Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་མགོན་ལྕམ་དྲལ་གྱི་ནོར་སྒྲུབ་རིན་ཆེན་བསམ་འཕེལ།
   
   
   
   
   
   
   
   
   
   
   
   
   
   
   


 
previousམ་མགོན་ལྕམ་དྲལ་གྱི་ནོར་སྒྲུབ་རིན་ཆེན་བསམ་འཕེལ།next

མ་མགོན་ལྕམ་དྲལ་གྱི་ནོར་སྒྲུབ་རིན་ཆེན་བསམ་འཕེལ།


CMR028_Page_0484
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་ལྕམ་དྲལ་གྱི་ནོར་སྒྲུབ་རིན་ཆེན་བསམ་འཕེལ་ཞེས་བྱ་བ་བི་ཛ་ཧ་ར།


CMR028_Page_0485
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་རཏྣ་མ་ཧཱ་ཀཱ་ལ་དེ་ཝི་ཡེ། གསོལ་བ་གང་བཏབ་འབྱུང་བའི་རིན་པོ་ཆེ། །བླ་མ་ཡི་དམ་མགོན་པོ་ནོར་ལྷ་རྣམས། དབྱེར་མེད་གཅིག་བསྡུས་ཀརྨ་པ་ལ་འདུད། །མགོན་པོ་ཡབ་རྐྱང་ནོར་སྒྲུབ་རྒྱས་བསྡུས་གཉིས། །ཞལ་སྦྱོར་དངོས་གྲུབ་ལེན་ཆོག་དང་ནི་གསུམ། །གབ་སྤྱད་ཉམས་སུ་ལེན་པར་བྱ་བའི་ཐབས། །རིན་ཆེན་སྣོད་ནི་ཆེ་ཆུང་གཉིས་ཀྱི་ནང་། །གཏོར་མ་རིན་ཆེན་འབར་བ་གཅིག་ལ་ནི། །དེ་འདྲ་དེ་བས་ཆུང་བ་བཅུ་ཡིས་བསྐོར། །ཆུང་བའི་རྩེ་དེར་ཞལ་སྦྱོར་ཙཀླི་བཙུགས། །མེད་ན་མར་རྒྱན་ཧཱུྃ་ནག་བྷོ་སྔོན་བྲི། །གཞི་གཙང་སྟེང་དུ་ནས་ཀྱི་པདྨ་


CMR028_Page_0486
[མ་དཔེ་གཟིགས་ན་འདིར་གནོན།]

ནི། །འདབ་བཅུའི་དབུས་སུ་མཉྫིའི་སྟེང་དུ་བཞག །རྩེ་ལ་དར་གདུགས་སེར་པོ་བཙུག་པར་བྱ། །དེ་ཉིད་དང་པོ་བྲན་ནས་གསོ་མི་དགོས། །དེ་མདུན་གཏོར་མ་ཆེ་བ་བཞག་པའི་ནང་། །འབྲུ་སྣ་ཟས་ཕུད་ཤིང་ཏོག་གང་རྙེད་བླུག །གཡས་སུ་བདུད་རྩི་གཡོན་དུ་རཀྟ་དང་། །མཐའ་སྐོར་མཆོད་པ་སྣ་བདུན་བསྐོར་བཤམ་བྱ། །ཡོད་ན་མ་མགོན་གཉིས་ཀྱི་ཞལ་ཐང་དང་། །མདའ་དར་སེར་པོ་ཡང་ནི་བཤམ་པར་བྱ། །ཐུན་གཏོར་ནོར་བུའི་དབྱིབས་ཅན་འབུལ་རྒྱུ་དང་། །ཕུགས་གཏོར་ཚོགས་སོགས་སྤྱི་དང་མཐུན་པར་བཤམས། །བདུད་རྩི་བྱིན་རླབས་སྔོན་འགྲོ་གཏོར་མ་


CMR028_Page_0487
[མ་དཔེ་གཟིགས་ན་འདིར་གནོན།]

ནས། །ཕག་མོའི་བདག་བསྐྱེད་རྫོགས་པར་བྱས་ནས་བསྡུས། །དེ་ནས་མགོན་པོ་མཚལ་སེར་གང་རིགས་ཀྱི། །མངོན་རྟོགས་ཚར་གཅིག་བཏོན་པ་དེ་ཉིད་ཀྱི། །བདག་མདུན་དུས་གཅིག་སོ་སོར་དམིགས་པ་སྒོམ། །དེ་ནི་པཀྵིའི་དགོངས་པ་འཁྲུལ་མེད་དེ། །རྙིང་མའི་ལུགས་ཡིན་མི་འཐད་མི་དགོངས་འཚལ། །དེ་ནས་སྤྱན་འདྲེན་མཆོད་བསྟོད་བསྙེན་པའི་བར། །མཚལ་སེར་གང་བྱེད་གཞུང་ལྟར་བཏོན་པའི་རྗེས། །བདག་མདུན་མགོན་པོ་གཉིས་ཀྱི་ཐུགས་ཀ་རུ། །ནོར་བུ་རིན་ཆེན་འོད་དུ་འབར་བའི་ནང་། །ཟླ་སྟེང་ཧཱུྃ་ཡིག་མཐིང་ནག་མཐའ་མ་ལ། །ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡ་ཧཱུྃ། བདག་ལ་རཏྣ་སིདྡྷི་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་གཡས་སུ་འཁོར་བ་དང་། །ལྷ་མོའི་ཐུགས་ཀར་ཉི་སྟེང་ཧཱུཾ་སྔོན་མཐར། །ཨོཾ་མ་ཧཱ་ཀཱ་ལི་དེ་ཝི་ཡེ་ཧཱུྃ། བདག་ལ་རཏྣ་སིདྡྷི་སྭཱ་ཧཱ། ཞེས་པའི་སྔགས་ཕྲེང་གཡོན་དུ་འཁོར་བ་སྟེ། །ཁྱད་པར་བདག་བསྐྱེད་ཐུགས་ཀའི་ནོར་བུའི་རྩེར། །ཡི་དམ་དམ་ནི་ལེགས་ལྡན་ཚོན་གང་སྒོམ། །བདག་མདུན་མ་མགོན་ནག་པོ་བཅུ་དྲུག་གིས། །དར་ནག་བེར་དང་རིན་ཆེན་སྣ་ཚོགས་ཀྱིས། །དྲྭ་བ་དྲྭ་ཕྱེད་བྲོབ་བེར་ཡོད་པར་བསྒོམ། །གཙོ་འཁོར་ཀུན་ལ་ནོར་བུའི་


CMR028_Page_0488
[མ་དཔེ་གཟིགས་ན་འདིར་གནོན།]

དབུ་རྒྱན་དང་། །དར་དང་རིན་ཆེན་སྣ་ཚོགས་རྒྱན་གྱིས་བཀླུབ། །ཁྱད་པར་ཤར་ལྷོའི་མགོན་པོའི་འཁོར་དུ་ནི། །ནོར་ལྷ་མཆེད་བརྒྱད་རྟ་སྔོན་ཆིབས་པས་བསྐོར། །བྱང་གི་མགོན་པོའི་འཁོར་དུ་གནོད་སྦྱིན་ཚོགས། །ནོར་ལྷ་བྱེ་བ་བདུན་འབུམ་བསྐོར་བར་དམིགས། །དེ་ནས་སེམས་བསྐྱེད་ཡིད་ལ་བསམ་བྱ་སྟེ། །འགྲོ་བ་ཀུན་གྱི་དབུལ་ཕོངས་སྡུག་བསྔལ་བསལ། །བདག་ཀྱང་སྦྱིན་པའི་ཕ་རོལ་ཕྱིན་རྫོགས་ཕྱིར། །འདི་ཉིད་སྒྲུབ་སྙམ་ཁ་ཞེ་མེད་པར་བྱ། །རང་དོན་བསམ་ན་འགྲུབ་པར་མི་འགྱུར་རོ། །དེ་ནས་བདག་མདུན་གཙོ་བོའི་འོད་ཟེར་གྱིས། །གཙོ་འཁོར་ཀུན་ཁྱབ་བཀྲག་དང་གཟི་མདངས་རྒྱས། །གཙོ་འཁོར་ཀུན་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །རང་རང་གནས་དང་ཁྱད་པར་བྱང་གི་ཕྱོགས། །ལྕང་ལོ་ཅན་གྱི་ཕོ་བྲང་དམ་པ་ནས། །རྣམ་སྲས་འཛམ་ལྷ་ནོར་ལྷ་མཆེད་བརྒྱད་དང་། །གནོད་སྦྱིན་བྱེ་བ་བདུན་དང་འཁོར་ཚོགས་བྱོན། །ཉི་མའི་དཀྱིལ་ནས་དཔལ་རབ་འཆང་བ་དང་། །ཨོ་རྒྱན་བྲག་རིའི་རྩེ་ནས་ཤ་བ་རི། །དཔག་མེད་བྱོན་ནས་རང་རང་སྐུ་ལ་ཐིམ། །དེ་ལྟར་བསྒོམ་ཞིང་དེ་ཝ་རཀྟའི་སྔགས། །བརྒྱའམ་ཡང་ན་ཉེར་གཅིག་ཙམ་ཞིག་


CMR028_Page_0489
[མ་དཔེ་གཟིགས་ན་འདིར་གནོན།]

བཟླས། །དེ་ནས་བདག་མདུན་གཙོ་བོའི་འོད་ཟེར་གྱིས། །ནུབ་བྱང་མཚམས་ཀྱི་མགོན་པོ་ལ་ཕོག་པས། །དེ་ལས་རང་འདྲའི་སྤྲུལ་པ་གྲངས་མེད་འཕྲོས། །གོད་འདྲེ་བསེ་རག་ཐམས་ཅད་བསྐྲད་པར་བསྒོམ། །གཞུང་གི་ཧེད་ནིས་སྔགས་ཀྱི་མཇུག་དེ་རུ། །གནོད་བྱེད་གོད་འདྲེའི་ཙིཏྟ་བཾ་ཙིཏྟ་སྲིད། །ཅེས་པ་བརྒྱའམ་ཉེར་གཅིག་ཆོག་པ་སྟེ། །གོད་ཁ་ཆེ་ན་དེ་ཉིད་ཅི་མང་བཟླས། །སླར་ཡང་བདག་མདུན་གཙོ་བོའི་འོད་ཟེར་གྱིས། །འཁོར་རྣམས་ཀུན་གྱི་སྲོག་སྙིང་བཅུད་བསྡུས་ཏེ། །བདག་ལ་ཐིམ་པས་ནོར་གྱི་དངོས་གྲུབ་ཐོབ། །འཁོར་རྣམས་ཀུན་ལས་སྤྲུལ་པའི་ཕོ་ཉ་ནི། །རང་འདྲ་དཔག་མེད་འཇིག་རྟེན་ཁྱབ་པར་འཕྲོས། །ཁམས་གསུམ་རིགས་དྲུག་སེམས་ཅན་ཐམས་ཅད་ཀྱི། །བཅུད་དང་དངོས་གྲུབ་འོད་ཟེར་གསེར་མདོག་གི །རྣམ་པར་བསྡུས་ནས་བདག་ལ་སིབ་སིབ་ཐིམ། །ཆོས་སྐྱོང་སྤྱི་ཡི་གཏོར་མའི་ལས་རྒྱུད་ལས། །ཤཱ་ས་ན་འདི་ཆོས་སྐྱོང་སྤྱི་ཡི་སྔགས། །ཕྲིན་ལས་གང་འདོད་འདི་ཡིས་འགྲུབ་གསུངས་པས། །ཤཱ་ས་ན་ལ་བརྒྱའམ་ཉེར་གཅིག་བཟླས། །དེ་མིན་འདི་ཡི་བསྙེན་པ་ཡིན་པ་སྟེ། །དེ་ནས་འདི་ཡི་དངོས་གྲུབ་ལེན་ཆོག་འདོན། །བདག་དང་མདུན་


CMR028_Page_0490
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་མ་མགོན་ཡབ་ཡུམ་དང་། །ནག་པོ་བཅུ་དྲུག་ཀུན་གྱི་བེར་ནག་ལ། །གསེར་གྱི་གཡུང་དྲུང་རིས་ལྡན་དགུ་བརྩེགས་ཀྱི། །སུལ་ནས་རིན་ཆེན་སྣ་ཚོགས་ཆར་ཆེན་འབེབས། །འགྲོ་བ་ཀུན་གྱི་དབུལ་ཕོངས་ཞི་བར་བྱས། །ཁྱད་པར་རང་གི་གནས་དང་ཁང་ཁྱིམ་སོགས། །ནོར་བུའི་ཚོགས་ཀྱིས་ཕྱུར་བུར་གང་བ་ཡི། །གང་འདོད་དངོས་གྲུབ་ལྷུན་གྱིས་གྲུབ་པར་བསྒོམ། །དངོས་གྲུབ་ལེན་སྔགས་སྔགས་འབྲུ་ཉེར་གཉིས་པ། །སྟོང་ཕྲག་ཡན་ཆད་ཅི་མང་བཟླ་བར་བྱ། །དེ་ནས་ཐུན་གཏོར་དཀར་དམར་རྒྱན་ལྡན་བཤམས། །གཞུང་གི་ཐུན་གཏོར་བཀུག་གཞུག་དེ་ཡི་མཇུག །བྱད་མ་རྦོད་གཏོང་ཞེས་པ་དེ་ཡི་མཚམས། །གོད་འདྲེ་གོད་སྲི་ཞེས་པ་འཛུད་པར་བྱ། །བྱང་ཕྱོགས་དུར་ཁྲོད་མ་ཡི་བསྐུལ་རིང་དང་། །ཡེ་ཤེས་དབྱིངས་མ་གཉིས་པོ་འདོན་པར་བྱ། །འདི་གཉིས་ཕྲིན་ལས་རྣམ་བཞི་གང་འདོད་ཀྱང་། །འགྲུབ་པར་འགྱུར་ཞེས་ཀརྨ་པཀྱིས་གསུངས། །དེ་ལྟར་གཏོར་མ་ཕུལ་བའི་ལས་སྦྱོར་ཏེ། །ཐུན་གཏོར་ཕྱི་རུ་མི་འབུལ་དཀྱིལ་འཁོར་མདུན། །རིམ་པ་བཞིན་དུ་བསྒྲིགས་ནས་བཞག་པར་བྱ། །དེ་ནས་མདུན་དུ་ས་ལ་གྲུ་གསུམ་བྲི། །དེ་སྟེང་གཏོར་སྣོད་


CMR028_Page_0491
[མ་དཔེ་གཟིགས་ན་འདིར་གནོན།]

སྦུབ་སྟེང་རྡོ་རྗེ་བཞག །ས་གཞི་ལྕགས་མཁར་གྲུ་གསུམ་མེ་འབར་ནང་། །གནོད་བྱེད་གོད་འདྲེ་བསེ་རག་མངོན་སུམ་གསལ། །གཏོར་སྣོད་སུམ་ལས་སྐྱེས་པའི་རི་རབ་སྟེང་། །རྡོ་རྗེ་ཧཱུཾ་ལས་སྣ་ཚོགས་རྡོ་རྗེས་མནན། །རིམ་དགུ་ས་ཡི་འོག་སོང་ཐལ་མེད་སྒོམ། །གཞུང་གི་རྟ་བྲོ་ཚར་གཅིག་འདོན་པའི་རྗེས། །གཏོར་སྣོད་ཡར་ཟེད་ནང་དུ་ནས་འབྲུ་བཏབ། །གང་གྱུར་ཅིག་སོགས་ཤོ་ལོ་ཀ་དེ་བརྗོད། །དེ་ནས་ཐུན་མཚམས་བྱ་བ་གང་དགོས་བསྒྲུབ། །དེ་ལྟར་སྔ་དྲོ་ཉིན་གུང་དགོང་མོ་དང་། །སྲོད་དང་ཐུན་བཞིར་ཉམས་སུ་ལེན་བྱ་སྟེ། །ཐུན་ནི་བཞི་ཀར་གསོལ་ཁ་རྒྱས་པར་དགོས། །གསོལ་ཁ་འདོན་ཚེ་གསོལ་ཁའི་དམིགས་པ་ནི། །རང་གི་ཐུགས་ལས་འོད་ཟེར་ཕྱོགས་བཅུར་འཕྲོས། །སངས་རྒྱས་བྱང་སེམས་ཀུན་གྱི་བྱིན་རླབས་དང་། །ཁྲོ་བོ་ཁྲོ་མོ་ཀུན་གྱི་མཐུ་སྟོབས་དང་། །བདུད་དང་ལྷ་འདྲེ་ཀུན་གྱི་སྟོབས་གཟི་བརྗིད། །ལྷ་ཀླུ་མི་ཡི་ཚེ་བསོད་དཔལ་འབྱོར་རྣམས། །འོད་ཟེར་ཁ་དོག་སྣ་ཚོགས་རྣམ་པ་རུ། །བསྡུས་ནས་མདུན་གྱི་གཙོ་བོ་རྣམས་ལ་བསྟིམ། །དཔེར་ན་མེ་དཔུང་ནང་ན་ཤིང་བསྣན་ལྟར། །བཀྲག་མདངས་གཟི་བརྗིད་ཀུན་ཀྱང་ཇེ་ཆེར་གྱུར། །དམིགས་པ་ལྔ་


CMR028_Page_0492
[མ་དཔེ་གཟིགས་ན་འདིར་གནོན།]

བདུན་བཅུ་གཅིག་བར་དུ་ཝིག །ཆོས་སྐྱོང་ནུས་པ་ཉམས་པ་སོས་པར་བཤད། །དུས་ནི་ཞག་པོ་ལྔ་བདུན་དགུ་སོགས་བསྒྲུབས། །འདོན་མི་མང་ན་ཞག་པོ་ཉུང་ཡང་རུང་། །དངོས་རྟོགས་སྒྲུབ་པ་མེད་པར་ཟས་ནོར་འདུ། །མ་ཟོས་ན་ཡང་མི་ལྟོགས་དང་ཁ་མེར། །གཏོར་མ་བཀྲག་བཟང་ནང་མཆོད་ཁོལ་ལམ་འཕྱུར། །དགུན་ཁ་ཡིན་ན་ཡོན་ཆབ་ཆབ་བྲལ་འཕྱུར། །ཉམས་དང་རྨི་ལམ་ཟང་ཟིང་འདུ་འཚོགས་ཆེ། །ཚོང་པ་རྟ་ཁྱུ་ནོར་ཁྱུ་ཚུར་ལ་བྱུང་། །ལོ་ལེགས་འབྲུ་ཡི་ཕུང་པོ་མང་པོ་མཐོང་། །རྩ་ཤིང་ལྕི་ལུད་མང་པོ་སྤུང་བ་དང་། །རང་ལ་མཛེ་བྱུང་མི་རོ་བཤས་རྨིས་བཟང་། །ཚོང་དཔོན་སྐྱེས་ཕྲན་བུད་མེད་མཛེས་མ་ཡིས། །དཀར་གསུམ་རྩྭ་སྔོན་རིན་ཆེན་བྱིན་རྨིས་འགྲུབ། །ཁྲིར་འདུག་གོས་བཟང་གྱོན་རྨིས་དཔལ་འབྱོར་འཕེལ། །ཁྲོམ་འདུ་དར་ཕྱར་དུང་འབུད་སྙན་གྲགས་འབྱུང་། །རྨི་ལམ་འཁྲུལ་པ་ཡིན་པས་མི་བདེན་ཀྱང་། །རྩེ་གཅིག་སྒྲུབ་ཚེ་རྟགས་ཅན་རྨི་ལམ་ནི། །འབྲས་བུ་དངོས་སུ་འབྱུང་བར་རྒྱུད་གཞུང་གསལ། །དེ་ལྟར་མ་མགོན་ནོར་སྒྲུབ་འདི་ཉིད་ལ། །གཞུང་བྱས་སྔགས་དང་དམིགས་པའི་བསྒྱུར་ཁ་ཡི། །ལས་ཚོགས་ཕྲན་བུ་ཞོར་ལ་སྒྲུབ་


CMR028_Page_0493
[མ་དཔེ་གཟིགས་ན་འདིར་གནོན།]

འདོད་ན། །ཐུན་གཏོར་མ་ཕུལ་བ་ཡི་གོང་དེ་རུ། ༈ །དང་པོ་རྟ་ཡི་གོད་གཅོད་བྱ་བ་ནི། །རྟ་ལྷ་དཔལ་ལྡན་ཨརྱ་རེ་མནྟ། །དཔལ་རབ་འཆང་གཉིས་དོན་གཅིག་མིང་གི་གྲངས་། །བདག་མདུན་གཙོ་བོའི་ཐུགས་ཀའི་འོད་ཟེར་གྱིས། །ཤར་གྱི་མགོན་པོ་ལ་ཕོག་དེ་ཉིད་ཀྱིས། །རང་འདྲའི་ཕོ་ཉ་འཇིག་རྟེན་ཁྱབ་པར་སྤྲོས། །རྟ་གཡང་ཀུན་བསྡུས་རང་གི་རྟ་ལ་བསྟིམ། །རྟ་ལ་གནོད་བྱེད་ཐམས་ཅད་མཐར་བསྐྱེད་ནས། །འོད་ཀུན་རྟ་ལ་ཐིམ་པས་གོད་གཅོད་སྒོམ། །མ་མགོན་གསུང་གི་སྙིང་པོའི་སྔགས་ཤམ་དུ། །ཨརྱ་རེ་མན་གྷོ་ར་ཟློར༔ ཞེས་པ་བརྒྱ་སྟོང་ཅི་འགྲུབ་བཟླ་བར་བྱ། ༈ །ནོར་ཕྱུགས་བེལ་ལུག་གོད་ཁ་གཅོད་འདོད་ན། །བདག་མདུན་གཙོ་བོའི་ཐུགས་ཀའི་འོད་ཟེར་ལས། །ནུབ་བྱང་མགོན་པོ་ལ་ཕོག་དེ་ཉིད་ལས། །རང་འདྲ་སྤྲུལ་པའི་ཕོ་ཉ་དཔག་མེད་སྤྲོས། །གོད་འདྲེ་མཐར་བསྐྲད་འོད་ཟེར་བེའུ་ལུག་ཐིམ། །གོད་ཁ་གཅོད་ཅིང་བེའུ་ལུག་ལ་ཐིམ། །གོད་ཁ་གཅོད་ཅིང་བེའུ་ལུག་བསྲུང་བར་བསྒོམ། །རྩ་སྔགས་ཤམ་བུར་འདི་ཉིད་བརྒྱ་སྟོང་བཟླས། །པཎ་ཤ་ཝ་རི་སརྦ་བཱ་སུ་རཀྵ། ༈ །རྟ་ནོར་སྒབ་ཟོས་འཕེལ་ཁ་ཆེ་འདོད་ན། །བདག་མདུན་འོད་


CMR028_Page_0494
[མ་དཔེ་གཟིགས་ན་འདིར་གནོན།]

ཟེར་ཤར་ལྷོའི་མགོན་པོ་བསྐུལ། །རང་འདྲའི་ནོར་ལྷ་མཆེད་བརྒྱད་འཁོར་དང་བཅས། །དཔག་མེད་སྤྲུལ་ནས་འཇིག་རྟེན་ཐམས་ཅད་ཀྱི། །ཕྲུ་གཡང་དངོས་གྲུབ་ཀུན་འདུས་རང་ཉིད་དང་། །ནོར་ཕྱུགས་ལ་ཐིམ་དམིགས་ཤིང་རྩ་སྔགས་མཐོར། །ཛམྦྷ་ལ་སརྦ་བཱ་སུ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ༈ །ཆོས་སྲིད་དབང་ཐང་བསོད་ནམས་འཕེལ་འདོད་ན། །གཙོ་བོའི་འོད་ཀྱིས་བྱང་ཕྱོགས་མགོན་པོ་བསྐུལ། །རང་འདྲའི་གནོད་སྦྱིན་བྱེ་བ་དུང་ཕྱུར་རྣམས། །མདུང་དར་དམར་པོ་ཕྱར་ཞིང་འཇིག་རྟེན་གང་། །རང་གི་ཆོས་སྲིད་དབང་ཐང་སྤེལ་བའི་ཕྱིར། །ཕྲིན་ལས་ཤིག་ཤིག་ཡཾ་ཡཾ་བསྒྲུབ་པར་སྒོམ། །རྩ་སྔགས་ཤམ་ལ་འདི་བཏགས་ཅི་ནུས་བཟླས། །བེ་ཤ་ཝ་ཎ་ཡེ་པུཎྱ་པུཊྚི་ཀུ་རུ་ཡེ་སྭཱ་ཧཱ། ༈ །དབང་སྡུད་འདོད་ན་གཙོ་བོའི་འོད་ཟེར་གྱིས། །ཤར་གྱི་ལྷ་ཆེན་ནུབ་ཀྱི་མགོན་པོ་བསྐུལ། །དེ་ལས་འོད་ཟེར་གློག་ཞགས་ལྟ་བུ་འཕྲོས། །གང་འདོད་དབང་དུ་སྡུད་ལ་བདག་ལ་བསྟིམ། །རྩ་སྔགས་ཤམ་དུ་འདི་བཏགས་ཅི་འགྲུབ་བཟླས། །མ་ཧཱ་དེ་ཝ་སརྦ་ལོ་ཀ་པཱ་ལ་པ་ཤཾ་ཀུ་རུ་ཡེ་སྭཱ་ཧཱ། ༈ དེ་དག་ཐམས་ཅད་སྦྱར་རམ་གང་འདོད་རུང་། །དེ་ལྟར་སྔགས་དམིགས་


CMR028_Page_0495
[མ་དཔེ་གཟིགས་ན་འདིར་གནོན།]

ཐམས་ཅད་བསྒྲུབ་པར་བརྩི། །དེ་བཞིན་སྒྲུབ་པ་མ་རྫོགས་བར་དུ་ནི། །རྗེས་ཆོག་མི་བྱ་མདུན་བསྐྱེད་མི་གཤེགས་བཞུགས། །བདག་བསྐྱེད་སྟོང་པར་བསྡུ་སོགས་མི་དགོས་ཏེ། །སྒོམ་མཁན་ངོ་བོར་བལྟས་པས་སྟོང་པ་དངོས། །དེ་ནས་སྒྲུབ་པ་གྲོལ་ཁའི་ཞོགས་པ་ལ། །དངོས་གྲུབ་ལེན་ཆོག་དེ་ཉིད་འདོན་བཞིན་དུ། །སྒྲུབ་གཏོར་རང་གི་གནས་གསུམ་དུ་གཏུགས་པས། །སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐོབ། །གཞུང་ལྟར་སྐུ་དང་སྔགས་ཕྲེང་ཕྱག་མཚན་རྣམས། །འཕྲོས་ནས་རང་གི་གནས་གསུམ་ཐིམ་པར་བསྒོམ། །མདུན་བསྐྱེད་གཏོར་མའི་ལྷ་རྣམས་ནམ་མཁར་བཏེག །གཏོར་མ་དེ་ཉིད་བྲན་ལ་མཚལ་མ་འདོན། །དེ་ནས་རྗེས་ཆོག་གཞུང་ལྟར་བྱས་ལ་གྲོལ། །གཞུང་ལྟར་བསང་བཏང་མངའ་གསོལ་བྱེད་པའི་ཚེ། །གཏོར་མའི་ཕུད་རྣམས་བསང་གི་ནང་དུ་མཆོད། །ལྷག་མ་ཕྱི་ལ་མི་འཁྱར་དངོས་གྲུབ་བཟའ། །མདའ་དར་མེད་པར་མི་བྱ་རྟེན་དུ་འཆང་། །འདི་ནི་ནོར་ལྷའི་མཆོག་གྱུར་ནོར་བུ་འདྲ། །འཛམ་གླིང་དབང་སྡུད་དངོས་གྲུབ་ཆར་ལྟར་འབེབས། །འདི་འདྲ་གཞན་ལ་མེད་ཅེས་པཀཱིས་གསུངས། །འཕགས་པའི་ས་ཐོབ་རྣམས་ནི་མ་གཏོགས་པ། །


CMR028_Page_0496
[མ་དཔེ་གཟིགས་ན་འདིར་གནོན།]

མི་ལུས་ཐོབ་ཚད་བསམ་མནོ་འཕྲོད་ཙམ་ན། །བསྒྲུབ་རྒྱུའི་གཙོ་བོ་ཟས་ནོར་ལོངས་སྤྱོད་ལགས། །སྡིག་པ་ཀུན་དང་བསྡོམས་ནས་བསྒྲུབས་ལགས་ཀྱང་། །སྦྱིན་འབྲས་མེད་ན་མི་འགྲུབ་དབུལ་ཕོངས་དང་། །འདི་ནི་ཡིད་བཞིན་ནོར་བུ་རིན་ཆེན་ཏེ། །བསོད་ནམས་ལྡན་ན་མངའ་ཐང་དགུང་དང་མཉམ། །བསོད་ནམས་དམན་ཀྱང་འདི་ལ་འབད་པ་ན། །དབུལ་ཕོངས་སྡུག་བསྔལ་མི་འབྱུང་ལོངས་སྤྱོད་ལྡན། །སྐྱེ་བ་ཀུན་ཏུ་ལོངས་སྤྱོད་ལྡན་གྱུར་ན། །སྦྱིན་པའི་ཕར་ཕྱིན་རྫོགས་ནས་མངོན་འཚང་རྒྱ། །ཚེ་འདིར་དཔལ་འབྱོར་ལོངས་སྤྱོད་ཐམས་ཅད་ནི། །གསོད་སར་ཁྲིད་པའི་གཤེད་མའི་དགའ་སྟོན་བཞིན། །ཞེན་པ་གཏིང་ནས་ལོག་པ་མིན་ན་ནི། །རྒྱ་འགྲོ་དབུས་སྐོར་སོ་ནམ་ཁེ་སྐྱེད་སྐྱུར། །སྒྲུབ་པ་འདི་ལ་རྩེ་གཅིག་འབད་པར་རིགས། །དར་རྒྱས་མཚན་འཆོང་བདུད་མོ་བླ་མ་ཡིས། །བསྐུལ་ཕྱིར་དགེ་སློང་རཱ་ག་ཨ་སྱ་ཡི། །མགོན་པོའི་དགུ་ཆེན་དགུ་གཏོར་ཆེན་པོའི་ཉིན། །ངག་མཚནས་སྨྲས་ལྟར་བརྩོན་འགྲུས་ཞེས་བྱས་བྲིས། །ཉེས་འགལ་མཆིས་ན་ལྷ་དང་སྲུང་མར་བཤགས། །དགེ་བས་བསྟན་པ་འཛིན་པའི་སྐྱེས་བུ་རྣམས། །འཁོར་ལོས་སྒྱུར་ལྟ་བུར་འབྱོར་


CMR028_Page_0497
[མ་དཔེ་གཟིགས་ན་འདིར་གནོན།]

ལྡན་ཤོག །མངྒ་ལཾ།། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམ་མགོན་ལྕམ་དྲལ་གྱི་ནོར་སྒྲུབ་རིན་ཆེན་བསམ་འཕེལ།next