Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ཤྲཱི་མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་པོ་ཅན་ཡབ་ཡུམ་ཞལ་སྦྱོར་གྱི་བསྙེན་སྒྲུབ་ཀྱི་མན་ངག་ཞལ་ཤེས་སྔོན་ཆད་ཡི་གེ་མེད་པའི་སྙན་བརྒྱུད་ཟབ་མོ་གསལ་བར་བཀོད་པ་གྲུབ་ཆེན་ཀརྨ་པཀྵིའི་དགོངས་པ་གསལ་བར་བྱེད་པའི་རྒྱན་ཕྲེང་ལས་མྱུར་དུ་དངོས་གྲུབ་ཀྱི་བུམ་བཟང་།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousཤྲཱི་མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་པོ་ཅན་ཡབ་ཡུམ་ཞལ་སྦྱོར་གྱི་བསྙེན་སྒྲུབ་ཀྱི་མན་ངག་ཞལ་ཤེས་སྔོན་ཆད་ཡི་གེ་མེད་པའི་སྙན་བརྒྱུད་ཟབ་མོ་གསལ་བར་བཀོད་པ་གྲུབ་ཆེན་ཀརྨ་པཀྵིའི་དགོངས་པ་གསལ་བར་བྱེད་པའི་རྒྱན་ཕྲེང་ལས་མྱུར་དུ་དངོས་གྲུབ་ཀྱི་བུམ་བཟང་།next

ཤྲཱི་མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་པོ་ཅན་ཡབ་ཡུམ་ཞལ་སྦྱོར་གྱི་བསྙེན་སྒྲུབ་ཀྱི་མན་ངག་ཞལ་ཤེས་སྔོན་ཆད་ཡི་གེ་མེད་པའི་སྙན་བརྒྱུད་ཟབ་མོ་གསལ་བར་བཀོད་པ་གྲུབ་ཆེན་ཀརྨ་པཀྵིའི་དགོངས་པ་གསལ་བར་བྱེད་པའི་རྒྱན་ཕྲེང་ལས་མྱུར་དུ་དངོས་གྲུབ་ཀྱི་བུམ་བཟང་།


CMR028_Page_0347
[མ་དཔེ་གཟིགས་ན་འདིར་གནོན།]

ཤྲཱི་མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་པོ་ཅན་ཡབ་ཡུམ་ཞལ་སྦྱོར་གྱི་བསྙེན་སྒྲུབ་ཀྱི་མན་ངག་ཞལ་ཤེས་སྔོན་ཆད་ཡི་གེ་མེད་པའི་སྙན་བརྒྱུད་ཟབ་མོ་གསལ་བར་བཀོད་པ་གྲུབ་ཆེན་ཀརྨ་པཀྵིའི་དགོངས་པ་གསལ་བར་བྱེད་པའི་རྒྱན་ཕྲེང་ལས་མྱུར་དུ་དངོས་གྲུབ་ཀྱི་བུམ་བཟང་ཞེས་བྱ་བ་བཞུགས་སོ།།


CMR028_Page_0348
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་དྷེ་ཝ་སིདྡྷི་ཧཱུཾ། འདིར་མ་མགོན་ཞལ་སྦྱོར་གྱི་བསྐྱེད་རྫོགས་བསྙེན་སྒྲུབ་ཀྱི་ཟིན་བྲིས་མདོར་བསྡུས་བཀོད་པ་ལ་བཀའ་ཡི་གནང་ཞིང་བྱིན་གྱིས་བརླབ་ཏུ་གསོལ། དེ་ཡང་གྲུབ་ཆེན་ཌོམྦྷི་པ་ལ་མགོན་པོས་ལུང་བསྟན་ནས། བེང་ཆེན་བརྩེགས་པ་དང་། གྲི་གུག་བརྩེགས་པ་དང་། ཀི་ཀ་རའི་རྒྱུད་ལ་བརྟེན་ནས་མཛད་པའི་རྒྱ་གཞུང་ཞལ་གདམས་དང་བཅས་པ་མལ་ཇོ་ལོ་ཙཱས་བསྒྱུར་བ་དེ་ལ་བསྟེན་ནས་འགྲོ་མགོན་རས་ཆེན་སོགས་ཡབ་སྲས་ན་རིམ་གྱིས་མཛད་པ་དཔག་ཏུ་མེད་པར་ཡོད་པ་ནི། ཡབ་བེར་ནག་ཅན་ལ་ཕྱོགས་བཅུ་མགོན་པོས་བསྐོར་བ་སྟེ།


CMR028_Page_0349
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱི་སྒྲུབ་པར་བུ། ནང་སྒྲུབ་ཛ་བརྡུང་། གསང་སྒྲུབ་ཕུར་བུ་གསུམ་མ་སྟེ་ཤོག་དྲིལ་སྐོར་སོགས་དྲག་སྔགས་གཙོ་ཆེའོ། །སློབ་དཔོན་པདྨ་སམྦྷ་ཝས། དཔལ་ལྷ་མོ་ཐུགས་གསང་བའི་རྒྱུད་དང་། ལྷ་མོའི་སྲོག་རྒྱུད་དང་། དངོས་གྲུབ་བསྟན་གཟིགས་ཀྱི་རྒྱུད། མ་མོ་སྲིད་པའི་རྒྱུད་ལུང་སོགས་ལ་བརྟེན་ནས་མཛད་དེ། གཏེར་དུ་སྦས་པ་པུ་རང་ཞང་བཙུན་དར་མ་རིན་ཆེན་གྱིས་བཏོན་པར་བརྒྱུད་དེ། རྗེ་དུས་མཁྱེན་གྱི་ཡབ་ལ་ཞུས། དེ་ནས་ན་རིམ་སོ་སོའི་མཛད་པ་ནི། རང་བྱུང་རྒྱལ་མོ་ཡུམ་རྐྱང་ལ་མ་བདུན་སྲིང་བཞི་སོགས་ཀྱིས་བསྐོར་བ་སྟེ་དྲག་སྔགས་གཙོ་ཆེ། དེ་


CMR028_Page_0350
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ཀྱི་བརྒྱུད་པ་དང་འདོན་བྱ་རྣམས་འདིར་འདུས་ཀྱང་། སྒྲུབ་ལུགས་ནི་འདི་མ་ཡིན་ནོ། །ཨོ་རྒྱན་ཆེན་པོས་དྲག་པོའི་ལྷ་རྒྱུད་གསང་བ་ཆེན་པོ་དང་། རིན་ཆེན་སྤུངས་རྒྱན་སོགས་ལ་བརྟེན་ནས་ཡབ་ཡུམ་ཞལ་སྦྱོར་སྒྲུབ་ཐབས་མཛད་དེ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན་ལ་གནང་བ། སྲས་སད་ན་ལེགས་དེའི་སྲས་སྟག་ནམ་མཁའི་ལྷ་བཟུང་ལ་གནང་ནས། །གྲུབ་པ་ཐོབ་པའི་སྔགས་པ་རྒྱུན་མ་ཆད་པར་བྱོན་པའི་སྲས་ལ། ཀརྨ་པཀི་འཁྲུངས་ནས་ཡབ་ལ་ཞུས་པ་ནི་མ་མགོན་པར་ནག་ཅེས་བྱ་དང་། དེ་དག་གི་བརྒྱུད་པ་འདོན་བྱ་ཡང་འདི་ལ་འཐུས་སོ། །ཡང་ཌོམྦྷི་ཧེ་རུ་ཀ་ལ་མ་མགོན་གཉིས་ཀྱིས་ལུང་བསྟན་ནས། རྒྱུད་བཅོ་བརྒྱད་ཀྱི་དོན་བསྡུས་ཏེ། ཞལ་སྦྱོར་གྱི་སྒྲུབ་ཐབས་མགོན་པོ་དཔག་བསམ་ཆར་འབེབས་ཞེས་བྱ་བའི་རྒྱ་གཞུང་ཉུང་ངུ་ཞིག་མཛད་པ། ཏེ་ལོ་ནཱ་རོ་ནས་མར་པ་ལ་བརྒྱུད་དེ་སྙན་བརྒྱུད་མགོན་པོ་ཟེར། དེ་ཀརྨ་པཀྵིའི་བར་ལ་གཅིག་བརྒྱུད་ཡིན། འདི་ནི་མཆོག་སྒྲུབ་ཁོ་ན་གཙོ་ཆེ་བས་འདིའི་སྒྲུབ་ལུགས་དེ་ཡིན་ནོ། །དེའང་རྒྱ་བོད་མཚམས་སུ་གྲུབ་ཆེན་ཀརྨ་པས་དཔལ་མ་མགོན་གཉིས་ཀྱིས་གཙོར་བྱས་པའི་དམ་ཅན་རྒྱ་མཚོ་འཛམ་གླིང་གང་བ་ཞལ་གཟིགས་པ་དང་བསྟུན་


CMR028_Page_0351
[མ་དཔེ་གཟིགས་ན་འདིར་གནོན།]

ནས་འདིའི་སྒྲུབ་ཐབས་གཞུང་མཛད་དེ། དེ་ཕྱིས་བཀའ་རྒྱ་བཀྲོལ་ནས་རྗེས་འཇུག་ཐམས་ཅད་ལ་གནང་བའོ། །དེ་ལ་ཡང་ཟབ་ཁྱད་དམིགས་རིམ་རྣམས་ནི་གྲུབ་ཆེན་ཀརྨ་པཀཱི་ལ་རྒྱ་ནག་རྒྱལ་པོས་ཕྲིན་ལས་ཀྱི་བོགས་འདོན་མེ་ཆུ་དུག་མཚོན་སོགས་ཕུལ་བ་ཅིས་ཀྱང་མ་ཐུབ་པར་རྫས་དང་ངན་སྔགས་ཡིན་སྙམ་ནས་དཔེ་ཆ་དང་ཀ་ཆ་ཐམས་ཅད་འཕྲོག་སྟེ་སྐུ་རྐྱང་པར་བཞག་དུས། རྒྱ་བོད་ཀྱི་གྲུབ་ཆེན་ཐམས་ཅད་ཨ་ཙ་རའི་གཟུགས་ཀྱི་རྣམ་པ་ཅན་དག་གིས་གདམས་ངག་རྩ་རླུང་གི་གནད་དམིགས་པ་རེ་བྲི་བ་གཟིགས་ནས་ཐུགས་ལ་འཇག་པས། ཕྱི་རོལ་གྱི་རྫས་དང་ཡོ་བྱད་གང་ལའང་མི་ལྟོས་པར་རྩ་རླུང་དང་དམིགས་པ་ཁོ་ནས་ཕྲིན་ལས་ཐམས་ཅད་འགྲུབ་པའི་གནད་ཐམས་ཅད་ཐུགས་ལ་ཤར་ནས་གདམས་ངག་རྒྱ་མཚོ་མཐའ་ཡས། ཟབ་ཆོས་རྒྱ་མཚོ་མཐའ་ཡས་སོགས་མཛད་པ་སྟེ། འདིའི་གནད་སྒྲུབ་ཐབས་སྟབས་བདེ་བྱིན་རླབས་ཆེ་བ་ནི་ཀརྨ་པཀྵིའི་གདམས་ངག་ཁྱད་པར་ཅན་ཡིན་ནོ། །དུས་ཕྱིས་ཁྱེར་ཁ་ཆེ་བས་གྱེར་རྔ་བརྡུང་མཁས་སྐད་བཟང་ན་མགོན་པོ་མཁས་ཟེར་བ་ལ་མ་གཏོགས། དཔེ་ཆ་མགོ་ལ་བཞག་པས་ཐམས་ཅད་ཐོབ་པར་བརྩི་བ་ཁོ་ན་མང་བ་ལས་དབང་ལུང་ཙམ་


CMR028_Page_0352
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་དོན་དུ་མི་གཉེར་ན་ཉམས་ལེན་གྱི་གནད་ལྟ་ཅི་སྨོས། བསྙེན་སྔགས་གང་ཡིན་ཡང་ངོས་མ་ཟིན་ཅིང་། ཆོ་ག་ཚར་གྲངས་བསོགས་པ་ལས་བསྙེན་པ་བྱེ་ཆུང་རེ་ཡང་ཐོན་མཁན་དཀོན་། བསྐང་གསོ་ལ་བརྩོན་པ་ཙམ་ལས་སྒྲུབ་པ་ཐ་ན་ཞག་བདུན་ཙམ་ཡང་ཐོན་མཁན་ཙམ་ཡང་མེད་པར་རྟགས་མཚན་མ་བྱུང་ཞེས་ལྷ་ལ་འཁང་བར་འདུག་ཀྱང་། བདག་གིས་བླ་མ་བཞི་ཙམ་ལ་དབང་ལུང་ཞལ་ཁྲིད་ཞུས། འདིའི་རྒྱུད་གདམས་ངག་པོ་ཏི་བཞི་ཙམ་གྱི་སྲོལ་མཐོང་། དེ་དག་གི་དོན་ལ་གོ་བའང་ཐེབ།་རང་གི་ཅི་ནུས་ཉམས་སུ་བླངས་པས་རྨི་ལམ་དང་ཉམས་སྣང་ལ་མ་མགོན་གྱི་ཞལ་ལན་མང་དུ་མཐོང་། སི་ཏུ་ཆོས་ཀྱི་གོ་ཆ་སོགས་བཀའ་བརྒྱུད་གོང་མ་རྣམས་ལ་འདིའི་སྐོར་གྱི་པོད་ལུང་དང་གདམས་ངག་རྨི་ལམ་དུ་ཐོབ་པའི་སྣང་བ་ཡང་བྱུང་། གདམས་པ་འདི་གཞན་འགའ་ཟུང་ལ་ཁྲིད་པས་ཁོང་རྣམས་བདུན་ཕྲག་རེ་ཟུང་བསྒྲུབས་པས་རྟགས་མཚན་ངོ་མཚར་བ་བྱུང་ནས་ངེས་ཤེས་སྐྱེས་པར་གདའ། དེ་བས་ཁྱེད་རྣམས་ང་ཡི་ཟིན་བྲིས་འདི་རྩིས་མ་ཆུང་བར་ངེས་ཤེས་ཀྱིས་ཉམས་སུ་ལོངས་ཤིག །བྱིན་རླབས་མ་བྱུང་ན་པཀཱིས་བསླས་པ་ཡིན་ནོ། །དེ་ཡན་ནི་མཐའ་ཆོད་ལེའུའོ།། ༈ །


CMR028_Page_0353
[མ་དཔེ་གཟིགས་ན་འདིར་གནོན།]

གདམས་ངག་དངོས་ལ་བསྐྱེད་རིམ་བསྙེན་སྒྲུབ། རྫོགས་རིམ་རྩ་རླུང་སེམས་གཉིས་སོ། དང་པོ་ནི། རིན་པོ་ཆེ་ཀརྨ་པས་བྲིས་ཤིང་གཏོར་མ་ལ་བཙུགས་ཏེ་ཞག་བདུན་གྱི་བར་མཆོད་བསྟོད་ཕྲིན་ལས་གཞུང་བཞིན་དུ་བྱས་ན། མ་མགོན་ལུས་དང་གྲིབ་མ་བཞིན་དུ་འགྲོགས་ཤིང་ཕྱི་མའི་མུ་མཐའ་ཐུག་གི་བར་དུ་བསྟན་པ་རིན་པོ་ཆེ་བསྲུང་བར་འགྱུར་རོ། །ཞེས་གསུངས་པའི་དོན་སློབ་དཔོན་གྱི་ཞལ་ཁྲིད་ཁོ་ན་གལ་ཆེ་བ་ནི། དབེན་པའི་གནས་བྲག་ཕུག་སོགས་གཞུང་ལྟར་རམ། །སྦྲ་གུར་ནང་དུའང་རུང་སྟེ། རབ་ས་སྟེགས་རྡུལ་ཚོན་བྲི་ན་ས་ཆོག་དང་བཅས་བྱ། འབྲིང་དཀྱིལ་ཐང་བཏིང་། ཐ་མ་གཞི་གཙང་མའི་སྟེང་དུ་འབྲུ་ཡི་ཚོམ་བུ་ལྷ་གྲངས་སམ་དགུ་བཀོད། དེའི་སྟེང་མཉྫིའམ་ཤིང་བུའི་རྐང་གསུམ་ཁར་ཟངས་ལྕགས་སམ་བྷནྡའི་སྣོད་དུ་གཏོར་མ་ཟུར་གསུམ་སྙིང་ལ་ཟུར་གསུམ་བཏོད་པ་ལྟ་བུ་ཟུར་མི་རྣོ་བ་གཅིག་ལ་ཆུང་བ་བཅུས་བསྐོར། དེ་ལ་མར་ནག་བྱུགས། གཙོ་བོ་ལ་ཧཱུྃ་བྷོའམ་། གྲི་གུག་ཐོད་ཁྲག་ཁ་ཊོ་མེ་རི་སོགས་མར་རྒྱན་དང་ཤས་བརྒྱན། འཁོར་རྣམས་ལ་མེ་ལྕེ་རེ་དང་ཤ་རྒྱན་བཙུགས། དེའི་རྒྱབ་ཤར་དུ་ལྷ་བཤོས། བྱང་དུ་གསང་ཕྱི་སྟོད་


CMR028_Page_0354
[མ་དཔེ་གཟིགས་ན་འདིར་གནོན།]

མར་བྱུག །ནུབ་ཏུ་ཟུར་བཞི་རྩེ་རྒྱལ་ནག །ལྷོར་ཟུར་གསུམ་ཁྲག་གམ་འབྲི་མོག་བྱུག་པ་སྟེ་བཞི་ནི་ཡང་འཁོར། ལྷ་དང་སྲོག་བདག་མ་མོ་བཙན་དང་དབང་ཕྱུག་དགེ་བསྙེན་གྱི་མཐུན་རྫས་སོ། དེ་ལ་གཙོ་འཁོར་གྱི་ཙཀྐི་དང་དར་ནག་གི་གདུགས་ཡོད་ན་འཛུགས། །མ་མགོན་གྱི་ཐང་སྐུ་རྒྱབ་ངོས་ནས་ཚུར་བཤམས་ན་ཙཀྲི་མེད་ཀྱང་ཆོག མཐར་མཐེབ་སྐྱུ་དང་ཤ་དུམ་གྱིས་བསྐོར། དེ་ལ་བདུད་རྩིས་བྲན་ཏེ་ལྷར་བསྐྱེད་ནས་མི་བསྒུལ་གསོ་བྲན་མི་དགོས་པ་རྟག་གཏོར་རམ་རྟེན་གཏོར་ཡིན། དེའི་མདུན་སྣོད་ཅུང་ཟད་ཆེ་བ་གཅིག་ན་རྒྱུན་དུ་བསྔོ་རྒྱུའི་གཏོར་མ་མར་རྒྱན་ལེགས་པོ་ཅན་ཕྱག་ལེན་དཔེའུ་རིས་ལྟར་བཅས་ལ་བཞག་པར་དེ་ཆོ་ག་ནམ་འདོན་ལ་གསོ་བྲན་བྱ། བསྡུ་ན་གསོལ་ཀ་བསྐང་བ་གཉིས་ཀྱང་དེ་གསོ་ནས་འདོན་ཆོག །དེའི་གཡས་སུ་བདུད་རྩི། གཡོན་དུ་རཀྟ། རྒྱས་པར་འབྱོར་ན་གསོལ་ཀའི་གཏོར་མ་ཟུར་གསུམ་གཅིག་ལ་བཅུས་བསྐོར། བསྐང་བའི་གཏོར་མ་གཉིས་ཀྱང་ཕྱག་ལེན་ལྟར་གཡས་གཡོན་གཉིས་སུ་བཤམས། བསྡུ་ན་རྒྱུན་གཏོར་ལ་གསོ་བྲན་བྱས་ནས་འདོན་པས་ཆོག །དཀྱིལ་འཁོར་མཐར། ཤར་དུ་ཁྲག་གི་མཆོད་ཡོན། ཤར་ལྷོར་དུག་


CMR028_Page_0355
[མ་དཔེ་གཟིགས་ན་འདིར་གནོན།]

ཆུའི་ཞབས་བསིལ། ལྷོར་དབང་པོ་རྣམ་ལྔའི་གཟུགས་ཟན་ལ་བྱས་པའམ་མེ་ཏོག་སྔོན་པོ། ལྷོ་ནུབ་ཏུ་གུ་གུལ་ལམ་ཚིལ་དུམ་སྤོས། ནུབ་ཏུ་རྐང་ཚིལ་འདྲེས་པའི་མར་མེ། ནུབ་བྱང་དུ་ཁྲག་ཞག་གི་དྲི་ཆབ། བྱང་དུ་ལྷ་བཤོས་དམར་ནག་ཟུར་གསུམ་ཤེས་བརྒྱན་པ། བྱང་ཤར་དུ་ཐོད་པའི་ཌ་མ་རུའམ་རྐང་དུང་རྣམས་བཀོད་དེ། རྡུལ་ཚོན་ཡིན་ན་མཆོད་པ་བསྐོར་བཤམ་དང་། ཚོམ་བུ་ལ་མདུན་དུའང་ཆོག །སྤོས་སྦྱོར་ལ་ཙནྡན་ཤ་ཆེན་ནམ། ད་ལི་ཤུགས་པ་བལ་བུ་སྦྱང་དང་བུ་རམ་ཀ་ར་ཚིལ་ཆེན་ཤ་ཆེན་བསྲེས་པ་ཡོད་ན་རབ། མེད་ན་ཤ་ཆེན་རྐྱང་པའི་སྤོས། མཆོད་པ་དེ་རྣམས་སྐམ་ན་ཁ་གསོ་ཡི་བརྗེ་མི་དགོས་སོ། །མེད་ན་དེས་ཆོག །ཡོད་ན་མདུན་དུ་ལྕོག་ཆུང་དུ་རྒྱུན་དུ་བརྗེ་རྒྱུའི་མཆོད་པའང་ཕྲེང་དུ་བཤམས། གཡས་གཡོན་གང་བདེར་ལོགས་སུ་གཏོར་སྒམ་བྱས་ལ་ཐུགས་དམ་གྱི་ཕུགས་གཏོར་གཞན་དག་ཀྱང་ལྟར་བཅས་ལ་འདོན་དུས་གསོའོ། །རང་ཁོ་ན་ལས་རོགས་མེད་ན་གཏོར་གསོས་མཐེབ་ཀྱུ་དང་ཤ་དུམ་ཐུན་གཏོར་སོགས་མང་དུ་འཚག་བྱ། འབྱོར་ན་ཚོགས་ཆུང་མང་པོ་ཡང་བཅས་ལ་བཞག་སྟེ་ལག་པ་བཀྲུ་མི་རུང་བས་སོ། །རང་གི་གདན་


CMR028_Page_0356
[མ་དཔེ་གཟིགས་ན་འདིར་གནོན།]

བསྒུལ་མི་རུང་བས་ལེགས་པར་གྲལ་མལ་བཅའ། རྣམ་འཇོམས་སྔགས་པའི་ཆུས་རང་ཁྲུས་བྱས་གནས་ཁང་ལ་གཏོར་ལ་གྲིབ་བསངས། ཆབ་བླངས། རང་དང་གོས་གདན་སྤོས་རུམ་བྱ། སྒོ་རྩར་ཐོ་བརྩེགས་ལ་དེར་གཞི་བདག་གི་དཀར་གཏོར་གཅིག་ཕུལ་ནས། སྒྲུབ་པ་འདི་མཐར་མ་ཕྱིན་བར་དུ་ཕྱི་ཡི་བར་ཆད་ནང་དུ་མ་གཏོང་ལ། ནང་གི་དངོས་གྲུབ་ཕྱིར་མ་བཏང་ཞིག །ཁྱེད་གཞི་བདག་རྣམས་ལ་བདག་གིས་གཟི་བརྗིད་སྟོན་པ་མ་ཡིན་པས་མ་སྐྲག་མ་དངངས་ཕྲག་དོག་མ་བྱེད་པར་གྲོགས་གྱིས་ཤིག །ཅེས་བརྗོད། བགེགས་གཏོར་བསྔོས་ལ་བདེན་སྟོབས་བརྗོད་གནོད་འཚེ་མ་བྱེད་གཞན་དུ་དེངས་བརྗོད། ཆོས་རྣམས་ཐམས་ཅད་སོགས་ཀྱིས་ཆོས་བཤད། སུམྦྷ་ནི་དྲག་ཏུ་བརྗོད་ཅིང་ཁྱིམ་ནང་རྡོ་ཐུན་ནམ་ཡུངས་ཀར་གྱིས་བྲབ། གུ་གུལ་བདུག །སྲུང་འཁོར་བསྒོམ། དེ་ནས་བཟུང་སྟེ་མི་དང་ངོ་མི་གཏུག་པར་མཚམས་དང་ངག་དམ་པར་བཅད་དོ། །དེ་ནས་ཕག་མོ་རྒྱལ་བ་རྒྱ་མཚོ་སོགས་ཡི་དམ་གྱི་བདག་བསྐྱེད་ཆག་མེད་ཡོད་ན་འདོན་ལ་ཐུན་བསྡུ། བདག་བསྐྱེད་མི་འདོན་ནའང་ལག་མཆོད་བདུད་རྩི་བྱིན་རླབས་དེ་ནི་བྱས་ན་ལེགས། འདི་ལ་གོང་ནོན་ཡེ་ཤེས་པ་གཞན་མི་


CMR028_Page_0357
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་པ་ནི་བླ་མ་ཀརྨ་དང་། ཡི་དམ་ཐུགས་རྗེ་ཆེན་པོ་དང་། ཀྱེ་རྡོ་རྗེ། ཆོས་སྐྱོང་བེར་ནག་ཅན་རྣམས་ཆ་ལུགས་མི་འདྲ་ཡང་དོན་ལ་ངོ་བོ་གཅིག་ཡིན་པའི་ལོ་རྒྱུས་དཔག་ཏུ་མེད་པས་ཐེ་ཚོམ་མི་བྱ། སྐྱབས་སེམས་གང་རུང་བྱས་ནས། མགོན་པོའི་མཚལ་སེར་གང་རུང་གི་མངོན་རྟོགས་ཚར་གཅིག་གིས། བདག་བསྐྱེད་མགོན་པོ་བེར་ནག་ཅན་དྲེའུ་ཡི་སྟེང་ན་ཞབས་གཡས་ཅུང་ཟད་བརྐྱང་སྟེ་གཡོན་བསྐུམས་ནས་བཞུགས་པ་ལ་ལྷ་མོ་ཚུར་འཁྱུད་པ་དང་། མདུན་བསྐྱེད་གཞུང་ལྟར་དྲེལ་གྱི་སྟེང་དུ་ལྷ་མོ་ཞལ་ཚུར་གཟིགས་པར་མགོན་པོ་ཕར་འཁྱུད་པ་ལ་འཁོར་རྣམས་གཞུང་ལྟར་ཏེ། བདག་མདུན་བསྐྱེད་དུས་གཅིག་བསྐྱེད་པ་ལས་མངོན་རྟོགས་སོ་སོར་འདོན་མི་དགོས་པ་འདི་རྙིང་མའི་ལུགས་པཀྵིའི་ཡབ་ཆོས་ལུགས་ཡིན། སྤྱན་འདྲེན་དུས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས་ནས་བདག་མདུན་ལ་སོ་སོར་ཐིམ་པར་དམིགས་པ་མ་ཟིན་གྱི་བར་དུ་སྤྱན་འདྲེན་སྔགས་འདོན། དམ་བཞག་དུས་བདག་བསྐྱེད་ཡི་དམ་གྱི་ཚུལ་མདུན་བསྐྱེད་ཆོས་སྐྱོང་གི་ཚུལ་ལ་དམ་ལ་བཞག་པར་བསམ། དབང་བསྐུར་རྒྱས་གདབ་དུས་བདག་མདུན་གྱི་སྤྱི་བོར་ཀརྨ་པཀྴི་དང་། མགོན་པོའི་ཐུགས་ཀའི་ཧཱུཾ་


CMR028_Page_0358
[མ་དཔེ་གཟིགས་ན་འདིར་གནོན།]

གི་སྟེང་དུ་པད་ཉི་ལ་རང་གི་ཡི་དམ་གང་ཡིན་ནམ་ལེགས་ལྡན་གྱི་སྐུ་སོར་བཞི་ཙམ་བསྒོམ། མཆོད་བསྟོད་དུས་རང་གི་ཐུགས་ཀ་ནས་སྤྲུལ་པའི་ལྷ་མོ་དཔག་ཏུ་མེད་པས་བདག་མདུན་སོ་སོ་ཤུལ་མཆོད་ནས་བསྟོད་པར་དམིགས་ཏེ་འདོན། ཚོགས་བྱེད་རྒྱུ་ཡོད་ན་ཚོགས་ཕུད་ཕུལ་ནས་གཏོར་བསྔོས་བྱེད་པ་ཡིན་ཅིང་། མེད་ན་ལྷ་ཚོགས་ཞེས་ཚོགས་གཅིག་བཅས་ལོ་རྒྱུན་དུ་གསོ་བྲན་བྱས་ནས་འདོན་རུང་ལ་རྒྱུན་དུ་ཚོགས་མ་འབྱོར་ཀྱང་འགལ་བ་མེད་དེ། དེ་ཡང་སྔ་དྲོ། ཉིན་ཕྱེད། དགོང་ཀ་མཚན་མོ་དང་ཐུན་བཞི་ལ་མཚལ་མ་བྱེད་ན་བསྟོད་པ་ཡན་ཚར་བཞི་དགོས་ཀྱང་། ཡོངས་རྫོགས་ཚར་བཞི་བྱས་ན་བསྙེན་པ་མི་འགྲོ་བས། སྔ་དྲོའི་ཐུན་ལ་བསྟོད་པ་ཡན་འདོན་ནས་བསྙེན་པ་ཉི་མ་ཕྱེད་ཟིན་ལ་ཁད་བར་བྱ། ཐུན་གཏོར་ལ་བཀུག་གཞུག་བརྡའ་ཙམ་བྱས་ལ་བྱང་ཕྱོགས་དུར་ཁྲོད་མ་ཡབ་ཡུམ་གྱིས་དཀྱིལ་འཁོར་དྲུང་དུ་ཡར་ཕུལ་ལ་བཞག །ངག་མི་བཏང་ཀ་མེད་ཡོད་ན་བཏང་། ཆབ་གཏོར་སོགས་ཆོས་སྤྱོད་ཆག་མེད་ཡོད་ན་འདོན། སླར་ཉིན་ཕྱེད་ནས་མཚལ་མ་ཚར་གཅིག་རབ། མ་ལྕོགས་ནའང་གསོལ་ཀ་འདོན་ནས་སྔར་ལྟར་བསྙེན་པ་དགོང་ཆེན་བར་བྱ། རྟོགས་བསྟོད་ཡབ་ཡུམ་གྱིས་


CMR028_Page_0359
[མ་དཔེ་གཟིགས་ན་འདིར་གནོན།]

ཐུན་གཏོར་ཡར་ཕུལ། ཐུན་མཚམས་དེར་གལ་ཆེ་བའི་བྱ་བ་ཡོད་ན་བྱ། སླར་དགོང་མོ་ནས། རབ་མཚལ་མོ་ཚར་གཅིག །མ་ལྕོགས་ནའང་བསྐང་བ་རྒྱས་བསྡུས་གང་རུང་དང་། དམིགས་པ་དང་བཅས་ཡིག་བརྒྱ་ཚར་གསུམ་འདོན། བདག་སྒྲུབ་མ་ནས་སྔགས་རིང་ཚར་གཅིག་སྔགས་མཆོད་ཀྱི་ཚུལ་དུ་བྱས་ནས་མུན་རུབ་ལ་ཁད་བར་བསྙེན་པ་བྱ། འདས་བྱོན་མ་ཡབ་ཡུམ་གྱི་ཐུན་གཏོར་ཡར་ཕུལ། ཐུན་མཚམས་དེར་ཡི་དམ་ཆོས་སྐྱོང་གཞན་གྱི་ལས་བྱང་དང་གཏོར་བསྔོས། ཟབ་མདོ་སེང་གདོང་མ་སོགས་སྲུང་ཟློག་ཆག་མེད་ཀྱི་རིགས་གང་དགོས་ཚར་བར་བྱ། བསྔོ་སྨོན་གྱིས་རྒྱས་གདབ། མུན་རུབ་ནས་ཡང་མཚལ་མ་བསྟོད་པ་ཡང་འདོན། དེ་ནས་གཉིད་མ་རན་བར་བསྙེན། གང་ཞིག་བླ་མ་ཡབ་ཡུམ་གྱི་ཐུན་གཏོར་ཡར་ཕུལ། རྗེས་ཆོག་དང་ཐུན་བསྡུ་བ་སོགས་མཚམས་གྲོལ་དུས་བར་མི་བྱ། བདག་མདུན་གསལ་བར་བསྒོམ་བཞིན་པར་སེམས་ལྟ་བར་བསྐྱེད་རྫོགས་ཟུང་འཇུག་བསྒོམ་པ་མ་གཏོགས་མཐའ་ནས་དབུས་ཡལ་སོགས་བློས་བྱས་ཀྱི་རྫོགས་རིམ་མི་བསྒོམ་པར། ཐུགས་ཀའི་ཧཱུྃ་ལ་རིག་པ་གཏད་དེ་ཉམས་ལེན་ངང་ལ་ཉལ། ཕྱིར་ནངས་ཞོགས་པ་ནས་བརྩམས་


CMR028_Page_0360
[མ་དཔེ་གཟིགས་ན་འདིར་གནོན།]

ཏེ་ཐུན་གྱི་ཚུལ་སྔ་ཉིན་ལྟར་བྱའོ། །དེའང་གནད་ཀྱི་མན་ངག་གྲུབ་ཆེན་ཀརྨ་པཀྵིའི་ཁྱད་ཆོས་བསྲེ་བ་སྐོར་གསུམ་གྱི་རྩ་བ་ནི། རང་ཉིད་མགོན་པོ་དང་མདུན་བསྐྱེད་མགོན་པོའི་ཐུགས་ཀར་ཟླ་བའི་སྟེང་དུ་ཧཱུྃ་མཐིང་ནག་ལངས་ཏེ་གནས་པའི་མཐར་མདུན་ནས་བརྩམས་ཏེ་ཡི་གེ་ངོ་ཕྱིར་ལྟ་བར།་ཨོ་བཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཞེས་གཡོན་བསྐོར་དུ་བཀོད་པ་དང་། བདག་མདུན་ལྷ་མོ་གཉིས་ཐུགས་ཀར་ཉི་མའི་སྟེང་དུ་བྱོཝསྔོན་པོ་ལ་མདུན་ནས་བརྩམས་ཏེ་ཡིག་ངོ་ནང་དུ་ལྟ་བར། ཨོཾ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཞེས་གཡས་བསྐོར་དུ་བཀོད་དེ། དང་པོ་དེ་དག་ཀློག་པའི་ཚུལ་དུ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཞེས་བཟླས་ཏེ། དེའང་སྐུའི་སྔགས་ལྷ་སྐུ་བསྒོམ་པ་དང་། ཐུགས་ཀྱི་སྔགས་ཏིང་ངེ་འཛིན་བསྒོམས་པས་འཐུས་ཤིང་། ཞལ་སྦྱོར་གསུང་གི་སྙིང་པོ་ཡིག་འབྲུ་བཅུ་གསུམ་པ་འདི་ཉིད་བཟླ་བ་གལ་ཆེ་བའི་སྔགས་སུ་གསུངས་སོ། །དེ་ན་སྔགས་ཚན་བཞིའི་མགོན་པོའི་སྔགས་གཡས་དང་། ལྷ་མོའི་སྔགས་གཡོན་དུ་སོ་སོར་ཀྱི་ལི་ལི་དང་པོ་དལ་བུའི་འཁོར། དེ་ནས་ཇེ་མགྱོགས་སུ་དང་། དེ་ནས་དྲག་ཏུ་འཁོར་བཞིན་པ་ལས་འོད་ཟེར་ཁ་དོག་སྣ་ཚོགས་


CMR028_Page_0361
[མ་དཔེ་གཟིགས་ན་འདིར་གནོན།]

ཕྱོགས་བཅུར་འཕྲོས་པས་ནམ་མཁའི་མཐར་ཐུག་པའི་ཞིང་ཁམས་རབ་འབྱམས་ན་བཞུགས་པའི་བླ་མ་རིག་འཛིན་གྲུབ་ཐོབ་སངས་རྒྱས་བྱང་སེམས་ཡི་དམ་ལྷ་ཚོགས་ཡེ་ཤེས་ཆོས་སྐྱོང་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་ལ་འོད་ཟེར་དེ་ཕོག་པས་སྐུ་གསུང་ཐུགས་བདེ་བ་ཆེན་པོས་ཤིན་ཏུ་མཉེས་ནས་དེ་ཐམས་ཅད་མ་མགོན་གྱི་སྐུ་ཁོ་ནར་གནས་འགྱུར་ཏེ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་ནས་ཁ་བ་བུ་ཡུག་ལྟར་ཆི་ལི་ལི་བྱོན་ནས་བདག་དང་མདུན་བསྐྱེད་ལ་སིབ་སིབ་ཐིམ་པར་རྩེ་གཅིག་ཏུ་བསྒོམས་ལ་བཟླས་པ་བྱ་བ་ནི་བསྙེན་པ་དང་ཉེ་བར་བསྙེན་པ་སྟེ་རྩེ་བ་ཡིན་ནོ། །དེ་ནས་ཡང་གཞན་ཐམས་ཅད་གོང་དང་འདྲ་བ་ལས། རང་གི་ཐུགས་ཀའི་སྔགས་འཁོར་བཞིན་པ་ལས་མཐིང་ཁ་ཤས་ཆེ་བའི་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་པ་ཞལ་ནས་ཐོན་པར་སྟོང་སྐུད་སྐྱ་ཕྱེས་པ་ལྟར་གཉིས་སུ་གྱུར་ཏེ་མདུན་བསྐྱེད་ཡབ་ཡུམ་གཉིས་ཀྱི་ཞལ་དུ་སོ་སོར་ཞུགས་པ་མཆོད་པར་གྱུར་པས་མཉེས། ཐུགས་ཀའི་སྔགས་འཁོར་གཉིས་ལ་ཐིམ་པས་སྔགས་འཁོར་ཡང་སྔོན་ལས་མགྱོགས་པར་དྲག་ཏུ་འཁོར་བས་ཐུགས་དམ་གྱི་རྒྱུད་བསྐུལ་ཏེ་ས་བོན་ཧཱུྃ་དང་བྷོ་ལས་འོད་ཟེར་སོ་སོ་ནས་བྱུང་བ་སྦྱོར་མཚམས་ནས་ཐོན་འོད་ཟེར་གཅིག་ཏུ་གྱུར་


CMR028_Page_0362
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚུར་བྱུང་རང་ཡབ་ཡུམ་སྦྱོར་མཚམས་རྡོ་རྗེའི་སྦུག་ནས་ཞུགས་ཏེ་རང་གི་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་མ་མགོན་གྱི་བྱིན་རླབས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསྒོམ་སྟེ། དེ་ཡང་དང་པོ་འོད་ཟེར་དང་གོམས་ནས་བཟླའི་སྔགས་ཕྲེང་དུ་བསྒྱུར་ཏེ་བདག་མདུན་བར་དུ་འཁོར་ཚེ་ཡང་དེ་ལས་འོད་ཟེར་ཕྱོགས་བཅུར་འཕྲོས་པས། བླ་མ་ཡི་དམ་སངས་རྒྱས་བྱང་སེམས་ཆོས་སྐྱོང་སྲུང་མ་ཐམས་ཅད་ཀྱི་བྱིན་རླབས་ནུས་པ་དངོས་གྲུབ་ཐམས་ཅད་སྐུ་དང་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པ་དང་ལྷ་འདྲེ་མི་གསུམ་གྱི་ཚེ་བསོད་ནམས་ལོངས་སྤྱོད་མཐུ་ནུས་ཐམས་ཅད་འོད་ཟེར་གྱི་རྣམ་པར་བསྡུས་ནས་སྔགས་ཕྲེང་ལ་ཐིམ་པས། དེ་ཕར་ལ་མཆོད་པའི་ཚུལ་དང་། ཚུར་དངོས་གྲུབ་ཀྱི་ཚུལ་དུ་བསྒོམ་པ་སོགས་གོང་ལྟར་ལ་བཟླས་པ་བྱ་བ་ནི་སྒྲུབ་པ་དང་སྒྲུབ་པ་ཆེན་པོའོ། །དེ་ཡང་ཐུགས་ཀའི་ས་བོན་མཐར་སྔགས་ཕྲེང་འཁོར་བ་ནི་ཟླ་དཀར་ཕྲེང་བ་ལྟ་བུའི་བཟླས་པ་དང་། བདག་མདུན་བར་དུ་འཁོར་བ་ནི་མགལ་མེའི་འཁོར་ལོ་ལྟ་བུའི་བཟླས་པ་ཞེས་བྱའོ། །དེ་ལྟར་མཚམས་ཞག་བདུན་བྱེད་ན། ཞག་གསུམ་བསྙེན་པ་དང་། ཞག་གསུམ་སྒྲུབ་པའི་དམིགས་པ་བྱ། ཞག་བདུན་གསུམ་བྱེད་ན་བསྙེན་སྒྲུབ་ཀྱི་


CMR028_Page_0363
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པ་གཉིས་སོ་སོར་ཞག་བདུན་རེ་ལ་བྱའོ། །ཡང་ན་བསྙེན་སྒྲུབ་ཀྱི་དམིགས་པ་རྣམས་ཐུན་ཁང་རེ་ལ་རྫོགས་པར་བྱ་བའམ། ཐུན་བཞི་ལ་སོ་སོར་དམིགས་པ་རེ་རེ་ཨུ་ཚུགས་བྱས་ལ་བསྒོམ་ཡང་རུང་ངོ་། །དེ་ནས་ཡང་གཞན་ཐམས་ཅད་གོང་དང་འདྲ་བ་ལས། བདག་མདུན་བར་གྱི་སྔགས་ཕྲེང་དེ་ཞོགས་པ་ནས་ཉི་དྲོས་བར་མུ་ཏིག་གི་ཕྲེང་བ་ལྟ་བུར་འཕྲོས་པའི་འོད་དཀར་པོའི་ཞི་བའི་ལྷ་ཐམས་ཅད་ཀྱི་བྱིན་རླབས་བསྡུས་ཏེ་མདུན་བསྐྱེད་ཡབ་ཡུམ་གྱི་ཞལ་དུ་སྔགས་ཕྲེང་སོ་སོར་གྱུར་ཏེ་ཞུགས་ཞི་བའི་མཆོད་པར་གྱུར། ཐུགས་ཀར་ཐིམ་པས་ཞི་བའི་ཕྲིན་ལས་སྒྲུབ་པར་ཐུགས་རྒྱུད་བསྐུལ། ཐུགས་ཀའི་སྔགས་འཁོར་ལས་ཞི་བའི་དངོས་གྲུབ་ཀྱི་སྔགས་ཕྲེང་དཀར་པོ་སོ་སོ་ནས་བྱུང་བ་སྦྱོར་མཚམས་ནས་ཚུར་བྱུང་བ་དེ་ལས་འོད་ཟེར་ཟླ་བ་ཤར་བ་ལྟ་བུའི་རང་དང་བསྲུང་བྱའི་ནད་གདོན་འཇིགས་པ་བརྒྱད་དང་བཅུ་དྲུག་སོགས་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་ཞི་བར་བྱས་ནས་རང་ཡབ་ཡུམ་སྦྱོར་མཚམས་རྡོ་རྗེའི་སྦུབས་ནས་ཞུགས་པས་ལུས་འོད་ཟེར་དཀར་པོའི་ཁྱབ། དེས་རང་གི་སྡིག་སྒྲིབ་ཉོན་མོངས་ནད་གདོན་ཐམས་ཅད་ཞི་ཞིང་ས་བོན་ལ་ཐིམ་པར་བསྒོམ་ཞིང་བཟླ། དེས་


CMR028_Page_0364
[མ་དཔེ་གཟིགས་ན་འདིར་གནོན།]

རིགས་འགྲེས་ཏེ། ཉི་དྲོས་ནས་ཕྱེད་ཡོལ་བར་སྔགས་ཕྲེང་སེར་པོའི་འཕྲོ་འདུའི་རྒྱས་པའི་ལྷ་ཚེ་དཔག་ཛམ་ལྷ་སོགས་བྱིན་རླབས་བསྡུ་བ་དང་། རང་དང་བསྲུང་བྱའི་ཚེ་བསོད་ནམས་ཟླ་བ་ཡར་ངོ་ལྟར་བསྒོམ་པ་གོང་ལྟར། དགོང་ཀ་ནས་ཉི་མ་ཐལ་བར། སྔགས་ཕྲེང་དམར་པོས་དབང་གི་ལྷ་ཀུ་རུ་ཀུལླེ་སོགས་ཀྱི་བྱིན་རླབས་བསྡུ་བ་དང་། རྒྱལ་བློན་འབངས་འཁོར་ཡུལ་ཁམས་སྣང་སྲིད་ཐམས་ཅད་ཤ་རུལ་ལ་སྦྲང་མ་ལྟར་དབང་དུ་འདུ་བར་བསྒོམ་པ་སོགས་དང་། མུན་རུབ་ནས་ཉལ་ཁ་ཚུན་སྔགས་ཕྲེང་མཐིང་ནག་དང་འོད་ཟེར་ནག་པོ་ཚ་ལ་རྩུབ་པས། དྲག་པོའི་ལྷའི་བྱིན་རླབས་མཐུ་ནུས་བསྡུ་བ་དང་། གནོད་བྱེད་ཐམས་ཅད་མེ་ལྕེའི་ཁ་ཡི་སྦྲང་མ་ལྟར་བསད་བཅད་གཏུབས་པ་དང་། རང་གི་ཉོན་མོངས་བདུད་བཞི་ཚར་བཅད་པར་བསྒོམ་པ་སོགས་ནི་ལས་སྦྱོར་དམིགས་པའོ། །དེ་ལ་སྔགས་ཕྲེང་སྐོར་རེ་རེའི་མཐར་ཤམ་བུ་རེ་རེ་སྦྱར་ཏེ། ཞི་བ་ལ་ནད་གདོན་བར་ཆད་ཐམས་ཅད་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ། རྒྱས་པ་ལ། ཚེ་བསོད་དཔལ་འབྱོར་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། དབང་ལ། ཁམས་གསུམ་སྲིད་གསུམ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། དྲག་པོ་ལ། གནོད་བྱེད་དགྲ་བགེགས་མཱ་ར་ཡ་ཧཱུྃ་ཕཊ།


CMR028_Page_0365
[མ་དཔེ་གཟིགས་ན་འདིར་གནོན།]

ཅེས་སྦྱར། དེ་དག་ནི་ཞག་བདུན་བསྒྲུབས་ན་ཞག་གཅིག་དང་། བདུན་གསུམ་བྱེད་ན་བདུན་གཅིག་ལ་བྱ་བ་ལས་སྦྱོར་ཏེ་ཁྲིག་ཁྲིག་ནི་མེད། ཡང་ན་ལས་སྦྱོར་གང་རུང་རེའམ། བཞི་ཀ་ལ་རྟགས་མ་ཐོན་བར་དུ་ཞག་གསུམ་མམ། བདུན་རེ་ཙམ་བྱས་ན་ནི་ཕྱི་ནང་གི་རྟགས་གསལ་པོ་འབྱུང་ངོ་། ༈ །དེ་ལ་དུས་ཀྱི་བསྙེན་པ་ནི། རབ་ཀྱིས་ཞག་བདུན། འབྲིང་བཅུ་བཞིའམ་ཉེར་གཅིག །ཐ་མ་ཟླ་བ་གཅིག ཡང་ཐ་ཟླ་བ་གསུམ་གྱིས་འགྲུབ། གྲངས་ནི་རབ་འབུམ་ཕྲག་གཅིག་གམ། འབྲིང་འབུམ་ཕྲག་བཞི། ཐ་མ་འབྲུ་གསུམ་སྟེ་འབུམ་ཕྲག་བཅུ་གསུམ། ཡང་ཐ་ནི་འབུམ་ཕྲག་ལྔ་བཅུ་རྩ་དྲུག་སྟེ། བྱེ་ཆུང་ལྔ་དང་ཁྲི་ཚོ་དྲུག་ཅུའི་ངེས་པར་འགྲུབ་བོ། ༈ །དེ་ལ་རྟགས་ནི་རབ་དངོས། འབྲིང་ཉམས། ཐ་མ་རྨི་ལམ། ཡང་ཐ་ཡིད་ཡུལ་དུ་འཆར་ཏེ། སྐུའི་རྟགས་ཞལ་མཇལ། བྲིས་འབུར་གྱི་སྐུ་རྙེད་པ། གསུང་གི་རྟགས་སྔགས་སྒྲ་ཐོས། སྐུ་མ་མཐོང་ཡང་ལུང་བསྟན་གྱི་སྒྲ་ཐོས་པ། རྒྱུད་དང་སྒྲུབ་ཐབས་ཀྱི་དཔེ་ཆ་ལེགས་པོ་རྙེད་པ། ནམ་མཁའ་ལ་ཡིག་འབྲུ་མཐོང་བ། ཐུགས་ཀྱི་རྟགས་ལ་མ་མགོན་གྱི་ཕྱག་ཚ་རྡོ་དྲིལ་ཌ་མ་རུ་རྙེད་པ་སོགས་


CMR028_Page_0366
[མ་དཔེ་གཟིགས་ན་འདིར་གནོན།]

ནི་སྤྱིར་བཤད་པ་ལ། བྱེ་བྲག་རང་གི་བླ་མ་སློབ་དཔོན་ཆོས་གྲོགས་དམ་ཚིག་གཅིག་པ། མི་ནག་གསུས་འཕྱང་ཕ་ཁུ་ཞང་བློན་དཔོན་རིགས་ཆས་བཟང་སོགས་དགའ་ཞིང་གུས་པ། །གོས་ནག་པོ་བཟང་པོ་གྱོན་པ། མཚོན་ཐོགས་པ། སྔགས་པ་རྔ་དར་ཆེན། རང་ཉིད་ཆས་བཟང་རྡོར་དྲིལ་ཐོགས་པ།་མི་ནག་པོ་སྦོམ་ཐུང་གསུས་འཕྱངས་བ། བྱ་ནག་ཁྱི་ནག་རྟ་ནག་གཡག་ནག་སོགས་མགོན་པོའི་རྟགས་དང་། རྟགས་བཟང་ཡང་དགའ་ཚོར་ལ་ངན་ཡང་རྣམ་རྟོག་སོགས་གང་ཡང་མི་བྱ། རྟགས་བཟང་ངེས་དུས་དངོས་གྲུབ་ལེན་ཆོག་བདུད་རྩི་ལྕེ་ལ་བཞག །ལྷ་མོའི་རྟགས་མཁའ་འགྲོས་གཏམ་སྨྲ་བ། དྲི་བཟང་བྲོ་བ། ལུས་ལས་འོད་བྱུང་བ། སྔར་མི་ཤེས་པའི་ཆོས་དང་སྔགས་རང་གིས་ཐོལ་བྱུང་དུ་སྨྲ་བ། གླལ་བ་སོགས་སྐྱུགས་ཤིང་མཆི་མ་འོང་བ། སྙིང་དགའ་ནས་ཅི་བྱེད་མི་ཚོར་བ། ལུས་སེམས་ལ་བདེ་བ་སྐྱེས་པ། བུད་མེད་དཀར་སེར་དམར་ལྗང་རལ་པ་ཅན་བུད་མེད་ཀྱི་ཁྲོམ་ཚོགས་འདུ་བ། མེ་ཏོག་གི་ཆར། འབྲུག་སྒྲ་རླུང་འཚུབ་འཇའ་འོད། གཡུ་དང་རལ་གྲི་རྩེ་གསུམ་ནེའུ་ལེ་རྨ་བྱའམ་སྒོ། ཁྲག་མཚོ་སྤྲུལ། དྲེལ་དང་བོང་བུ་ཤ་བ། མ་སྲིང་སྲུ་མོ་བུད་མེད་རྒྱན་ཅན་


CMR028_Page_0367
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་དངོས་གྲུབ་ཀྱི་རྫས་སྟེར་བ། གྲོགས་ཀྱི་ཚུལ་དུ་སྟོན་པ། མིག་འདར་ཞིང་འགུལ་བ་དང་། །རང་གིས་ལེགས་ཉེས་ཐོལ་བྱུང་དུ་སྨྲ་བ། ལུས་འདར་བ། ཁང་པ་འཚག་པ། སྒོ་བརྡུང་བ། ཐིབ་ཐིབ་གནོན་པ། ཐལ་ཐལ་གཏམ་སྨྲ་བ་ལ་སོགས་པ་དང་། གཞན་ཡང་རང་གྱེན་ཁ་ལ་འགྲོ་བ། ནམ་ལངས་བ། ཉི་ཟླ་ཤར་བ། ནམ་མཁར་འཕུར་བ། རི་མཐོན་རྩེར་ཕྱིན་པ། དར་ཕྱར་བ། དུང་འབུད་པ། རོལ་མོ་སྒྲོགས་པས་སྐད་སྙན་པ་དང་། ཆེ་བར་མཐོང་པ་སོགས་ནི་འགྲུབ་པའི་རྟགས་དང་བཅོས་མིན་གྱི་མོས་གུས་དང་བདེ་གསལ་མི་རྟོག་པའི་ཏིང་ངེ་འཛིན་བརྟན་པོ་དང་། རང་སེམས་ངོ་བོ་རྗེན་པར་མཐོང་། མ་མགོན་རང་སེམས་དབྱེར་མེད་དུ་རྟོགས་པ་སོགས་ནི་མཆོག་གི་རྟགས་སོ། །བྱ་བྲལ་སྤྲང་པོ་དབྱུག་ཐོགས་བྱུང་ན་མཆོད་གཏོར་བཟང་དུ་བསྐྱེད་དོ། །བུད་མེད་ངུ་བ་དང་མཆི་རིས་ཅན་རྒྱན་བཀྲོལ་ནས་གཏད་པ། ཡུགས་ས་མཛེ་མོ་བུད་མེད་འཐབ་པ་དང་འཁྲོ་བ། མི་རྟ་བྱ་ཁྱི་གཡག་ནག་རང་ལ་འཚེ་བ། བྱིངས་རྨུགས་འཐིབས་ཤིང་། ནད་རྙིང་སོགས་ལུས་མི་བདེ་བ་བྱུང་ན་བསྐང་བ་མང་དུ་འདོན་ལ་ཐུན་མཚམས་སུ་བདག་མདུན་གྱི་


CMR028_Page_0368
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་རྡོར་སེམས་བསྒོམ་པའི་སྐུ་ལས་བདུད་རྩིའི་རྒྱུན་བབས་པས་དམ་ཚིག་ཉམས་ཆག་དང་མ་མགོན་གྱི་ཐུགས་མི་མཉེས་པ་ཐམས་ཅད་དག་པར་བསྒོམས་ལ། ཨོཾ་ས་མ་ཡ། ཨཱས་མ་ཡ། ཧཱུྃ་ས་མ་ཡ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས། སཏྭ་ཨཱ༔ ཞེས་སྦྱར་བའི་ཡིག་བརྒྱ་ཚར་ཅི་ལྕོགས་འདོན། དེས་ནི་བཀྲ་ཤིས་པ་དང་། ས་མ་ཡའི་དམ་ཚིག་གི་སྔགས་སྡེབས་ཟབ་ཁྱད་ཅན་ནོ། །ཡང་སྒྲུབ་པ་དུས་སམ་ནམ་ཡང་རུང་བ་དངོས་སམ་རྨི་ལམ་དུ་ལྷ་ཁང་དཔེ་རུལ་གོག་པ་དང་བནྡེ་དམ་ཉམས་རིགས་སོགས་གདོན་རྟགས་དང་། གཞན་ཡང་དམ་སྲིའི་བར་ཆད་རྟགས་བློ་སྙིང་མི་བདེ་བ་བྱུང་ན་རང་ངམ་མདུན་བསྐྱེད་མགོན་པོའི་ཕྲག་གོང་གཉིས་སུ་བྱ་རོག་ནག་ལ་དམར་མདངས་ཅན་གཉིས་བསྒོམ། །དེ་ལས་བྱ་རོག་དཔག་ཏུ་མེད་པ་ཐམས་ཅད་བྱ་ཁྱུང་ལྟར་འཁྱིལ་ཞིང་སྟོབས་དང་ལྡན་པ་གཤོག་སྒྲ་འབྲུག་ལྟར་ཚག་སྒྲ་འུར་སྒྲ་དང་བཅས་འཇིག་རྟེན་ཐམས་ཅད་གང་བ་འཕྲོས། འཕུར་འཇུམ་ལྡིང་གསུམ་བྱེད་ཅིང་མཆུ་སྡེར་གནམ་ལྕགས་ལས་གྲུབ་པས་གནོད་བྱེད་འབྱུང་པོ་ཐམས་ཅད་བྱེའུ་ཡིས་འབུ་སྲིན་བཏུས་པ་ལྟར་ཟོས་ནས་ཐམས་ཅད་ཚུར་འདུས། ཕྲག་གོང་བྱ་རོག་


CMR028_Page_0369
[མ་དཔེ་གཟིགས་ན་འདིར་གནོན།]

གཉིས་ལ་ཐིམ། ཡང་མགོན་པོའི་ཐུགས་ཀ་ནས་བྱ་རོག་སྤྲོས་པས་གོང་ལྟར་བྱས་ནས་ཐུགས་ཀར་བསྟིམ། དེ་གཉིས་རེས་མོས་སུ་བསྒོམས་ནས་སྔགས་ཤཱ་ས་ནའམ་རྩ་སྔགས་ལ་གནོད་བྱེད་ཐམས་ཅད་ཨུ་ཙ་ཏ་ཡ་ཕཊ། ཅེས་སྦྱར་ལ་བརྒྱ་རེ་ཙམ་བཟླས་ནས་ཐུན་གཏོར་ཕྱག་ལེན་ལྟར་འབུལ་ལོ། །དེ་ལྟར་ཞག་བདུན་ལས་མི་ཉུང་བར་སྒྲུབ་པ་བྱ་སྟེ། གྲུབ་ཆེན་ཀརྨ་པཀྵིའི་གསུང་ལས། མགོན་པོ་ཡབ་ཡུམ་བདག་བསྒོམ་དུ་བྱས་ནས། ཡེ་ཤེས་སེམས་དཔའ་རྒྱུན་ཆད་མེད་པར་བསྟིམ་ཞིང་བསྙེན་པ་ནུས་ཚད་དུ་བྱས་ན། མཐུ་སྟོབས་མ་མགོན་འཁོར་བཅས་དང་མཉམ་ཞིང་། མིང་ཐོས་པ་ཙམ་གྱིས་ཀྱང་ཐམས་ཅད་སྐག་ཅིང་འཛམ་གླིང་ཟིལ་གྱིས་གནོན་པར་འགྱུར་རོ། །ཞེས་དང་། ཞག་བདུན་གྱི་བར་དུ་བསྟོད་བསྐུལ་ཕྲིན་ལས་གཞུང་བཞིན་དུ་བྱས་ན། མ་མགོན་ལུས་དང་གྲིབ་མ་ལྟར་འགྲོགས་ཤིང་ཕྱི་མའི་མུ་མཐར་ཐུག་གི་བར་དུ་བསྟན་པ་རིན་པོ་ཆེ་བསྲུང་བར་འགྱུར་རོ། །ཞེས་གསུངས་པའི་དོན་ཡིན་ནོ། ༈ །དེ་ནས་སྒྲུབ་པ་ཞག་དྲུག་བདུན་སོང་བའི་མཚན་མོའམ། ཡུན་རིང་བྱས་ན་གྲོལ་ཁ་ཉི་མ་གཅིག་ལ་ལས་སྦྱོར་བརྡའ་ཙམ་ཞིག་བྱེད་དགོས། དེ་མ་བྱས་ན་རྣལ་འབྱོར་


CMR028_Page_0370
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཚེ་ཐུང་བ་མགོན་པོའི་རྒྱུད་རྣམས་ལས་བཤད་པས། ཟིན་ལིང་གཅིག་ལ་བསྟན་པའི་སྤྱི་དགྲ་དང་རང་གི་བྱང་ཆུབ་སྒྲུབ་པ་ལ་བར་དུ་གཅོད་པའི་གནོད་བྱེད་ཐམས་ཅད་བཀུག་གཞུག་བྱས་ལ་བསྒྲལ་ལས་ཕུར་འདེབས་རྒྱས་པ་ལས་འགྲིགས་ལྟར་རམ། བསྡུ་ན་ཤཱ་ས་ན་བརྒྱ་ལས་མི་ཉུང་བ་འདོན་ཅིང་། མདུན་བསྐྱེད་བེར་ཕྱི་མའི་སུལ་ནས་མཚོན་ཆ་སྣ་ཚོགས་ཆར་བབས་པས་དགྲ་བགེགས་ཐམས་ཅད་རྡུལ་དུ་བརླག་པར་དམིགས་ལ། ཕུར་པའམ་གྲིས་ལིང་ག་དེ་གཏུབ་སྟེ་དམར་གཏོར་ཆེ་བ་གཅིག་བཤམ་པའི་ནང་དུ་བླུགས་ནས་བྲན་ལ། མ་མགོན་གྱི་བསྐུལ་པ་ཤེས་ཚད་བཏོན་ལ། གཟའ་དང་མཁའ་འགྲོའི་གདོང་མ་ཐུག་པར་གནོད་བྱེད་ཀྱི་སོགས་རྒྱང་རིང་སར། གསེར་སྐྱེམས་དཀར་གཏོར་བཞེས་འབོད་དང་བཅས་ཟོར་དུ་འཕེན་པ་ནས་༔ དངོས་གྲུབ་བླང་བའི་བར་ཕྱག་ལེན་ལྟར་བྱ། ཟོར་འཕེན་མ་འགྲིགས་ཀྱང་ཕྱོགས་གཙང་སར་ཕྱི་རོལ་དུ་རྒྱང་བསྲིངས་ལ་ཕུལ་བཅུག་གོ །དེ་ནས་རབ་མཚལ་མ་གཅིག་མ་འགྲུབ་ནའང་བསྐང་བ་ཚར་གཅིག་གཏང་རག་ཚུལ་དུ་བཏང་ནས། སྒྲུབ་གཏོར་དེ་ཉིད་མ་མགོན་འཁོར་བཅས་སུ་གསལ་བའི་བེར་ནང་མའི་སུལ་ནས་རིན་པོ་ཆེ་སྣ་ཚོགས་ཀྱི་ཆར་བབས་


CMR028_Page_0371
[མ་དཔེ་གཟིགས་ན་འདིར་གནོན།]

པས་རང་གི་གནས་ཁང་ཕྱུར་བུར་གང་བ་དང་། དཔྲལ་མགྲིན་ཐུགས་ཀ་རྣམས་ནས་སྐུ་དང་སྔགས་ཕྲེང་ཧཱུཾ་བྷོ་ཐིག་ལེ་ཕྱག་མཚན་སོགས་ཆར་བབ་པ་ལྟར་རང་གི་གནས་གསུམ་ལ་ཐིམ་པས་དབང་དང་དངོས་གྲུབ་ཐོབ་པར་བསྒོམ་ལ་བསྙེན་པ་དང་། དངོས་གྲུབ་ལེན་ཆོག་གི་སྔགས་སྟོང་ངམ་བརྒྱ་སོགས་བཟླས་ཏེ་རང་གིས་རྡོར་དྲིལ་དང་བཅས་གཏོར་མ་དེ་བཟུང་ལ། ཧཱུྃ། ཆོས་ཀྱི་དབྱིངས་སོགས་དམིགས་པ་དང་བཅས་འདོན་ལ་རང་གི་གནས་གསུམ་དུ་གཏུགས་ཏེ་རྩ་སྔགས་ཤམ་དུ་ཀཱ་ཡ་ཨ་བྷི་ཥིཉྩ་ཨོ། རྩ་སྔགས། ཝཱཀྐ་ཨ་བྷི་ཥིཉྩ་ཨཱ༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ། ཞེས་བརྗོད་དེ་དབང་བླང་། སླར་གཏོར་མའི་ལྷ་དེ་ནམ་མཁར་ཡིད་ཀྱིས་བཏེག་ལ། གཏོར་མ་དེ་བྲན་ནས་བྱིན་གྱིས་རླབས་ཏེ། བྷྱོ། གཞོང་པ་རྣམ་དག་སོགས་ཀྱིས་གཏོར་མ་བསྔོ་བསྟོད་པ་བྱ། དེ་ནས་རྗེས་ཆོག་གི་མཆོད་བསྟོད་བཤགས་པ་སོགས་གཞུང་ལྟར་བྱ་ཞིང་། མདུན་གྱི་ཡེ་ཤེས་པ་གཤེགས་པའམ་རྟེན་ལ་བསྟིམ། དམ་ཚིག་པ་རང་ལ་བསྡུ། བདག་བསྐྱེད་ཡེ་ཤེས་པ་ནི་བྱང་ཆུབ་མ་ཐོབ་བར་དུ་མི་གཤེགས་པ་ཕྱག་རྒྱ་སྒོ་བཅད་ཀྱི་སྒྲུབ་པ་ཞེས་བྱ་བ་གསང་སྔགས་རྙིང་མའི་ཁྱད་ཆོས་སོ། །


CMR028_Page_0372
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་ཐམས་ཅད་ཀྱང་འཇིག་རྟེན་པ་རང་རྒྱུད་པ་མིན་ཅིང་མ་མགོན་གྱི་སྤྲུལ་པ་ཆགས་ལུགས་འཇིག་རྟེན་ལྟར་སྟོན་པ་ཁོ་ནར་གསུངས་པས་རང་ལ་བསྡུ། ཡུམ་ཡབ་ལ་ཡབ་ཧཱུྃ་ལ་ཧཱུཾ་གྱེན་རྫོགས་སུ་ཡལ་བར་སྟོང་ཉིད་ཀྱི་ངང་ལ་བཞག །བསྔོ་བ་སྨོན་ལམ་བཀྲ་ཤིས་སོགས་རྒྱས་པར་བྱ། རྟེན་རྫ་ས་ཙཀ་ལི་སོགས་གཞན་གྱིས་མི་མཐོང་བར་རྟེན་སྒམ་དུ་འཆང་། སྒྲུབ་གཏོར་ཕྱི་མི་ལ་མི་སྦྱིན་པར་དངོས་གྲུབ་ཏུ་རོལ། དུམ་བུ་མཛོད་དམ་རྐང་ཚེ་སོགས་སུ་དངོས་གྲུབ་རྫས་སུ་འཆང་། གཏོར་རྩེ་མངའ་གསོལ་དུས་བསང་དུ་འབུལ་ལོ། །བསྒྲུབས་རྗེས་ཤུལ་མི་མངོན་པར་བྱ། དེས་ནི་བསྙེན་སྒྲུབ་ལག་ལེན་བསྟན་ཟིན་ཏོ། །ད་ནི་རྒྱུན་ཁྱེར་ཐུགས་དམ་བྱ་ལུགས་ནི། ཕུགས་གཏོར་གྲ་ལ་མ་མགོན་རྒྱུན་གཏོར་གཅིག་བཅས་ལ་བཞག་གཏོར་མགྲོན་གྲྭ་ལ་འདོན་པའམ། མཚལ་སེར་གང་རུང་ཁ་རྐྱང་ལ་འདོན། བདག་ལྷར་བསྐྱེད་པ་དང་། མདུན་གྱི་གཏོར་མའི་རྩེ་ལྷ་དང་སྨད་མཆོད་པར་བསྐྱེད་དེ་གཏོར་བསྔོས་བསྟོད་པ་བྱ། དེ་ནས་བསྙེན་པ་ནི། རང་མགོན་པོའི་ཐུགས་ཀའི་སྔགས་འཁོར་ལས་སྔགས་ཕྲེང་འཕྲོས་རང་གི་ཡུམ་གྱི་ཞལ་དུ་ཞུགས། རང་གི་ཡུམ་གྱི་ཞལ་དུ་ཞུགས། །


CMR028_Page_0373
[མ་དཔེ་གཟིགས་ན་འདིར་གནོན།]

ཐུགས་ཀའི་སྔགས་ཕྲེང་འཁོར་ལ་ཕོག་པས་ཐུགས་རྒྱུད་བསྐུལ་བྱིན་རླབས་དངོས་གྲུབ་སྔགས་ཕྲེང་གི་རྣམ་པར་ཚུལ་བྱུང་བྷ་ག་ནས་རང་གི་རྡོ་རྗེའི་སྦུག་ནས་ཞུགས། རང་གི་ཐུགས་ཀའི་ཧཱུཾ་ལ་ཐིམ་པས་དཔལ་ལྡན་རང་བྱུང་རྒྱལ་མོའི་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམས་ནས་བསྙེན་པ་བརྒྱ་སྟོང་སོགས་ཅི་ལྕོགས་བྱ་བ་ནི་ཡབ་ལ་བསྟེན་ནས་ཡུམ་སྒྲུབ་པའི་གདམས་པའོ། །ཡང་བདག་བསྐྱེད་ལྷ་མོ་ལ་མགོན་པོས་ཚུར་འཁྱུད་པར་བསྒོམས་ནས་སྔགས་ཕྲེང་གོང་ལྟར་ལ་རང་ལྷ་མོའི་ཐུགས་ཀའི་བློ་ལ་ཐིམ་པས་དཔལ་མགོན་པོའི་བྱིན་རླབས་དངོས་གྲུབ་ཐོབ་པར་བསྒོམས་ནས་བསྙེན་པ་བྱ་བ་ནི་ཡུམ་ལ་བསྟེན་ནས་ཡབ་སྒྲུབ་པ་སྟེ། ཡབ་ཡུམ་ལྡོག་བསྒོམ་བསྐྱེད་རིམ་གྱི་བོགས་འདོན་ཡང་ཡིན་ཞིང་ལྷག་པར་འགྲུབ་སླ་བ་མི་བསྐྱོད་རྡོ་རྗེས་གསུངས། དེ་ཡན་ནི་བསྐྱེད་རིམ་གཙོ་བོ་ཡིན་པས། ཚོགས་སྒྱུར་བའི་མཚལ་མ་ཚར་རེ་གལ་ཆེ་བ་ཡིན། དེ་ལྟར་མ་གྲུབ་ནའང་རང་ཉིད་སྐད་ཅིག་གིས་མ་མགོན་ཞལ་སྦྱོར་གཙོ་ཀྱང་བསྒོམས་ལ་བསྙེན་སྒྲུབ་དུས་ཀྱི་དམིགས་པ་དང་བཅས་ཅི་ནུས་བསྙེན་ནས། གཏོར་བསྔོས་ཐ་ནའང་མ་དག་མ་ཙམ་མ་ཆག་པར་བྱའོ། ༈ །དེ་ནས་རྫོགས་རིམ་རྩ་རླུང་ཐིག་


CMR028_Page_0374
[མ་དཔེ་གཟིགས་ན་འདིར་གནོན།]

ལེའི་མན་ངག་ནི། བསྙེན་བརྒྱུད་གཞུང་ལས། མགོན་པོའི་རིགས་བསྡུས་ལ་བསྟེན་ནས་མཆོག་སྒྲུབ་པ་ཞེས་དང་། དངོས་གྲུབ་འབྱུང་བའི་རྒྱུད་ལས། ཕུང་པོ་ཁམས་དང་སྐྱེ་མཆེད་དང་། །འབྱུང་བ་བཞི་ལ་སོགས་པ་རྣམས། །ཐམས་ཅད་གདོད་ནས་དག་པ་ཡི། །ཡེ་ཤེས་ཆེན་པོའི་བྱིན་རླབས་ཀྱིས། །ངོ་བོ་དུ་མར་གསལ་བར་སྣང་། །ཞེས་གསུངས་པ་ལྟར། ཕུང་པོ་ལྔ་དང་དུག་ལྔ་ནི་མགོན་པོ་རིགས་ལྔ། འབྱུང་བ་ལྔ་དང་ཁམས་ལྔ་ནི་ལྷ་མོ་རིགས་ལྔ། རྩ་ནི་ལྷ་མོ། རླུང་ནི་མགོན་པོ། རཀྟ་ནི་ལྷ་མོ། ཐིག་ལེ་ནི་མགོན་པོ། ལུས་ཀྱི་རྩ་མདུད་ལྔ་ནི་ལྷ་མོ་རིགས་ལྔ། རྩ་བྲན་ཐམས་ཅད་འཁོར་གྱི་ལྷ་མོ། རྩ་འཁོར་ལྔའི་དབུས་ཀྱི་ཐིག་ལེ་ལྔ་ནི་མགོན་པོ་རིགས་ལྔ། རྩ་གནས་ཐིག་ལེའི་རྒྱུ་བ་རྣམས་ལས་མགོན། །སེམས་ཀྱི་ངོ་བོ་སྟོང་པ་ནི་ལྷ་མོ། རང་བཞིན་གསལ་བ་ནི་མགོན་པོ། མ་འགག་ཅིར་ཡང་འཆར་བ་ནི་ལས་མགོན་འཁོར་ཚོགས། དེ་ལྟར་ཡེ་གདོད་མ་ནས་ཡིན་ཀྱང་། མ་རྟོགས་པས་འཁོར་བ་དང་ངན་སོང་། དེ་ཡང་མཆན་ལ་ཕབས་བཏབ་པ་ལྟར་ཉོན་མོངས་ཡེ་ཤེས་སུ་བསྒྱུར་བའི་ཐབས་ཟབ་མོའི་དབང་དེ་ངོ་སྤྲད་པ་པོ་ནི་བླ་མ་དྲིན་ཅན། དེའི་བསྒོམ་པ་ཉམས་ལེན་


CMR028_Page_0375
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲུབ་པ་མཆོག་ཐུན་མོང་གི་དངོས་གྲུབ་གཞན་ནས་མ་བཙལ་རང་ལས་འབྱུང་བ་ནི་འབྲས་བུ་ཡིན་ནོ། །དེ་དག་གི་དོན་དང་པོར་གོ་བར་བྱའོ། །དེ་ནས་གདམས་པ་དངོས་ནི། རང་ཉིད་མགོན་པོ་ལ་ལྷ་མོ་ཚུར་འཁྱུད་པར་བསྒོམ་པ་སྔར་ལྟར་ལ། རང་གི་ཐུགས་ཀར་ཧཱུྃ་མཐིང་ནག་ལ་སྔགས་ཀྱིས་བསྐོར་བར་བསྒོམ། ལུས་ནང་ཐམས་ཅད་སྟོང་སེང་ངེ་བའི་དབུས་སུ་ཧཱུཾ་དེའོ། །ལུས་ཀྱི་གར་ཁྱབ་ཐམས་ཅད་རྩ་དབུ་མ་ཉིད་ཀྱིས་ཁྱབ་པར་མོས། དེ་ནས་རླུང་ཕྱིར་བུས་པས་སྣ་བུག་གཡས་ནས་ཧཱུྃ་ཡིག་མཐིང་ནག་གྲངས་མེད་པར་འཕྲོས་དེ་ཐམས་ཅད་མགོན་པོར་གྱུར་པས་འཇིག་རྟེན་ཐམས་ཅད་གང་ནས་ཧ་ཧ་དང་ཧཱུྃ་ཧཱུྃ་གི་སྒྲ་སྒྲོག་ཅིང་གྲི་གུག་གིས་དགྲ་བགེགས་ཐམས་ཅད་གཏུབས། སངས་རྒྱས་དང་བྱང་སེམས་རྣམས་ཀྱི་བྱིན་རླབས། ཆོས་སྐྱོང་ཐམས་ཅད་ཀྱི་ནུས་མཐུ་ཐམས་ཅད་བསྡུས་ནས་མགོན་པོ་དེ་རྣམས་ལ་ཐིམ། རླུང་རྡུབ་པས་མགོན་པོ་ཐམས་ཅད་ཨོཾ་ཡིག་དཀར་པོ་ཤ་སྟགས་སུ་གྱུར་ནས་སྣ་བུག་གཡོན་ནས་ཞུགས། ཁོང་དུ་སླེབ་ཙམ་ནས་ཨཱཡིག་དམར་པོར་གྱུར་ནས་ཐུགས་ཀའི་ཧཱུཾ་ཡིག་ལ་ཐིམ་པས་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་པར་བསམས་ལ་སེམས་ངོ་བོའི་སྟེང་དུ་


CMR028_Page_0376
[མ་དཔེ་གཟིགས་ན་འདིར་གནོན།]

བཞག་ནས་རླུང་ཐུབ་ཚད་མནན། ཡན་ལག་ལྔ་སྦྱོང་སོགས་འཁྲུལ་འཁོར་ཡང་ཅི་ནུས་བྱ། མ་བྱས་ཀྱང་ཆོག །ཡང་རང་ལྷ་མོ་ལ་མགོན་པོས་འཁྱུད་པར་བསྒོམ། རང་གི་ཐུགས་ཀའི་བྷྱོ་སྔོན་པོ་ལ་སྔགས་ཀྱིས་བསྐོར་བ་ལས་ཧཱུྃ་གི་དབྱུང་དུས་ལྷ་མོས་འཇིག་རྟེན་གང་བ་སོགས་སྤྲོ་བསྡུ་གོང་དང་འདྲའོ། །དེ་ནི་རླུང་རྡོ་རྗེའི་བཟླས་པ་རྩ་རླུང་གི་བསྙེན་པ་ལྟ་བུའོ། །དེ་ནས་ནམ་མཁས་ཁྱབ་པའི་འཇིག་རྟེན་ཐམས་ཅད་ཆོས་འབྱུང་གྲུ་གསུམ་པ་ཕྱི་དཀར་ནང་དམར་བའི་གཞལ་ཡས་ཁང་དུ་བསྒོམ། བཅུད་ཀྱི་སེམས་ཅན་དང་སངས་རྒྱས་ཐམས་ཅད་མཚུངས་པར་ས་འོག་ས་སྟེང་ཐམས་ཅད་ནི་མ་མགོན་ཡབ་ཡུམ་ཞལ་སྦྱོར་དཀར་པོ་ཤ་སྟག་ཐུགས་ཀར་ཨོ་དཀར་པོས་མཚན་པ། ས་སྟེང་ཐམས་ཅད་དམར་པོ་ཐུགས་ཀར་ཨཱཿདམར་པོས་མཚན་པ་ཤ་སྟག་ས་བླ་སྟེ་བར་སྣང་ཡན་གྱི་ཐམས་ཅད་ཡབ་ཡུམ་མཐིང་ནག་ཐུགས་ཀར་ཧཱུཾ་སྔོན་པོ་ཅན་དུ་གསལ་བཏབ། རླུང་ནང་དུ་རྔུབས་པས་དེ་ཐམས་ཅད་ཀྱི་བྱིན་རླབས་དངོས་གྲུབ་ནུས་པ་ཐམས་ཅད་ཨོ་དཀར་པོའི་རྣམ་པར་སྣ་བུག་གཡོན་དུ་ཞུགས། ནང་དུ་ཕྱིན་ནས་ཨཱདམར་པོའི་ཚུལ་དུ་ཐུགས་ཀར་ཐིམ་པས་དངོས་གྲུབ་རྣམ་གཉིས་ཐོབ་པར་བསམས་ལ་ཉམས་ལེན་ངང་ངོ་བོའི་


CMR028_Page_0377
[མ་དཔེ་གཟིགས་ན་འདིར་གནོན།]

ངང་དུ་རླུང་ཐུབ་ཚད་མནན། ཕྱིར་དབུགས་དབྱུང་ཚེ་ཧཱུྃ་སྔོན་པོའི་རྣམ་པར་སྣ་བུག་གཡས་ནས་འཕྲོས་སྣོད་བཅུད་ཐམས་ཅད་རྣམ་པར་དག་ནས་མ་མགོན་དཀར་དམར་མཐིང་གསུམ་དུ་གསལ་གདབ། དེ་ནི་ཉེ་བར་བསྙེན་པའོ། །དེ་ནས་རིགས་ལྡན་གྱི་གཞི་བཟུང་བ་ཡུམ་ལྷ་མོ་རང་ལ་ཐིམ་པས། རང་བེར་ནག་ཅན་ཡབ་རྐྱང་སྐུ་ལུས་སྟོང་སེང་བར་བསྒོམ་པའི་དབུས་སུ་རྩ་དབུ་མ་མཐིང་ཀ་ཡར་སྣེ་ཚངས་བུག་དང་མར་སྣེ་གསང་གནས་དང་ཅུང་མ་འབྲེལ་བ། གཡོན་དུ་རྐྱང་མ་དཀར་པོ། གཡས་སུ་རོ་མ་དམར་པོ་གཉིས་ཡར་སྣེ་སྣ་བུག་གཉིས་དང་། མར་སྣེ་ལྟེ་འོག་ནས་དབུ་མ་དང་གཅིག་ཏུ་གྱུར་པ། སྤྱི་བོའི་རྩ་འདབ་སོ་གཉིས་དཀར་པོ། མགྲིན་པའི་བཅུ་དྲུག་དམར་པོ། སྙིང་གའི་བརྒྱད་སྔོན་པོ། ལྟེ་བའི་རེ་བཞི་སེར་པོ། གསང་བའི་ཉེར་བརྒྱད་ལྗང་གུ། རང་ལུས་འདི་ཙམ་ལ་རྩ་གཙོ་བོ་གསུམ་མདའ་སྨྱུག་ཙམ་དང་། རྩ་འདབ་གདུགས་རྩིབས་ལྟ་བུ་རྣམས་གྲོ་སོག་ཙམ་པ་ཐམས་ཅད་ནང་སྟོང་སེང་བར་བསྒོམས་ན་ནང་རྩའི་སྟོང་རའམ་དཔག་བསམ་གྱི་ཤིང་འཛུགས་པའོ། །སྐུ་ཆེན་པོ་བསྒོམས་ན་རྩའང་དེ་དང་འཚམ་པར་བསྒོམ་མོ། །དེ་ནས་དབུ་མའི་ཡར་སྣེ་སྣ་


CMR028_Page_0378
[མ་དཔེ་གཟིགས་ན་འདིར་གནོན།]

ཚོགས་རྡོ་རྗེས་བཀག་པའི་ལྟེ་བ་ནས་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ། མར་སྣེ་གསང་གནས་ཀྱི་འོག་འདོམས་བར་དུ་ཨ་ཐུང་དམར་པོ་མར་མེའི་རྩེ་མོ་ལྟ་བུ། སྤྱི་བོའི་རྩ་འདབ་དབུ་མའི་ནང་དུ་བདག་དང་སེམས་ཅན་ཐམས་ཅད་ཀྱི་གཏི་མུག་གི་ངོ་བོ་ཨོ་དཀར་པོ། དེ་བཞིན་དུ་མགྲིན་པར་འདོད་ཚགས་དམར་པོ། སྙིང་གར་ཞེ་སྡང་ཧཱུཾ་མཐིང་ནག །ལྟེ་བར་ང་རྒྱལ་སྭ་སེར་པོ།་གསང་བར་ཕྲག་དོག་ཧྭ་ལྗང་གུ་རྣམས་ལ་གསལ་བཏབ། རླུང་རོ་ལན་གསུམ་བུས་པས་སྡིག་སྒྲིབ་རྣམ་སྨིན་ཐམས་ཅད་ནག་ཉིལ་གྱིས་སོང་བར་བསྒོམ། རླུང་བཟུང་བས་སྣ་བུག་ནས་རོ་རྐྱང་དུ་བརྒྱུད་དེ་གསང་གནས་འོག་གི་ཨ་ཡིག་ལས་བུས་པས་སོལ་མེ་ལ་སྦྱད་པ་རྒྱབ་པ་ལྟར་དམར་ནར་གྱིས་འབར། གསང་གནས་ཧ་བསྲེགས་པས་ཕྲིན་ལས་མགོན་པོ་ཡབ་ཡུམ་དོན་གྲུབ་ཀྱི་དབུ་བརྒྱན་ཅན། རྩ་འདབ་ལ་ལྷ་མོ་ལྗང་མོ་ཉེར་བརྒྱད་རྒྱ་གྲམ་གྱིས་མཚན་པའི་གྲི་ཐོད་འཛིན་པར་གྱུར་པ་དང་། དེ་བཞིན་དུ་ལྟེ་བའི་སྭ་བསྲེགས་པས་ཡོན་ཏན་མགོན་པོ་སེར་པོ་ཡབ་ཡུམ་རིན་འབྱུང་དབུ་རྒྱན་དང་། འཁོར་སེར་མོ་རེ་བཞི་རིན་པོ་ཆེའི་གྲི་ཐོད་ཅན། སྙིང་གའི་ཧཱུྃ་བསྲེགས་པས་ཐུགས་མགོན་ཡབ་ཡུམ་མི་བསྐྱོད་པའི་དབུ་རྒྱན་


CMR028_Page_0379
[མ་དཔེ་གཟིགས་ན་འདིར་གནོན།]

དང་། འཁོར་སྔོན་མོ་བརྒྱད་རྡོ་རྗེའི་གྲི་ཐོད་ཅན། མགྲིན་པའི་ཨཱབསྲེགས་པས་གསུང་མགོན་ཡབ་ཡུམ་འོད་དཔག་དབུ་རྒྱན་དང་། འཁོར་དམར་མོ་བཅུ་དྲུག་པདྨའི་གྲི་ཐོད་ཅན། སྤྱི་བོའི་ཨོ་བསྲེགས་པས་སྐུ་མགོན་ཡབ་ཡུམ་རྣམ་སྣང་དབུ་རྒྱན་ཅན། འཁོར་དཀར་མོ་སོ་གཉིས་འཁོར་ལོའི་གྲི་ཐོད་ཅན། ཡབ་ལྔ་རང་མདོག་གི་བེར་དང་རིགས་ཀྱི་ཕྱག་མཚན་ཅན། ཐུགས་ཀར་ཧཱུཾ་ཡིག་རང་མདོག་དང་ཡུམ་ལྔའི་ཐུགས་ཀར་བྷོ་ཡིག་རང་མདོག་ལ་སྔགས་ཕྲེང་སྔར་ལྟར་འཁོར་བར་བསྒོམ། དེ་ནས་རླུང་ཕར་དབྱུང་དུས་ལྷ་ལྔ་ལས་འོད་ཟེར་ལྔ་སྣ་བུག་ནས་འཕྲོས། འཇིག་རྟེན་གང་བས་སངས་རྒྱས་བྱང་སེམས་ཡེ་ཤེས་ཀྱི་མགོན་པོ་ཐམས་ཅད་མཆོད། སེམས་ཅན་ཐམས་ཅད་ཀྱི་དུག་ལྔའི་སྒྲིབ་པ་སྦྱངས་ནས་སྐུ་ལྔའི་མགོན་པོ་ཡབ་ཡུམ་གྱི་གོ་འཕང་ལ་བཀོད། ཚུར་རྔུབས་པས་ཡེ་ཤེས་ཀྱི་ལྷ་ཐམས་ཅད་མགོན་པོ་སྐུ་ལྔ་ཡབ་ཡུམ་གྱི་རྣམ་པར་ཚུར་སྣ་བུག་ནས་ཞུགས། གནས་ལྔའི་ལྷ་སོ་སོ་ལ་ཐིམ་པར་བསྒོམ། ནང་དུ་དགང་ཆེ་སྔགས་ཕྲེང་བཅུ་པོ་ལ་དམིགས་པའམ་ཉམས་ལེན་ངོ་བོ་སྐྱོང་ངོ་། དེ་ནི་སྒྲུབ་པའོ། །སླར་ཡང་རླུང་བཟུང་བས་གསང་གནས་ཀྱི་གཏུམ་མོ་དྲག་ཏུ་


CMR028_Page_0380
[མ་དཔེ་གཟིགས་ན་འདིར་གནོན།]

འབར་། འཁོར་ལོ་ལྔའི་རྩ་དང་ལུས་ཐམས་ཅད་གང་བས་སྐུ་ལྔའི་མགོན་པོ་ཡབ་ཡུམ་འཁོར་དང་བཅས་པ་ཞུ་ནས་ཐིག་ལེ་རང་རང་གི་མདོག་ཅན་སྣུམ་འོད་དང་ལྡན་པར་གྱུར། སླར་ཡང་རླུང་བཟུང་བས་མེ་རབ་ཏུ་འབར་བས་སྤྱི་བོའི་ཧཾ་ལས་བདུད་རྩི་བྱང་སེམས་དཀར་ཀྱི་ལི་ལི་བབས། རྩ་གནས་ལྔ་པོ་རིམ་གྱིས་གང་བས། བྱང་སེམས་ཕོག་མ་ཐག་ཐིག་ལེ་དེ་དག་སོ་སོའི་སྐུར་ལྟར་གྱུར་སྔར་ལས་བཀྲག་མདངས་གཟི་མདངས་ཆེ་བར་གྱུར། གཏུམ་མོའི་མེས་རྩ་གནས་དང་། ལུས་ཐམས་ཅད་གང་བས་ལུས་ལ་དྲོད་འབར་བར་བསྒོམ། བྱང་སེམས་རྒྱུན་ལྷ་དེ་དག་གི་ཞལ་དུ་ཞུགས། སྐུ་ལུས་གང་བས་ཐམས་ཅད་སྐུ་བདེ་བ་ཆེན་པོས་ཁྱབ་སྟེ་གར་སྟབས་དང་རྣམ་འགྱུར་ཁྱུག་ཁྱུག་མཛད་པར་བསྒོམས་ལ་རླུང་དྲག་ཏུ་མནན། བདེ་ཉམས་དངོས་སུ་སྐྱེས་ཏེ་ཐིག་ལེ་འཆོར་བ་འདྲ་ན་གསང་བའི་སྦུབ་ཧཱུྃ་གིས་ཐེམ་བུ་ལྟར་བཀག །ཐིག་ལེ་ཆུའི་རླབས་ལོག་པ་ལྟར་སྐྱ་ཆི་ལི་ལི་གྱེན་དུ་ལོག་ནས་སྤྱི་བོའི་ཧཾ་ལ་ཐིམ་པར་བསྒོམས་ནས་མིག་གྱེན་དུ་ལྡོག་།ལྕེ་ཡ་རྐན་ལ་སྦྱར། ལྟོ་བ་སྒལ་པར་བཅར། ཧིང་རིང་བདུན་གྱིས་རླུང་གྱེན་དུ་དྲངས། འོག་སྒོ་གློད། སོར་མོ་ཁུ་ཚུར་བྱ། སེམས་ཅི་ཡང་མི་


CMR028_Page_0381
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པར་ལྟ་བ་ནམ་མཁའི་དབྱིངས་སུ་གཏད་ལ་བདེ་བའི་ངོ་བོར་ལྟའོ། །དེ་ལྟར་རྒྱུན་དུ་བསྒོམ་ཞིང་བདེ་བ་སྐྱེས་རྩ་སྟོང་པ་རྒྱས། གདབ་ཅིང་བསྒོམས་པས་བདེ་སྟོང་དབྱེར་མེད་རྡོ་རྗེ་འཆང་གི་སྐུ་ཚེ་གཅིག་ལ་འགྲུབ་བོ། །དེ་ནི་སྒྲུབ་པ་ཆེན་པོ་སྟེ། ལྔ་སྦྱོང་དྲུག་སྐོར་སོ་བདུན་མ་སོགས་འཁྲུལ་འཁོར་ལ་འབད་ན་རས་ཐུབ་བོ། །དེ་དག་ལ་ཡུན་རིང་བསྒོམས་པས་རླུང་སེམས་ལ་དྲོད་རྟགས་ཅུང་ཟད་ཐོན་ནས། ལས་སྦྱོར་འདི་དག་རླུང་དང་དམིགས་པ་ཁོ་ནས་ཆོག་པར་བཤད་དེ། རྩ་གསུམ་འཁོར་ལོ་ལྔ་མགོན་པོ་རིགས་ལྔ་འཁོར་བཅས་གསལ་བཏབ་ལ། ཚེས་གཅིག་གི་སྔ་དྲོ་ཁ་ཤར་དུ་རྒྱུ་ནས། རླུང་བུས་པས་སྤྱི་བོའི་མགོན་པོ་ཡབ་ཡུམ་འཁོར་བཅས་ལས་འོད་ཟེར་དཀར་པོ་འཕྲོས། རང་གི་ལུས་གང་བས་ཉོན་མོངས་པ་དང་སྡིག་སྒྲིབ་ཞི། ཕྱིར་འཕྲོས་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ཞི། ཁྱད་པར་རང་དང་བསྲུང་བྱའི་ནད་དང་གནོད་པ་འཇིགས་པ་བཅུ་དྲུག་སོགས་གང་ལ་དམིགས་པ་བ་མོ་ལ་ཉི་ཟེར་ཕོག་ལྟར་ཞི། མུན་པ་ལ་ཟླ་བ་ཤར་བ་ལྟར་གསལ། སངས་རྒྱས་ཐམས་ཅད་ལ་སྐུ་མཉེས་པའི་མཆོད་པར་གྱུར། ཚུར་རྔུབས་པས་སངས་རྒྱས་ཐམས་ཅད་ཀྱི་སྐུའི་


CMR028_Page_0382
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་དང་ཞི་བའི་ནུས་པ་ཐམས་ཅད་འོད་ཟེར་དཀར་པོའི་རྣམ་པར་སྣ་བུག་ནས་ཞུགས། སྤྱི་བོའི་ལྷ་ཚོགས་ལ་ཐིམ་པས་སྔར་བས་བཀྲག་མདངས་གཟི་བརྗིད་ཆེ་ཞིང་། བདག་གི་སྐུ་འཆི་མེད་ཚེའི་དངོས་གྲུབ་ཐོབ། ཞི་བའི་ཕྲིན་ལས་ཐམས་ཅད་འགྲུབ་པར་བསམས་ལ་ཐུགས་ཀའི་སྔགས་ཕྲེང་དཀར་པོ་ལ་དམིགས་བཞིན་པས་ཉམས་ལེན་ངོ་བོ་སྐྱོང་ངོ་། །དེ་བཞིན་དུ་མགྲིན་པའི་འོད་ཟེར་དམར་པོའི་སྤྲོ་བསྡུའི་ནང་གི་རླུང་སེམས་དང་ཕྱིའི་སྣང་བ་དབང་དུ་སྡུད་ཅིང་གསུང་ནུས་མཐུའི་དངོས་གྲུབ། ཐུགས་ཀའི་འོད་ཟེར་སྔོན་པོས་ནང་གི་ཉོན་མོངས་པ་རྣམ་རྟོག་ཕྱི་ཡི་དགྲ་བགེགས་ཚར་གཅོད་པ་དང་། ཕྱག་རྒྱ་ཆེན་པོའི་དངོས་གྲུབ། ལྟེ་བའི་འོད་ཟེར་སེར་པོའི་སྤྲོ་བསྡུས་ནང་གི་ཡེ་ཤེས་ཕྱིའི་བསོད་ནམས་འབྱོར་པ་རྒྱས་ཤིང་ཡོན་ཏན་རེ་སྐོང་དངོས་གྲུབ། གསང་བའི་འོད་ཟེར་ལྗང་གུའི་ནང་དུ་རྟེན་འབྲེལ་སྣ་ཚོགས་དང་ཕྱི་ཡི་ཅི་བསམ་ལྷུན་གྲུབ་དང་ཕྲིན་ལས་འགྲོ་འདུལ་གྱི་དངོས་གྲུབ་ཐོབ་པར་བསྒོམ་མོ། །ཁྱད་པར་དྲེག་པོའི་དགྲ་བགེགས་ཚར་གཅོད་པ་ནི། རང་ཡབ་རྐྱང་ངམ་ཡུམ་རྐྱང་། ཕག་མོའམ་རྒྱལ་བ་རྒྱ་མཚོ་སོགས་ཡི་དམ་གང་རུང་སྐུ་ཤིན་ཏུ་ཆེ་བ་བློས་འཁྱུད་ཅིག་བསྒོམ། ནང་དུ་རྩ་སོགས་མི་


CMR028_Page_0383
[མ་དཔེ་གཟིགས་ན་འདིར་གནོན།]

དགོས་སྟོང་སེང་ངེ་བའི་ལྟེ་འོག་ཏུ་གཏུམ་མོའི་ངོ་བོ་མེའི་དཀྱིལ་འཁོར་གྲུ་གསུམ་པའི་ནང་ན་མགོན་པོ་ཡབ་ཡུམ་ཞལ་སྦྱོར་རམ་ཡབ་རྐྱང་ངམ་ཡུམ་རྐྱང་། གཉིས་ཀ་བསྒྲིགས་ནས་བཞུགས་པ་གང་འདོད་ཞལ་རབ་ཏུ་གདངས་པའི་ནང་ནས་མེ་དཔུང་འབར་བར་བསྒོམ། རང་ཡི་དམ་གྱི་ཐུགས་ཀའི་ཧཱུཾ་ངམ་ཧྲིལས་འོད་ཟེར་ལྕགས་ཀྱུ་ལྟ་བུའམ་གློག་ཞགས་ལྟ་བུ་ཕྱོགས་ཐམས་ཅད་དུ་སྤྲོས་པ་དང་མཉམ་དུ་རླུང་སྣ་བུག་གཡོན་ནས་ཕྱིར་བུས་པས་རང་དང་བསྲུང་བྱའམ་བསྟན་པ་ལ་གནོད་པའི་དགྲ་བགེགས་ཐམས་ཅད་སྤུར་མ་རླུང་གིས་བསྡུས་པ་ལྟར་བཀུག་ནས། རླུང་རྡུབས་པས་རང་ཡི་དམ་མགོན་པོའི་སྣ་བུག་གཡོན་ནས་དྲངས་ཏེ་མགོ་རྟིང་ལྡོག་ནས་ལྟེ་བའི་ཆོས་སྐྱོང་གི་ཞལ་དུ་རྐང་མཐིལ་སྐྱ་ལྷག་ལྷག་སོང་བས་ཁོ་ཡི་ལུས་ངག་ཡིད་གསུམ་སྟོབས་ནུས་དང་བཅས་པ་གཞོབ་ཐུལ་གྱིས་བསྲེགས་ཏེ། རྣམ་པར་ཤེས་ཆོས་སྐྱོང་གི་ཐུགས་ཆོས་ཉིད་ཀྱི་ཀློང་དུ་ཐིམ་པར་བསྒོམས་ལ། རླུང་ཐུབ་ཚད་མནན་ཅིང་སེམས་ཀ་དག་ངོ་བོ་སྐྱོང་། རྗེས་ལ་སྙིང་རྗེ་དྲག་པོ་ཞིག་བསྒོམ། དེ་ལྟར་དམིགས་པ་རླུང་དང་སྤྱད་པ་ལན་མང་ཞིག་བྱས་པས་ཐུལ་ཞིང་ཆུན་ཆེ་སྟེ། ཕྱི་ཡི་དྲག་པོའི་སྦྱིན་སྲེག་གང་ལས་ཀྱང་ཟབ་


CMR028_Page_0384
[མ་དཔེ་གཟིགས་ན་འདིར་གནོན།]

པ་ལྟེ་བའི་གཏུམ་མོ་ནི་ཕྱི་འབྱུང་བའི་མེ་ལས་བརྒྱ་སྟོང་གི་ནུས་པ་ལྷག་པའི་ཕྱིར་ཡིན་ནོ། །རྗེས་ནས་བསྐྱེད་རིམ་བསྡུ་བ་སོགས་མི་དགོས་ངོ་བོ་སྐྱོང་བས་ཆོག་སྟེ། དེ་ལྟར་བསྒོམ་མཁན་སེམས་ལ་བལྟས་པས་གཟུགས་ཁ་དོག་མེད་པའི་སྟོང་ཉིད་དངོས་སུ་འཆར་གྱིས། །མཐའ་ནས་དབུས་ཡལ་སྟོང་པར་བསྒོམ་པ་སོགས་ནི་བློས་བྱས་ཏེ་སྟོང་ཉིད་དངོས་མ་ཡིན་ནོ། །དེ་བཞིན་དུ་ཚེ་འདས་སམ་གསོན་པོའི་སྒྲིབ་སྦྱོང་ལའང་གོང་དུ་བཤད་པ་ལྟར་རྩ་གནས་ཡི་གེ་ལྔ་བསྒོམ། རླུང་བུས་པས་འོད་ཟེར་ཁ་དོག་ལྔ་འཕྲོས་པས་ཕ་རོལ་པོའི་དུག་ལྔས་བསླང་བའི་སྡིག་སྒྲིབ་རིགས་དྲུག་གི་ས་བོན་ཐམས་ཅད་གཙང་སང་ངེ་ཚུར་བསྡུས་རང་གི་ཡི་གེ་ལྔ་ལ་བསྟིམས། ཁོ་ལ་སྙིང་རྗེ་དྲག་པོ་དང་བཅས་པས་གཏུམ་མོ་སྦར་ནས་བསྲེགས་ཏེ་མགོན་པོ་ཡབ་ཡུམ་རིགས་ལྔའི་དབུ་རྒྱན་དང་བཅས་པར་བསྒྱུར་བ་དེ་ནན་ཆེར་བསྒོམས་ན་ཕྱིའི་བྱང་བུ་རོ་བསྲེགས་གང་ལས་ཀྱང་ཕན་ཆེ་སྟེ། དེ་ཡང་རྩ་རླུང་ལ་ནུས་རྟགས་ཐོན་པ་གཅིག་ནི་གལ་ཆེའོ། །རྩ་རླུང་ལ་རྟགས་མ་ཐོན་ན་དམིགས་པ་ཙམ་གྱིས་ནི་མི་འགྲུབ་བོ། །དེ་དག་ནི་གྲུབ་ཆེན་ཀརྨ་པཀྵིའི་སྐུ་བཞི་ངོ་སྤྲོད་ཀྱི་གནད་ལ་དབང་ཐོབ་ཅིང་རྩལ་རྫོགས་ན་ཕོ་རྒྱུད་མོ་རྒྱུད་གང་སྒྲུབ་ནའང་


CMR028_Page_0385
[མ་དཔེ་གཟིགས་ན་འདིར་གནོན།]

ཏིང་ངེ་འཛིན་གཏད་ཅིང་རླུང་སེམས་གནད་ཀྱི་འཁོར་ལོ་བསྐོར་ན་ཕྲིན་ལས་ཐམས་ཅད་མི་འགྲུབ་མི་སྲིད་གསུངས་པའི་དོན་ནོ། །དེ་དག་ནི་ལྷོ་བྲག་མར་པའི་སྙན་བརྒྱུད་མགོན་པོ་བདེ་དབང་མ་ཞེས་པ། སྟོད་ལས་བྱང་ཆུབ་སྒྲུབ་པའི་རླུང་སེམས་གནད་ཀྱི་འཁོར་ལོའི་དམིགས་རིམ་གྱི་རྩ་བ་མདོར་བསྡུས་པ་ཚང་བ་ཡིན་ལ། རྒྱས་པར་འདི་ལ་ཕྲིན་ལས་བརྒྱ་རྩ་བརྒྱད་ཀྱི་རྣལ་འབྱོར་ཡོད་པར་གསུངས་སོ། །རིན་པོ་ཆེ་ཀརྨ་པཀྵིའི་ཞལ་ནས། མགོན་པོ་བེར་ནག་ཅན་མ་མགོན་ལྕམ་དྲལ་གྱི་གདམས་ངག་མན་ངག་གིས་འཛམ་གླིང་ཁྱབ་ན་ཡང་། རྒྱུད་ལུང་མན་ངག་གི་དགོངས་པ་གཅིག་ཏུ་བསྡུས་པ་འདི་འདྲ་སྔོན་ཆད་མེད་པའི་ཕྱིར། ཞེས་དང་། ཡིག་རོའི་ཚོགས་གཞན་གྱིས་ཅི་ཞིག་བྱ། ཞེས་གསུངས་སོ། །སི་ཏུ་ཆོས་ཀྱི་རྒྱལ་མཚན་གྱི་གསུངས་ལས། སྒྲུབ་པ་པོ་ལ་འདོད་པའི་ལོངས་སྤྱོད་མཁོ་དགུ་སྣ་ཚོགས་དང་། ཚེ་དང་བསོད་ནམས་དཔལ་འབྱོར་སྙན་གྲགས་མངའ་ཐང་། ལུང་རྟོགས་ཀྱི་ཡོན་ཏན་ཐམས་ཅད་སྩོལ་ཞིང་། མཐར་ཐུག་རྡོ་རྗེ་འཛིན་པའི་ས་ལ་ཡུད་ཙམ་གྱིས་སྦྱོར་ནུས་པའི་འབྲེལ་བ་ཐོག་ཆོག་གི་ཆོས་སྐྱོང་སྲུང་མ་དམ་པ་འབུལ་དུ་བྱུང་བ་སྟེ། ཞེས་གསུངས་པ་ལྟར་


CMR028_Page_0386
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན་ནོ། །དེའང་དམ་ཚིག་གནས་པ་ནི་ཐམས་ཅད་དུ་གཙོ་བོ་སྟེ། ལེགས་ཉེས་ཀྱི་སྟོང་གཅོད་ཡལ་དམ་ཅན་འདི་རྣམས་འཁྲུངས་པས། ཉམས་ན་ལྷ་བདུད་དུ་འབབ་ལ། མ་ཉམས་པར་གཙང་ན་ཅི་བསྒོ་བ་ཐམས་ཅད་བསྙེན་སྒྲུབ་མ་བྱས་ཀྱང་ངང་གིས་བྱེད་པའོ། །དེས་ན་ལུས་ཀྱི་ལྷ། ངག་གི་མཚང་ཚིག་སྔགས། ཡིད་ཆོས་ཉིད་ཀྱི་རྩ་བ་ཏིང་ངེ་འཛིན་གྱི་འཕྲོ་འདུ་དང་སེམས་ཅི་བྱེད་གཞན་དོན་དུ་བསམ་པས་རང་རྒྱུད་བྱིན་གྱིས་རློབས་ནས། དམ་ཅན་ཕོ་རྒྱུད་མོ་རྒྱུད་ཐམས་ཅད་པདྨའི་མཚོ་ལ་ངང་པ་ལྟ་བུར་འདུ་ཞིང་དེས་དངོས་གྲུབ་ཅི་འདོད་པ་འགྲུབ་པས་བསྙེན་པ་སྟེ། དཔལ་ལྡན་ཁྲག་འཐུང་ཡེ་ཤེས་ཆེ། །རྣམ་དག་དམ་ཚིག་ཀུན་འགྲུབ་ལ། །བདེ་བའི་བསོད་ནམས་རྒྱུན་གནས་པས། །རྣལ་འབྱོར་སྟོབས་ནི་རྒྱས་པར་བྱེད། །ཅེས་གསུངས་པས་སོ། །རང་གི་སེམས་ཀྱི་ངོ་བོ་སྟོང་པ་ནི་ལྷ་མོ། རང་བཞིན་གསལ་བ་ནི་མགོན་པོ། སྣ་ཚོགས་འགག་མེད་དུ་འཆར་བ་ནི་འཁོར་གྱི་དྲེགས་བྱེད། རང་སེམས་སངས་རྒྱས་སུ་ཡེ་ནས་གནས་པ་དེ་ཤེས་པ་ཡེ་ཤེས། དེ་བསྒོམ་པས་སྡུག་བསྔལ་ཐམས་ཅད་ཀྱི་མགོན་དང་སྐྱབས་ཀྱི་མཆོག་སྟེ་ཡེ་ཤེས་མགོན་པོའོ། །དེས་ཕྱི་ནང་སྣོད་བཅུད་ཐམས་ཅད་


CMR028_Page_0387
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་ཡབ་ཡུམ་གྱི་རང་བཞིན་ལས་མ་འདས་སོ། །པཀྴིས་གཞུང་ལས། གདམས་ངག་འདི་ཤིན་ཏུ་དྲག་ཟབ་པས་དཔེ་གཞུང་རྣམས་དོན་ཡོད་མེད་དཀྲུག་པ་འདྲ་བ་ཡིན་པར་ཤེས་པར་གྱིས། རྒྱུད་ལུང་མན་ངག་གི་དགོངས་པ་གཅིག་ཏུ་བསྡུས་པ་འདི་འདྲ་སྔོན་ཆེད་མེད་པའི་ཕྱིར། རྒྱུད་ཀྱི་ཚིག་རེ་རེ་ཙམ་ལ་བསྟེན་ནས་ལོཙྪ་བ་དང་བོད་ཀྱི་སྔགས་པ་རྣམས་ཀྱིས་རང་བཟོ་བྱས་པའི་ཡིག་རོས་ཡུལ་ཁམས་ཁྱབ་ཅིང་། ཕྲིན་ལས་རྣམ་བཞི་འགྲུབ་པ་ཅིག་ཀྱང་མེད་པ་སྟེ། ཁ་ཕྱིར་ཁ་འཁྱིལ་རྣམས་ཀྱིས་བདག་གཞན་མགོ་བསྐོར་བྱས་པའོ། །ད་ཕྱིན་ཆད་ཐམས་ཅད་ཀྱིས་འདི་ལ་བྲིས་ཤིང་བསྒྲུབ་པ་དང་བྱིན་རླབས་ཆེ་ཞིང་ཐམས་ཅད་མ་ལུས་པ་མེད་པ་འདི་ལ་ཚང་བ་གོ་བར་གྱིས། དཔལ་ལྡན་མགོན་པོ་བེར་ནག་ཅན་དང་། མིང་ཡོངས་སུ་གྲགས་པ་ཀརྨ་པ་གཉིས་ལ་ཐ་དད་མེད་པར་ཤེས་སམ་མི་ཤེས་ཞེས་གསུངས་པ་ལྟར་རོ། །འདིའི་སྐོར་རྒྱས་པར་བཀོད་ན་པོ་ཏིར་ལོང་བ་སྣང་ན་ཡང་དོན་དུ་གཉེར་བ་ཉུང་བས་ཐུགས་དམ་ཆགས་སྙམ་ནས་མ་བཀོད། སྔར་ཉུང་ངུར་བཀོད་པ་ཞིག་ཡོད་པ་ཡང་བོར་བར་རྟོགས་ལྡན་རས་པ་འོད་གསལ་སྐུ་མཆེད་དང་། རྟོགས་ལྡན་འགའ་ཟུང་གིས་སྒྲུབ་


CMR028_Page_0388
[མ་དཔེ་གཟིགས་ན་འདིར་གནོན།]

པ་ཉམས་སུ་ལེན་པའི་ཁས་ལེན་བྱས་ཤིང་། རས་ཆེན་པས་བསྐུལ་ནས་བྲི་བསམ་ཡང་མ་སྐབས། ཤོག་གུ་ཡང་གྲས་ཤིང་ཨུར་ནས་བཞག །ད་ཟིན་བྲིས་རྒྱས་པར་བྲི་ན་དཔེ་ཆོད་དཀའ་བས་ཕན་ཆུང་། བསྡུས་དྲགས་ན་གོ་དཀའ་བས། ཉུང་ལ་གོ་སླ་བ་ཞིག་སོང་ཙམ་བྲི་སྙམ་པའི་ནུབ་མོ་རྨི་ལམ་དུ་ང་ལ་སྔར་མེད་པའི་བེར་ནག་ཅན་གྱི་དཀྱིལ་ཐང་གསར་པོ་ཤིན་ཏུ་ལེགས་པ་མང་པོ་འདུག་པར་གདའ། ང་ལ་ནི་རྙིང་པ་ཐིག་རྩ་ཚང་བ་གཅིག་ལས་མེད་པ་དད་རྟེན་ཡིན་ཅིང་། འདིས་ཐིག་རྩ་ཤེས་པ་དཀོན་པས་སུ་ཡིན་གྱིས་བྲི་མི་ཤེས་ཀྱང་ངའི་རྙིང་པ་༈ དེ་ལ་དཔེ་བྱས་ནས་བཞེངས་པ་རེད་སྙམ་ཞིང་ཡིད་དགའ་བ་ཆེན་པོ་སྐྱེས་པ་རྨིས་པའི་ཕྱིར་ཉིན་རྫོགས་པར་བྲིས་པ་སྟེ་འདིས་མང་པོ་ཞིག་ལ་ཕན་ནོ་སྙམ་མོ། །སྔོན་ཆེད་ཡི་གེ་མེད་པའི་སྙན་བརྒྱུད་ཟབ་མོ་གསལ་བར་བཀོད་པ་ལ་ཉེས་པ་མཆིས་ན་བཤགས་ཤིང་། དགེ་བས་སེམས་ཅན་ཐམས་ཅད་དཔལ་ཀྱེ་རྡོ་རྗེའི་གོ་འཕང་ཐོབ་པར་གྱུར་ཅིག །ཅེས་རིག་སྔགས་འཆང་བའི་རྣལ་འབྱོར་པ་༧ རཱ་ག་ཨ་སྱས་བགྱིས་པ་དགེ་ལེགས་འཕེལ། མངྒ་ལཾ།། །།


previousཤྲཱི་མ་ཧཱ་ཀཱ་ལ་རྡོ་རྗེ་བེར་ནག་པོ་ཅན་ཡབ་ཡུམ་ཞལ་སྦྱོར་གྱི་བསྙེན་སྒྲུབ་ཀྱི་མན་ངག་ཞལ་ཤེས་སྔོན་ཆད་ཡི་གེ་མེད་པའི་སྙན་བརྒྱུད་ཟབ་མོ་གསལ་བར་བཀོད་པ་གྲུབ་ཆེན་ཀརྨ་པཀྵིའི་དགོངས་པ་གསལ་བར་བྱེད་པའི་རྒྱན་ཕྲེང་ལས་མྱུར་དུ་དངོས་གྲུབ་ཀྱི་བུམ་བཟང་།next