱེའུ་འབུ་སྲིན་བཏུས་པ་ལྟར་ཐམས་ཅད་ཟོས་ནས་གཅིག་ཀྱང་མེད་པར་བྱས་ནས་ཐམས་ཅད་ཚུར་འདུས་བྱ་རོག་གཅིག་ཏུ་གྱུར། འོད་དུ་ཞུ་ནས་རང་མགོན་པོའི་ཐུགས་ཀར་ཐིམ་པར་བསྒོམ་ཞིང་རྩ་སྔགས་ཤམ་དུ། གནོད་བྱེད་འབྱུང་པོ་ཨུ་ཙ་ཏ་ཡ་ཕཊ༔ ཅེས་ཕྲེང་བསྐོར་ཙམ་བཟླས་པས་གེགས་སེལ་ལོ། །འདི་སྒྲུབ་དུས་མིན་ཀྱང་རུང་། དེ་ནས་སྐུའི་རྟགས་ཞལ་མཐོང་བ། ཐང་སྐུ་རྙེད་པ། གསུང་གི་རྟགས་སྔགས་སྒྲ་ཐོས་པ། སྐུ་མ་མཐོང་ཡང་གསུང་ལུང་བསྟན་གྱི་སྒྲ་ཐོས་པ། རྒྱུད་དང་སྒྲུབ་ཐབས་ཀྱི་དཔེ་ལེགས་པོ་རྙེད་པ། ནམ་མཁའ་ལ་ཡིག་འབྲུ་མཐོང་བ། ཐུགས་ཀྱི་རྟགས་མ་མགོན་གྱི་ཕྱག་ཆ། རྡོ་དྲིལ་ཌཱ་མ་རུ་རྙེད་པའོ། །མི་ནག་ཕ་ཁུ་ཞང་བློན་དཔོན་རིགས་ཆས་བཟང་བ་བཀའ་ལ་ཉན་པ་དགའ་ཞིང་འོང་བ། བུད་མེད་མ་སྲུ་བག་མ་རྒྱན་ཅན་གྱིས་དངོས་གྲུབ་རྫ་ས་སྟེར་བ། རང་གི་ཆུང་མའི་ཚུལ་དུ་སྟོན་པ། རང་གྱེན་ལ་འགྲོ་བ། ནམ་ལང་བ། ཉི་ཟླ་ཤར་བ། ནམ་མཁའ་ལ་འཕུར་བ། རི་མཐོན་པོའི་རྩེར་ཕྱིན་པ། དར་ཕྱུར་བ། དུང་འབུད་པ། རོལ་མོ་སྒྲོགས་པས་སྐད་སྙན་པ་དང་།


CMR028_Page_0334
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་བ་འབྱུང་བ་སོགས་ནི་གྲུབ་རྟགས་སོ། །བཅོས་མིན་གྱི་མོས་གུས་དང་། བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བརྟན་པོ་དང་། རང་སེམས་ངོ་བོ་རྗེན་པར་མཐོང་ན། མ་མགོན་དང་རང་སེམས་དབྱེར་མེད་དུ་རྟོགས་པ་ནི་མཆོག་གི་ལྟས་སོ། །དེ་ལྟར་རྟགས་རེ་རེའམ་འགའ་ཟུང་ཐོན་པ་རྟགས་ཀྱི་བསྙེན་པ་དང་། དུས་ནི་ཞག་བདུན་ཚད་ཡིན། དེ་ཡན་བདུན་གཉིས་བདུན་གསུམ་ཟླ་བ་གཅིག་སོགས་དུས་བསྙེན་དང་། གྲངས་ནི་འབྲུ་འབུམ་སྟེ་འབུམ་ཕྲག་བཅུ་གསུམ་མམ། བདུན་འབུམ་ཉི་ཁྲིའམ། ཐ་ན་སུམ་འབུམ་གྱིས་ཀྱང་འགྲུབ། དེ་ལྟར་བསྒྲུབ་པའི་རྩ་ཚིག་ནི། རིན་པོ་ཆེ་ཀརྨ་པས་བྲིས་ཤིང་གཏོར་མ་ལ་བཙུགས་ཏེ་ཞག་བདུན་གྱི་བར་དུ་བསྟོད་བསྐུལ་ཕྲིན་ལས་གཞུང་བཞིན་བྱས་ན་མ་མགོན་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྟན་པ་རིན་པོ་ཆེ་བསྲུང་བར་འགྱུར་རོ། །ཞེས་དང་། མ་མགོན་ཡབ་ཡུམ་བདག་སྒོམ་དུ་བྱས་ཤིང་ཡེ་ཤེས་སེམས་དཔའི་རྒྱུན་ཆད་མེད་པར་བསྟིམ་ཞིང་བསྙེན་པ་ནུས་ཚད་དུ་བྱས་ན་མཐུ་སྟོབས་མ་མགོན་ལྕམ་དྲལ་དང་མཉམ་ཞིང་། ཕྲིན་ལས་འགྲན་ཟླ་མེད་པར་འགྱུར་རོ། །ཞེས་སོགས་རྒྱ་ཆེར་གསུངས་པའི་དོན་ཡིན་


CMR028_Page_0335
[མ་དཔེ་གཟིགས་ན་འདིར་གནོན།]

ནོ། །དེ་ནས་སྒྲུབ་པ་ཞག་བདུན་ཡན་ཆད་ཚར་ནས། དྲག་པོའི་ལས་སྦྱོར་བརྡ་ཙམ་མ་བྱས་ན། འགྲོ་ས་མེད་པར་དམག་བསྡུས་ནས་དམག་མི་འགྲོ་བ་ལྟར། རྣལ་འབྱོར་པ་ཚེ་ཐུང་བར་མགོན་པོའི་རྒྱུད་མང་པོ་ནས་བཤད་པའི་ཕྱིར། ཟན་ལིང་གཉིས་ལ་རང་གི་སྒོས་དགྲ་བསྟན་པའི་སྤྱི་དགྲ་སོགས་བཅས་གཅིག་ལ། འགུགས་གཞུག་ཕུར་འདེབས་སོགས་ལས་འགྲིགས་ལྟར་བྱས་ལ། དམར་གཏོར་གསར་པ་ཆེ་བ་གཅིག་བཤམས་པའི་ནང་དུ་ལིང་རོ་ཕུལ་ལ་ལས་འགྲིགས་ཀྱི་བསྐུལ་པ་ཐམས་ཅད་བྱས་ལ། གཟའ་དང་མཁའ་འགྲོའི་གདོང་མ་ཐུག་པར་གནོད་པའི་ཕྱོགས་སམ། ཕྱོགས་གཙང་སར་ཟོར་དུ་འཕང་། དང་པོ་གསེར་སྐྱེམས་དཀར་གཏོར་སོགས་གཞུང་ལྟར་བྱ། གཏོར་སྣོད་སྦུབ་ལ་རྟ་བྲོ་བརྡུང་། དཀྱིལ་འཁོར་ལ་ཕྱག་འཚལ་གཡུལ་རྒྱལ་གྱེར། སླར་རབ་ཏུ་མཚལ་མ་ཚར་གཅིག །མ་འགྲུབ་ན་བསྐང་བ་ཚར་གཅིག་གཏང་རག་གི་ཚུལ་དུ་བྱས། དེ་ནས་སྒྲུབ་གཏོར་དེ་ཉིད་མ་མགོན་ཡབ་ཡུམ་འཁོར་བཅས་དངོས་སུ་གསལ་བའི་དཔྲལ་མགྲིན་སྙིང་ཁ་ནས་སྐུ་དང་སྔགས་ཕྲེང་དང་། ཧཱུྃ་དང་བྷོ་ཡི་ཐིག་ལེ་ཕྱག་མཚན་དཔག་ཏུ་མེད་པ་ཆར་ལྟར་བབས་པས་རང་གི་ལུས་ངག་ཡིད་


CMR028_Page_0336
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་ལ་ཐིམ་པས་དབང་དང་དངོས་གྲུབ་ཐོབ་པར་བསྒོམས་ལ། དངོས་གྲུབ་ལེན་ཆོག་སྔགས་སྟོང་ངམ་བརྒྱ་རྩ་བཟླས། རང་གིས་རྡོ་དྲིལ་དང་བཅས་གཏོར་མ་དེ་བཟུང་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་དཀྱིལ་འཁོར་ནས་སོགས་འདོན་ལ། གཏོར་མ་དེ་རང་གི་གནས་གསུམ་དུ་གཏུགས་ལ། རྩ་སྔགས་ཤམ་དུ། ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། རྩ་སྔགས་དང་ཝཱཀྐ་ཨ་བྷི་ཥིཉྩ་ཨཱ། རྩ་སྔགས་དང་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་དབང་བླངས། དེ་ནས་རྗེས་ཆོག་གཞུང་ལྟར་བྱས་ལ། མདུན་བསྐྱེད་ཡེ་ཤེས་པ་ཙཀ་ལི་སོགས་ལ་བསྟིམས་ནས་མིས་མི་མཐོང་བར་རྟེན་དུ་འཆང་། དམ་ཚིག་པ་རང་ལ་བསྟིམ། བདག་བསྐྱེད་ཀྱི་ཡེ་ཤེས་པ་ནི་རང་ལ་བསྟིམ་པ་མ་གཏོགས་བྱང་ཆུབ་མ་ཐོབ་བར་དུ་མི་གཤེགས་ཏེ། ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱ་བ་གསང་སྔགས་རྙིང་མའི་ཁྱད་ཆོས་འདི། ཡབ་ཡུམ་བདག་སྒོམ་འདི་ལའང་བྱ་བ་དང་། རྗེ་དབང་ཕྱུག་རྡོ་རྗེ་དང་ཀརྨ་པཀྵིའི་གསུངས་ལ་ཡང་གསལ་ལོ། །དེ་ལྟར་རྩ་བའི་བསྙེན་སྒྲུབ་དེ་ཐོན་ནོ་མཆོག་ཡིན་ལ། མ་ཐོན་ནའང་རྒྱུན་ཁྱེར་དུ་རྒྱས་པའི་མཚལ་མ་འདོན་ན་ཡང་། གོང་གི་སྔགས་དང་དམིགས་པ་དེ་ལྟར་བསྙེན་པ་བརྒྱ་སྟོང་ཅི་འགྲུབ་བྱའོ། །སྒྲུབ་གཏོར་ནི་ཕྱི་


CMR028_Page_0337
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལ་མི་སྦྱིན་པར་དངོས་གྲུབ་ཏུ་རོལ་པའམ། དགོན་པ་ཡིན་ན་གཙང་སར་སྦས། འབྲོག་སྒར་ལ་ཡང་གཏོར་མ་རྐང་ཚེ་སོགས་སུ་དུམ་བུ་འཆང་བར་བྱའོ། །གཏོར་རུལ་མ་ལྕོགས་ན་ཡང་མངའ་གསོལ་དུས་བསང་དུ་འབུལ་ལོ། །རིན་པོ་ཆེ་ཀརྨ་པས་མ་མགོན་གྱི་དཔེ་དུམ་བུ་མང་དུ་ཡོད་པ་རྣམས། དོན་ཡོད་མེད་དཀྲུགས་པ་ལྟ་བུ་ཡིན། མ་ལུས་ཤིང་ལུས་པ་མེད་པ་འདི་ལ་ཚང་བ་ཡིན་གསུངས་པ་དང་། ཁྱེད་རྣམས་ཀྱིས་ཀྱང་བརྒྱུད་པ་འཛིན་ཅིང་སྒྲུབས་ན་འགྲུབ་པར་མཆིས་ཞེས་གསུངས་པའི་དོན་ཞལ་སྦྱོར་བསྙེན་བསྒྲུབ་བྱ་ཚུལ་ངག་ཁྲིད་འདི་རྡོ་རྗེའི་སྤྱན་དུ་གྱུར་པ་ཤཱཀྱའི་དགེ་སློང་འོག་མ་བླ་མ་ཀརྨ་བཛྲ་གྱིས་བསྐུལ་ཕྱིར། ༧ སྔགས་འཆང་རཱ་ག་ཨ་སྱས་བྲིས་པ་ལ་སྙན་བརྒྱུད་ཡི་གེར་བཀོད་པ་ཆོས་སྐྱོང་ཌོཀྐི་རྣམས་ཀྱིས་བཟོད་པར་བཞེས་ལ། སྙིང་པོ་དོན་གྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་གྱུར་ཅིག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousགྲུབ་ཆེན་ཀརྨ་པཀྵིའི་མན་ངག་ཡི་གེ་མེད་པའི་སྙན་བརྒྱུད་མ་མགོན་ཞལ་སྦྱོར་སྒྲུབ་པའི་མན་ངག་ཟིན་བྲིས་ངག་ཁྲིད།next