Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
བེར་གྱི་རྫོགས་རིམ་བསྡུས་པ།
   
   
   
   
   
   
   
   
   
   
   
   
   
   
   
   
   


 
previousབེར་གྱི་རྫོགས་རིམ་བསྡུས་པ།next

བེར་གྱི་རྫོགས་རིམ་བསྡུས་པ།


CMR028_Page_0459
[མ་དཔེ་གཟིགས་ན་འདིར་གནོན།]

བེར་གྱི་རྫོགས་རིམ་བསྡུས་པ་བཞུགས་པ་ལགས་སོ།


CMR028_Page_0460
[མ་དཔེ་གཟིགས་ན་འདིར་གནོན།]

གུ་རུ་མ་ཧཱ་ཀཱ་ལ་ཡེ། ཌོམྦི་པ་ནས་མར་མི་དྭགས་པོ་དུས་གསུམ་མཁྱེན་པར་གཅིག་བརྒྱུད། ལྷོ་བྲག་གི་མགོན་པོ་ཞེས་བྱ་བའི་ཁྲིད་རྒྱས་པར་མཁའ་སྤྱོད་པས་མཐའ་ཡས་པར་གསུང་མོད་ཀྱང་། པཀཱིའི་དགོངས་པ་གདམས་ངག་རྒྱ་མཚོ་མཐའ་ཡས་དང་བསྟུན་པའི་དམིགས་རིམ་བརྗེད་ཐོ་ནི། སྔོན་དུ་ཆོ་ག་འདོན་པའི་མཇུག་གམ་མིན་ཀྱང་ནམ་རུང་རྒྱུན་ཁྱེར་བྱ་སྟེ། རང་ཉིད་དྲན་རྫོགས་སུ་མགོན་པོ་བེར་ནག་ཅན་རྐང་ཐང་ལ་ལྷ་མོས་འཁྱུད་པ་གཅིག་བསྒོམ། རང་ལུས་དམ་ཚིག་སེམས་དཔའ་ཡིན་པས་སྤྱན་འདྲེན་མི་དགོས། བཟའ་བཏུང་བདུད་རྩིར་མོས་ལ་


CMR028_Page_0461
[མ་དཔེ་གཟིགས་ན་འདིར་གནོན།]

རང་ཉིད་མགོན་པོ་ལུས་ལྷ་མཆོད་པས་མཆོད་པ་གཞན་མི་དགོས། རླུང་འཇུག་པ་ཨོ། ཁོག་ཏུ་གནས་པ་ཨཱ། ཕྱིར་དབྱུང་བ་ཧཱུྃ་དུ་ཤེས་པས་བཟླས་བརྗོད་མི་དགོས། དེ་ནས་རང་ལུས་སྟོང་པ་ཕྲུ་མ་ཕུས་བཏབ་པ་ལྟར་བསྒོམ་པ་ཕྱི་ལུས་ཀྱི་སྟོང་ར། རིགས་ལྡན་གྱི་གཞི་བཟུང་བ་ཡུམ་ལྷ་མོ་རང་ལ་ཐིམ་པས། རང་གི་ལུས་ཀྱི་དབུས་སུ་རྩ་དབུ་མ་སྔོན་པོ་མདའ་སྨྱུག་ཙམ་ཡར་སྣེ་སྤྱི་བོའི་ཚངས་བུག་ཏུ་ཟུག་པ་སྣ་ཚོགས་རྡོ་རྗེ་རྗེས་མཚན་པ། མར་སྣེ་གསང་གནས་ཀྱི་རྩ་བར་ཟུག་པ་ལ། གསང་གནས་དང་ཅུང་ཟད་མ་འབྲེལ་བར་ཆད་མེད་འབྱུང་བ་སྡོམ་པ་ཐུབ་


CMR028_Page_0462
[མ་དཔེ་གཟིགས་ན་འདིར་གནོན།]

པའི་གནད་དོ། །གཡས་སུ་རོ་མ་དམར་པོ། །གཡོན་དུ་རྐྱང་མ་དཀར་པོ་ཡར་སྣེ་སྣ་བུག་དང་། མར་སྣེ་ལྟེ་འོག་ནས་དབུ་མ་དང་གཅིག་ཏུ་གྱུར་པ། སྤྱི་བོར་བདེ་ཆེན་འཁོར་ལོ་རྩ་འདབ་སོ་གཉིས། མགྲིན་པར་བཅུ་དྲུག །སྙིང་གར་བརྒྱད། ལྟེ་བར་དྲུག་ཅུ་རེ་བཞི། གསང་གནས་ཉི་ཤུ་རྩ་བརྒྱད་རྣམས། གདུགས་ཀྱི་རྩིབས་མ་ལྟ་བུ། ཐམས་ཅད་སྟོང་སང་ངེ་བར་བསྒོམ་ལ། ནང་རྩའི་སྟོང་རའམ་དཔག་བསམ་གྱི་ཤིང་འཛུགས་པའོ། །དེ་ནས་རྩ་མདུད་ལྔའི་དབུས། དཔྲལ་བར་གཏི་མུག་གི་ངོ་བོ་ཨོདཀར་པོ། །མགྲིན་པར་འདོད་ཆགས་ཀྱི་ངོ་བོ་ཧཱི༔དམར་པོ། སྙིང་གར་ཞེ་སྡང་གི་ངོ་བོ་ཧཱུྃ་མཐིང་ནག །ལྟེ་བར་ང་རྒྱལ་གྱི་ངོ་བོ་ཧཱུཾ་སེར་པོ། གསང་བར་ཕྲག་དོག་གི་ངོ་བོ་ཧཱ་ལྗང་གུ་བསྒོམ་སྟེ། དུག་ལྔ་ཡེ་ཤེས་ལྔ་རིག་མ་རིག་ཁྱད་པར་མ་གཏོགས་གཅིག་པོས། དེ་དག་ལས་འོད་ཟེར་འཕྲོས་པས་བདག་དང་སེམས་ཅད་ཐམས་ཅད་ཀྱི་དུག་ལྔས་ཀུན་ནས་བསླང་བའི་སྡིག་སྒྲིབ་ཐམས་ཅད་སིབ་ཀྱིས་ཡིག་འབྲུ་ལྔ་ལ་ཐིམ་པར་བསྒོམ་ལ། རླུང་རོ་འབུད་པ་དགུ་ཕྲུག་གིས་བུས། ཚུར་རྔུབ་པས་ཡིག་འབྲུ་ལ་བསྟིམ་པ་སྤྱད། རང་གི་ལྟེ་འོག་སོར་བཞི་དབུ་མའི་


CMR028_Page_0463
[མ་དཔེ་གཟིགས་ན་འདིར་གནོན།]

ནང་དུ་ཨ་ཐུང་གི་ཐིག་ལེ་དམར་པོ་སྲན་མ་ཙམ་བསམ་རླུང་བཟུང་བས་དེ་ལ་ཡེ་ཤེས་ཀྱི་མེ་ཐུར་དུ་འབར་བས། གསང་གནས་ཀྱི་ཧ་སྲེག །གྱེན་དུ་འབར་བས་ཡིག་འབྲུ་བཞི་པོ་བསྲེགས་པས་དུག་ལྔའི་སྒྲིབ་པ་དག་པར་བསྒོམ་ལ་རླུང་ཁུག་གཅིག་མནན། དེ་ནས་ཡིག་འབྲུ་བསྲེགས་པའི་ངོ་བོ་དེ་དཔྲལ་བར་སྐུ་མགོན་ཡབ་ཡུམ་ཞལ་སྦྱོར་དཀར་པོ། །རྩ་འདབ་སོ་གཉིས་ལ་མཁའ་འགྲོ་དཀར་མོ་གྲི་ཐོད་ཅན་སོ་གཉིས། མགྲིན་པར་གསུང་མགོན་ཡབ་ཡུམ་དམར་པོ། རྩ་འདབ་ལ་མཁའ་འགྲོ་མ་དམར་མོ་བཅུ་དྲུག །ཐུགས་ཀར་ཐུགས་མགོན་ཡབ་ཡུམ་མཐིང་ཁ། རྩ་འདབ་བརྒྱད་ལ་ལྷ་མོ་མཐིང་ཁ་བརྒྱད། ལྟེ་བར་ཡོན་ཏན་མགོན་པོ་ཡབ་ཡུམ་སེར་པོ། རྩ་འདབ་ལ་མཁའ་འགྲོ་རེ་གཉིས་སེར་མོ། གསང་བར་ཕྲིན་ལས་མགོན་པོ་ཡབ་ཡུམ་ལྗང་ཁུ། རྩ་འདབ་ལ་མཁའ་འགྲོ་ལྗང་གུ་ཉེར་བརྒྱད་དེ། སྐུ་མདོག་ཕྱག་མཚན་མདོས་གཞུང་ནས་གསུངས་པ་ལྟ་བུ། སོ་སོའི་ཐུགས་ཀར་ཧཱུྃ་རང་མདོག་ལ་སྔགས་ཕྲེང་རང་མདོག་བཀོད། རླུང་ཕྱིར་འབུད་པ་དང་བསྟུན། ལྷ་ཚོགས་རྣམས་ལས་འོད་ཟེར་རང་མདོག་ཕྱོགས་བཅུར་འཕྲོས་


CMR028_Page_0464
[མ་དཔེ་གཟིགས་ན་འདིར་གནོན།]

པས། སངས་རྒྱས་བྱང་སེམས་ཡི་དམ་ཆོས་སྐྱོང་ཐམས་ཅད་མཆོད་པས་དེ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་ངོ་བོ་མ་མགོན་དཀར་དམར་མཐིང་སེར་ལྗང་གུའི་རྣམ་པར་བྱོན་མཚོ་ལ་ཆར་པ་བབ་ལྟར་བདག་གི་ལུས་ཀྱི་ལྷ་སོ་སོ་ལ་ཐིམ་པས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དངོས་གྲུབ་ཐོབ་པར་བསྒོམ། ཡང་རྩ་འཁོར་ལྔའི་ལྷ་ལས་འོད་ཟེར་རང་མདོག་འཕྲོས་པས། བདག་དང་སྲུང་བྱའམ་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་ཞི་བ། རླུང་སེམས་དབང་དུ་འདུས་པས་བདུད་བཞི་ཚར་བཅད། ཚེ་བསོད་ཉམས་རྟོགས་རྒྱས། ལས་སྣ་ཚོགས་འགྲུབ་པར་བྱས་པས། སེམས་ཅན་ཐམས་ཅད་མ་མགོན་ཡབ་ཡུམ་དུ་གྱུར། རྡུང་ཚུར་རྔུབ་པས་དེ་ཐམས་ཅད་ཀྱི་ཚེ་བསོད་ནམས་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ་པར་བསྒོམ་ལ་རླུང་ནང་དུ་དགང་ངོ་། །ཡང་རླུང་བཟུང་བས་ལྟེ་འོག་གི་མེ་འབར་ནས་རྩ་གནས་ཀྱི་ལྷ་ཐམས་ཅད་ཞུ་ནས། ཐིག་ལེ་རང་མདོག་ཏུ་གྱུར༔ སྤྱི་བོའི་ཡར་སྣེ་རུ་ཧཾ་ཡིག་དཀར་པོ་མགོ་ཐུར་དུ་བསྟན་པ་ལས་བདུད་རྩི་བྱང་སེམས་དཀར་པོ་བབས་པས། ཐིག་ལེ་རྣམས་ལ་རེག་པས་སྔར་ལྟར་གྱི་སྐུ་སྔར་ལས་བཀྲག་


CMR028_Page_0465
[མ་དཔེ་གཟིགས་ན་འདིར་གནོན།]

མདངས་གཟི་བརྗིད་ལྷག་པར་ཆེ་བར་གྱུར། གཏུམ་མོའི་མེས་རྩ་འདབ་གང་ནས་ལུས་ལ་དྲོད་འབར། སྤྱི་བོ་ནས་བྱང་སེམས་བབས་པས་རྩ་གནས་ལྷ་ཐམས་ཅད་ཀྱི་ཞལ་དུ་ཞུགས་པས་སྐུ་ལུས་བདེ་བ་རྒྱས། རང་གི་རྩ་གནས་ཐམས་ཅད་གང་བས་ལུས་སེམས་བདེ་བ་ཚད་མེད་པར་གྱུར། བདེ་བ་རྒྱས་པས་ཐིག་ལེ་འཆོར་བ་འདྲ་ན། གསང་གནས་ཀྱི་སྦུ་གུ་ཧཱུྃ་ཡིག་གིས་ཐེམ་བུ་ལྟར་བཀགས། ཐིག་ལེ་ཆུའི་རླབས་ལྟར་སྐྱ་ཆ་ལི་ལི་གྱེན་དུ་ལོག་ནས། སྤྱི་བོའི་ཧཾ་ཡིག་ལ་ཐིམ་པར་བསྒོམས་ནས་མིག་གྱེན་དུ་ལྡོག །ལྕེ་ཡ་རྐན་ལ་སྦྱར། ལྟོ་བ་སྒལ་པར་བཅར། སྟེང་རིང་བདུན་གྱིས་རླུང་གྱེན་དུ་དྲངས། འོག་སྒོ་ཀློད། སོར་མོ་ཁུ་ཚུར་ཕྱེས། སེམས་ནམ་མཁའི་དབྱིངས་སུ་གཏད་ལ་བདེ་སྨྲ་བའི་ངོ་བོར་ལྟའོ། །དེ་ལྟར་རྒྱུན་དུ་བསྒོམ་ཞིང་བདེ་བ་སྐྱེས་ཙ་སྟོང་པས་རྒྱས་བཏབ་ཅིང་བསྒོམས་པས་བདེ་སྟོང་དབྱེར་མེད་རྡོ་རྗེ་འཆང་གི་སྐུ་ཚེ་གཅིག་ལ་འགྲུབ་བོ། །ལྔ་སྦྱོར་དྲུག་སྐོར་སོ་བདུན་མ་སོགས་འཁྲུལ་འཁོར་ལ་འབད་ན་རས་ཐུབ་བོ། །རྗེས་ནས་བསྐྱེད་རིམ་བསྡུ་བ་སོགས་ནི་མི་དགོས་སོ། །ངོ་བོ་སྐྱོང་བ་ཁོ་ནས་ཆོག་སྟེ། དེ་ལྟར་སྒོམ་མཁན་


CMR028_Page_0466
[མ་དཔེ་གཟིགས་ན་འདིར་གནོན།]

སེམས་ལ་བལྟས་པས་གཟུགས་ཁ་དོག་མེད་པའི་སྟོང་ཉིད་དངོས་སུ་འཆར་གྱིས། མཐའ་ནས་དབུས་ཡལ་སྟོང་པར་བསྒོམ་པ་སོགས་ནི་བློས་བྱས་ཏེ་སྟོང་ཉིད་དངོས་མ་ཡིན་པས་སོ། །རླུང་ལ་བརྟེན་ནས་དགྲ་བགེགས་ཚར་གཅོད་པ་ནི། རང་ཉིད་སྐད་ཅིག་ལ་མགོན་པོ་ཡབ་རྐྱང་གནམ་ས་གང་བ་མེ་འབར་བར་བསྒོམ་པོའི་ལྟེ་འོག་སྐུ་ལུས་ནང་དུ་མེ་དཔུང་འབར་བའི་དབུས་སུ་མ་མགོན་ཡབ་ཡུམ་ཞལ་སྦྱོར་རྐང་ཐང་ངམ། དྲེལ་ཆིབས་པ་རི་རབ་ཙམ་ཞལ་གནམ་དུ་གདང་བྱའི་ནང་དུ་ཡེ་ཤེས་མེ་འུ་རུ་རུ་འབར་བ་གཅིག་བསྒོམ། རང་གི་རླུང་འབུད་པས་སྣ་བུག་གཡས་ནས་འོད་ཟེར་དམར་ནག་གློག་གམ་ལྕགས་ཀྱུ་ལྟར་ཕྱོགས་ཐམས་ཅད་དུ་འཕྲོས་རང་དང་བསྲུང་བྱོའམ་བསྟན་ལ་གནོད་པའི་དགྲ་བགེགས་ཐམས་ཅད་སྦྱར་མ་རླུང་གིས་བསྡུས་པ་ལྟར་བཀུག་ནས་རང་མགོན་པོའི་སྣ་བུག་གཡོན་ནས་ཞུགས་ཏེ་རླུང་ནང་དུ་རྔུབ་པ་དང་བསྟུན། ལྟེ་འོག་གི་མ་མགོན་གྱི་ཞལ་དུ་རྐང་མཐིལ་སྐྱ་ལྷག་ལྷག་སོང་བར་བསྲེགས་ཏེ། རྣམ་ཤེས་ཐུགས་ཆོས་ཉིད་ཀྱི་ཀློང་དུ་ཐིམ་པར་བསྒོམ་ལ་ངོ་བོ་སྐྱོང་། རྗེས་ལ་སྙིང་རྗེ་དྲག་པོ་གཅིག་བསྒོམ། དེ་ལྟར་དམིགས་པ་རླུང་དང་སྤྱད་པ་ནན་


CMR028_Page_0467
[མ་དཔེ་གཟིགས་ན་འདིར་གནོན།]

ཏན་བསྒོམས་ན་དགྲ་བགེགས་ཐམས་ཅད་མེ་ལྕེ་ཁའི་སྦྲང་བུ་ལྟར་འགྱུར་བར་གསུངས་སོ། །རང་གི་སེམས་ཀྱི་ངོ་བོ་སྟོང་པ་ནི་ལྷ་མོ། རང་བཞིན་གསལ་བ་ནི་མགོན་པོ། སྣ་ཚོགས་འགགས་མེད་དུ་འཆར་བ་ནི་འཁོར་གྱི་དྲེགས་བྱེད། རང་སེམས་སངས་རྒྱས་སུ་ཡེ་ནས་གནས་པ་ཤེས་པ་དེ་ཡེ་ཤེས། དེ་བསྒོམས་པས་སྡུག་བསྔལ་ཐམས་ཅད་ཀྱི་མགོན་སྐྱབས་ཀྱི་མཆོག་སྟེ་ཡེ་ཤེས་མགོན་པོའོ། །དེས་ན་ཕྱི་ནང་སྣོད་བཅུད་ཐམས་ཅད་མ་མགོན་ཡབ་ཡུམ་གྱི་རང་བཞིན་ལས་མ་འདས་སོ། །སྙན་བརྒྱུད་ངག་ཁྲིད་ཁྱེར་བདེ་འདི། རྡོ་རྗེ་སྤུན་ཀརྨ་རྡོ་རྗེས་བསྐུལ་ཕྱིར་རཱ་ག་ཨ་སྱས་བྲིས་པ་སརྦ་མངྒ་ལཾ།། ཡབ་ཡུམ་ཞལ་སྦྱོར་སྙན་བརྒྱུད་ཀྱི་བརྒྱུད་རིམ་ནི། ཌོམྦྷི་ཧེ་རུ་ཀ་ཆེན་པོ། བི་ན་པ། ལྭ་བ་པ། ཨིནྡྲ་བྷུ་ཏི། ཙརྨ་པ། ཏེ་ལོ། ནཱ་རོ། མར་པ། མི་ལ། དྭགས་པོ། དུས་གསུམ་མཁྱེན་པ་ནས་སོ། །མགོན་པོའི་བསྐྱེད་རྫོགས་འདི་གཉིས་ཕུལ། ཨེ་ཀ་པཱིཙྪ། །༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousབེར་གྱི་རྫོགས་རིམ་བསྡུས་པ།next