Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་མགོན་གཉིས་ཀྱི་གཞུང་པར་མ་ལིས་ཁ་གསུམ་འདིའི་ཞལ་ཤེས་ཡི་གེ་མེད་པའི་སྐོར་དོན་འདུས་གོ་བདེར་བཀོད་པའི་ཚིགས་བཅད།
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་མགོན་གཉིས་ཀྱི་གཞུང་པར་མ་ལིས་ཁ་གསུམ་འདིའི་ཞལ་ཤེས་ཡི་གེ་མེད་པའི་སྐོར་དོན་འདུས་གོ་བདེར་བཀོད་པའི་ཚིགས་བཅད།next

མ་མགོན་གཉིས་ཀྱི་གཞུང་པར་མ་ལིས་ཁ་གསུམ་འདིའི་ཞལ་ཤེས་ཡི་གེ་མེད་པའི་སྐོར་དོན་འདུས་གོ་བདེར་བཀོད་པའི་ཚིགས་བཅད།


CMR028_Page_0389
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་གཉིས་ཀྱི་གཞུང་པར་མ་ལིས་ཁ་གསུམ་འདིའི་ཞལ་ཤེས་ཡི་གེ་མེད་པའི་སྐོར་དོན་འདུས་གོ་བདེར་བཀོད་པའི་ཚིགས་བཅད་དུམ་གཅིག་བཞུགས་སོ།།


CMR028_Page_0390
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། རྒྱལ་བ་རྒྱ་མཚོ་སྤྱན་རས་གཟིགས། །དམ་ཅན་རྒྱ་མཚོའི་དཀྱིལ་འཁོར་ལ། །རབ་ཏུ་བཏུད་དེ་ཕྱག་འཚལ་ནས། །ཉམས་ལེན་ཁྱེར་བདེ་བཀོད་པ་ལགས། །བཀའ་གནང་བྱིན་གྱིས་བརླབ་ཏུ་གསོལ། །ཟ་མ་ཏོག་སོགས་མདོ་སྡེ་ནས། །འཕགས་པ་སྤྱན་རས་གཟིགས་དབང་གིས། །ནག་པོ་ཆེན་པོ་འདུལ་བ་ལ། །དེ་ཡི་གཟུགས་ཀྱིས་ཆོས་སྟོན་གསུངས། །མེ་ལྕེ་ཕྲེང་བ་དཔུང་རྒྱན་རྒྱུད། །འཇིག་རྟེན་ཏྲཀཱད་རྒྱུད་ལས་ཀྱང་། །སྤྱན་རས་གཟིགས་སྤྲུལ་གསལ་བར་བྱས། །ཨོ་རྒྱན་ལུང་བསྟན་པཀྵིའི་གསུངས། །མཚུངས་མེད་ཉིད་རང་


CMR028_Page_0391
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་གསུངས། །དགྱེས་རྡོར་རྒྱུད་འགྲེལ་མང་པོ་ནས། །མགོན་པོ་གྲི་ཐོད་ཅན་འདི་ནི། །ཀྱེ་ཡི་རྡོ་རྗེ་དངོས་སུ་གསུངས། །ས་གུར་རྣམས་ཀྱིས་བཤད་པ་ལ། །རྣམ་པར་སྣང་མཛད་སྤྲུལ་པར་བཤད། །དེ་ཕྱིར་བདག་བྷེ་ཁྲིད་སྲོལ་ཡོད། །གྲི་ཐོད་ཅན་ལ་དྲུག་ཏུ་དབྱེ། །བེར་མེད་བེར་ཡོད་གསུམ་གསུམ་སྟེ། །ཡེ་ཤེས་ལས་དང་འཇིག་རྟེན་ཚུལ། །དོན་ལ་ངོ་བོ་གཅིག་པར་ནི། །འཇམ་དབྱངས་ཆེན་པོ་སོགས་ཀྱིས་བཞེད། །བེར་མེད་ཡེ་ཤེས་རྒྱུད་གུར་ཏེ། །ལས་ནི་ས་གུར་ས་སྐྱའི་ལུགས། །འཇིག་རྟེན་མགོན་པོ་ཟངས་གྲི་ཅན། །ཧཱུྃ་མཛད་ནག་པོ་གྲི་གུག་


CMR028_Page_0392
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར། །བེར་ཅན་ཡེ་ཤེས་ལེགས་ལྡན་ཏེ། །རྙིང་མས་མ་ནིང་ཚོགས་བདག་ཟེར། །ཞི་བྱེད་ལུགས་ལ་ཨ་གྷོ་ར། །མགོན་པོ་བེང་ཞེས་གྲགས་པ་སྟེ། །དེ་ལ་དམར་ནག་གཉིས་ཡོད་དོ། །ལས་མགོན་སྲས་མཆོག་བེར་ནག་ཅན། །འདི་ལའང་གྲི་གུག་མ་ཞེས་གྲགས། །འཇིག་རྟེན་དྲེགས་བྱེད་བེར་ནག་ཅན། །བདུད་རྒྱལ་ཐོད་ཕྲེང་སྲོག་བདུད་དང་། །ཏྲཀཱད་སྟག་ཞོན་སེང་ཞོན་ཡིན། །འཇམ་རྩུབ་སོ་སོའི་ཚུལ་སྟོན་ཡང་། །ཐུགས་རྒྱུད་ངོ་བོ་སྤྱན་རས་གཟིགས། །ཀུན་གྱི་རྩ་བ་ལེགས་ལྡན་ཏེ། །ཕྱག་བཞི་ཕྱག་དྲུག་ལ་སོགས་ཀྱང་། །དེ་ཡི་སྤྲུལ་པར་པཀིས་གསུངས། །ཅི་ཕྱིར་སྤྱི་རྒྱུད་ཐམས་ཅད་ལ། །དང་པོ་ཕྱག་གཉིས་གསུངས་ཕྱིར་རོ། །དེ་ཕྱིར་རང་བྱུང་རྡོ་རྗེ་ཡིས། །ཕྱག་བཟོ་ཙནྡན་དཀར་པོ་ཡི། །བེར་ནག་ཅན་སྐུ་ལྷ་སྟེང་དུ། །བཞུགས་པ་གཅེར་བུ་གྲི་ཐོད་ཅན། །འདུག་པ་ངོ་བོ་གཅིག་ཕྱིར་ལགས། །ཕྱི་སྒྲུབ་ལྷ་མོ་དབྱངས་ཅན་མ། །ནང་སྒྲུབ་རྡོ་རྗེ་ཕག་མོ་སྟེ། །གསང་སྒྲུབ་དུད་སོལ་ལྷ་མོ་རུ། །གྲུབ་ཆེན་མཚོ་སྐྱེས་གཞུང་ལས་གསུངས། །པདྨ་གཟི་ལྡན་རྟ་མགྲིན་ཡུམ། །རོ་ལངས་མ་ནི་འཇིགས་བྱེད་ཡུམ། །དེ་རྣམས་ལྷ་མོར་དབྱེར་མེད་


CMR028_Page_0393
[མ་དཔེ་གཟིགས་ན་འདིར་གནོན།]

བཤད། །དོན་ལ་ཕྱག་རྡོར་སྤྲུལ་པར་གསལ། །རྣམ་པ་ཡེ་ཤེས་ལས་འཇིག་རྟེན། །དཔོན་མོ་བོང་ཞོན་རེ་མ་ཏི། །བློན་མོ་དྲེལ་སྔོན་རེ་མ་ཏི། །གཡོག་མོ་བ་ལམ་དྲེལ་ནག་མ། །རེ་ཏི་ཆེ་འབྲིང་ཆུང་གསུམ་ཟེར། །མ་མོའི་རྒྱུད་གཞུང་ཆེན་པོ་ནས། །མི་མངོན་ནམ་མཁའི་དབྱིངས་རུམ་ནས། །དཔལ་ལྡན་ལྷ་མོ་རེ་མ་ཏི། །སྐུ་ལུས་གཅིག་ལ་སྤྲུལ་པ་སྟོང་། །སྤྲུལ་པ་རེ་ལ་ཕྱག་བརྙན་འབུམ། །སྐུ་ཡང་མི་གཅིག་སོ་སོར་བསྒོམ། །སྔགས་ཀྱང་མི་གཅིག་སོ་སོར་བཟླ། །ཇི་ལྟར་བྱས་ཀྱང་ངོ་བོ་གཅིག །ཇི་ལྟར་བྱས་ཀྱང་ཕྲིན་ལས་འགྲུབ། །ཞེས་གསུངས་ལྟར་དུ་ངོ་བོ་གཅིག །དོན་ལ་མ་མགོན་ལྕམ་དྲལ་གཉིས། །སྤྱན་རས་གཟིགས་དང་ཕག་མོ་ཉིད། །ཡིན་ཕྱིར་གོང་ནོན་མི་དགོས་པར། །བདག་མདུན་དུས་གཅིག་བསྐྱེད་པ་ནི། །རྙིང་ལུགས་པས་ཟབ་ཁྱད་ལགས། །ངོ་བོ་དབྱེ་བའི་ལེའུའོ།། ༈ །།གསར་མའི་མགོན་པོ་བེར་ཅན་དང་། །རྙིང་མའི་རང་བྱུང་རྒྱལ་མོ་གཉིས། །ཞལ་སྦྱོར་དཀྱིལ་འཁོར་བློ་བཟོ་རང་། །རྒྱུད་ནས་མ་བཤད་ཟེར་བ་དང་། །ཞལ་གཟིགས་རྐྱང་པ་ཡིན་ཟེར་བ། །ཐོས་ཆུང་དེ་འདྲས་རང་མཚང་བསྟན། །


CMR028_Page_0394
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་འདི་ཡི་རྒྱུད་རྣམས་ལ། །ཆོས་ནག་པོད་ཆེན་གཅིག་དང་ནི། །ལྷ་མོའི་རྒྱུད་ལ་པོད་ཆེན་གཅིག །ཐོས་ཆུང་བདག་གི་མིག་གིས་མཐོང་། །མ་མཐོང་པ་ནི་བསམ་འདས་མོད། །གྲི་ཐོད་འཛིན་ཅིང་བེར་མནབས་པའི། །དེས་རྒྱུད་གྲི་གུག་བརྩེགས་པ་སྟེ། །གྲི་གུག་བརྩེགས་པའི་རྒྱུད་གཉིས་ཡོད། །གཅིག་ནི་ཕྱག་བཞི་པ་ཡི་ཡིན། །རང་བྱུང་རྒྱལ་མོ་ཕྱག་བཞི་མ། །གསལ་བར་གསུངས་པའི་གེལ་རྒྱུད་ནི། །ལྷ་མོའི་ཐུགས་གསང་རྒྱུད་དང་ནི། །ལྷ་མོའི་སྲོག་རྒྱུད་གཉིས་སུ་སྣང་། །དྲག་པོའི་ལྷ་རྒྱུད་གསང་བ་ལས། །ཞལ་སྦྱོར་སྤར་ནག་ལ་སོགས་དང་། །ཞལ་སྦྱོར་སྐུ་གསུང་ཐུགས་སྔགས་དང་། །ཞལ་སྦྱོར་སྔགས་རིང་གསུངས་པ་ཡིན། །ཨཙྪའི་རྒྱ་གཞུང་རྒྱས་བསྡུས་དང་། །པར་བུ་ཛ་རྡུང་ཕུར་བུ་གསུམ། །དྲག་སྔགས་གཙོ་བོར་སྟོན་པ་ནི། །མལ་གྱོ་ལོ་ཙཱས་བསྒྱུར་བ་སྟེ། །འཁོར་ནི་ཕྱོགས་བཅུའི་མགོན་པོའོ། །གསར་མའི་བེར་ནག་ཅན་ཡིན་ནོ། །སློབ་དཔོན་པདྨས་གཏེར་སྦས་པ། །ཞང་བཙུན་དར་མས་གཏེར་ཐོན་པ། །དུས་མཁྱེན་ཡབ་དང་མྱེས་པོར་ཞུས། །རྙིང་ལུགས་ལྷ་མོ་རང་བྱུང་མ། །འཁོར་ནི་མ་བདུན་སྲིང་བཞི་སོགས། །ཨོ་རྒྱན་


CMR028_Page_0395
[མ་དཔེ་གཟིགས་ན་འདིར་གནོན།]

ཁྲི་སྲོང་ནས་བརྒྱུད་པ། །ཀརྨ་པཀྵིའི་ཡབ་ཆོས་ཏེ། །ད་ལྟའི་དཀྱིལ་འཁོར་འདི་ལགས་ཏེ། །མཚན་ལ་མ་མགོན་སྤར་ནག་ཟེར། །འཁོར་ནི་དྲེགས་པ་དོན་གཉིས། །ཞལ་གཟིགས་ཡབ་ཆོས་གཉིས་ཀའོ། །དེ་ལ་ཡུམ་ལ་ཕྱག་གཉིས་ཏེ། །ཕྱག་བཞིར་མཛད་མཁན་རང་བྱུང་བ། །འཁོར་ནི་ནག་པོ་བཅུ་དྲུག་རང་། །མ་མགོན་གཉིས་ཀྱིས་ལུང་བསྟན་ནས། །ཊོམ་བི་ཧེ་རུ་ཀས་མཛད་པའི། །ཞལ་སྦྱོར་རྒྱ་གཞུང་དབང་བཞི་དང་། །ཁྲིད་རིམ་རྩ་ཚིག་མར་པས་བསྒྱུར། །ལྷོ་བྲག་མགོན་པོའི་སྙན་བརྒྱུད་ཟེར། །ཆིབས་ནི་མི་གསལ་རྐང་ཐང་ངོ་། །མར་མི་དྭགས་པོ་དུས་མཁྱེན་བརྒྱུད། །དེ་ལྟར་བརྒྱུད་པ་བཞི་ཡི་ལུགས། །དཀྱིལ་འཁོར་གཅིག་ཏུ་བསྒྲིགས་མཁན་ནི། །ཞྭ་དམར་མཁའ་སྤྱོད་དབང་པོའོ། །དེ་ལ་མཚུར་ཕུ་འཇམས་དབྱངས་པས། །རང་བཟོར་མཐོང་ནས་བཀག་མོད་ཀྱང་། །མཁའ་སྤྱོད་དབང་པོའི་རྣམ་ཐར་ལས། །དངོས་དང་ཉམས་དང་རྨི་ལམ་དུ། །མདོ་རྒྱུད་མན་ངག་ཆོས་རྣམས་ལ། །དབང་ལུང་མ་ཐོབ་མེད་གསུངས་པས། །མན་ངག་ལུང་བསྟན་ཡིན་པར་ངེས། །དེ་ཕྱིར་མཐོང་བ་དོན་ལྡན་པས། །མཁའ་སྤྱོད་ལུགས་ཀྱི་མགོན་


CMR028_Page_0396
[མ་དཔེ་གཟིགས་ན་འདིར་གནོན།]

ཉོབ་མོ། །མཛད་པས་མཚུར་ལུགས་ནུབ་པར་གྱུར། །ནག་རྒྱལ་ཕག་གསུམ་མཚུངས་པའོ། །མི་བསྐྱོད་རྒྱལ་བའི་བཀས་བསྐུལ་ནས། །དཀོན་མཆོག་འབངས་ཀྱིས་དོན་ལྡན་པའི་། །མགོན་ཉོབ་ནང་ནས་བསྡུས་པ་འདི། །ཆོག་འགྲིགས་བསྒྲིགས་ནས་པར་ལ་འཁོད། །གོང་གི་བརྒྱུད་པ་བཞི་པོ་དེ། །གང་གི་ལུགས་ལྟར་བསྒྲུབ་ན་ཡང་། །ཚན་པ་གསུམ་འདིས་འཐུས་པར་མཛད། ༈ །ཡབ་རྐྱང་རས་ཆེན་ལུགས་བྱེད་ན། །སྲུང་འཁོར་ལེགས་ལྡན་བདག་བསྐྱེད་བྱ། །མངོན་རྟོགས་ནང་ནས་བསལ་ཤེས་བྱ། །ཡབ་རྐྱང་ཕྱོགས་བཅུའི་མགོན་པོས་བསྐོར། །ཡབ་ཀྱི་སྤྱན་འདྲེན་མཆོད་བསྟོད་འདོན། །དྷེ་ཝ་རཀཱ་བསྙེན་པ་དང་། །ཤཱ་ས་ན་ལ་བསྒྲུབ་པ་དང་། །གུ་རུའི་སྔགས་དང་གཏོར་མ་སྦྲེལ། །བཞི་སྦྲེལ་ལས་སྦྱོར་སྔགས་ཡིན་ནོ། ༈ །ཡུམ་རྐྱང་དུས་མཁྱེན་ལུགས་བྱེད་ན། །བདག་བསྐྱེད་ཕྱག་རྡོར་གཤིན་རྗེ་གཤེད། །རྟ་མགྲིན་ལ་སོགས་ཁྲོ་བོ་བསྒོམ། །དེ་ནི་གཏོར་མའི་སོར་བཞག་སྟེ། །དུས་མཁྱེན་རང་གི་རྟོགས་ཆོས་ལ། །བདག་མདུན་གཉིས་ཀར་ལྷ་མོ་བསྐྱེད། །མ་བདུན་སྲིང་བཞི་ལ་སོགས་འཁོར། །ཡབ་སྐྱུར་ཡུམ་གྱི་སྤྱན་འདྲེན་དང་། །མཆོད་


CMR028_Page_0397
[མ་དཔེ་གཟིགས་ན་འདིར་གནོན།]

བསྟོད་ལྷ་མོའི་བསྙེན་སྔགས་བཟླ། ༈ །སྙན་བརྒྱུད་ལུགས་ལ་ཡབ་ཡུམ་གཉིས། །རྐང་ཐང་ཞལ་སྦྱོར་འཁོར་བརྒྱད་དམ། གཙོ་རྐྱང་ཡིད་ཀྱིས་བསྒོམས་བྱས་ནས། །རྩ་རླུང་གདམས་པ་བསྒོམ་པའོ། ༈ །དེང་སང་དགུ་གཏོར་དུས་མཆོད་ལུགས། །བདག་བསྐྱེད་ཕག་མོ་མདུན་མགོན་པོ། །མ་རྒྱུད་སྐོར་བཞིའི་ཆོས་སྐྱོང་ནི། །གྲི་གུག་ཅན་འདི་ཡིན་པའི་ཕྱིར། །འབྲེལ་ཆེ་རུང་ཞིང་འཐད་དོ་གསུངས། །འཁོར་ལྔ་མགོན་པོའི་འཁོར་དངོས་མིན། །གཏོར་མགྲོན་གྲ་ཚར་བསྒྲིགས་པ་སྟེ། །འོན་ཀྱང་དོན་ལ་འབྲེལ་ཆེ་སྟེ། །རྣམ་སྲས་བྱང་གི་མགོན་པོ་སྟེ། །ལྷོ་ནུབ་མགོན་པོ་སྲིན་མགོན་དང་། །ནུབ་བྱང་མགོན་པོ་བྲག་མགོན་དང་། །དམ་ཅན་ངོ་བོ་གཅིག་པར་གསུངས། །སེང་གདོང་ཏྲཀྐད་དོན་གཅིག་པའི། །མགོན་པོ་ཉིད་དང་དབྱེར་མེད་དོ། །འོག་མགོན་འཁོར་ལ་ཀླུ་རིགས་ཀུན། །དེ་ཕྱིར་སྔགས་བདག་འཁོར་དུ་གཏོགས། །དེ་ཕྱིར་འཁོར་ལྔ་བརྗོད་དུ་རུང་། །དམ་ཅན་ལྷ་མོ་ལྷ་རུ་ཞེས། །ཀུན་ལ་གྲགས་ཤིང་འཛེམ་ན་འང་། །ལྷ་མོའི་ཟླ་གྲོགས་གྱུར་པ་ཡི། །བཙན་སྐྱ་རྡོ་རྗེ་ཟླ་བ་ནི། །དམ་ཅན་ཡིན་པར་པཀཱིས་གསུངས། །མགོན་པོ་རྟ་


CMR028_Page_0398
[མ་དཔེ་གཟིགས་ན་འདིར་གནོན།]

མགྲིན་ངོ་བོ་གཅིག །དེ་སྤྲུལ་དམ་ཅན་ལས་མཁན་ཚུལ། །དེ་ཕྱིར་མི་འགལ་ཟུང་འཇུག་མཐུན། །མ་མགོན་མགར་གསུམ་ཟེར་བ་འདི། །ཀཾ་ཚང་གསར་དྲན་མ་ལགས་ཏེ། །སྔར་ནས་ཀཿཐོག་རྙིང་ལུགས་གསུངས། །རྒྱས་པར་འདོན་ལུགས་ཁྱད་མེད་དོ། །མཚལ་མ་འདོན་ལུགས་གཉིས་སུ་སྣང་། །མ་མགོན་མགར་གསུམ་མཚལ་མ་ལ། །འཁོར་ལྔ་གཞན་རྣམས་སྔགས་བསྔོས་དང་། །བསྟོད་པ་ཤོ་ལོ་ཀ་རེ་སྦྱར། །སྒར་ཆེན་སྐུ་མདུན་ཡང་ཟུར་ལུགས། །མཚལ་མ་མ་མགོན་མགར་གསུམ་ལ། །འཁོར་གཞན་རྒྱས་པ་ཞྭ་དམར་ལུགས་། །ལྕོག་གྲ་ཉིན་གླིང་ལ་སོགས་མཐུན། །རྗེས་ཆོག་ཡོངས་སུ་རྫོགས་འདོན་ལ། །གྲྭ་སའི་བསྒྲིགས་ཏེ་དུས་མཆོད་ལུགས། །བསྒྲུབ་པའི་ལུགས་དང་གཅིག་མ་ཡིན། །འཕགས་པ་ཀླུ་སྒྲུབ་ཀྱིས་བཞེངས་པའི།། སྒྲོལ་མ་བརྒྱད་དང་མགོན་པོ་བརྒྱད། །ཀླུ་སྒྲུབ་ཁོ་རང་བཞུགས་བཞིན་དུ། །ལྷ་ཁང་མུ་སྟེགས་པ་ཡིས་བཤིགས། །བྱང་ཆུབ་ཤིང་ཡང་བཅད་པ་ལ། །ཨོ་རྒྱན་ཕྱག་ནས་མཛད་པས་སྐྱེས། །རྡོ་རྗེ་གདན་དུ་བཀའ་སྲུང་དང་། །ཆོས་སྐྱོང་མེད་དམ་ལེན་པར་སོམས། །དར་མཐའ་གུད་དང་བརྩིགས་མཐའ་འཇིག་


CMR028_Page_0399
[མ་དཔེ་གཟིགས་ན་འདིར་གནོན།]

བསགས་མཐའ་འཛད་པ་འདུས་བྱས་ཀྱི། །དངོས་པོ་ཀུན་ལ་མེད་མི་སྲིད། །དེ་དོན་མ་རྟོགས་ལ་ལ་ཡིས། །བེར་ཅན་རྒས་སམ་ཤི་བའམ། །འདི་ལ་ནུས་པ་མི་འདུག་ཟེར། །ལེགས་ལྡན་མེ་ལྕེ་ཕྲེང་བའི་རྒྱུད། །གསེར་འོད་ལས་ནི་ཨེ་ཉུང་ཙམ། །དེ་ལ་བཅོམ་ལྡན་འདས་ཉིད་ཀྱིས། །མགོན་པོ་ནག་པོར་བཀའ་སྩལ་པ། །སྐྱེས་བུ་ཁྱོད་ཀྱི་མཐུ་རྩལ་ནི། །སྲིད་པ་གསུམ་ལ་བྱོལ་འདེབས་ཤིང་། །ཁམས་གསུམ་དབང་དུ་སྡུད་པར་བྱེད། །འདོད་ཁམས་དཀྲུགས་ཤིང་ཟིལ་གྱིས་གནོན། །སྟོང་གསུམ་གཞན་དུ་འཕེན་པར་བྱེད་། །འབྱུང་པོ་ཀུན་གྱི་རྒྱུ་ལམ་གཅོད། །རྒྱ་མཚོ་ཆེན་པོ་ཧུབ་ཀྱིས་འདེབས། །རི་བོ་ལྟོ་རུ་ཟ་བར་བྱེད། །དགྲ་བགེགས་འབྱུང་པོ་ཚར་གཅོད་ཅིང་། །ཁྱོད་ཀྱིས་གད་མོ་བགད་པའི་ཚེ། །གཤེ་བའི་གད་མོས་ལྷ་རྣམས་བརྒྱལ། །བདུད་དང་མུ་སྟེགས་སྔངས་བར་བྱེད། །ཤི་ལ་ཐུག་པར་བརྒྱལ་བར་འགྱུར། །ངོ་མཚར་གད་མོས་དབང་དུ་སྡུད། །མ་མོའི་ཚོགས་རྣམས་ཡིད་ཀྱང་འཕྲོག །ཧཱུྃ་སྒྲས་ཁམས་གསུམ་དབང་དུ་སྡུད། །ཕཊ་ཀྱིས་སྟོང་གསུམ་དུས་གཅིག་སྒྲོལ། །ཕོ་ཕེ་ཕེ་གྱིས་འཇིག་རྟེན་གཡོ། །གཡོ་བ་ཐམས་ཅད་དབང་དུ་


CMR028_Page_0400
[མ་དཔེ་གཟིགས་ན་འདིར་གནོན།]

སྡུད་། །བང་གི་སྟོབས་ནི་གློག་དང་འདྲ། །སྟོང་གསུམ་དུས་གཅིག་ཁྱབ་པར་འགྲོ། །མངོན་ཤེས་ལྔ་དང་རབ་ལྡན་ཅིང་། །རྫུ་འཕྲུལ་སྣ་ཚོགས་རབ་བསྟན་པས། །འགྲོ་བ་ལོག་རྟོག་སྒྲོལ་བར་བྱེད། །མཁའ་འགྲོ་ཀུན་གྱི་གཙོ་བོ་སྟེ། །དུར་ཁྲོད་ཀུན་གྱི་བདག་པོ་སྟེ། །ལྷ་ཆེན་ཚོགས་ཀྱི་བདག་པོ་སྟེ། །ཞིང་སྐྱོང་དཔའ་བོའི་དམག་དཔོན་བྱེད། །གཤིན་རྗེ་བདུད་ཀྱི་གཙོ་བོ་མཛད། །གནོད་སྦྱིན་ཀུན་ཀྱང་བྲན་དུ་ཁོལ། །དེ་ལྟར་དཔལ་ལྡན་ནག་པོ་ཁྱོད། །ཅེས་གསུངས་དཔལ་ལྡན་ལྷ་མོ་ཡང་། །ནད་རིམས་དལ་གྱི་བདག་མོ་སྟེ། །འགྲོ་བ་དབུགས་དང་བྲེལ་ཁ་རུ། །མི་སླེབ་མི་སྲིད་དབུགས་བདག་མོར། །ལྷ་མོའི་མཚན་བརྒྱའི་རྒྱུད་ལས་གསུངས། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་། །འཇིག་རྟེན་བརྟན་མ་བཅུ་གཉིས་ཡང་། །དོན་ལ་ལྷ་མོའི་སྤྲུལ་པར་གསུངས། །གསར་མར་དབང་ཕྱུག་ཆེན་པོ་ཟེར། །རྙིང་མར་རུ་ཏྲ་ནག་པོ་ཟེར། །རྟ་མགྲིན་རུ་ཏྲ་བཏུལ་བའི་སེམས། །མགོན་པོ་ལེགས་ལྡན་བྱུང་ཟེར་དང་། །ཕྱག་རྡོར་དབང་ཕྱུག་བསད་པའི་སེམས། །མགོན་པོ་བེང་བྱུང་ཟེར་བ་མཐུན། །ལེགས་ལྡན་དོན་ལ་དབང་ཕྱུག་ཡིན། །དབང་ཕྱུག་སྤྱན་རས་གཟིགས་སྤྲུལ་


CMR028_Page_0401
[མ་དཔེ་གཟིགས་ན་འདིར་གནོན།]

ཉིད། །མེ་ལྕེ་འབར་མའི་རྒྱུད་སོགས་ལས། །དབང་ཕྱུག་སྲས་མོ་ལྷ་མོ་དང་། །མིང་པོ་མགོན་པོ་བྱུང་བ་སྟེ། །གཤིན་རྗེ་མ་ཧཱ་ཀཱ་ལར་གྲགས། །དབང་ཕྱུག་ཁྲོས་པའི་དྲག་པོ་ནི། །དྲག་པོ་འཇིགས་བྱེད་ནག་པོ་དང་། །ལྷ་ཆེན་བརྒྱད་ཀྱི་ལེགས་ལྡན་གཅིག །ལེགས་ལྡན་ཆེ་བ་དབང་ཕྱུག་དང་། །ཆུང་བ་སྲས་མཆོག་བེར་ཅན་ལགས། །འཇིག་རྟེན་ཁམས་ན་དབང་ཕྱུག་ལས། །སྟོབས་ཆེ་ཡོད་པར་ཕྱི་པ་དང་། །ནང་པ་བོན་ལུགས་སུ་ལའང་མེད། །དེ་ཕྱིར་ནུས་པ་མེད་སྙམ་འཁྲུལ། །མཐའ་ཆོད་ཀྱི་ལེའུ་གཉིས་པའོ།།་༈ །།འདི་ཉིད་རང་ལ་ལུགས་མང་ནའང་། །ཀརྨ་པཀི་ཁོ་ནའི་ལུགས། །དེང་སང་ཆོ་ག་འདི་ཉིད་ཀྱི། །མན་ངག་ཡི་གེར་གསལ་བ་མེད། །ཅི་ཕྱིར་ཟབ་དྲག་སྙན་དུ་བརྒྱུད། །དཀོན་མཆོག་འབངས་ཀྱིསྒྲིགས་པ་ཡིས། །མ་མགོན་སྒྲུབ་ཐབས་པོ་ཏི་ཡང་། །སྔོན་གྱི་རྒྱ་གཞུང་ཁོ་ན་དང་། །ཡབ་རྐྱང་ཡུམ་རྐྱང་པོད་གཞུང་བསྒྲིགས། །དེ་དག་གསེབ་ཏུ་ཞལ་སྦྱོར་གྱི། །མན་ངག་ཚིག་དུམ་རེ་རེ་སྦས། །དབང་ཕྱུག་རྡོ་རྗེས་བསྒྲིགས་པ་ཡི། །ཕྱི་ནང་གསང་སྒྲུབ་རྒྱས་པ་ཡང་། །ཡབ་རྐྱང་ཁོ་ནའི་ལུགས་སུ་སྣང་། །དེ་ཕྱིར་


CMR028_Page_0402
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན་ལ་ལེགས་བལྟས་ཀྱང་། །ཞལ་ཁྲིད་མེད་པར་གདམས་ངག་འདི། །སུས་ཀྱང་རྙེད་པར་མ་མཆིས་སོ། །དེ་ཕྱིར་མ་མགོན་ཆོ་ག་ལ། །གྱེར་དང་རྔ་རྡུང་མཁས་མཐར་ཕྱིན། །དད་གུས་མི་ཆེ་ཐུགས་དམ་གྱི། །གཙོ་བོ་བྱེད་པ་མང་པོས་ཀྱང་། །བསྐང་གསོ་ཆོ་ག་ཚར་གྲངས་ལས། །བསྒྲུབ་པ་ཤེས་པར་མ་གྱུར་པས། །རྟགས་མཚན་ཐོན་པར་མི་སྣང་ངོ་། །ཁོ་བོས་མ་མགོན་རྒྱུད་གཞུང་ལ། །མཐོང་རྒྱ་ཤིན་ཏུ་ཆེ་བ་དང་། །སློབ་དཔོན་མང་དུ་བསྟེན་པ་དེས། །ཟབ་གསང་མན་ངག་ལེགས་རྟོགས་ནས། །རང་ཉམས་བླངས་བས་ངེས་ཤེས་ཐོབ། །གཞན་ལ་བསྟན་པས་བརྟན་ཐོབ་གྱུར། །དེ་ཕྱིར་རང་བཟོ་མ་སེམས་ༀ། །སྒྲུབ་པ་ཉམས་སུ་ལོངས་མཛོད་དམ། །རང་གར་བསྐང་གསོ་བྱེད་པ་དང་། །ཨེ་འདྲ་རྟགས་ཀྱི་གསལ་བར་མཆིས། ༈ །དང་པོ་སྒྲུབ་པའི་སྟ་གོན་ནི། །ས་སྟེགས་སྟེང་དུ་མགོན་པོ་ཡི། །རྡུལ་ཚོན་རས་བྲིས་དཀྱིལ་འཁོར་རབ། །མེད་ན་ལྷ་གྲངས་ཚོམ་བུ་འམ། །ཚོམ་བུ་དགུས་ཆོག་གཞི་ཡི་སྟེང་། །ཟམ་སོ་ནག་པོའི་སྟེང་དུ་འགོད། །ཡོད་ན་མ་མགོན་ཞལ་ཐང་བཤམས། །མེད་ན་གཏོར་མར་ཙཀླུ་འཛུགས། །ཟངས་ལྕགས་སྣོད་དུ་གཏོར་མ་ནི། །


CMR028_Page_0403
[མ་དཔེ་གཟིགས་ན་འདིར་གནོན།]

ཟུར་གསུམ་ཟུར་ནི་མི་རྣོ་བ། །གཅིག་ལ་ཆུང་བ་བརྒྱད་ཀྱིས་བསྐོར། །མཉྫིའི་སྟེང་དུ་དབུས་སུ་བཞག །མར་རྒྱན་མེ་རི་ཧཱུྃ་ཡིག་དང་། །གྲི་ཐོད་ལ་སོགས་དབང་གཏོར་ལྟར། །ཤ་བརྒྱན་དར་གདུགས་ནག་པོ་བཙུགས། །དེ་ནི་ལྷ་བསྐྱེད་གསོ་མི་དགོས། །དེ་མདུན་མ་མགོན་གཏོར་མ་དང་། །གཡས་སུ་གསོལ་ཁ་གཡོན་བསྐང་བ། །ཀཾ་ཚང་ཕྱག་ལེན་དཀྱུས་ལྟར་བཅའ། །མདུན་གཡས་བདུད་རྩི་གཡོན་རཀྟ། །དེ་རྒྱབ་ཁྲག་གི་མཆོད་ཡོན་སོགས། །དྲག་པོའི་མཆོད་པ་བསྐོར་བཤམས་བྱ། །ཐུན་གཏོར་ཟུར་གསུམ་མང་པོ་དང་། །ཚོགས་དང་མཐེབ་སྐྱུ་མང་དུ་བསགས། །གནས་བདག་དཀར་གཏོར་བགེགས་གཏོར་བཏང་། །མཚམས་བཅད་ངག་ནི་དམ་དུ་བཅད། །ཕག་མོ་རྒྱལ་བ་རྒྱ་མཚོ་སོགས། །ཡི་དམ་ཆག་མེད་རྣམས་ཀྱང་འདོན། །འདི་ལ་ཡི་དམ་དགོས་རྒྱུ་མིན། །མཚལ་སེར་མངོན་རྟོགས་གང་འདོན་པ། །གཅིག་གིས་བདག་མདུན་དུས་གཅིག་བསྐྱེད། །བདག་བསྐྱེད་མགོན་པོར་ལྷ་མོས་འཁྱུད། །མདུན་བསྐྱེད་ལྷ་མོར་མགོན་པོ་ཉིད། །ཕར་འཁྱུད་དམིགས་པས་ཕྱེ་བ་ལས། །སོ་སོར་བརྗོད་སོགས་མི་དགོས་སོ། །སྤྱན་འདྲེན་གཅིག་


CMR028_Page_0404
[མ་དཔེ་གཟིགས་ན་འདིར་གནོན།]

གིས་ཡེ་ཤེས་པ། །གྲངས་མེད་སྤྱན་དྲངས་བདག་མདུན་ལ། །སོ་སོར་ཐིམ་པའི་དམིགས་པ་ནི། །མ་ཟིན་བར་དུ་སྤྱན་འདྲེན་གྱི། །སྔགས་རིང་གཉིས་པོ་མང་དུ་བརྗོད། །དེ་ནས་མཆོད་བསྟོད་བྱེད་ཚེ་ཡང་། །སྤྲུལ་པའི་ལྷ་མོ་གྲངས་མེད་སྤྲོ། །བདག་མདུན་སོ་སོར་མཆོད་བསྟོད་བསྒོམ། །འདོན་པ་གཅིག་གིས་ཆོག་པ་ཡིན། །སྔ་དྲོ་ཉིན་ཕྱེད་དགོང་ཁ་དང་། །མཚན་དང་ཐུན་བཞིར་མཚལ་མའམ། །རྒྱས་པ་ཚར་བཞི་དགོས་ན་ཡང་། །དེ་བྱས་བསྙེན་པ་མི་འགྲོ་བས། །སྔ་དྲོ་བསྟོད་པ་ཡན་དེས་ཆོག །དེ་ནས་བསྙེན་པ་བྱ་བ་དང་། །ཐུན་མཇུག་ཐུན་གཏོར་གཅིག་འབུལ་བ། །ཕྱི་རུ་མི་འབུལ་དཀྱིལ་འཁོར་འགྲམ། །ཕུལ་ལམ་བསྒྲིགས་ནས་བཞག་པར་བྱ། །ཉིན་ཕྱེད་གསོལ་ཁ་ཚར་གཅིག་བཏང་། །དེ་ཡིས་གོ་བཅད་བསྙེན་པ་བྱ། །མཐུན་མཇུག་ཐུན་གཏོར་གཅིག་འབུལ་ལོ། །དགོང་ཀ་བསྐང་བ་ཚར་གཅིག་བྱ། །དེ་ནས་བསྙེན་པ་གོང་ལྟར་ལས། །ཐུན་མཚམས་ཐུན་གཏོར་འབུལ་བ་ཡིན། །ཐུན་གཏོར་དམར་གཏོར་ཤ་ཁྲག་བརྒྱན། །འགུགས་གཞུག་གཞུང་ལྟར་བྱས་པ་ལ། །གཅིག་ལ་བྱང་ཕྱོགས་དུར་ཁྲོད་དང་། །ཡེ་ཤེས་དབྱིངས་མས་ཕུལ་བའོ། །དེ་རྒྱབ་


CMR028_Page_0405
[མ་དཔེ་གཟིགས་ན་འདིར་གནོན།]

རྟགས་བསྟོད་ཡབ་ཡུམ་དང་། །འདས་དང་མ་བྱོན་ཡབ་ཡུམ་དང་། །གང་ཞིག་བླ་མ་ལ་སྨོད་མ། །དེ་བཞིན་རེས་མོས་འབུལ་བའོ། །མཚན་མོ་མངོན་རྟོགས་ནས་བཟུང་སྟེ། །བསྟོད་པ་ཡིན་དེ་མཚལ་མའམ། །རྒྱས་པ་ཡིད་ལ་གང་འདོད་ཆོག །དེ་ནས་བསྙེན་པ་བྱ་བ་སྟེ། །གཉིད་ཁ་ཐུན་གཏོར་གཅིག་འབུལ་ནས། །རྗེས་ཆོག་མི་བྱ་བདག་མདུན་རྣམས། །མི་གཤིགས་མི་བསྡུ་རྙིང་མའི་ལུགས། །དེ་ཡིས་རྟགས་མཚན་གསལ་བ་ཡིན། །དམ་ཅན་འཁོར་ལྔ་ལ་སོགས་པ། །བཏོན་ན་མི་རུང་མེད་ན་ཡང་། །འདི་ལ་དགོས་རྒྱུ་ཅུང་མེད་དོ། །ཆག་མེད་གཏོར་བསྔོས་ཆུ་གཏོར་སོགས། །ཡོད་ན་ཐུན་མཚམས་རྣམས་སུ་རུང་། །གལ་ཏེ་ལུས་སྦྱིན་ཆག་མེད་ཀྱི། །དམ་བཅའ་ཡོད་པ་མི་ཆག་ཕྱིར། །བདག་མདུན་ལྷ་ཚོགས་ཡོད་ཚུགས་བཞུགས། །བདག་བསྐྱེད་ཐུགས་ལས་ཐ་མལ་པའི། །རྣམ་སྨིན་ཤ་ཁྲག་ལུས་པོ་གཅིག །ཕྱིར་ལ་སྤྲོས་ཏེ་བདག་མདུན་གྱི། །ལྷ་དང་མགྲོན་རིགས་ཀུན་ལ་འབུལ། །དཔེར་ན་འབུལ་གཏོར་དམིགས་པ་བཞིན། །དེ་ཡིས་མི་འགལ་འཁུ་ལྡོག་དང་། །མི་ནོན་པ་ཀུན་སེལ་བར་བྱེད། །ཆག་མེད་མིན་ནི་མ་བྱས་ལེགས། །


CMR028_Page_0406
[མ་དཔེ་གཟིགས་ན་འདིར་གནོན།]

དམིགས་པའི་རྣམ་གྲངས་མཐའ་ཡས་ཀྱང་། །མདོར་བསྡུས་རྩ་བ་འདིར་བཤད་པ། །བདག་མདུན་མགོན་པོའི་ཐུགས་ཀ་རུ། །ཟླ་སྟེང་ཧཱུཾ་མཐིང་ལངས་པའི་མཐར། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཿ །ཡི་གེ་ངོ་ནི་ཕྱིར་བསྟན་ནས། །ལངས་ཏེ་མདུན་ནས་གཡོན་བསྐོར་བཀོད། །བདག་མདུན་ལྷ་མོའི་ཐུགས་ཀ་རུ། །ཉི་སྟེང་བྷོ་ཡིག་སྔོན་པོའི་མཐར། །ཨོཾ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཛཿ མདུན་ནས་བརྩམས་ཏེ་ཡི་གེའི་ངོ་། །ནང་དུ་བསྟན་ཏེ་གཡས་བསྐོར་བཀོད། །དེ་དག་བཟླས་པའི་ཚུལ་དུ་ནི། །ཅུང་ཟད་བཟླས་པ་བསྙེན་པའོ། །དེ་ནས་སྔགས་ལས་འོད་ཟེར་བྱུང་། །ཁ་དོག་ལྔ་ལྡན་མཐིང་ཤས་ཆེ། །ཕྲེང་བའི་ཕྲེང་ལུང་ལྟ་བུ་རུ། །མགོན་པོའི་གཡས་དང་ལྷ་མོའི་གཡོན། །འོད་ཟེར་འཁོར་བ་ཉེ་བསྙེན་ནོ། །དེ་ནས་དང་པོར་དལ་བུས་འཁོར། །ཇེ་མགྱོགས་ཕྱིས་ནས་ཤིན་ཏུ་མགྱོགས། །སྔགས་ཕྲེང་འཁོར་བ་སྒྲུབ་པར་བརྩི། །དེ་ཚེ་སྔགས་ཕྲེང་འོད་ཟེར་གྱིས། །སངས་རྒྱས་བྱང་སེམས་མ་མགོན་ཚོགས། །མཆོད་པས་ཐམས་ཅད་མ་མགོན་སྐུར། །གྱུར་ནས་ཁ་བ་བུ་ཡུག་ལྟར། །རང་ལ་སིབ་སིབ་ཐིམ་པར་བསྒོམ། །བདག་བསྐྱེད་མ་མགོན་གཉིས་ཀ་ཡང་། །དོན་ལ་བདག་ཉིད་ཡེ་ཤེས་


CMR028_Page_0407
[མ་དཔེ་གཟིགས་ན་འདིར་གནོན།]

པས། །གཉིས་ཀའི་ཐུགས་ལས་སྔགས་ཕྲེང་འཕྲོས། །ཞལ་ནས་ཐོན་ཏེ་མདུན་བསྐྱེད་ཀྱི། །མ་མགོན་ཞལ་ཞུགས་ཐུགས་ཀར་ཐིམ། །སྔགས་ཕྲེང་འཕྲོས་ནས་ལྟེ་བ་ནས། །ཚུར་བྱུང་བདག་བསྐྱེད་མ་མགོན་གྱི། །ལྟེ་བ་ནས་ཞུགས་ཐུགས་ཀར་ཐིམ། །ཡང་ན་བདག་ཉིད་མགོན་པོ་ཡི། །ཐུགས་ནས་སྤྲོ་དང་ལྟེ་ནས་བསྡུ། །བདག་ཡུམ་རང་གར་བཞག་ཀྱང་རུང་། །ཕར་ལ་མཆོད་པ་འབུལ་བར་དམིགས། །ཚུར་ལ་དངོས་གྲུབ་བསྡུ་བར་བསམ། །བར་དུ་འཁོར་ཚེ་སྔགས་ཕྲེང་ལས། །འོད་ཟེར་སྣ་ཚོགས་ཕྱོགས་བཅུར་འཕྲོས་། །བླ་མ་ཡི་དམ་མཁའ་འགྲོ་དང་། །ཡེ་ཤེས་ཆོས་སྐྱོང་ཐམས་ཅད་མཆོད། །བྱིན་རླབས་འོད་ཟེར་ཚུལ་དུ་བསྡུས། །སྔགས་ཕྲེང་ཉིད་ལ་ཐིམ་པ་དང་། །འོད་ཟེར་འགྲོ་དྲུག་སྒྲིབ་པ་སྦྱོངས། །ཚེ་བསོད་མཐུ་སྟོབས་བཅུད་བསྡུས་ནས། །སྔགས་ཕྲེང་ལ་ཐིམ་སྔགས་ཕྲེང་ཉིད། །རང་གི་ཐུགས་ཀར་ཐིམ་པ་དེས། །འཁོར་བཅས་བྱིན་རླབས་དངོས་གྲུབ་ཐོབ། །འགྲོ་དྲུག་མ་མགོན་ཤ་སྟག་གྱུར། །སྔགས་སྒྲ་འུར་འུར་ཏིར་ཏིར་སྒྲོག །དེ་ནི་སྒྲུབ་པ་ཆེན་པོའོ། །དེ་ལྟར་དམིགས་པ་ཚན་བཞི་པོ། །ཐུན་རེ་ལ་ནི་རྫོགས་པའམ། །


CMR028_Page_0408
[མ་དཔེ་གཟིགས་ན་འདིར་གནོན།]

ཡང་ན་ཐུན་རེར་རེ་རེ་བྱ། །ཞག་གཅིག་ལ་ནི་རྫོགས་ཀྱང་རུང་། །དེ་ལྟར་ཞག་པོ་བདུན་ཡིན་ན། །ཞག་ལྔ་ཙམ་དུ་བྱ་བའོ། །དེ་ནས་སྔོན་གྱི་དམིགས་པ་བཞི། །ཐུན་རེའི་མགོ་རུ་ཡུད་ཙམ་རེ། །ཁྱད་པར་ནམ་ལངས་ནས་བཟུང་སྟེ། །སྔགས་ལས་འོད་ཟེར་དཀར་པོ་དང་། །སྔགས་ཕྲེང་དཀར་པོ་མུ་ཏིག་འདྲ། །ཕར་ལ་ཞལ་ཞུགས་ཐུགས་ཀར་ཐིམ། །ཞི་བའི་ལས་ལ་དགོངས་པ་གཏད། །ཚུར་ལ་རང་ལུས་ཞུགས་པ་ཡིས། །ནད་གདོན་སྡིག་སྒྲིབ་ཉོན་མོངས་ཞི། །བར་དུ་འཁོར་ཚེ་སྔགས་ཕྲེང་ལས། །ཟླ་འོད་ལྟ་བུའི་འོད་དཀར་པོས་། །སེམས་ཅན་ཀུན་གྱི་སྡུག་བསྔལ་དང་། །སྡིག་སྒྲིབ་ཞི་ཞིང་བདེ་བར་བཀོད། །བསྲུང་བྱ་དཔོན་སློབ་ཡོན་བདག་གི །བར་ཚད་ནད་གདོན་ཐམས་ཅད་ནི། །བ་མོར་ཉི་ཟེར་ཕོག་ལྟར་ཞི། །དེ་ནི་སྔ་དྲོའི་ཐུན་དམིགས་སོ། །དྲོས་ཆེན་ནས་བཟུང་ཕྱེད་ཡོལ་བར། །སྔགས་ལས་སྔགས་ཕྲེང་འོད་ཟེར་བཅས། །བཙོ་མ་གསེར་གྱི་མདོག་འདྲ་འཕྲོས། །ཞལ་ཞུགས་ཚུར་བསྡུ་གོང་ལྟར་ལ། །འོད་ཟེར་སེར་པོ་ཉི་ཤར་བཞིན། །འགྲོ་བའི་བདེ་སྐྱིད་རྒྱས་པར་བྱ། །བསྲུང་བྱའི་ཚེ་བསོད་དཔལ་འབྱོར་དང་། །བསྟན་དང་བླ་མའི་སྐུ་ཚེ་


CMR028_Page_0409
[མ་དཔེ་གཟིགས་ན་འདིར་གནོན།]

སོགས། །ཟླ་བ་ཡར་གྱི་ངོ་ལྟར་རྒྱས། །མདུན་བསྐྱེད་རྒྱས་པའི་ཐུགས་དགོངས་མཛད། །དེ་ནི་ཕྱེད་ཀྱི་ཐུན་ལའོ། །དགོང་ཆེན་ནས་བཟུང་མུན་རུབ་བར། །སྔགས་ཕྲེང་འོད་ཟེར་རཱ་གའི་མདོག །གློག་ཞགས་ལྟ་བུར་ཕྱོགས་བཅུར་འཕྲོས། །འགྲོ་ཀུན་རླུང་སེམས་དབང་དུ་བྱས། །རང་དང་བསྲུང་བྱས་གང་འདོད་པའི། །འདོད་དགུ་དབང་དུ་འདུས་པ་ནི། །ཤ་རུལ་སྦྲང་མ་བཞིན་དུ་བསྒོམ། །མུན་རུབ་ནས་ནི་ཉལ་ཁའི་བར། །སྔགས་ཕྲེང་འོད་ཟེར་མཐིང་ནག་སྟེ། །འོད་ཟེར་ཚ་བའི་ངར་ལྡན་པས། །འགྲོ་བའི་སྡིག་སྒྲིབ་ཉོན་མོངས་དང་། །རང་དང་བསྲུང་བྱའི་བར་ཆད་བགེགས། །བྱ་སྒྲོ་མེ་ལ་བསྲེགས་པ་ལྟར། །ཐམས་ཅད་ཚར་བཅད་མེད་པར་བསྒོམ། །ཐུན་གཏོར་བཞི་པོ་གོང་ལྟར་རོ། །ཞག་བདུན་བྱེད་ན་ཞག་གཉིས་སོ། །སྒྲུབ་པའི་ཚད་ནི་ཞག་བདུན་ཏེ། །དེ་ལས་མང་དུ་བྱེད་ནའང་། །ཞག་བདུན་སྒྲུབ་པ་གཅིག་རྫོགས་བྱེད། །དེ་ནས་སྤོག་ཚུལ་ཝིག་ན་ལེགས། །རབ་ཀྱིས་ཞག་བདུན་འབྲིང་བདུན་གཉིས། །ཐ་མ་བདུན་གསུམ་ཡོང་མཐའ་ཡང་། །ཟླ་གཅིག་མི་འགོར་རྟགས་འབྱུང་ངོ་། །གྲངས་ནི་རབ་ཀྱིས་སུམ་འབུམ་འགྲུབ། །འབྲིང་གིས་


CMR028_Page_0410
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་འབུམ་ཉི་ཁྲི་སྟེ། །ཐ་མས་འབུམ་ཕྲག་བཅུ་གསུམ་ཡིན། །ཡང་ཐ་གང་ཐོན་ངེས་པ་མེད། ༈ །རྟགས་ནི་སྒྲིབ་པ་འཐུག་སྲབ་ཁྱད། །རབ་དངོས་འབྲིང་ཉམས་ཐ་མ་ཡང་། །རྨི་ལམ་དུ་ནི་ངེས་པའོ། །རང་གི་དད་མདུན་ཆེ་བ་ཡི། །བླ་མ་དཔོན་སློབ་རྡོ་རྗེ་སྤྱན། །མི་ནག་ཕ་ཁུ་དཔོན་ཆེན་དང་། །གོས་སྔོན་རྟ་ཞོན་དམག་ཆས་ཅན། །བྱ་ནག་ཁྱི་ནག་གཡག་ནག་དང་། །སྤྲིན་ནག་འབྲུག་སྒྲ་ཐོག་སེར་འཚག །མ་སྲུ་སྲིང་ལྕམ་དགེ་སློང་མ། །བུད་མེད་ཆོས་བཟང་རལ་པ་ཅན། །མཛེས་སྡུག་སྣུམ་བག་སྤོས་དྲི་ཅན། །བོང་བུ་དྲེལ་དང་རྨ་བྱ་དང་། །རྨ་བྱའི་སྒྲོ་དང་རལ་གྲི་དང་། །སྦྲུལ་དང་ནེ་ལེ་ཁྲག་ཆུས་མཚོ། །རླུང་ནག་འཚུབ་མ་ལྕགས་སྒྲོག་རྙེད། །དེ་དག་ཉེ་དང་འཁོར་བའི་རྟགས། །དངོས་གྲུབ་རྫས་བྱིན་ཕྱག་འཚལ་དང་། །ལུང་སྟོན་ཆོས་འཆད་ལེགས་ཉེས་སྨྲ། །བག་དྲོ་བྱིན་ཆགས་རིག་པ་དྭངས། །ཉམས་རྟོགས་བོགས་ཐོན་དད་གུས་འཕེལ། །དར་ཕྱར་དུང་འབུད་བསང་ཆེན་གཏོང་། །ཁྲི་ལ་འདུག་དང་ཁྲོམ་ཆེན་འདུ། །ཉི་ཟླ་ཤར་དང་བདུད་རྩི་འཐུང་། །འབྲུ་དང་རིན་ཆེན་ལོངས་སྤྱོད་རྙེད། །ཆོས་གཏེར་ནོར་གཏེར་ཕྱག་མཚན་རྙེད། །མ་མགོན་


CMR028_Page_0411
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱུད་གཞུང་གླེགས་བམ་རྙེད། །དེ་སོགས་ལེགས་ཤིང་འགྲུབ་པའོ། །བྱ་བྲལ་སྤུང་དབྱུག་ཐོགས་བྱུང་ན། །གཏོར་མ་ངན་པས་བཟང་དུ་བྱ། །བུད་མེད་ངུ་དང་བྲང་། རྡུང་དང་། །སྐྲ་བལ་མཆི་རིས་དོད་པ་དང་། །རྒྱན་ཆ་བཀྲོལ་ནས་རང་ལ་གཏད། །བར་ཆད་ཡོད་པས་བསྐང་བ་བྱ། །སྐབས་སུ་མ་མགོན་དབུ་གཙུག་ཏུ། །རྡོར་སེམས་བསྒོམས་ལ་ཡིག་བརྒྱ་འདོན། །བཀྲ་ཤིས་པ་ཡི་གདམས་ངག་གོ །དམིགས་པ་རྡོར་སེམས་སྒོམ་བཟླས་ལྟར། །ཨོ་ས་མ་ཡ། ཨཱས་མ་ཡ། ཧཱུཾ་ས་མ་ཡ། མ་མགོན་སྔགས་དེར་ཡིག་བརྒྱ་མཐུད། །དེ་ཉིད་ཉམས་ཆག་སྐོང་བའི་མཆོག་།རྒྱལ་འགོང་དམ་སྲི་ལ་སོགས་ཀྱིས། །བར་དུ་གཅོད་པའི་རྟགས་བྱུང་ངམ། །ལར་ཡང་རྩུབ་ཅིང་རྐྱེན་མང་ན། ༈ །ཐུན་མཚམས་གེགས་སེལ་དམིགས་པ་ནི། །རང་ཉིད་མགོན་པོའི་དཔུང་པའི་སྟེང་། །བྱ་རོག་ནག་ལ་དམར་མདངས་ཅན། །མཆུ་སྡེར་རྡོ་རྗེ་ཕ་ལམ་གྲུབ། །དེ་གཉིས་ལས་ནི་སྤྲུལ་པ་ཡི། །བྱ་རོག་འབྲོང་གཡག་ཙམ་པ་ནི། །ནམ་མཁའ་བར་སྣང་ཁྱབ་པར་འཕྲོས། །གཤོག་སྒྲ་འུར་འུར་འབྲུག་ལྟར་སྒྲོག །གནོད་བྱེད་གདོན་བགེགས་ཐམས་ཅད་ནི། །བྱེའུས་


CMR028_Page_0412
[མ་དཔེ་གཟིགས་ན་འདིར་གནོན།]

འབུ་སྲིན་ཟ་བ་བཞིན། །ཏོག་ཏོག་བཏུས་ནས་ཐམས་ཅད་ཟོས། །ཐམས་ཅད་ཚུར་འདུས་གཅིག་ཏུ་གྱུར། །འོད་ཞུ་རང་གི་ཐུགས་ཀར་བསྡུ། །ཡང་ན་མདུན་བསྐྱེད་ལ་དམིགས་ཆོག །འདི་ནི་སྒྲུབ་དུས་མིན་ན་ཡང་། །བར་ཆད་སེལ་དམིགས་ནམ་ཡང་རུང་། །ཞལ་སྦྱོར་སྐུ་གསུམ་སྙིང་པོ་ནི། །པར་མ་ནང་དུ་དག་པར་བཞུགས། །ལྷ་བསྐྱེད་པ་ཡི་དོན་ཚང་ཕྱིར། །སྐུ་ཡི་སྙིང་པོ་འདོན་མི་དགོས། །ཏིང་ངེ་འཛིན་གྱི་དོན་ཚང་བས། །ཐུགས་ཀྱི་སྙིང་པོ་འདོན་མི་དགོས། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ གསུང་གི་སྙིང་པོ་འབྲུ་བཅུ་གསུམ། །རྒྱུན་དུ་འདོན་རྒྱུ་ངོས་ཟིན་བྱ། །དེ་ཉིད་ཞལ་ཤེས་མི་ལྡན་པས། །སྔགས་མང་འདོན་ཚོད་མ་ཟིན་ནས། །ཕལ་ཆེར་གྱི་ནར་ལུས་པ་མང་། །དེ་ནས་སྒྲུབ་པ་ཡུན་རིང་ཐུང་། །གང་ལྟར་བྱས་ཀྱང་གྲོལ་ཁ་ལ། །དྲག་ལས་བརྡ་ཙམ་མ་བྱས་ན། །རང་གི་ཚེ་ལ་གནོད་པ་ནི། །མགོན་པོའི་རྒྱུད་གཞུང་ཀུན་ཏུ་གསལ། །ཅི་ཕྱིར་འགྲོ་ས་མེད་པ་ན། །དམག་བསྡུས་དམག་མི་ཁྲོ་དང་འདྲ། །རྒྱས་པར་གཞུང་གི་ཕུར་འདེབས་སོགས། །བསྡུ་ན་དམར་གཏོར་ཆེ་བ་གཅིག །ཤ་ཁྲག་རྒྱུན་བཟང་ལྡན་པར་བཤམས། །ཟན་གྱིས་ལིངྒ་


CMR028_Page_0413
[མ་དཔེ་གཟིགས་ན་འདིར་གནོན།]

གཅིག་བྱས་ལ། །བཀུག་གཞུག་གཞུང་ལྟར་ལན་གསུམ་བྱས། །ཕུར་འདེབས་ལ་སོགས་མ་ཐོན་ཀྱང་། །གྲིས་གཏུབས་དམར་གཏོར་ནང་དུ་བླུགས། །བྲན་ལ་བསྐུལ་པ་ཐམས་ཅད་འདོན། །ཐམས་ཅད་འདོན་པར་མ་ཐུབ་ན། །གསོན་གཅིག་མ་ཡིས་ཆོག་པ་ཡིན། །རྒྱས་པར་བཞེས་འབོད་གཞུང་ལྟར་བྱ། །མ་བྱས་ན་ཡང་རུང་བ་སྟེ། །ཕྱོགས་དང་རྒྱུ་ལྡོག་བརྩི་མཁས་ན། །ཟོར་དུ་འཕངས་ལ་དར་ནག་རྡེབ། །མི་ཤེས་ན་ནི་གཙང་ས་འམ། །གནོད་པའི་ཕྱོགས་སུ་གོམ་པ་ཡང་། །བདུན་ཅུ་འདས་པའི་ཕ་རོལ་ཏུ། །བསྐུར་ཆོག་རང་ཉིད་འགྲོ་མི་དགོས། །གཏོར་སྣོད་སྦུབ་ལ་རྟ་བྲོ་བྱ། །ཐོན་ན་ཞི་དྲག་གང་འདོད་ཀྱི། །སྦྱིན་སྲེག་བླུག་ན་མཆོག་ཡིན་ཏེ། །མ་ཐོན་ན་ཡང་མི་འགལ་ལོ། །དེ་ནས་་རྗེས་ཆོག་གཞུང་ལྟར་ལས། །དངོས་གྲུབ་ལེན་མཆོག་སྔགས་དེ་ནི། །སྟོང་ངམ་བརྒྱ་སོགས་བཟླས་བྱ་ལ། །དངོས་གྲུབ་ལེན་ཆོག་དེ་འདོན་ནས། །རང་གི་གནས་གསུམ་རྟེན་གཏོར་དེས། །རང་ལ་དབང་ནི་ལེན་ཚུལ་བྱ། །མདུན་བསྐྱེད་རྟེན་གསུམ་ཡོད་ན་བསྟིམས། །མེད་ན་གཤེགས་གསོལ་གཞུང་ལྟར་ལས། །བདག་བསྐྱེད་མཐའ་ནས་དབུས་ཡལ་ནས། །


CMR028_Page_0414
[མ་དཔེ་གཟིགས་ན་འདིར་གནོན།]

སྟོང་པར་བསྡུ་བ་མ་གཏོགས་པ། །བདག་བསྐྱེད་ཡེ་ཤེས་གཤེགས་མི་རུང་། །དེ་ནི་གཅིག་གིས་བསྒྲུབ་ལུགས་ཏེ། །དཔའ་བོ་གཅིག་བསྒྲུབ་ཅེས་སུ་གྲགས། །གྲྭ་སློབ་མཆེད་གྲོགས་དམ་ཚིག་ཅན། །མང་པོས་དུས་གཅིག་སྒྲུབ་པ་ལ། །ཐམས་ཅད་གོང་དང་འདྲ་བ་ལ། །གཏོར་མ་ཀ་ཏོ་ར་ལ་སོགས། །ཆེན་པོ་བཅའ་ཞིང་མཆོད་གཏོར་བསྐྱེད། །གསུང་བཟང་གྱེར་དབྱངས་སུ་མཁས་རྣམས། །གཞུང་བསྲང་ལས་བྱང་ལ་སོགས་པ། །འདོན་ལུགས་གྲྭ་ས་ལྟ་བུར་བྱ། །མང་མར་དམིགས་པ་སྤྱོད་ནས་ཀྱང་། །སྔགས་ཉིད་ཁོ་ན་འདོན་དུ་ཚེབཅུག་རྡོ་རྗེ་སློབ་དཔོན་གང་ཡིན་གྱིས། །ལྟ་བའི་གདེང་བསྐྱེད་སྔགས་རང་འདོན། །མཚན་ལའང་སྔགས་རྒྱུན་མ་ཆད་བྱ། །མང་ན་བསྐང་ཐུང་རྒྱུན་ཅིག་བྱ། །གཞན་རྣམས་ཐམས་ཅད་གོང་དང་འདྲ། །དེ་ནི་ཚོམ་བུ་འབུམ་བསྒྲུབ་ཟེར། །འདོན་པ་ལ་སོགས་མི་ཤེས་ཀྱང་། །དེ་རུ་ཡོད་ཚད་ཐམས་ཅད་ཀྱིས། །སྒྲུབ་པ་ཐེམ་པ་སྨོས་ཅི་དགོས། །རེ་རེས་ལོ་གཅིག་བསྒྲུབ་པ་བས། །སྔགས་རྒྱུན་ཞག་བདུན་མ་ཆད་ན། །རེ་རེས་ལོ་སྒྲུབ་ཐོན་དང་མཉམ། །དེ་ནི་ཨོ་རྒྱན་རྡོ་རྗེའི་གསུངས། །དེ་ལ་ཐེ་ཚོམ་མི་བྱ་སྟེ། །རྟགས་ཀྱང་ཆེ་ལ་


CMR028_Page_0415
[མ་དཔེ་གཟིགས་ན་འདིར་གནོན།]

གསལ་བ་ནི། །ངེས་མེད་ཐུན་པ་སོ་སོར་འབྱུང་། །གྲིབ་ནོན་འདྲ་བའི་སྐྲག་སྔངས་དང་། །མཐོང་སྣང་ལ་སོགས་ཅི་ཡང་འོང་། །བར་ཆད་མ་ཡིན་འགྲུབ་རྟགས་སུ། །མགོན་པོའི་རྒྱུད་ལས་གསུངས་པ་ཡིན། །སྟེང་ནས་ཐིབ་ཐིབ་གནོན་པ་དང་། །གཟུགས་མེད་ལྷང་ལྷང་སྨྲ་བ་དང་། །སྒོ་ནི་བརྡུང་སོགས་ལྷ་མོའི་རྟགས། །རྒྱུད་ལས་གསུངས་ཕྱིར་སྐྲག་མི་བྱ། །སྒྲུབ་ཐབས་ལེའུ་སྟེ་གསུམ་པའོ།། ༈ །།དེ་ལྟར་བསྙེན་སྒྲུབ་ལེགས་ཐོན་ནས། །རྗེས་ནས་སྐུ་རིམ་བསྐང་གསོའི་དུས། །བུམ་པ་གཞུང་ལྟར་ལེགས་བཤམས་ལ། །བདག་མདུན་བུམ་ལྷ་དུས་གཅིག་བསྐྱེད། །ཞི་བའི་དུས་ཀྱི་དམིགས་པ་བྱ། །བུམ་ལྷར་བདུད་རྩིའི་རྒྱུན་བབ་བསྒོམ། །རྩ་སྔགས་དེ་ཡི་ཤམ་བུ་རུ། །ནད་གདོན་སརྦ་ཤཱན་ཀུ་རུ་སྭཱ་ཧཱ། །བུམ་ལྷ་མ་མགོན་དཀར་པོ་བསྒོམ། །ཡེ་ཤེས་གཤེགས་ལ་དམ་ཚིག་ཞུ། །ཆུ་ཡིས་ཁྲུས་དང་འཐུང་བ་དང་། །ནོར་ཕྱུགས་ལ་སོགས་གཏོར་བྱས་ན། །ནད་གདོན་ཞི་བའི་ཕྲིན་ལས་འགྲུབ། །རྒྱས་པའི་དུས་ཀྱི་དམིགས་པ་དང་། །གཏོར་མ་ཟས་སྣ་ཕུད་ཀྱིས་སྤུངས། །མདུན་བསྐྱེད་བེར་ནི་ནང་མ་ཡི། །སུལ་ནས་ནོར་བུའི་


CMR028_Page_0416
[མ་དཔེ་གཟིགས་ན་འདིར་གནོན།]

ཆར་པ་བབ། །རང་གནས་ཆིལ་ཆིལ་གང་བར་བསྒོམ། །ཡབ་ཡུམ་ཕྱོགས་བཅུའི་མགོན་པོ་ཡི། །སྐུ་ལ་རིན་ཆེན་རྒྱན་ཕྱུག་བསྒོམ། །གསོལ་ཁ་ཉིད་ལ་དཔུང་བླངས་ཤིང་། །དངོས་གྲུབ་ལེན་ཆོག་སྔགས་དེ་འམ། །རྩ་སྔགས་དག་ལ་འདི་ཉིད་བཏགས། །སརྦ་སིདྡྷི་པུཏྟིཾ་ཀུ་རུ་སྭཱ་ཧཱ། སྒྲུབ་པ་དངོས་ཀྱི་ནོར་སྒྲུབ་ཀྱི། །སྒྲུབ་གཏོར་ཕྱི་མིར་མི་སྦྱིན་ནོ། །དེ་ཡིས་རྒྱས་པའི་ཕྲིན་ལས་འགྲུབ། །དབང་གི་དུས་ཀྱི་དམིགས་པ་དང་། །ལྷ་ཚོགས་སྐུ་མདོག་དམར་ངམ་བསྒྱུར། །འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས། །འཕྲོས་པས་གང་འདོད་དབང་བསྡུས་བསྒོམ། །རྩ་སྔགས་ཤམ་བུ་འདི་བཟླས་པས། །སརྦ་ལོ་ཀ་པཱ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། གསོལ་ཁ་དག་ལ་བུང་བླངས་ཤིང་། །ཆང་དང་མེ་ཏོག་དམར་པོས་མཆོད། །དེ་ཡིས་དབང་གི་ཕྲིན་ལས་འགྲུབ། །མདུན་བསྐྱེད་བེར་ནག་ཕྱི་མ་ཡི། །སུལ་ནས་མཚོན་ཆའི་ཆར་ཆེན་པོས། །གནོད་བྱེད་དགྲ་བགེགས་ཐམས་ཅད་ནི། །ཤོ་མང་སེར་བས་བྲབ་འདྲར་བསྒོམ། །དམར་གཏོར་བཀུག་གཞུག་བསྐུལ་པ་འདོན། །སྔགས་ནི་པར་མ་ནང་ཉིད་ཀྱི། །མ་མགོན་ཞལ་སྦྱོར་སྔགས་རིང་དེའོ། །དེ་ཡིས་དྲག་པོའི་ཕྲིན་ལས་འགྲུབ། །


CMR028_Page_0417
[མ་དཔེ་གཟིགས་ན་འདིར་གནོན།]

ལས་ཚོགས་ལེའུ་སྟེ་བཞི་པའོ།། ༈ །།འདི་ཡི་གཏོར་ནག་པར་བུ་སོགས། །རྒྱུད་གཞུང་རྣམས་སུ་གབ་ནས་བཞུགས། །ཡི་གེར་བྲིས་པ་མེད་པའི་ཕྱིར། །བདག་གིས་བྲི་བར་མི་སྤོབས་ཏེ། །དམྱལ་བ་ཉིད་ལ་འཇིགས་ཕྱིར་རོ། །འོན་ཀྱང་ནུས་པ་ལྡན་ན་ནི། །དེ་ཙམ་ཁོ་ནས་ཆོག་པར་ངེས། །འོ་ན་གདམས་ངག་འདི་ངག་རྒྱུན་ཙམ་དུ་སོང་བས་ཡིད་མི་ཆེས་མ་མགོན་གྱི་སྒྲུབ་ཡིག་ཤིན་ཏུ་མང་བ་འདུག་སྟེ་གང་དང་ཡང་མ་མཐུན་ནོ་སྙམ་ན། འཕགས་པ་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས། དེ་ནས་མགོན་པོ་ནག་པོ་ཉིད། །རབ་ཏུ་ཁྲོས་ཏེ་སྔགས་འདི་བརྗོད། །ཡབ་ཡུམ་རྣམ་པར་གྱུར་པ་འཇིགས། །ཨོཾ་བཛྲ་ཡཀཱ་དེ་བ་མ་ཧཱ་ཀཱ་ལ་ཀྲོ་དེ་ཧཱུྃ་ཛཿppབཅུ་དྲུག་གསང་སྔགས་ཡིད་འཛིན་ན། །ཐམས་ཅད་འཛིན་པར་གྱུར་པ་ལ། །ཚོགས་བདག་ཆེན་པོས་སྔགས་རྣམས་བསྟན། །ཨོཾ་བཛྲ་ཡཀཱ་དེ་བ་མ་ཧཱ་ཡཀྵ་མ་བེ་ཏཱ་ལི་ཛཿppབཅུ་དྲུག་གསང་སྔགས་ནང་འཛིན་པ། །བེ་ཏ་ལི་དང་ཡང་དག་ལྡན། །གཡོན་དུ་འཁྲིལ་བ་ཡུམ་གྱི་ཚུལ། །རང་སེམས་རྫོགས་པ་ལྷ་ཡི་སྐུ། །རྣམ་པར་བཟླས་པས་འགྲུབ་པ་ཡིན། །འཕགས་པ་རིན་ཆེན་དཔུང་རྒྱན་གྱི་རྒྱུད་ལས་


CMR028_Page_0418
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་ཡུམ་གསང་སྔགས་བསྟན་པའི་ལེའུ་སྟེ་བཅུ་གཅིག་པའོ། །ཞེས་དང་། ལྷའི་དམག་དཔོན་བྱེད་པའི་ཚེ། །ལྷ་མིན་འདུལ་བའི་ཕྱག་རྒྱ་སྟེ། །མཐིང་ནག་དར་བེར་ཡང་དག་མནབས་། །ཞེས་དང་། སྔགས་ཤཱ་ས་ན་ཡང་གསུངས་ཏེ། འདི་གསར་མའི་རྒྱུད་འབུམ་དང་དཀར་ཆག་ན་ཡོད་དེ་ཀུན་གྱིས་ཚད་ལྡན་དུ་བཞེད། རྙིང་མའི་དྲག་པོའི་ལྷ་རྒྱུད་གསང་བ་ཆེན་པོ་ནས་ཞལ་སྦྱོར་སྐུ་གསུང་ཐུགས་ཀྱི་སྔགས་གསུམ་སྔགས་རིང་དང་བཅས་པ། སྤར་ནག་གི་ལས་སྦྱོར་སོགས་གསུངས་སོ། །ཁྱད་པར་དུ་གྲུབ་ཆེན་རིན་པོ་ཆེ་ཀརྨ་པཀྵིའི་གསུངས་བསླད་མེད་འདི་རྣམས་ལགས་སོ། །སྒྲུབ་ཐབས་འདིའི་རྒྱུད་ཀྱི་དགོངས་པ་བསྡུས་པ། ཌོམྦི་ཧེ་རུ་ཀས་ཧ་ཧ་སྒྲོག་པའི་དུར་ཁྲོད་དུ་མཛད་པ་སྟེ། དེ་མིན་བོད་ཀྱི་རྒྱལ་པོའི་དུས་ཐོསུ་ཡང་ལོ་པཎ་རྣམས་ཀྱིས་བསྒྱུར་ཅིང་། ན་ནིང་ཕྱིས་མལ་གྱོ་ལོ་ཙཱ་ཡིས་བསྒྱུར་བ་དེས། རྒྱུད་ཀྱི་ཚིག་རེ་རེ་ཙམ་ལ་བརྟེན་ནས། ལོ་ཙཱ་བ་རྣམས་དང་། བོད་ཀྱི་སྔགས་པ་རྣམས་ཀྱིས་རང་དྲན་རང་བཟོ་བྱས་ནས་ཡིག་རོས་ཡུལ་ཁམས་ཁྱབ་ཅིང་། འདྲ་མིན་གྱི་འཛམ་གླིང་ཁྱབ་པར་གྱུར་ཀྱང་ཕྲིན་ལས་རྣམ་བཞི་འགྲུབ་པ་ནི་གཅིག་ཀྱང་མེད་པ་སྟེ། ཁ་ཕྱར་ཁ་འཁྱིལ་


CMR028_Page_0419
[མ་དཔེ་གཟིགས་ན་འདིར་གནོན།]

རྣམས་ཀྱིས་བདག་གཞན་མགོ་གཅིག་བསྐོར་བར་བྱས་པའོ། །ཞེས་དང་། དེ་ལྟར་མངོན་སུམ་ཚད་མར་མགོན་པོ་བེར་ནག་ཅན་མ་མགོན་ལྕམ་དྲལ་དངོས་སུ་གྲུབ་པ་མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡིན་པ་ཁྱེད་རྣམས་ཀྱིས་ཤེས་སམ་མི་ཤེས། ཁྱེད་རྣམས་བརྒྱུད་པ་འཛིན་ཅིང་བསྒྲུབས་ན་འགྲུབ་སྟེ་མཆིས། མ་མགོན་གཉིས་ཀྱི་དཔེ་དུམ་བུ་མང་དུ་ཡོད་པ་ལས་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་པ་འདི་ཡིན་པས། ད་ཕྱིན་ཆོད་ཐམས་ཅད་ཀྱིས་འདི་ལ་བྲིས་ཤིང་བསྒྲུབས་དང་བྱིན་རླབས་ཆེ་ཞིང་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་འདི་ལ་ཚང་བ་གོ་བར་གྱིས། གདམས་ངག་ལ་ཤེས་དགོས་པ་དང་མི་ཤེས་དགོས་པ་གཉིས་ཡིན་པ་ལས། གདམས་འདི་ཤིན་ཏུ་ཟབ་པར་དྲགས་པས། དཔེ་གཞུང་གཞན་རྣམས་དོན་ཡོད་མེད་དཀྲུག་པ་འདྲ་བ་ཡིན་པར་ཤེས་པར་གྱིས། འདི་རྣམས་ཀྱི་གནད་མ་ཤེས་ན་ལོ་བརྒྱར་བསྒྲུབ་ཀྱང་འབྲས་བུ་མི་འབྱུང་ངོ་། །ཞེས་དང་། མགོན་པོ་བེར་ནག་ཅན་མ་མགོན་གྱི་གདམས་ངག་གིས་འཛམ་གླིང་ཁྱབ་ནའང་། རྒྱུད་མན་ངག་གི་དགོངས་པ་གཅིག་ཏུ་བསྡུས་པ་འདི་འདྲ་སྔོན་ཆད་མེད་པའི་ཕྱིར་ན། མ་མགོན་ཤེས་ཤིང་གྲུབ་ལ་མཐུ་དབང་དང་


CMR028_Page_0420
[མ་དཔེ་གཟིགས་ན་འདིར་གནོན།]

དངོས་གྲུབ་ཐོབ་པ་གཅིག་ཀྱང་མེད་པ་རིག་ལྡན་ཀུན་གྱིས་ཤེས་པར་མཛོད། མ་མགོན་འཁོར་བཅས་འདི་རྣམས་བརྒྱུད་པ་འཛིན་ཅིང་། གྲུབ་རྟགས་མ་ཐོན་གྱི་བར་དུ་ཐམས་ཅད་ཀྱིས་བསྒྲུབ་ཅིང་མཆོད་ན། འཛམ་བུའི་གླིང་ལ་དབང་བསྒྱུར་ཞིང་ཟིལ་གྱིས་གནོན་པ་ཡིན་པ་ཤེས་པར་གྱིས་ལ་རྟགས་ཐོན་པར་གྱིས། ཡིག་རོའི་ཚོགས་གཞན་གྱིས་ཅི་ཞིག་བྱ། ཞེས་དང་མིང་ཡོངས་སུ་གྲགས་པ་ཀརྨ་པ་དང་། མགོན་པོ་བེར་ནག་ཅན་འདིའི་སྐོར་གསུམ་བར་ན་བརྒྱུད་པ་ཡོད་ཀྱང་ཉན་མེད་ཀྱང་ཉན། ཅིའི་ཕྱིར་ན། འཛམ་གླིང་ཁྱབ་པའི་ཕྲིན་ལས་བསྒྲུབ་པ་ཀུན་གྱིས་ཐོས་སམ་མ་ཐོས། མ་ཐོས་ན་ཐོས་ཤིང་ཤེས་པ་རྣམས་ལ་དྲི་བར་མཛོད། བྲིས་ཤིང་གཏོར་མ་ལ་བཙུགས་ནས་གཞུང་བཞིན་བསྐྱེད་བསྟིམ། བསྟོད་བསྐུལ་ཞག་བདུན་གྱི་བར་དུ་བྱས་ན། དཔལ་མ་མགོན་གྱིས་ལུས་དང་གྲིབ་མ་བཞིན་དུ་སྡོང་གྲོགས་བྱེད་ཅིང་ཕྱི་མའི་མི་མཐར་ཐུག་གི་བར་དུ་བསྟན་པ་ཡུན་རིང་དུ་གནས་པར་འགྱུར་རོ། །ཞེས་དང་། མགོན་པོ་ཡབ་ཡུམ་བདག་བསྒོམ་དུ་བྱས་ཤིང་། མགོན་པོ་ཡེ་ཤེས་སེམས་དཔའ་རྒྱུན་ཆད་མེད་པར་བསྟིམ་ཞིང་། བསྙེན་པ་ནུས་ཚད་དུ་བྱས་ན། མཐུ་སྟོབས་མ་མགོན་


CMR028_Page_0421
[མ་དཔེ་གཟིགས་ན་འདིར་གནོན།]

འཁོར་བཅས་དང་མཉམ་ཞིང་། མིང་ཐོས་པ་ཙམ་གྱིས་ཀྱང་། ཐམས་ཅད་སྐྲག་ཅིང་འཛམ་གླིང་ཟིལ་གྱིས་གནོན་པར་འགྱུར་རོ། །བརྒྱུད་པ་འཛིན་ཚད་ཐམས་ཅད་ལ་སྟོན་ཅིང་ཁྱབ་ཏུ་ཆུག །ཅེས་དང་། མིང་ཡོངས་སུ་གྲགས་པ་ཀརྨ་པ་ཡི་བརྒྱུད་པ་འཛིན་ཚད་རྣམས་ཀྱིས། ལས་རབ་འབྱམས་རྒྱ་མཚོ་ཆོས་སྐྱོང་འདི་རྣམས་ཀྱི་བསྒྲུབ་པ་ཡིན་པའི་ཕྱིར་ན། དམ་ཚིག་བསྲུང་ཞིང་གཏོར་མ་རི་ལྟར་སྤུངས་ཤིང་རྒྱུན་ནས་རྒྱུན་དུ་ཤོད་ཅིག །སྒྲུབས་ཤིག །མཆོད་ཅིག །མ་མགོན་ཐམས་ཅད་ལ་དུས་གསུམ་དུས་མེད་དུ་བསྟོད་བསྐུལ་མཛོད་ཅིག །ཅེས་པ་རྣམས་པོད་གཞུང་དང་རྒྱུད་ཀྱི་མཚམས་སྦྱར་རྣམས་སུ་གྲུབ་ཆེན་པཀྵིའི་གསུངས་དེ་རྣམས་འཐོར་ནས་ཡོད་དོ། །མན་ངག་འདིའི་རྩ་ཚིག་ནི་དེ་རྣམས་ཁོ་ན་ཡིན་ནོ། །བསྟོད་བསྔགས་མཛད་པ་ནི་ཉིད་ཀྱི་དགོངས་པ་ཞལ་སྦྱོར་འདི་ཁོ་ནའོ། །ཡིད་ཆེས་ལུང་འདྲེན་གྱི་ལེའུ་སྟེ་ལྔ་པའོ།། ༈ །།འདི་ཡན་བསྐྱེད་རིམ་ཐོ་ཙམ་རྫོགས། །དེ་ནས་རྫོགས་པའི་རིམ་པ་ལ། །མ་མགོན་རྒྱུད་སྡེ་ཐམས་ཅད་ན། །རྫོགས་རིམ་རྩ་རླུང་ལེའུ་གསུངས། །ཏེ་ལོ་ནཱ་རོ་མར་པ་ལས་བརྒྱུད་པའི། །ལྷོ་བྲག་མགོན་པོའི་རྒྱ་


CMR028_Page_0422
[མ་དཔེ་གཟིགས་ན་འདིར་གནོན།]

གཞུང་ཞེས། །ཞལ་སྦྱོར་བསྒྲུབ་པའི་དབང་བཞི་དང་། །བསྐྱེད་རིམ་རྒྱ་གཞུང་ཉུང་དུ་སྟེ། །དེ་ལ་འདྲ་མན་མང་ཞིག་ཡོད། །རྫོགས་རིམ་རྒྱ་སྐད་མེད་པ་ཡི། །ཚིག་རྡུམ་ཤོག་ངོས་ཙམ་ལས་མེད། །རྒྱུད་ཚིག་གོ་བར་དཀའ་བ་ཡིན། །དེ་དོན་སྙན་བརྒྱུད་གཅིག་བརྒྱུད་དེ། །དུས་མཁྱེན་མ་གཏོགས་སུ་ལ་མེད། །རས་ཆེན་ཟངས་རིའི་སློབ་མ་སྟེ། །མགོན་པོར་མཁས་པའི་ང་རྒྱལ་ལྡན། །འོན་ཀྱང་མཆོག་སྒྲུབ་མི་དགོངས་པ། །དུས་མཁྱེན་ཀྱིས་གནང་ངེས་ཤེས་ཐོབ། །དུས་མཁྱེན་བརྒྱུད་པ་དེ་ནས་བཟུང་། །དབང་ཆོག་རྒྱས་པར་རས་ཆེན་མཛད། །རླུང་སྒྲུབ་ཤོག་དྲིལ་གཅིག་ཀྱང་མཛད། །འོན་ཀྱང་ཡབ་རྐྱང་ཤས་ཆེའོ། །མཁའ་སྤྱོད་པ་ཡིས་བཀའ་རྒྱ་བཀྲོལ། །གདམས་པ་ཅུང་ཞིག་ཡི་གེར་མཛད། །དཔལ་འབྱོར་དོན་གྲུབ་ཀྱིས་ཞུས་པ། །དོན་ལྡན་ཞབས་ཀྱི་རྩ་རླུང་གི །གདམས་པ་དུམ་བུ་ཚིགས་བཅད་མཛད། །རང་བྱུང་རྡོ་རྗེའི་ཁ་བྱང་ལས། །ཤིན་ཏུ་སྙིང་ཐག་ཉེ་བའི་ཐབས། །རྩ་རླུང་གདམས་པ་ཇི་ལྟར་བྱེད། །ཅེས་གསུངས་བརྗེད་ཐོ་མགོ་འབོད་ཙམ། །ཞེས་སོགས་བརྗེད་ཐོ་ཙམ་རེ་ལས། །སྙན་བརྒྱུད་ཡིན་ཕྱིར་ཡི་གེ་མེད། །ཆོས་ལུགས་འདི་ཡི་རྩ་རླུང་གི །


CMR028_Page_0423
[མ་དཔེ་གཟིགས་ན་འདིར་གནོན།]

ཟབ་གནད་ཐུན་མོང་མ་ཡིན་པ། །ལོགས་སུ་ཡི་གེ་དགོས་མིན་ཏེ། །གྲུབ་ཆེན་པཀཱིས་མཛད་པ་ཡི། །གདམས་ངག་རྒྱ་མཚོ་མཐའ་ཡས་དང་། །ཟབ་ཆོས་རྒྱ་མཚོ་མཐའ་ཡས་གཉིས། །དེ་ཡི་ཆ་ལག་འགའ་ཟུང་བཅས། །ཀཾ་ཚང་ནག་རྒྱལ་ཕག་གསུམ་དང་། །བདེ་དགྱེས་གསང་གསུམ་སྤྱི་ཡི་ཡིན། །བསྒོམ་བྱའི་དམིགས་རིམ་དེ་ཉིད་དེ། །དེ་ཡི་རྒྱབ་ཆོས་བཤད་པའི་བསྐོར། །ཟབ་མོ་ནང་དོན་གཞུང་དང་ནི། །འགྲེལ་པ་བཅས་པ་ཡིན་མོད་ཀྱང་། །ཞལ་ཤེས་ངག་ཁྲིད་མི་ལྡན་ན། །སོ་སོར་སྦྱར་མཚམས་ཤེས་དཀའ་བས། །འདི་རུ་གོ་བདེ་ལག་བླངས་ནི། །སྤྲོས་བཅས་སྤྲོས་མེད་གཉིས་སུ་བཤད། །སྤྲོས་བཅས་མཚལ་སེར་གང་རུང་གི །བསྐང་གསོ་མཆོད་བསྟོད་ཚར་བའི་རྗེས། །རང་ཉིད་རྒྱལ་བ་རྒྱ་མཚོ་འམ། །ཕག་མོ་ལ་སོགས་ཡི་དམ་གྱི། །ལྟེ་བར་ཆོས་འབྱུང་དམར་པོའི་ནང་། །ཆོས་སྐྱོང་སྲོག་ནི་ཧཱུྃ་མཐིང་བསྒོམ། །དེ་ནས་རླུང་གཅིག་བུས་པ་ཡི། །ཧཱུྃ་ལས་ཧཱུྃ་ཡིག་གྲངས་མེད་འཕྲོས། །ཐམས་ཅད་མགོན་པོའི་སྐུར་གྱུར་ནས། །མདུན་བསྐྱེད་སྤྲུལ་པ་དང་བཅས་པའི། །ཆོས་སྐྱོང་འཁོར་བཅས་འཇིག་རྟེན་གང་། །ཧ་ཧ་ཧཱུཾ་ཧཱུཾ་སྒྲ་སྒྲོག་


CMR028_Page_0424
[མ་དཔེ་གཟིགས་ན་འདིར་གནོན།]

ཅིང་། །གྲི་གུག་ལ་སོགས་མཚོན་ཆ་ཡིས། །བསྟན་དགྲ་གནོད་བགེགས་ཐམས་ཅད་གཏུབས། །ཟོས་ཤིང་ཡེ་ཤེས་མེ་ཡིས་བསྲེགས། །སངས་རྒྱས་བྱང་སེམས་བྱིན་རླབས་རྣམས་། །འོད་ཀྱིས་བསྡུས་ནས་ལྷ་ལ་ཐིམ། །རླུང་གཅིག་ནང་དུ་རྔུབ་པ་ཡིས། །ཐམས་ཅད་འོད་ཞུ་ཚུར་འདུས་ནས། །ལྟེ་བོའི་ཧཱུཾ་ལ་ཐིམ་པརྭ་བསྒོམ། །མཐར་ནི་མདུན་བསྐྱེད་ལྷ་ཚོགས་ཀུན། །འཁོར་ཀུན་འོད་ཞུ་གཙོ་བོར་བསྡུས། །གཙོ་བོ་འོད་ཞུ་རླུང་དང་སྦྲག །ལྟེ་བའི་ཧཱུཾ་ལ་ཐིམ་དམིགས་ནས། །རླུང་བཟུང་ལྟ་བའི་ངང་ལ་བཞག །ཐུན་རེར་ཆག་མེད་བྱེད་པ་ཚང་། །རྒྱུན་ཁྱེར་བསྐང་གསོ་དང་བཅས་པ། །དེ་ལ་ལུས་དང་གྲིབ་བཞིན་ཏེ། །འགྲོ་མགོན་རས་པའི་གདམས་པའོ། །སྤྲོས་བཅས་རྫོགས་རིམ་ཟུབ་རྒྱའོ།་ཟ༈ །དེ་ནས་སྤྲོས་མེད་རྫོགས་རིམ་ནི། །བསྐང་གསོ་མི་དགོས་མངོན་རྟོགས་ཀྱང་། །འདོན་ནི་མི་དགོས་ཡིད་ཀྱིས་བསྒོམ། །སྐད་ཅིག་དྲན་རྫོགས་རང་ཉིད་ནི། །མགོན་པོ་ཡབ་རྐྱང་བསྒོམ་པར་བྱ། །དེ་ལས་འོད་ཟེར་འཕྲོས་པ་ཡིས། །ཕྱི་རོལ་སྣོད་ཀྱི་འཇིག་རྟེན་ཁམས། །ནམ་མཁས་གར་ཁྱབ་ཐམས་ཅད་ནི། །ཆོས་འབྱུང་ཕྱི་དཀར་ནང་དམར་གྱུར། །


CMR028_Page_0425
[མ་དཔེ་གཟིགས་ན་འདིར་གནོན།]

བཅུད་ཀྱི་སེམས་ཅན་ཐམས་ཅད་ཀྱང་། །སངས་རྒྱས་བྱང་སེམས་དང་བཅས་པ། །ཐམས་ཅད་མགོན་པོའི་སྐུར་བསྒོམས་ཏེ། །ས་འོག་མན་ཆད་གནས་པ་ཀུན། །སྐུ་ཡི་མགོན་པོ་དཀར་པོ་སྟེ། །ཐུགས་ཀར་ཧཱུཾ་ཡིག་དཀར་པོས་མཚན། །ས་སྟེང་གནས་པ་ཐམས་ཅད་ནི། །གསུང་གི་མགོན་པོ་དམར་པོ་སྟེ། །ཐུགས་ཀར་ཨཱཡིག་དམར་པོས་མཚན་། །བར་སྣང་ཡན་ཆད་གནས་པ་ཀུན། །ཐུགས་ཀྱི་མགོན་པོ་མཐིང་ནག་སྟེ། །ཐུགས་ཀར་ཧཱུྃ་མཐིང་མཚན་པར་བསྒོམ། །རླུང་རོ་འབུད་པ་སྤྱི་ལྟར་ལས། །རླུང་ནི་ནང་དུ་རྔུབ་པ་དེ། །དྷེ་ཝ་རཀྟའི་སྔགས་སུ་བསྒོམ། །ཡང་ན་ཨོ་ཡིག་ཡིན་པར་བསྒོམ། །རླུང་ནི་ཁོག་ཏུ་གནས་པའི་ཚེ། །ཤཱ་ས་ན་ཡི་སྔགས་སུ་བསྒོམ། །ཡང་ན་ཨཱཿཡིག་དམར་པོར་བསམ། །རླུང་ནི་ཕྱི་རུ་འབུད་པའི་ཚེ། །ཧུ་རའི་སྔགས་ནི་ཡིན་པར་བསྒོམ། །ཡང་ན་ཧཱུཾ་ཡིག་སྔོན་པོར་བསམ། །དེ་ནི་མཐོང་བ་དོན་ལྡན་ལུགས། །མཐར་ནི་རླུང་དང་རྔུབ་པ་ཡིས། །ས་འོག་ས་སྟེང་ས་བླ་ཡི། །སྐུ་གསུང་ཐུགས་ཀྱི་མགོན་པོ་རྣམས། །ཨོཾ་ཨཱཿཧཱུྃ་གི་ངོ་བོར་ཞུ། །རླུང་ནི་རྔུབ་པ་དང་བསྟུན་ནས། །རང་གི་དཔྲལ་མགྲིན་སྙིང་ག་ཡི། །ཡིག་


CMR028_Page_0426
[མ་དཔེ་གཟིགས་ན་འདིར་གནོན།]

འབྲུ་གསུམ་ལ་ཐམས་ཅད་བསྟིམས། །མགོན་པོའི་སྐུ་གསུང་ཐུགས་འགྲུབ་ཅིང་། །ཁམས་གསུམ་དབང་དུ་འདུས་པར་བསྒོམ། །དེ་ནས་དམིགས་མེད་ངང་ལ་བཞག །དེ་ལྟར་སྤྲོས་བཅས་སྤྲོས་མེད་གཉིས། །ཞལ་སྦྱོར་ལ་ཡང་སྦྱར་རུང་སྟེ། །གཙོ་ཆེར་ཡབ་ཀྱང་གདམས་པ་ཡིན། །སྙན་བརྒྱུད་དངོས་དེ་མ་ཡིན་ནོ། ༈ །དེ་ནས་སྙན་བརྒྱུད་རླུང་ཁྲིད་ནི། །ཐུན་མོང་ཀུན་ལ་མ་ཡིན་པའི། །སྔོན་འགྲོ་བརྒྱད་དང་སྤྱི་དང་མཚུངས། །ཁྲིད་ནི་མཇུག་ན་དགོས་མོད་ཀྱིས། །སྔོན་དུ་ཕྱག་ཆེན་ཁྲིད་ཀྱིས་འཐུས། །དངོས་གཞི་ཁྲིད་རིམ་དམིགས་པའི་ཚེ། །མཚལ་སེར་ལ་སོགས་མཆོད་བསྟོད་ནི། །འགྲུབ་ན་ལེགས་ཀྱི་མ་འགྲུབ་ན། །ནུབ་མོ་མ་དག་མ་ཙམ་གྱི། །གཏོར་བསྔོས་ཆག་མེད་ཙམ་གྱིས་འཐུས། །ངག་གི་འདོན་བརྗོད་མི་གཙོ་སྟེ། །དམིགས་པ་རླུང་དང་འཁྲུལ་འཁོར་གཙོ། །རླུང་རོ་འབུད་པ་དགུ་ཕྲུག་དང་། །སྦྱོར་བ་བཞི་ལྡན་ཞེས་བྱ་བ། །རྔུབ་དང་གཞིལ་དང་དགངས་པ་དང་། །མདའ་ལྟར་འཕེན་དང་སྦྱོར་བ་བཞི། །རྩ་ཁྲུས་ཡན་ལག་ལྔ་སྦྱོང་དང་། །དྲུག་སྐོར་ལུས་སྦྱོར་སོ་བདུན་མ། །ཆོས་དྲུག་ཉིད་དང་ཁྱད་པར་མེད། །མི་འདྲའི་ཁྱད་པར་དམིགས་པ་སྟེ། །


CMR028_Page_0427
[མ་དཔེ་གཟིགས་ན་འདིར་གནོན།]

མངོན་རྟོགས་ཡིད་ཀྱིས་བསྒོམ་པ་ལས། །ངག་ཏུ་བརྗོད་པ་མ་ཡིན་ཀྱང་། །གཞན་ལ་སྟོན་ནི་ངག་ནས་སྤྱོད། །ཆ་ལུགས་མངོན་རྟོགས་ཆེན་མོའོ། །དེ་ཡང་སྐད་ཅིག་དྲན་རྫོགས་ལ། །རང་ཉིད་མགོན་པོར་ལྷ་མོ་འཁྱུད། །འཁོར་ནི་ནག་པོ་བཅུ་དྲུག་བསྐོར། །མ་ཟིན་ཡབ་ཡུམ་གཙོ་རྐྱང་ཆོག །སྒར་སོགས་འགྲོ་འདུག་སྐབས་ཡིན་ན། །གཞུང་ལྟར་དྲེལ་ལ་ཆིབས་པ་བསྐྱེད། །རི་ཁྲོད་མཚམས་སོགས་འདུག་དུས་སུ། །པད་ཉི་རོ་གདན་འདོར་སྟབས་བསྒོམ། །ཡབ་ཡུམ་ཆ་ལུགས་མངོན་རྟོགས་ལྟར། །ཡུམ་ནི་ཕྱག་བཞིའམ་ཕྱག་གཉིས་པ། །ཡིད་ལ་གང་འདོད་ཁྱད་པར་མེད། །ཡབ་ཡུམ་ཕྱི་ནི་ལྷ་ཡི་སྐུ། །རྒྱན་དང་ཆ་ལུགས་གསལ་བར་བསྒོམ། །ནང་ནི་སྟོང་པ་སང་ངེ་བ། །དར་སྔོན་གུར་ཕུབ་ལྟ་བུར་བསྒོམ། །དེ་ནི་སྟོང་རའི་ལྷ་ཡིན་ནོ། །དེ་ནས་ཡུམ་ནི་ཡབ་ལ་ཐིམ། །ནང་གི་རྩ་ནི་མཁའ་འགྲོ་མ། །ཡིན་ཕྱིར་ཡུམ་གོ་དེས་ཆོག་པས། །དབུ་རྐྱང་རོ་གསུམ་མཐིང་དཀར་དམར། །ཡར་སྣེ་དབུ་མ་རྩ་སྦུག་ཏུ། །སྣ་ཚོགས་རྡོ་རྗེས་མཚན་པའོ། །རོ་རྐྱང་ཡར་སྣེ་སྣ་བུག་གཉིས། །གཡས་ཀྱི་རོ་མ་དམར་པོ་ལ། །གཡོན་གྱི་རྐྱང་མ་དཀར་པོ་


CMR028_Page_0428
[མ་དཔེ་གཟིགས་ན་འདིར་གནོན།]

ཡིན། །སྤྱི་བོར་རྩ་འདབ་སུམ་ཅུ་གཉིས། །མགྲིན་པར་བཅུ་དྲུག་སྙིང་གར་བརྒྱད། །ལྟེ་བར་རེ་གཉིས་གསང་ཉེར་བརྒྱད། །བསྒོམ་ལུགས་ཆོས་དྲུག་དང་མཚུངས་པ། །དཔག་བསམ་ཤིང་ནི་འཛུགས་པ་ཟེར། །རྩ་ཡི་སྟོང་ར་གསལ་ཐེབ་ནས། །གཡས་གཡོན་གསུམ་དང་མཉམ་དུ་གསུམ། །ཞི་དང་འབྲིང་དང་དྲག་པོ་ཡི། །རླུང་རོ་བསལ་ཚེ་ནད་གདོན་སྡིག ། ཕྱིར་སོང་ལུས་ནང་སྟོང་སང་དམིགས། །སྣ་རྩེ་སོར་ནི་བཅུ་གཉིས་ཚད། །རླུང་ནི་ཁ་དོག་ལྔ་ལྡན་པ། །སྟོང་སྐུད་དྲིལ་བ་ལྟ་བུར་བྱུང་། །སྣ་ནས་ཞུགས་ཏེ་སུམ་མདོ་ནས་།དབུ་མར་ཞུགས་སྒོམ་རླུང་རྔུབ་ནས། །བྱ་མོ་སླེབ་འདབ་མན་ཆད་ནས། །ལྟེ་བ་གསང་གནས་མཚམས་ཡན་དུ། །བཀང་ལ་ཡུན་རིང་མནན་པར་བྱ། །མ་ཐུབ་མཆན་བརྡབ་རྡུབ་ཆུང་བརྩེགས། །མ་ཐུབ་སྣ་ནས་ལྷག་མེད་འབུད། །འདི་དུས་ཡན་ལག་ལྔ་སྦྱོང་བྱ། །དེ་ནས་སྤྱི་བོའི་དབུ་མའི་སྣར། །ཐིག་ལེ་དཀར་པོ་སྲན་མ་ཙམ། །ཧཾ་ཡིག་མགོ་བོ་ཐུར་བསྟན་མཚན། །ཡེ་ཤེས་མགོན་པོའི་ངོ་བོར་དམིགས། །ལྟེ་འོག་སུམ་མདོ་དབུ་མའི་ནང་། །ཐིག་ལེ་དམར་པོ་སྲན་མ་ཙམ། །ཨཱཡིག་དམར་པོས་མཚན་པ་ནི། །རང་བྱུང་


CMR028_Page_0429
[མ་དཔེ་གཟིགས་ན་འདིར་གནོན།]

རྒྱལ་མོའི་ངོ་བོར་བསམ། །དུག་ལྔ་དང་ནི་ཡེ་ཤེས་ལྔ། །རྒྱུ་དང་འབྲས་བུའི་ཚུལ་དུ་གཅིག །སྤྱི་མགྲིན་སྙིང་ལྟེ་གསང་བ་ཡི། །རྩ་མདུད་དབུས་སུ་དུག་ལྔ་ཡི། །ངོ་བོ་ཧཱུྃ་ཡིག་དཀར་དམར་མཐིང་། །སེར་པོ་ལྗང་གུ་ལྔ་བསྒོམ་སྟེ། །རླུང་གཅིག་ཕར་བུས་འོད་ཟེར་གྱིས། །འགྲོ་དྲུག་སེམས་ཅན་ཀུན་ལ་ཕོག །ཚུར་རྔུབ་འགྲོ་དྲུག་སེམས་ཅན་གྱི། །དུག་ལྔའི་དབང་གིས་གང་བསགས་པའི། །སྡིག་སྒྲིབ་ཐམས་ཅད་འོད་ལྔ་རུ། །བསྡུས་ནས་རང་གི་གནས་ལྔ་ཡི། །ཧཱུྃ་ཡིག་ཁ་དོག་ལྔ་ལ་ཐིམ། །རང་གི་ཕུང་ལྔ་ཁམས་ལྔ་དང་། །དུག་ལྔ་ཧཱུྃ་ལྔ་དབྱེར་མེད་བསམ། །ཡང་ནི་རླུང་རྔུབ་བཟུང་བ་ཡིས། །ལྟེ་འོག་ཨ་ཐུང་ཐིག་ལེ་ལས། །མེ་ནི་ཐུར་འབར་གྱེན་དུ་འབར། །རྩ་གནས་ལྔ་པོ་མེ་ཡིས་གང་། །བདག་དང་སེམས་ཅན་ཐམས་ཅད་ཀྱི། །དུག་ལྔ་ལས་གྱུར་སྡིག་དང་སྒྲིབ། །མ་དག་ཕུང་ཁམས་སྐྱེ་མཆེད་དང་། །དབྱེར་མེད་ཧཱུྃ་ཡིག་ལྔ་པོ་དེ། །ཡེ་ཤེས་གཏུམ་མོའི་མེས་བསྲེགས་ལ། །དག་འབྲས་མ་མགོན་རིགས་ལྔར་བསྒྱུར། །སྤྱི་བོར་སྐུ་མགོན་བེར་དཀར་ཅན། །ཡུམ་ནི་རེ་མ་ཛ་དཀར་མོ། །རྩ་འདབ་རེར་ཡང་ལྷ་མོ་ནི། །གཅེར་བུ་གྲི་


CMR028_Page_0430
[མ་དཔེ་གཟིགས་ན་འདིར་གནོན།]

ཐོད་འདོར་སྟབས་ཅན། །ཀུན་གྱི་ཕྱག་གཡས་གྲི་གུག་ནི། །འཁོར་ལོའི་ཡུ་བ་ཅན་སྦྱར་ཞིང་། །ཡབ་ཡུམ་རིགས་བདག་རྣམ་སྣང་རྒྱལ། །མགྲིན་པར་གསུང་མགོན་བེར་དམར་ཅན། །ཡུམ་ཡང་རེ་མ་ཛུ་དམར་མོ། །རྩ་འདབ་བཅུ་དྲུག་དམར་མོ་སྟེ། །ཕྱག་གཡས་གྲི་གུག་པདྨས་མཚན། །གཙོ་བོ་ཡབ་ཡུམ་རིགས་བདག་ཏུ། །འོད་དཔག་མེད་པས་དབུ་རྒྱན་པའི། །སྙིང་གར་ཐུགས་མགོན་བེར་ནག་ཅན། །ཡུམ་ཡང་རེ་མ་ཏི་ནག་མོ། །རྩ་འདབ་བརྒྱད་ལ་སྔོན་མོ་བརྒྱད། །ཀུན་ཀྱང་གྲི་གུག་རྡོ་རྗེས་མཚན། །ཡབ་ཡུམ་རིགས་བདག་མི་བསྐྱོད་པ། །ལྟེ་བར་ཡོན་ཏན་བེར་སེར་ཅན། །ཡུམ་ཡང་སེར་མོ་མཁའ་ལ་བཞད། །པད་འདབ་རེ་བཞིར་སེར་མོ་རེ། །གྲི་གུག་རིན་ཆེན་ཡུ་བ་ཅན། །ཡབ་ཡུམ་དབུ་གཙུག་རིན་འབྱུང་བརྒྱན། །གསང་བར་ཕྲིན་ལས་བེར་ལྗང་ཅན། །ཡུམ་ཡང་ལྡང་མོ་རལ་འཛིན་མ། །རྩ་འདབ་ཉེར་བརྒྱད་ལྗང་མོ་རེ། །ཕྱག་གཡས་གྲི་གུག་རྒྱ་གྲམ་མཚན། །ཡབ་ཡུམ་རིགས་བདག་དོན་གྲུབ་མཚན། །ཡབ་ལྔའི་ཐུགས་ཀར་ཟླ་བའི་སྟེང་། །རང་མདོག་ཧཱུཾ་ལ་སྔགས་གཡས་བསྐོར། །ཡུམ་ལྔའི་ཐུགས་ཀར་ཉི་མའི་སྟེང་། །བྷོ་ཡིག་རང་


CMR028_Page_0431
[མ་དཔེ་གཟིགས་ན་འདིར་གནོན།]

མདོག་སྔགས་གཡོན་བསྐོར། །འཁོར་གྱི་ལྷ་མོ་ཐམས་ཅད་ལ། །ཐུགས་ཀར་རང་མདོག་བྱུ་ཡིག་རེ། །དེ་དག་སྒོམ་ཞིང་འཁྲུལ་འཁོར་ནི། །དྲུག་སྐོར་ཅི་ནུས་བྱ་བའོ། །དེ་ལྟར་དམིགས་པ་གསལ་ཐེབ་ནས། །རླུང་གཅིག་ཕྱི་རུ་བུས་བྱས་པས། །སྤྱི་བོའི་ཡབ་ཡུམ་དཀར་པོ་ལས། །རང་འདྲའི་སྐུ་ནི་ཆུང་ངུ་འམ། །ཨོ་དཀར་འོད་ཟེར་དཀར་པོ་གསུམ། །གང་འདོད་འཇིག་རྟེན་ཁྱབ་པར་སྤྲོས། །སེམས་ཅན་ཀུན་གྱི་གཏི་མུག་དང་། །དུད་འགྲོར་སྐྱེ་བའི་ལས་སྒྲིབ་དང་། །རང་དང་བསྟན་དང་བསྲུང་བྱ་ལ། །གནོད་པའི་ནད་གདོན་བར་ཆད་ཀུན། །བ་མོར་ཉི་ཟེར་ཕོག་ལྟར་ཞི། །སངས་རྒྱས་བྱང་སེམས་ལ་སོགས་པ། །ཡེ་ཤེས་པ་ཀུན་མཆོད་པས་མཉེས། །དེ་དག་ཀུན་དང་འཇིག་རྟེན་གྱི། །དྲེགས་བྱེད་ལུས་ཀྱི་གཟི་བརྗིད་བཅས། །ཡབ་ཡུམ་སྐུ་ནི་དམར་པོ་ལ། །ཨོ་དཀར་རམ་ནི་འོད་དཀར་པོ། །བསྒྱུར་ནས་ཚུར་རྔུབ་རང་ཉིད་ཀྱི། །སྤྱི་བོར་མ་མགོན་སྐུ་ལ་བསྟིམ། །ཚོསྐུ་ཡི་བྱིན་རླབས་དངོས་གྲུབ་ཐོབ། །རླུང་ནི་ཅི་ཐུབ་མནན་པའི་ཚེ། །སྤྱི་བོར་ཡབ་ཡུམ་སྔགས་འཁོར་གཉིས། །གཡས་གཡོན་འཁོར་ལ་དམིགས་པ་གཏད། །དེ་བཞིན་མགྲིན་པར་


CMR028_Page_0432
[མ་དཔེ་གཟིགས་ན་འདིར་གནོན།]

སྐུ་དང་ཨཱཿ འོད་ཟེར་དམར་པོའི་སྤྲོ་བསྡུ་ཡིས། །འགྲོ་བའི་འདོད་ཆགས་ཡི་དྭགས་རྒྱུར། །སྦྱངས་ཤིང་གསུང་གི་དངོས་གྲུབ་བསྡུ། །ཐུགས་ཀའི་སྐུ་དང་ཧཱུཾ་འོད་ཀྱིས། །འགྲོ་བའི་ཞེ་སྡང་དམྱལ་བ་སྦྱངས། །ཐུགས་ཀྱི་བྱིན་རླབས་དངོས་གྲུབ་བསྡུ། །ལྟེ་བའི་འོད་ཟེར་སྐུ་དང་སཱའི། །འགྲོ་བའི་ང་རྒྱལ་ལྷ་མིན་སྦྱངས། །ཡོན་ཏན་བྱིན་རླབས་དངོས་གྲུབ་བསྡུ་། །གསང་བའི་འོད་དང་སྐུ་ལྗང་ཧཱས། །འགྲོ་བའི་ཕྲག་དོག་ལྷ་མིན་སྦྱངས། །ཕྲིན་ལས་བྱིན་རླབས་དངོས་གྲུབ་བསྡུ། །གོམས་ན་ལྔ་ཀ་དུས་གཅིག་བསྒོམས། །དེ་ནས་རླུང་བཟུང་མེ་དྲག་འབར། །ལུས་ཀུན་མེ་ཡིས་རབ་ཏུ་གང་། །བ་སྤུའི་ཁུང་ནས་མེ་ལྕེ་རྣམས། །དམར་དང་ཀྱུར་ཀྱུར་ཕྱི་ལ་འབར། །དེ་ལས་མེ་འབར་གནས་ཁང་གང་། །ས་ཕྱོགས་ཡེ་ཤེས་མེ་ཡིས་གང་། །འདི་བསྒོམ་ལུས་སྦྱངས་སོ་བདུན་བྱ། །དྲོད་སྐྱེ་བགེགས་རིགས་ཐམས་ཅད་བྲོས། །དེ་ནས་མེ་ནི་རང་ལ་བསྡུ། །ཡང་ནི་ལུས་ནང་མེ་སྦར་བས། །རྩ་གནས་ལྷ་ཚོགས་ཐམས་ཅད་ཞུ། །རང་མདོག་ཐིག་ལེ་རེ་རེར་གྱུར། །སྤྱི་བོའི་ཧཾ་ལས་བདུད་རྩི་ནི། །ཆར་ཟིམ་ལྟ་བུར་བབ་པ་ཡི། །ཐིག་ལེ་རྣམས་ལ་རེག་མ་ཐག །སྔར་ལྟར་སོ་


CMR028_Page_0433
[མ་དཔེ་གཟིགས་ན་འདིར་གནོན།]

སོའི་སྐུར་གསལ་བ། །སྔོན་ལས་བརྒྱ་འགྱུར་བཀྲག་མདངས་བཟང་། །སླར་ཡང་ཐིག་ལེའི་རྒྱུན་ཆེན་བབ། །སྤྱི་བོ་མགྲིན་པ་ལྟེ་བ་དང་། །གསང་གནས་རྩ་བའི་་བར་དུ་བབ། །བདེ་བའི་ཉམས་ནི་སྐྱེས་པ་ན། །ངོ་བོ་ལྟ་ལ་བདེ་སྟོང་བསྲེ། །བདེ་ཉམས་སྐྱེ་བར་མ་གྱུར་ན། །གསང་བ་རྡོ་རྗེའི་བུ་གའི་རྩེར། །བྱང་སེམས་ཡུངས་འབྲུ་ཙམ་ཞིག་ལ། །དམིགས་པ་རྩེ་གཅིག་གཏད་པར་བྱ། །བདེ་བའི་ཐིག་ལེ་འཆོར་འདྲ་ན། །ཡུངས་ཀར་ཙམ་དེ་གསང་བར་བསྟིམ། །ཆུ་རླབས་གྱེན་དུ་ལོག་པོ་ལྟར། །རིམ་བཞིན་ཡར་ལ་ལྡོག་ནས་ནི། །ཐམས་ཅད་སྤྱི་བོའི་ཧཾ་ལ་བསྟིམས། །རིག་པ་ནམ་མཁའི་དབྱིངས་ལ་གཏད། །ཉམས་ལེན་ལྟ་བའི་ངང་ལ་བཞག །དེ་ཡིས་ཐིག་ལེ་ལྡོག་ཅིང་ཁྲེམ། །ནད་དུ་མི་འགྱུར་ཉམས་རྟོགས་འཕེལ། །དེ་ནས་ཐུན་མཚམས་བཞག་དུས་ཀྱང་། །མཐའ་ནས་དབུས་ཡལ་སྟོང་པ་སོགས། །བློས་བྱས་བསྡུ་རིམ་མི་དགོས་ཏེ། །སེམས་ངོ་རང་ལ་བལྟས་པས་འཐུས་། །དེ་ནས་སླར་ཡང་བསྒོམ་ནའང་། །ནམ་དྲན་ནམ་མཁའི་འཇའ་ཤར་བཞིན། །ལམ་མེ་གསལ་བཏབ་བྷེ་པ་ནས། །སྟོང་ར་ལ་སོགས་རིམ་བཞིན་དུ། །དང་པོ་དུས་


CMR028_Page_0434
[མ་དཔེ་གཟིགས་ན་འདིར་གནོན།]

བཞིན་མི་དགོས་སོ། །རླུང་དང་འཁྲུལ་འཁོར་འབད་བྱས་ན། །རྟགས་ཐོན་རས་རྐྱང་ཐུབ་འགྱུར་ཞིང་། །བདེ་སྟོང་དངོས་སུ་འཆར་མོད་ཀྱི། །ནད་མང་ན་སོ་རྒས་སོགས་ཀྱིས། །རླུང་དང་འཁྲུལ་འཁོར་མི་ཆུན་ཀྱང་། །དམིགས་པ་བསྒོམ་ཞིང་བསྙེན་པ་བྱ། །སྤྲོས་མེད་སྒྲུབ་ཐབས་མཆོག་ཏུ་ཟབ། །མ་དག་མ་ཡི་གཏོར་བསྔོས་ཙམ། །ཆག་མེད་བྱུང་ན་བཟང་མོད་ཀྱི། །བསྐང་གསོ་ཤེས་ནི་མི་དགོས་སོ། །རྫོགས་རིམ་ལེའུ་སྟེ་དྲུག་པའོ།། ༈ །།དེ་ནས་གོང་གི་དམིགས་རིམ་ལ། །ཁུལ་དུ་ཚུད་པའི་གང་ཟག་གིས། །རླུང་དང་དམིགས་པ་ལ་བསྟེན་ནས། །དགྲ་བགེགས་ཚར་གཅོད་ལས་སྦྱོར་ནི། རང་ཉིད་བདག་བསྐྱེད་མགོན་པོའི་སྐུ། །གནམ་ས་གང་བ་གཅིག་ཏུ་བསྒོམ། །སྐུ་ལུས་སྟོང་པ་ནམ་མཁའ་བཞིན་།དེ་ཡི་ལྟེ་འོག་གྲུ་གསུམ་ནི། །ཡངས་ཤིང་རྒྱ་ཆེ་སྟོང་གསུམ་ཙམ། །དེ་ནང་མ་མགོན་ཡབ་ཡུམ་ནི། །ཞལ་སྦྱོར་སྐྱ་རྐང་གང་རུང་བསྒོམ། །ཞལ་ནི་ཡར་ལ་གདངས་བ་ནི། །གྲུ་གསུམ་མེ་ཡི་རང་བཞིན་འབར། །རང་གི་ཐུགས་ཀར་ཧཱུྃ་མཐིང་ནི། །གཟི་བརྗིད་ལྡན་པ་གཅིག་ལས་ནི། །འོད་ཟེར་མཐིང་ནག་ཤངས་གཡས་འཕྲོས། །གནོད་བྱེད་


CMR028_Page_0435
[མ་དཔེ་གཟིགས་ན་འདིར་གནོན།]

དགྲ་བགེགས་གང་ཡིན་པ། །སྤུར་མ་རླུང་གིས་བསྡུས་བཞིན་བཀུག །ཤངས་གཡོན་ནས་ཞུགས་ལྟེ་བ་ཡི། །ཡབ་ཡུམ་ཞལ་ནི་གདངས་བའི་ནང་། །རྐང་འཐིལ་སྐྱ་དང་ལྷག་ལྷག་སོང་། །ལུས་ངག་སྟོབས་ནུས་ཚེ་སྲོག་བཅས། །གཞོབ་ཏུ་ཐུལ་ཐུལ་བསྲེག་ཅིང་གསོལ། །རྣམ་ཤེས་ཐུགས་ཉིད་ཆོས་སྐུར་བསྟིམ། །དེ་འདྲ་བསྒོམ་ཞིང་རླུང་ཡང་སྙ་མནན་། །མང་ཞིག་ཚར་ནས་མི་དམིགས་པ། །ངོ་བོ་རྗེན་པའི་སྟེང་དུ་བཞག་།དེ་ནས་སྙིང་རྗེ་ཐུན་གཅིག་བསྒོམ། །དགྲ་དང་བགེགས་དང་བྱེད་མ་སོགས། །ཚར་གཅོད་མཆོག་ཏུ་དེ་འགྱུར་ཏེ། །གྲུབ་ཆེན་པཀཱིའི་གདམས་པའོ། །རྫོགས་རིམ་ལས་སྦྱོར་ལེའུ་སྟེ་བདུན་པའོ།།་༈་།།འོ་ན་དེ་དག་གི་སྙན་བརྒྱུད་རྩ་བའི་རྡོ་རྗེའི་གསུངས་དེ་གང་ཞེ་ན། སྟོད་ལས་བྱང་ཆུབ་སྒྲུབ་པ་དང་། སྨད་ལས་དགྲ་བགེགས་བསྒྲལ་བ་གཉིས་ལས། སྟོད་ལས་བྱང་ཆུབ་བསྒྲུབ་པའི་རྩ་ཚིག་ཌོམྦིའི་སྙན་བརྒྱུད་རྩ་ཐོ་ལས། ཕྲིན་ལས་ཀྱི་ཕྱིར་༈ བདེ་བར་གཤེགས་པ་ཉེ་བར་བསྡུས་པ།་གཏི་མུག་རྣམ་པར་དག་པ་ནི་སྐུའི་མགོན་པོའོ། །འདོད་ཆགས་རྣམ་པར་དག་པ་ནི་གསུང་གི་མགོན་པོའོ། །ཞེ་སྡང་རྣམ་པར་དག་པ་ནི་ཐུགས་


CMR028_Page_0436
[མ་དཔེ་གཟིགས་ན་འདིར་གནོན།]

ཀྱི་མགོན་པོའོ། །ང་རྒྱལ་རྣམ་པར་དག་པ་ནི་ཡོན་ཏན་གྱི་མགོན་པོའོ། །ཕྲག་དོག་རྣམ་པར་དག་པ་ནི་ཕྲིན་ལས་ཀྱི་མགོན་པོའོ། །ཐམས་ཅད་དག་པ་ནི་ཐམས་ཅད་ཀྱི་མགོན་པོ་སྟེ་སྙིང་པོའོ། །ཕྲིན་ལས་ཀྱི་མགོན་པོ་ལས་ཕྲིན་ལས་དྲག་པོ་མ་རུངས་པ་ཉེ་བར་འདུལ་བའི་ལས་གསང་བ་དང་། གཞན་སྣ་ཚོགས་པ། སྔགས་ཀྱི་ལས་ཁོང་དུ་ཆུད་པའི་བསྒྲུབ་པའོ། །རྡོ་རྗེ་ཁྲོ་བོ་ཀཱ་ལ་ཆེན་པོ། པད་སྣོད་ཟངས་གྲི་རྩེ་བ། མགོ་བོ་དང་། རུས་པ་དང་། རིན་པོ་ཆེའི་ཕྲེང་བ་དང་། ཀླུ་དབང་དང་། སྟག་ལྤགས་དང་། ལྷ་རྫས་ཀྱི་གོས་ཅན་ཀུན་ལ་དབང་བྱེད་པ། འཇིགས་སུ་རུང་བར་བལྟས་ལ། ཨོཾ་མ་ཧཱ་ཀཱ་ལི་ཡེ་ཧཱུྃ། ཨོཾ་མ་ཧཱ་ཀཱ་ལ་ཀཱ་ལ་ཡ་དེ་བ་རཀྟ་ཛཧཱུྃ་བཾ་ཧོ༔ ཨེ་ཧི་ཨེ་ཧི། ཨཱ་གཙྪ་ཡ། ཨཱ་གཙྪ་ཡ། ཧཱུཾ་ཡ་ཛ་༈ཧཱུཾ་ཡ་ཿ ཞེས་བཟླས་པས་འགྲུབ་བོ། །སྐུའི་སྙིང་པོ། གསུང་གི་སྙིང་པོ། ཐུགས་ཀྱི་སྙིང་པོ། ཡོན་ཏན་གྱི་སྙིང་པོ། ཕྲིན་ལས་སྙིང་པོ་ལས་བྱའོ། །བདེ་དབང་རྡོ་རྗེ་གསང་ཆེན་མགོན་པོ་མ་ལུས་པའི་དམ་ཚིག་གིས་ཏེ། སྙིང་པོ་ཉིད་སྒྲུབ་པའི་དབང་ཕྱུག་གོ །གཏོར་མ་དང་བཅས་པ། སྲིན་པོའི་གཟུགས་ཅན་སོགས་བརྗོད་ཅིང་། གང་འདོད་པ་དེ་ཡིད་


CMR028_Page_0437
[མ་དཔེ་གཟིགས་ན་འདིར་གནོན།]

ལ་བྱས་པས་དེ་བདེ་བླག་ཏུ་འགྲུབ་བོ། །མགོན་པོའི་སྤྱི་གཞུང་སློབ་དཔོན་ཌོམྦི་པའི་ཞབས་ཀྱིས་མཛད་པའོ། །མར་པ་ཆོས་ཀྱི་བློ་གྲོས་ཀྱིས་བསྒྱུར་བའོ། །རྫོགས་སོ། ༈ །ཞེས་པ་འདི་སྙན་བརྒྱུད་ཡིན་ཕྱིར་རྒྱ་སྐད་དང་མགོ་ན་མཆོད་བརྗོད་མེད་དེ། མར་པའི་སྙན་བརྒྱུད་ཀྱི་གཞུང་འདི་ལས་གཞན་མེད་དོ། །འདི་དང་ཕྱོགས་མཐུན་པའི་ཕྱག་གཉིས་པ་གཅེར་བུའི་དབང་ཆོག་ཡོད་པ་འདིའི་དབང་དུ་བརྩི་བར་སྣང་། འདིའི་དོན་རྣམས་ངག་ཁྲིད་ཁོ་ན་ལས། མགོན་པོའི་རིགས་ཡི་གེར་འཁོད་པ་མེད་པ་ལས། །འདིའི་དོན་ཅུང་ཟད་རྒྱས་པར་མཁའ་སྤྱོད་པས་ཡི་གེར་བཀོད་པ་ལས། མགོན་པོའི་རིགས་བསྡུས་ལ་བསྟེན་ནས་མཆོག་སྒྲུབ་པ། བདེ་དབང་ལ་བསྟེན་ནས་སྙིང་པོ་སྒྲུབ་པ། གསང་སྔགས་ལ་བསྟེན་ནས་དྲག་པོར་སྒྲུབ་པ། ཞེས་སྡོམ་ཚིག་དང་། ཕྲིན་ལས་ཀྱི་ཕྱིར་བདེ་བར་གཤེགས་པ་ཐམས་ཅད་ཉེ་བར་བསྡུས་པ་ཞེས་པ་ནས། ཕྲིན་ལས་ཀྱི་སྙིང་པོ་ལས་བྱའོ། །ཞེས་རིགས་བསྡུས་ལ་བསྟེན་ནས་མཆོག་སྒྲུབ་པ་དང་། བདེ་དབང་རྡོ་རྗེ་གསང་ཆེན་མགོན་པོ་མ་ལུས་པའི་དམ་ཚིག་སྟེ་སྙིང་པོ་ཉིད་བསྒྲུབ་པའི་དམ་ཚིག་གོ །ཞེས་བདེ་དབང་ལ་བསྟེན་


CMR028_Page_0438
[མ་དཔེ་གཟིགས་ན་འདིར་གནོན།]

ནས་སྙིང་པོར་སྒྲུབ་པ་དང་། གཏོར་མ་དང་བཅས་པས། སྲིན་པོའི་གཟུགས་ཅན་སོགས་བརྗོད་ཅིང་། གང་འདོད་པ་དེ་ཡིད་ལ་བྱས་པས་བདེ་བླག་ཏུ་འགྲུབ་བོ། །གསང་སྔགས་ལ་བསྟེན་ནས་དྲག་པོར་བསྒྲུབ་པ་ཡིན་པར་མཁའ་སྤྱོད་པས་གསུངས། ཡང་རིགས་བསྡུས་མཆོག་བསྒྲུབ་ལ་སྤྱིར་སྒྲུབ་རིགས་ལྔར་བསྒྲུབ་པ། བྱེ་བྲག་ཀར་རམ་དཀར་པོས་ཚེ་སྒྲུབ། སེར་པོས་ལོངས་སྤྱོད། དམར་པོས་འགུགས་པ། ལྗང་གུས་སྣ་ཚོགས་སྒྲུབ་པ། །ལྗང་ཁུ་ལ་སྐུ་གསུང་ཐུགས་དང་ཕྲིན་ལས་བཞི། འབྱུང་བ་བཞི་སོགས་ཕྲིན་ལས་བརྒྱ་རྩའི་རྣལ་འབྱོར་ཡོད་པར་གསུངས་སོ། །ཡབ་ཡུམ་གོ་ལྡོག་དང་། རང་ཉིད་ཡབ་ཏུ་གནས་པས་ཡུམ་སྒྲུབ་པ། ཡུམ་དུ་གནས་པས་ཡབ་སྒྲུབ་པ་སོགས་ཤེས་པར་བྱའོ་གསུངས། སྟོད་ལས་བྱང་ཆུབ་བསྒྲུབ་པའི་རླུང་སེམས་གནད་ཀྱི་འཁོར་ལོའོ། །ལྷོ་བྲག་གི་མགོན་པོ་བདེ་དབང་མ་ཞེས་བྱ་སྟེ། བླ་མེད་ཧེ་རུ་ཀ་ཕྲིན་ལས་སུ་བསྒྲུབ་པའི་ཨུ་པ་དེ་ཤ་བཀའ་རྒྱ་ཅན་ནོ། །འདི་མར་མི་དྭགས་པོ་དུས་མཁྱེན་ལ་བརྒྱུད་དེ། ཞེས་པ་མཁའ་སྤྱོད་པས་གསུངས་པ་དང་། གྲུབ་ཆེན་ཀརྨ་པས་རྒྱུད་རིན་ཆེན་དཔུང་རྒྱན་གྱི་མཚམས་སྦྱར་དུ། ཁམས་གསུམ་ཟ་བྱེད་སྲིད་གསུམ་


CMR028_Page_0439
[མ་དཔེ་གཟིགས་ན་འདིར་གནོན།]

སྒྲོལ་བྱེད། ཕོ་རྒྱུད་མགོན་པོའི་ཚོགས་དང་། མོ་རྒྱུད་མ་མོའི་ཚོགས་རྣམས་དང་། རང་ཉིད་མགོན་པོ་ནག་པོའི་སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རང་བཞིན་གྱི་རྫོགས་ཤིང་བསྟིམ་པ་ནི། ལོངས་སྐུ་བདེ་བ་ཆེན་པོའི་གདམས་ངག་གི་ཁྲིད་བཞིན་ཟླ་བ་དྲུག་གི་བར་དུ་རླུང་སེམས་ཀྱི་བསྙེན་པ་རྒྱུན་ཏུ་བྱས་ན། མགོན་པོ་ནག་པོའི་སྐུ་གསུང་ཐུགས་སུ་བརྒྱན་པར་འགྱུར་པའི་ཕྲིན་ལས་ཐམས་ཅད་རླུང་འགྲོ་འོང་གིས་འགྲུབ་པར་འགྱུར་རོ། །ཞེས་གསུངས་པ་དང་། རྗེ་དོན་ལྡན་ཞབས་ལ། གོར་ཤྲི་དཔལ་འབྱོར་དོན་གྲུབ་ཀྱིས་ཞུས་པའི་ངོར། རྩ་རླུང་གི་གདམས་པ་སྙན་བརྒྱུད་ཚིགས་བཅད་དུ་བྱས་པ་ནི། ༈ བདག་ཉིད་མགོན་པོ་བསྒོམ་པ་གོང་དང་འདྲ། ཕྱི་རོལ་འཇིག་རྟེན་ཆོས་འབྱུང་ནི། །ཕྱི་ཀར་ནང་དམར་གཞལ་ཡས་ཁང་། །བཅུད་ཀྱི་སེམས་ཅན་ནག་པོ་ཆེ། །ས་འོག་གནས་རྣམས་སྐུ་དང་ཨོ། །ས་སྟེང་གནས་རྣམས་གསུང་དང་ཨཱ། །ས་བླར་གྱུར་རྣམས་ཐུགས་དང་ཧཱུཾ། །དེ་ནས་རླུང་གི་རྩོལ་བ་ནི། །དབྱུང་རྔུབ་གནས་པ་ཧཱུྃ་ཨོཾ་ཨཱ། །ཡང་ན་ཧེར་ཤ་ཧུ་རར་མོས། །ཞེས་གསུངས་སོ། །དེའི་དོན་གོ་ཤྲི་པས་རྒྱས་པར་བཀྲོལ་བ་ལས། དེ་ནི་གཙོ་བོར་


CMR028_Page_0440
[མ་དཔེ་གཟིགས་ན་འདིར་གནོན།]

བསྟན་གྱིས། ཞོར་ལ་ཞི་བ་ལ་ཆོས་སྐྱོང་དཀར་པོ་རྣམ་སྣང་གི་དབུ་བརྒྱན། རླུང་རྩོལ་སོགས་གོང་དང་མཐུན་ལ། རང་གཞན་གྱི་ནད་གདོན་ཞི་བར་བསྒོམ་པ་དང་། དེ་ནི་སེར་པོ་རིན་འབྱུང་གི་དབུ་རྒྱན་ཅན། ཚེ་བསོད་རྒྱས་པར་བསྒོམ་པ་དང་། དམར་པོ་འོད་དཔག་མེད་ཀྱི་དབུ་རྒྱན་ཅན། འགྲོ་བ་དབང་དུ་སྡུད་པར་བསྒོམ་པ་དང་། ལྗང་ཁུ་དོན་ཡོད་གྲུབ་པའི་དབུ་རྒྱན་ཅན། སེམས་ཅན་ཕྲག་དོག་ཞི་བར་བསྒོམ་པ་དང་། མཐིང་ཁ་མི་བསྐྱོད་པའི་དབུ་རྒྱན་ཅན། བདག་དང་སེམས་ཅན་གྱི་ཞེ་སྡང་ཞི་བར་བསྒོམ་པ་དང་། སྣོད་བཅུད་ས་འོག་དང་རླུང་རྩོལ་སོགས་ཀྱི་དམིགས་པ་གོང་དང་འདྲའོ། །དེ་ནི་རྩ་རླུང་གི་གདམས་པའི་ཟིན་བྲིས་ཐོ་ཙམ་མོ། །ཞེས་པ་རྩ་ཐོ་ཡིན་གྱིས། རྒྱས་པར་བཀོད་པ་ནི་མེད་དོ། །དེ་དག་གི་ཉམས་ལེན་གཙོ་བོ་རྣམས་གོང་གི་དེ་ལ་འཐུས་ཀྱིས། རྒྱས་པར་ཕྱེ་ན་མཐའ་ཡས་ཏེ། རྣལ་འབྱོར་བརྒྱད་གསུངས་པས་ཤེས་སོ། །ཡིད་ཆེས་ལུང་འདྲེན་གྱི་རྩ་བ་སྟེ་བརྒྱད་པའོ།། །།གོ་ལྡོག་གསུངས་པའི་གདམས་ངག་ནི། །སྤྲོས་མེད་རྫོགས་རིམ་ཁོ་ན་སྟེ། །དམིགས་པ་རང་ཉིད་མགོན་པོ་ལ། །ལྷ་མོས་ཚུར་ལ་འཁྱུད་བསྒོམ་


CMR028_Page_0441
[མ་དཔེ་གཟིགས་ན་འདིར་གནོན།]

ཞིང་། །རང་ལ་ཆགས་ཤིང་དགྱེས་ཚུལ་དུ། །རང་དང་ལྷ་མོའི་ཐུགས་ཀ་རུ། །སྔར་ལྟར་སྔགས་ཕྲེང་བཀོད་བྱས་ལ། །སྔར་ལྟར་བཅུ་གསུམ་འབྲུ་ཅན་ནམ། །ཡང་ན་ལྷ་མོའི་སྔགས་ཀྱང་བཟླས། །སྔགས་ཕྲེང་རང་གི་ཞལ་ནས་ཐོན། །ལྷ་མོའི་ཞལ་ཞུགས་ཐུགས་རྒྱུད་བསྐུལ། །བྷ་ག་ནས་ཐོན་རྡོ་རྗེའི་སྦུབ། །ནས་ཞུགས་རང་གི་སྙིང་ཁར་ཐིམ། །དེ་ལྟར་འཁོར་ཡུག་བསྒོམ་ཞིང་བསྙེན། །ལྷ་མོ་མཛའ་མོའི་ཚུལ་དུ་བསྒྲུབ། །བདག་བསྐྱེད་ལྷ་མོ་གཞུང་ལྟར་ལ།་་།མགོན་པོས་ཚུར་ལ་འཁྱུད་བསྒོམ་ཞིང་། །རང་གི་ཞལ་ནས་མགོན་པོའི་ཞལ། །ཞུགས་ནས་རྒྱུད་བསྐུལ་སྔགས་ཕྲེང་དེ། །མགོན་པོའི་རྡོ་རྗེའི་སྦུབ་ནས་ཐོན། །རང་ཉིད་ལྷ་མོའི་བྷ་ག་ནས། །ཞུགས་ཏེ་ཐུགས་ཀའི་བློ་ལ་བསྟིམས། །ཞོལ་སྦྱོར་སྔགས་འབྲུ་བཅུ་གསུམ་མམ། །ཡང་ན་དྷེ་བ་རཀྟ་སོགས། །མགོན་པོའི་བསྙེན་སྔགས་གང་རུང་བཟླས། །རང་ཉིད་ལྷ་མོའི་འདུ་ཤེས་ཀྱིས། །མགོན་པོ་ཁྱོ་ཡི་ཚུལ་དུ་བསྒྲུབ། །ཤིན་ཏུ་ཟབ་ཅིང་མྱུར་བར་གསུངས། །དེ་དག་དམིགས་བཅས་རྫོགས་རིམ་སྟེ། །ཤིན་ཏུ་ཟབ་པའི་རྫོགས་རིམ་ནི། །རང་གི་སེམས་ཉིད་ངོ་བོ་ནི། །སྟོང་ཉིད་ཤེས་རབ་


CMR028_Page_0442
[མ་དཔེ་གཟིགས་ན་འདིར་གནོན།]

དཔལ་ལྷ་མོ། །ཡེ་ནས་རང་བྱུང་ཆོས་ཀྱི་སྐུ། །འཁོར་འདས་ཀུན་ལ་དབང་ཆེ་བ། །རང་བྱུང་རྒྱལ་མོ་དེ་ཉིད་དོ། །སེམས་ཀྱི་རང་བཞིན་གསལ་ལམ་མེ། །ཡེ་ཤེས་ལྔ་པོ་རང་ཆས་ཏེ། །དེ་ཉིད་ཤེས་ན་འཁོར་བ་ཡི། །སྡུག་བསྔལ་ཀུན་ལས་སྐྱོབས་པའི་མགོན། །ཡེ་ཤེས་མགོན་པོ་དེ་ཉིད་དོ། །སེམས་ཀྱི་རང་རྩལ་སྣ་ཚོགས་འཕྲོ། །འགགས་མེད་ཅིར་ཡང་འཆར་བ་ནི། །མ་གཏོགས་རང་ངོ་མ་ཤེས་པའི། །རང་གཟུགས་ཕྱི་ནས་ཤར་བ་ལ། །དྲེགས་པ་ལྷ་སྲིན་ཐམས་ཅད་བྱུང་། །ཤེས་ཤིང་རྟོགས་ན་ཡེ་ཤེས་ཀྱི། །མ་མགོན་འཁོར་ཚོགས་དམ་ཅན་རྣམས། །རང་གི་རྩ་ལམ་ཡིན་ཤེས་བྱ། །དེ་ལ་དང་པོ་གོ་བ་སྐྱེས། །དེ་ནས་རྟོགས་པ་ཤར་བར་འགྱུར། །རྟོགས་པ་ཤར་ན་འགྲུབ་པ་སྟེ། །མ་གྲུབ་ན་ཡང་ཕྲིན་ལས་བསྒྲུབ། །མངོན་དུ་གྱུར་ན་འགྲུབ་བོ་གསུངས། །རྒྱུན་ཁྱེར་དང་ལྟ་སྒོམ་ལེའུ་སྟེ་དགུ་པའོ།། ༈ །།རབ་ཀྱིས་དེ་ལྟར་ཤེས་པའམ། །མ་ཤེས་བླ་མགོན་དབྱེར་མེད་མཛོད་། །རྩེ་གཅིག་དད་པ་འགྱུར་མེད་དེ། །སློབ་དཔོན་པདྨའི་ལུང་བསྟན་ལས། །བསིལ་བ་ཚལ་གྱི་ཆོས་སྐྱོང་གི །རྣམ་འཕྲུལ་ཀརྨ་པ་ཞེས་གྲགས། །སྐྱེ་བ་དུ་མར་འགྲོ་དོན་


CMR028_Page_0443
[མ་དཔེ་གཟིགས་ན་འདིར་གནོན།]

དཔག་མེད་མཛད། །ཅེས་གསུངས་གྲུབ་ཆེན་ཀརྨ་པཀིས། མིང་ཡོངས་སུ་གྲགས་པ་ཀརྨ་པ་དང་ཆོས་སྐྱོང་བེར་ནག་ཅན་གཉིས་ཐ་དད་མེད་པར་ཁྱེད་རྣམས་ཀྱི་ཤེས་སམ་མི་ཤེས། ཞེས་དང་། མཚུར་ཕུ་ན་བཞུགས་དུས་ང་རང་བེར་ནག་ཅན་ཡིན་པའི་སྣང་བ་ཞག་བདུན་ཙམ་དུ་བྱུང་ཞེས་གསུངས་སོ། །དེ་རྣམས་ལ་ངེས་ཤེས་བྱའོ། །གལ་ཏེ་དེ་གཉིས་གང་ལ་ཡང་། །ངེས་ཤེས་མེད་པའི་གང་ཟག་གིས། །བསྙེན་སྒྲུབ་གཞན་ཡང་མ་སོང་པར། །གསར་བུས་ཐོག་མ་ཉིད་རང་ནས། །གོང་ནོན་མེད་པར་མ་མགོན་གཉིས། །བདག་བསྐྱེད་བྱས་ན་ཅུང་ཞིག་རྩུབ། །དེ་ལ་མི་རྩུབ་གེགས་སེལ་ནི། །རང་ཉིད་མགོན་པོའི་དབུ་སྐྲའི་གསེབ། །གྲུབ་ཆེན་ཀརྨ་པཀི་དེ། །ཕྱག་གཉིས་ས་གནོན་མཛད་པར་བསྒོམ་། །རང་ཉིད་མགོན་པོའི་སྙིང་ཁའི་སྟོད། །མགོན་པོའི་ཐུགས་སྲོག་ཧཱུྃ་གི་སྟེང་། །རྒྱལ་བ་རྒྱ་མཚོ་ཕག་མོ་དང་། །ཕྱག་རྡོར་ལ་སོགས་གང་འདོད་ཀྱི། །ཡི་དམ་སྐུ་ནི་ཆུང་ངུ་གཅིག །ཐུགས་ཀའི་ས་བོན་སྔགས་བཅས་བསྒོམ། །དང་པོར་ཡི་དམ་གང་ཡིན་དེའི། །སྙིང་པོ་ཕྲེང་སྐོར་གཅིག་ཙམ་བཟླས། །དེ་ནས་ཞལ་སྦྱོར་སྙིང་པོ་ཡི། །བསྙེན་པ་བྱ་


CMR028_Page_0444
[མ་དཔེ་གཟིགས་ན་འདིར་གནོན།]

ལུགས་གོང་དང་འདྲ། །དེ་ཡང་ཟབ་གནད་གཅིག་ཡིན་ནོ། །རྫོགས་རིམ་གེགས་སེལ་ལེའུ་སྟེ་བཅུ་པའོ།། ༈ །།ཡབ་རྐྱང་ཡུམ་རྐྱང་བསྒྲུབ་པའི་སྐོར། །རྒྱུད་དང་རྒྱ་གཞུང་བོད་གཞུང་གི །ཡི་གེ་གསར་རྙིང་མང་འདུག་མོད། །ཡབ་སྲས་སོ་སོས་མཛད་པ་དང་། །བསྒྲིགས་པའི་གླེགས་བམ་མང་བ་དང་། །ཐོར་བུའི་སྐོར་ནི་ས་སྟེང་ཁྱབ། །དེ་དག་ལེགས་པར་བལྟས་བྱས་ན། །གབ་སྦས་མེད་དེ་ཤིན་ཏུ་གསལ། །ཧ་ཅང་རྒྱས་གྲགས་ཉོབ་ཞེད་ཆེ། །དེ་ཕྱིར་ཉམས་སུ་ལེན་མཁན་དཀོན། །ཞོལ་སྦྱོར་འདི་ཡི་ཆོ་ག་ནི། །དེང་སང་ལོ་རྒྱུས་རྩ་བ་སྟེ། །མན་ངག་སྦས་ནས་ཚིག་དུམ་རྩམ། །འཐོར་ནི་ཡོད་པ་མ་གཏོགས་པ། །ཧ་ཅང་ཟབ་དྲགས་སྙན་བརྒྱུད་ཕྱིར། །ཕྱོགས་གཅིག་གསལ་བར་བྲི་བ་ནི། །སྔོན་ཆད་གཅིག་ཀྱང་མེད་ངེས་ཏེ། །ཞལ་ཤེས་ཁོ་ནར་རག་ལས་སོ། །སྙན་བརྒྱུད་ཡི་གེར་བྲིས་པ་དང་། །སྦ་འོས་གསལ་བར་བཀོད་པ་ནི། །ཆོས་བདག་མཁའ་འགྲོ་མི་དགྱེས་པས། །འབྲི་མཁན་སྲོག་ལ་ཡ་ང་ཟ། །འོན་ཀྱང་བསྟན་པ་སྙིགས་ཆེས་པའི། །མན་ངག་ཟབ་མོ་ནུབ་ལ་ཉེ། །ཟབ་ཆོས་ནུབ་ན་ཤིན་ཏུ་ཕངས། །འོན་ཀྱང་གྱ་ཚོམ་བྲི་མི་རུང་། །


CMR028_Page_0445
[མ་དཔེ་གཟིགས་ན་འདིར་གནོན།]

བསྐུལ་བ་པོ་དེ་ལས་ཅན་གྱི། །སྐྱེས་བུས་བསྐུལ་ནས་བཀའ་རྒྱ་གྲོལ། །དེ་ཕྱིར་ས་ཡི་ཁོལ་འདི་རུ། །བརྒྱུད་པ་འདི་དང་ལྷ་འདི་ལ། །དད་གུས་བློ་སེམས་རྩེ་གཅིག་ཏུ། །ཉམས་ལེན་སྙིང་ལ་འཆང་བའི་ཕྱིར། །འདི་ཡི་ཆོས་བདག་མངོན་སུམ་པ། །རིགས་རུས་རྣམ་དཔྱོད་ཕུན་ཚོགས་པ། །བླ་མ་ཀརྨ་རྒྱ་མཚོ་པས། །རིན་ཆེན་སྤེལ་ལེགས་ཕྲེང་བ་ཡི། །མཎྜལ་དང་བཅས་བསྐུལ་བའི་ཕྱིར། །གདམས་ངག་རིན་ཆེན་ཕྲེང་འདྲ་འདི། །ཤིང་སྦྲུལ་ས་ག་ཆེན་པོ་ཡིས། །དམར་པོའི་ཕྱོགས་ཀྱི་ཚེས་བརྒྱད་ནས། །དབུ་བཙུགས་ཉིན་གཉིས་རྫོགས་པར་ནི། །སྔགས་འཆང་རཱ་ག་ཨ་སྱས་བྲིས། །ཉེས་འགལ་སྦ་འོས་གསལ་བཀོད་རྣམས། །ཆོས་བདག་སྲུང་མའི་ཚོགས་ལ་བཤགས། །དགེ་བས་ཆོས་འདི་དར་རྒྱས་ནས། །འདི་ལ་མོས་པའི་གང་ཟག་རྣམས། །མཆོག་ཐུན་དངོས་གྲུབ་ལྷུན་གྲུབ་ནས། །ཚེ་གཅིག་རྡོ་རྗེ་འཆང་འགྲུབ་ཤོག །མངྒ་ལཾ།། རྩོམ་དོན་ལེའུ་དང་བཅུ་གཅིག་བཞུགས་ཏེ། འདི་ལ་མོས་པའི་གང་ཟག་ལ། གསེར་སྲང་གཅིག་ལས་མི་དགའ་རེ། འདི་སྐོར་ལ་མི་མོས་པ་ལ་ཤོག་སྣག་ཟད་ལགས་སོ།། བྷ་ཝནྟ།། །།


previousམ་མགོན་གཉིས་ཀྱི་གཞུང་པར་མ་ལིས་ཁ་གསུམ་འདིའི་ཞལ་ཤེས་ཡི་གེ་མེད་པའི་སྐོར་དོན་འདུས་གོ་བདེར་བཀོད་པའི་ཚིགས་བཅད།next