Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོ་བེར་ནག་ཅན་ཡབ་ཡུམ་གྱི་བསྙེན་པའི་ཟིན་བྲིས།
   
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousམགོན་པོ་བེར་ནག་ཅན་ཡབ་ཡུམ་གྱི་བསྙེན་པའི་ཟིན་བྲིས།next

མགོན་པོ་བེར་ནག་ཅན་ཡབ་ཡུམ་གྱི་བསྙེན་པའི་ཟིན་བྲིས།


CMR028_Page_0447
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོ་བེར་ནག་ཅན་ཡབ་ཡུམ་གྱི་བསྙེན་པའི་ཟིན་བྲིས་བཞུགས་སོ། །གྲུབ་ཆེན་ཀརྨ་པཀྵིའི་ཁྱད་ཆོས་ཁོ་ནའི་དབང་དུ་བྱས་ཏེ་གཞན་དང་ཐུན་མོང་དུ་ནི་མ་ལགས་སོ། །


CMR028_Page_0448
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་མ་ཧཱ་ཀཱ་ལ་ཡེ། བླ་མ་མགོན་པོ་དབྱེར་མེད་ཀརྨ་པ། །ཆོས་ཀྱི་དབང་ཕྱུག་ཞབས་ལ་ཕྱག་འཚལ་ལོ། །དེ་ཉིད་བསྒྲུབ་པའི་མན་ངག་ཞལ་ཤེས་བཀོད། །ཆོས་བདག་སྲུང་མས་བཀའ་ཡི་གནང་བ་སྩོལ། །དབང་ཐོབ་དམ་ཚིག་ལྡན་པའི་རྣལ་འབྱོར་པས་དབེན་གནས་སུ། སྟེགས་བུའི་སྟེང་རས་ནག་པོ་བཏིང་བའི་སྟེང་དུ། ནས་ནག་གམ། སྲན་མའི་ཚོམ་བུ་དགུའམ། ལྷ་གྲངས་བཀོད་པའི་སྟེང་དུ། མཉྫིའམ་ཁྲིའུ་ཁར་ཟངས་ལྕགས་ཀྱི་སྣོད་དུ། གཏོར་མ་ཟུར་གསུམ་ནག་པོ་ལ། འཁོར་བརྒྱད་ཀྱིས་བསྐོར། མར་གྱི་མེ་རི་ཤ་རྒྱན་སོགས་མཛེས་པར་བྱས་


CMR028_Page_0449
[མ་དཔེ་གཟིགས་ན་འདིར་གནོན།]

ལ། བསྡུ་ན་ཡབ་ཡུམ་ཞལ་འབྱོར་ཙཀ་ལི་བཙུགས། རྒྱས་པར་ན། ནག་པོ་ཡབ་ཡུམ་བཅུ་དྲུག་གམ། ཕྱོགས་བཅུ་མགོན་པོའི་ཙཀ་ལི་བཙུགས། མགོན་པོའི་ཞལ་ཐང་ངམ། དར་ནག་གི་སྐུ་ཡོད་ན་ཙཀྲི་མི་དགོས་རྒྱབ་ཕྱོགས་ནས་ཚུར་བཤམས་པས་འཐུས་སོ། །གཏོར་མ་སྒྲུབ་པ་མ་ཚར་བར་གྱི་རྟེན་གཏོར་ཏེ། གཏོར་མར་ལྷར་བསྐྱེད་པ་ཡིན་པས་དང་པོ་བྲན་ནས་བསྒུལ་མི་རུང་། གསོ་བྲན་མི་དགོས། དེའི་མདུན་དུ་སྣོད་ཡངས་པར་མ་མགོན་གྱི་གཏོར་མ་གཞུང་ལྟར་བཤམས་པ་ནི། རྟག་གཏོར། བསྐང་གཏོར། གསོལ་ཁ་ཡང་བཤམས། དེ་ལ་རྒྱུན་དུ་


CMR028_Page_0450
[མ་དཔེ་གཟིགས་ན་འདིར་གནོན།]

གསོ་བྲན་བྱ་བ་རྒྱུན་གཏོར་ཡིན་ནོ། །དེ་གཉིས་ཀྱི་མཐར་མཆོད་པ་སྣ་མདུན་བསྐོར་བཤམ་བྱ་ཞིང་། ཉིན་རེ་བཞིན་ཁ་གསོ། དེ་ནི་སྒྲུབ་རྟེན་ཡིན་པས་མི་རྗེའོ། །དབུས་ཀྱི་གཏོར་ཆེན་གྱི་གཡས་སུ་བདུད་རྩི་གཡོན་དུ་རཀྟ་གཉིས་བྷནྡྷའི་ནང་དུ་བཤམས། དེ་ཡན་དཀྱིལ་འཁོར་གྱི་ལྷ་རྣམ་པའོ། །དེའི་མདུན་མཆོད་སྟེགས་བྱས་ལ་མཆོད་པ་སྣ་བདུན་ཁྲག་གི་ཡོན་ཆབ་སོགས་དང་། ལག་མཆོད་བདུད་རྩི། ཚོགས་དང་ཐུན་གཏོར་བཤམས། གཞན་དུ་མཐེབ་སྐྱུ་མང་པོ། །ཚོགས་ཆུང་ཉིན་རེ་རེ་རེ། ཐུན་གཏོར་ཆུང་དུ་ཤ་དུམ་རྣམས་མང་དུ་ཚུབྱའོ། །དེ་རྣམས་བཅའ་གཞིའོ། །གཞན་རྣམས་དཀྱིལ་འཁོར་གྱི་ཟུར་གང་བདེའོ། །ཡང་ན་གཏོར་སྒམ་སོགས་སུ་བླ་མ་ཡི་དམ་འཁོར་ལྔ་མཁའ་འགྲོ་སྤྱི་གཏོར་སོགས་སྤྱི་དཀྱུས་ལྟར་བྱའོ། །དེ་ནས་ཁྲུས་བྱས། རང་ཉལ་ས་མཆོད་པ་རྣམས་སུ་སྤོས་རུམ་བྱ། ཆ་གསུམ་མམ་བགེགས་གཏོར་གཏོང་སུམྦྷ་ནའི་བགེགས་བསྐྲད། གུ་གུལ་བདུག སྒོ་དྲུང་དུ་ཐོ་དཀར་པོ་གཅིག་བརྩེགས་གཏོར་མ་གཞི་བདག་ལ་ཕུལ། སྒྲུབ་པ་འདི་མཐར་མ་ཕྱིན་བར་དུ་ཕྱི་ཡི་བར་ཆད་ནང་དུ་མ་བཏང་། ནང་གི་དངོས་སྒྲུབ་ཕྱི་ལ་མ་བཏང་། བར་གྱི་ནང་གི་མཚམས་


CMR028_Page_0451
[མ་དཔེ་གཟིགས་ན་འདིར་གནོན།]

སྲུངས་ཤིག་ཅེས་བཀའ་བསྒོའོ། །དེ་ནས་མི་དང་གདོང་མི་སྤྲད།་ངག་དམ་བཅད་དོ། །དེ་ནས་རྒྱུན་ཆག་མེད་ཀྱི་ཡི་དམ་ཡོད་ན་འདོན་ནས་ཐུན་བཟུང་བར་བྱའོ། མེད་ན་མ་མགོན་གྱི་མངོན་རྟོགས་རྒྱས་བསྡུས་གང་རུང་ཚར་གཅིག་འདོན་པས་བདག་གི་མ་མགོན་ཞལ་སྦྱོར་གྱི་དཀྱིལ་འཁོར་བསྒོམ་པ་དང་། མདུན་གྱི་གཏོར་ཆེན་སྐུ་གཟུགས་དང་བཅས་པ་མ་མགོན་གྱི་དཀྱིལ་འཁོར་བསྒོམ་པ་དུས་གཅིག་ལ་བྱའོ། །དེ་ནས་སྤྱན་འདྲེས་རྒྱས་བསྡུས་གང་འདོད་འདོན་ལ། མ་མགོན་གྱི་ལྷ་ཚོགས་ཁ་བ་བུ་ཡུག་ལྟར་བདག་མདུན་གཉིས་ཀ་ལ་བསྟིམ་ཞིང་། སྤྱན་འདྲེན་གྱི་སྔགས་རིང་རྣམས་བདུན་ནམ་ཉེར་གཅིག་གམ་དམིགས་པ་མ་གསལ་བར་བྱའོ། །བཞུགས་གསོལ་ཕྱག་འཚལ་གཉིས་ནི་རང་ལས་སྤྲུལ་པའི་མཆོད་པའི་ལྷ་མོ་དཔག་ཏུ་མེད་པས་མཆོད་བསྟོད་སོགས་བདག་མདུན་སོ་སོ་ལ་བྱེད་པར་བསྒོམ་ཞིང་བསྟོད་པ་ཡན་ཆད་ཚང་བར་བྱའོ། །དེ་ནས་བདག་མདུན་མགོན་པོའི་ཐུགས་ཀ་ཟླ་བའི་གདན་ལ་ཧཱུྃ་འགྲེངས་ཐབས་སུ་གནས་པའི་མཐར་ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཧཱུྃ་ཛཞེས་པའི་སྔགས་ཕྲེང་འགྲེངས་ཐབས་སུ་ཡིག་ངོ་ཕྱིར་བསྟན་འཁོད་པར་གཡས་བསྐོར་དུ་ཀྱི་ལི་ལི་འཁོར་བར། དབུས་ཀྱི་ཧཱུྃ་


CMR028_Page_0452
[མ་དཔེ་གཟིགས་ན་འདིར་གནོན།]

གཡོ་འགུལ་མེད་པ། བདག་མདུན་ལྷ་མོའི་ཐུགས་ཀར་ཉི་མའི་སྟེང་དུ་བྷོ་སྔོན་པོ་འགྲེངས་ཐབས་སུ་གནས་པའི་མཐར་ཨོཾ་ཡཀྵ་བེ་ཏ་ལི་ཧཱུྃ་ཿ ཞེས་པའི་སྔགས་ཕྲེང་འགྲེངས་ཐབས་སུ་གནས་པའི་ཡིག་ངོ་ནང་དུ་བསྟན་ནས་གཡོན་བསྐོར་དུ་བཀོད་པ་དེ་གཡོན་དུ་ཀྱི་ལི་ལི་འཁོར་ཞིང་དབུས་ཀྱི་བྷོ་གཡོ་འགུལ་མེད་པའོ། །དེ་ཡང་བདག་བསྐྱེད་ནི་མགོན་པོ་ལ་ལྷ་མོའི་ཚུལ་འཁྱུད་པ་དང་། མདུན་བསྐྱེད་ནི་ལྷ་མོ་ལ་མགོན་པོའི་ཕར་འཁྱུད་པ་སྟེ། བདག་བསྐྱེད་ཡབ་ཡུམ་གྱི་ཐུགས་ཀའི་སྔགས་ཕྲེང་འཁོར་བཞིན་པ་ལས་འོད་ཟེར་ཁ་དོག་ལྔ་ལྡན་འཕྲོས་ཞལ་ནས་ཐོན། མདུན་བསྐྱེད་ཡབ་ཡུམ་སོ་སོའི་ཞལ་དུ་མཆོད་པའི་ཚུལ་དུ་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས། ཐུགས་དམ་གྱི་རྒྱུད་བསྐུལ། སྔགས་ཕྲེང་ལས་འོད་ཟེར་བྱུང་། མདུན་བསྐྱེད་ཡབ་ཡུམ་གྱི་ལྟེ་བ་ནས་ཐོན་བྱིན་རླབས་དངོས་གྲུབ་ཀྱི་ཚུལ་དུ་རང་ཡབ་ཡུམ་གྱི་ལྟེ་བ་ནས་ཞུགས། ཐུགས་ཀའི་སྔགས་ཕྲེང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐོབ་པར་བསྒོམ་པ་དང་། བདག་མདུན་ཡབ་ཡུམ་རྣམས་ལས་འོད་ཟེར་ཕྱོགས་ཐམས་ཅད་དུ་འཕྲོས་པས་བླ་མ་ཡི་དམ་མཁའ་འགྲོ་མ་མགོན་ཆོས་སྐྱོང་ཐམས་ཅད་འོད་ཟེར་དེས་མཆོད་


CMR028_Page_0453
[མ་དཔེ་གཟིགས་ན་འདིར་གནོན།]

པས་མཉེས། དེ་ཐམས་ཅད་ཀྱང་མ་མགོན་ཡབ་ཡུམ་གྱི་སྐུ་ཆེ་ཕྲ་སྣ་ཚོགས་པར་གྱུར་ཏེ། ཁ་བ་བུ་ཡུག་ལྟར་ཕྱོགས་མཚམས་སྟེང་འོག་ཐམས་ཅད་ནས་བྱོན་ཏེ། བདག་མདུན་རྣམས་ལ་སིབ་སིབ་ཐིམ་པར་བསྒོམ་པ་ནི། རྒྱུད་དུ་བསྒོམ་རྒྱུ་ཡིན་ལ་གོང་མ་རྣམས་ནི་སྐབས་སྐབས་སུ་ཐུན་རེར་བསྒོམ། དེ་ནས་ཉི་མ་ཕྱེད་ལ་ཟིན་ཁད་པ་དང་། ཐུན་གཏོར་གཅིག་ལ་བཀུག་གཞུག་བྱས་ནས་བསྐུལ་གང་རུང་གཅིག་འདོན་ལ། དཀྱིལ་འཁོར་དྲུང་དུ་ཡར་ཕུལ་ལ་བཞག་།བཟློག་པ་མི་འདོན་ནམ། ཉིན་ཕྱེད་གསོལ་ཁ་ཚར་གཅིག་བྱེད། ཡང་སྤྱན་འདྲེན་དམིགས་པ་བཅས་སྤྱན་འདྲེན་སྔགས་ཚར་བདུན། དམིགས་པ་གོང་བཞིན་ཉི་མ་མདུང་གང་ཙམ་ལ་བསྐང་བ་ཚར་གཅིག །སྤྱན་འདྲེན་སྔགས་དང་དམིགས་པ་གོང་ལྟར་རོ། །དེ་ནས་བསྟོད་པ་ཡན་ཆད་ཀྱིས་ཆོག་།གཉིད་མ་ཡུར་བར་བསྙེན་པ་བྱེད། བསྙེན་སྔགས་ནི། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏ་ལི་ཧཱུྃ་ཿ སྔགས་འབྲུ་བཅུ་གསུམ་འདི་ཁོ་ན་ཟབ་བོ། །དེ་ཅིའི་ཕྱིར་ན་སྐུའི་སྙིང་པོ་ལྷ་བསྒོམས་པས་འཐུས་སོ། །ཐུགས་ཀྱི་སྙིང་པོ་བསྐྱེད་རྫོགས་ཟུང་འཇུག་ཤེས་ན་རབ། མེད་ཀྱང་ཧཱུཾ་བྷོ་བསྒོམས་པས་འཐུས་སོ། །གསུང་གི་


CMR028_Page_0454
[མ་དཔེ་གཟིགས་ན་འདིར་གནོན།]

སྙིང་པོ་འདི་ནི་ངེས་པར་བཟླ་དགོས་སོ། །སྔགས་དོན་ནི་དོན་གྱི་འགྱུར་གཙོ་ཆེ་བའི་སྐུ་ལྔ་ཡེ་ཤེས་ལྔའི་དཔལ་ནག་པོ་ཆེན་པོ་ཡབ་ཡུམ་གནོད་སྦྱིན་རོ་ལངས་མའི་ཧཱུཾ་སྲོག་བདག་ལ་ཞུགས་ཤེས་སམ། འདུས་ཟེར་བའོ། །དེ་ནས་ཕྱིར་ནངས་ནམ་ལང་སྔར་ལྟར་བྱའོ། །གཏོར་མ་གཏོང་སོགས་རྒྱུན་དུ་ཆག་མི་རུང་བའི་ཐུགས་དམ་ཡོད་ན་ཐུན་མཚམས་སུ་བྱ་ཞིང་། ངག་མི་བཏང་ཁ་མེད་ན་ཐུན་མཚམས་སུ་བཏང་རུང་ཡང་། ངག་འཁོར་ཡུག་ཏུ་བཅད་ན་རྟགས་གསལ་མཚམས་གཡོག་པ་རེ་ཟུང་མི་གཏུག་ཁ་མེད་ན། དང་པོ་མཚམས་བསྡམས་དུས་ནས་བཞག་ན་རུང་ཡང་། གཅིག་ཀྱང་མ་གཏུགས་ན་རྟགས་གསལ་ལོ། །མཚམས་གྲོལ་ཁ་བར་རྗེས་ཆོག་མི་བྱ་ཞིང་། མདུན་བསྐྱེད་གཤེགས་པ་དང་བསྡུ་བ་མི་བྱ། ཡང་ཡང་གསལ་འདེབས། བདག་བསྐྱེད་མི་གཤེགས་ཀྱང་ཉལ་ཁའི་ཧཱུཾ་ལ་བསྡུས་ནས་གཉིད་ལོག་ཀྱང་། ཕྱི་ཡི་སྲུང་འཁོར་མི་བསྡུའོ། །དུས་ཀྱི་བསྙེན་པ་ཞག་བདུན་དུ་གསུངས་ཀྱང་། བདུན་གཉིས་སམ་བདུན་གསུམ་ཟླ་གཅིག་གང་འདོད་དང་གྲངས་ནི་རབ་འབུམ་ཕྲག་བཅུ་གསུམ། འབྲིང་བདུན་འབུམ་ཁྲི་ཉི་ཐ་མ་སུམ་འབུམ།་རྟགས་རབ་དངོས། འབྲིང་ཉམས་སྣང་། ཐ་


CMR028_Page_0455
[མ་དཔེ་གཟིགས་ན་འདིར་གནོན།]

མ་རྨི་ལམ་དུ་ཞལ་མཐོང་ལུང་སྟོན་པ། མི་ནག་རྟ་ནག་གཡག་ནག་བྱ་ནག །ཨ་ཙ་ར། དཔོན་རིགས་ཆོས་བཟང་། བཀའ་བརྒྱུད་འདི་ཕའི་བླ་མ། སློབ་དཔོན་ཆས་བཟང་རྣམས་མགོན་པོ་དང་། མེ་འབར་འོད་འཁྱུག་པ། ཉམས་དགའ་བ་བག་དྲོ་བ། ཤེས་པ་གསལ་བ་རྣམས་འབྱུང་། ལྷ་མོའི་རྟགས་ལ་མཚོ་རྨ་བྱའི་མདངས། སྤྲུལ་རྗེལུ། བོང་བུ་བྱ་མོ་བུད་མེད་ཆས་བཟང་། ཁྲག་་མཚོ་རླུང་ནག་འཚུབ་མ། རལ་གྲི། འཇའ་ཚོན། གུར་དཀར་ནག་སོགས་བྱུང་བ་འགྲུབ་རྟགས། ཡང་ཟིལ་ཆེན་པོས་སྐྲག་ཅིང་དངངས་བ། གྲིབ་ནོན་འདྲ་བའི་སྐྲག་སྔངས་དེ་རྣམས་འགྲུབ་རྟགས་སོ། །བུད་མེད་དུ་བ་མཆི་རིས་ཅན། ཡུགས་ས་མ། བྱ་བྲལ་ཆས་གོས་ངན་པ་ཅན་རྣམས་བར་ཆད་ཡོད་པའི་རྟགས་ཡིན་པས་བསྐང་བ་དང་ཡིག་བརྒྱ་དང་། ཐུན་མཚམས་སུ་ཟབ་མདོ་སེང་གདོང་མའི་བཟློག་པ་བྱ་སྟེ། རྟགས་བཟང་པོ་ལའང་དགའ་ཚོར་མི་བྱ། ངན་པ་ལ་རྣམ་རྟོག་མི་བྱ། རྟགས་བཟང་པོ་བྱུང་དུས་དངོས་གྲུབ་ལེན་ཆོག་བཏོན་ལ། བདུད་རྩིའི་ཐིགས་པ་ལྕེ་ལ་བཞག །ངན་པ་ལ་བཟློག་པ་དང་བསྐང་གསོལ་ལ་འབད། རྟགས་མ་བྱུང་ཡང་དགེ་སྦྱོར་ལ་བོགས་བྱུང་ན་


CMR028_Page_0456
[མ་དཔེ་གཟིགས་ན་འདིར་གནོན།]

མཆོག་གི་རྟགས་ཡིན་ནོ། །དེ་ནས་མཚམས་གྲོལ་ཁ་ཟན་ལིང་གཅིག་ལ་བཀུག་གཞུག་བསྒྲལ་ལས་རྒྱས་པར་བྱས་རྒྱུན་གཏོར་དུ་འབུལ། དངོས་གྲུབ་ལེན་ཆོག་བྱས་ལ། གཏོར་མ་ཆེ་བ་དེ་རང་གི་གནས་གསུམ་དུ་གཏུགས་ལ་དབང་དང་དངོས་གྲུབ་བླངས། དམར་གཏོར་བཟང་བ་གཅིག་བཤམས་ལ་ལས་འགྲིགས་ཀྱི་བསྐུལ་ཐམས་ཅད་བྱས་ལ་དགྲ་བགེགས་ཀྱི་ཕྱོགས་སམ། ཕྱོགས་གཙང་སར་ཐོར་དུ་འཕང་ངོ་། །དེ་ནས་རྗེས་ཆོག་རྒྱས་པར་བྱས་ལ་གཏོར་མ་རྣམས་དངོས་གྲུབ་ཏུ་རོལ་བ་དང་མཛོད་ཕུག་ཏུ་སྦ། ཕྱི་མི་ལ་མི་སྦྱིན། སྦྱིན་སྲེག་གྲུབ་ན་ལེགས་མ་གྲུབ་ཀྱང་རུང་བའོ། །གྲུབ་ཆེན་ཀརྨ་པཀྵིའི་ཞལ་ནས་མ་མགོན་གཉིས་ཀྱི་དཔེ་དུམ་བུ་མང་དུ་ཡོད་པ་ལས་ཐམས་ཅད་གཅིག་ཏུ་བསྡུས་ཤིང་བསྡོམས་པ་འདི་ཡིན་ལ། ཕྱིན་ཆད་ཀྱིས་འདི་ལ་བྲིས་ཤིང་བསྒྲུབ་དང་བྱིན་རླབས་ཆེ་ཞིང་ཐམས་ཅད་མ་ལུས་ཤིང་ལུས་པ་མེད་པ་འདི་ལ་ཚང་བའི་གོ་བར་གྱིས། གདམས་ངག་ལ་ཤེས་དགོས་པ་མི་ཤེས་དགོས་པ་གཉིས་ཡིན་པ་ལ། གདམས་ངག་འདི་ཤིན་ཏུ་ཟབ་གྲགས་པས་དེས་གཞུང་གཞན་རྣམས་དོན་ཡོད་མེད་དཀྲུག་པ་འདྲ་བ་ཡིན་ཤེས་པར་གྱིས་ཞེས་དང་། མགོན་པོ་ཡབ་ཡུམ་བདག་བསྒོམ་དུ་


CMR028_Page_0457
[མ་དཔེ་གཟིགས་ན་འདིར་གནོན།]

བྱས་ཤིང་མགོན་པོ་ཡེ་ཤེས་སེམས་དཔའ་རྒྱུན་ཆད་མེད་པར་བསྟིམ་ཤིང་། བསྙེན་པ་ནུས་ཚད་དུ་བྱས་ན་མཐུ་སྟོབས་མ་མགོན་འཁོར་བཅས་དང་མཉམ་ཞིང་མིང་ཐོས་པ་ཙམ་གྱིས་ཀྱང་སྐྲག་ཅིང་འཛམ་གླིང་ཟིལ་གྱིས་གནོན་འགྱུར་རོ། །བརྒྱུད་པ་འཛིན་ཚད་ཐམས་ཅད་ལ་སྟོན་ཅིང་ཆེད་དུ་བཅུག་ཆུག་ཅེས་དང་། མགོན་པོ་བེར་ནག་ཅན་མ་མགོན་གྱི་གདམས་ངག་གིས་འཛམ་གླིང་ཁྱབ་ན་ཡང་རྒྱུད་ལུང་མན་ངག་གི་དགོངས་པ་གཅིག་ཏུ་བསྡུས་པ་འདི་འདྲ་སྔོན་ཆད་མེད་པའི་ཕྱིར། ཡིག་རོའི་ཚོགས་གཞན་གྱིས་ཅི་ཞིག་བྱ་ཞེས་དང་བྲིས་ཤིང་གཏོར་མར་བཙུགས་ནས་ཞག་བདུན་གྱི་བར་ཞེས་སོགས་གསུང་པའི་མན་ངག་ཉུང་བསྡུས་ཟབ་ཅིང་ལག་ཏུ་བླངས་བདེ་བ། ཞལ་ཁྲིད་རང་གིས་ལག་ཏུ་བླངས་བའི་ཉམས་མྱོང་གི་ཡི་གེ་ཟབ་བམ་མི་ཟབ་བདེན་རྫུན་སྙམ་ན་འདི་ལྟར་མ་འཆུག་པར་ཞག་བདུན་ཕྲག་གསུམ་སྒྲུབས་ཤིག །རང་འགའ་བསྐང་གསོ་བྱེད་པ་དང་ཨི་འདྲ་གསལ་ནི་འོང་ངོ་། །ཞེས་པ་འདི་སྤྲུལ་སྐུ་བླ་མཚན་གཉིས་ཀྱིས་བསྐུལ་ནས། སྔགས་འཆང་རཱ་ག་ཨ་སྱས་ཞུན་མར་ངོགས་ནས་གང་དྲན་བྲིས་ཀྱང་། དོན་ལ་འགལ་བ་བྱུང་ན་ལྷ་སྲུང་རྣམས་ལ་འཆག་ཅིང་དགེ་བས་བསྟན་པ་རིན་པོ་


CMR028_Page_0458
[མ་དཔེ་གཟིགས་ན་འདིར་གནོན།]

ཆེ་དར་ཞིང་རྒྱས་ལ་སེམས་ཅན་ཐམས་ཅད་མགོན་པོ་སྤྱན་རས་གཟིགས་ཀྱི་གོ་འཕང་ཐོབ་པའི་རྒྱུར་གྱུར་ཅིག །དབང་ལུང་མ་ཐོབ་པ་རྣམས་ཀྱིས་དཔེ་འདི་ལ་བལྟས་ན་དཔལ་མགོན་པོས་སྙིང་ཁྲག་འཐུང་ཞིང་མི་བསྟན་པའི་བཀའ་རྒྱ་ཡོད་དོ། །ས་མ་ཡ་ཁ་ཐཾ། གུ་ཧྱ། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམགོན་པོ་བེར་ནག་ཅན་ཡབ་ཡུམ་གྱི་བསྙེན་པའི་ཟིན་བྲིས།next