Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མགོན་པོའི་སྲུང་འཁོར་གྱི་དམིགས་རིམ་ཟབ་མོའི་མན་ངག་བསྲུང་བ་རྡོ་རྗེའི་གོ་ཁྲབ་བི་ཛ་ཧ་རཾ།
   
   
   
   
   
   
   
   
   
   
   
   
   
   


 
previousམགོན་པོའི་སྲུང་འཁོར་གྱི་དམིགས་རིམ་ཟབ་མོའི་མན་ངག་བསྲུང་བ་རྡོ་རྗེའི་གོ་ཁྲབ་བི་ཛ་ཧ་རཾ།next

མགོན་པོའི་སྲུང་འཁོར་གྱི་དམིགས་རིམ་ཟབ་མོའི་མན་ངག་བསྲུང་བ་རྡོ་རྗེའི་གོ་ཁྲབ་བི་ཛ་ཧ་རཾ།


CMR028_Page_0498
[མ་དཔེ་གཟིགས་ན་འདིར་གནོན།]

མགོན་པོའི་སྲུང་འཁོར་གྱི་དམིགས་རིམ་ཟབ་མོའི་མན་ངག་བསྲུང་བ་རྡོ་རྗེའི་གོ་ཁྲབ་བི་ཛ་ཧ་རཾ།།


CMR028_Page_0499
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་ཛྙཱ་ན་ནཱ་ཐ་ཡེ། ཡེ་ཤེས་མགོན་པོའི་ཚོགས་ལ་ཕྱག་འཚལ་ལོ། །མགོན་པོའི་སྲུང་འཁོར་ཟིན་བྲིས་ཅུང་ཟད་བྲི། །བཀའ་ཡི་གནང་བ་སྩོལ་ལ་བྱིན་གྱིས་རློབས། །སྲུང་འཁོར་འདི་ལ་རྒྱས་བསྡུས་མི་འདྲ་གསུམ། །བསྡུས་པ་འདི་ཉིད་སྟབས་བདེ་དོན་འདུས་ཕྱིར། །དཀོན་མཆོག་འབངས་ཀྱིས་ཚིགས་བཅད་འདོན་བདེར་མཛད། །པར་དུ་འཁོད་པ་འདི་ཉིད་འགྲོ་དོན་ཆེ། །འོན་ཀྱང་སྔགས་ལ་འཁྲུགས་དང་གབ་སྐུང་ཆེ། །དེ་དག་ཇི་བཞིན་ཞལ་ཁྲིད་མི་ལྡན་ན། །ཅི་འགྱུར་ཆ་མེད་དུག་དང་སྨན་བསྲེས་འདྲ། །ཚིག་ཉུང་དོན་མང་ཤིན་ཏུ་རྟོགས་པར་དཀའ། །


CMR028_Page_0500
[མ་དཔེ་གཟིགས་ན་འདིར་གནོན།]

འདི་ཉིད་ཉམས་སུ་ལེན་པའི་ཐབས་བསྟན་པ། །སྒྲུབ་པའི་ལུགས་དང་རྒྱུན་ཁྱེར་རྣམ་པ་གཉིས། །སྒྲུབ་ན་མགོན་པོ་མཚལ་སེར་འདོན་པའི་ཆས། །གཏོར་མ་མཆོད་པ་ཐམས་ཅད་གཞུང་ལྟར་བཅའ། །སྲུང་འཁོར་ཁོ་ན་མ་རྟོགས་མི་འདོན་ན། །ཐུན་བཞིར་དམར་གཏོར་འབུལ་རྒྱུ་བཅའ་བས་འཐུས། །རྒྱས་པར་དང་པོ་ཕག་མོ་ལ་སོགས་པ། །རང་གི་ཡི་དམ་གང་ཡིན་བདག་བསྐྱེད་འདོན། །དེ་ནས་ཐུན་བསྡུ་སྟོང་པར་བྱས་པའི་རྗེས། །སྲུང་འཁོར་འདི་ཉིད་གཞུང་ལྟར་འདོན་བསྒོམ་སྦྲག །འདི་ལ་བསྙེན་པ་ལས་ཚོགས་གསུམ་ཀ་ཚང་། །དང་པོ་བསྙེན་པའི་སྔགས་


CMR028_Page_0501
[མ་དཔེ་གཟིགས་ན་འདིར་གནོན།]

གསུམ་སྦྲེལ་བ་ནི། །ཕྲལ་ནས་སྔགས་དང་དམིགས་པ་སྦྲུགས་པ་ཟབ། །ལེགས་ལྡན་འདི་ལ་རིགས་གསུམ་ཡོད་པ་སྟེ། །ཡེ་ཤེས་ལེགས་ལྡན་སྤྱན་རས་གཟིགས་ཁྲོས་པ། །ཟ་མ་ཏོག་གི་མདོ་ལས་སྤྱན་རས་གཟིགས། །ནག་པོ་ཆེན་པོས་འདུལ་བའི་སེམས་ཅན་ལ། །ནག་པོ་ཆེན་པོའི་གཟུགས་ཀྱི་ཆོས་སྟོན་ཏེ། །ཞེས་གསུངས་དེ་བཞིན་ལེགས་ལྡན་རྒྱུད་བསྟོད་ལས། །མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་གསུངས། །ལས་ཀྱི་ལེགས་ལྡན་མ་ཊྭཱཾ་རུ་ཊ་སྟེ། །རྟ་མགྲིན་གྱིས་ནི་རུ་ཊ་བཏུལ་བའི་ཚེ། །རྣམ་ཤེས་དགེ་བསྙེན་ལེགས་ལྡན་ནག་པོར་གྱུར། །བསྐལ་པ་འདི་ཡི་སངས་རྒྱས་བསྟན་པ་སྲུངས། །མ་འོངས་ཐལ་བས་ཁེབས་པའི་འཇིག་རྟེན་དུ། །ཐལ་བའི་དབང་པོ་ཞེས་བྱར་སངས་རྒྱས་གསུངས། །འཇིག་རྟེན་ལེགས་ལྡན་ལྷ་ཆེན་བརྒྱད་ཀྱི་གྲངས། །ལེགས་ལྡན་སྨུག་ནག་ཕྱག་ན་བེང་ཆེན་བསྣམས། །གསུངས་པ་དེ་མིན་གསུམ་པོ་ཐ་དད་ཏེ། །ས་ལམ་མཐོ་དམན་ཁྱད་པར་ཡོད་ན་ཡང་། །ཡེ་ཤེས་པ་དེས་གཉིས་པོ་བྱིན་བརླབས་པས། །བྱིན་གྱིས་བརླབས་པའི་སྤྲུལ་པ་ཡིན་པའི་ཕྱིར། །མིང་དང་ཆ་ལུགས་ཕྲིན་ལས་གཅིག་པ་ཡིན། །དེ་ཕྱིར་མགོན་པོ་ཡོངས་ཀྱི་


CMR028_Page_0502
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་སྒྲུབ་དང་། །མགོན་པོ་སྐོར་གསུམ་མན་ངག་ཅེས་ཀྱང་གསུངས། །བེར་ནག་ཅན་སོགས་མགོན་ཆེན་བཞི་པོ་ཀུན། །ལས་ཀྱི་ལེགས་ལྡན་འདི་ཡི་སྲས་ཡིན་པས། །མགོན་པོ་ཡོངས་ཀྱི་ཕ་རྒན་ལེགས་ལྡན་དང་། །བེར་ནག་ཅན་ལ་སྲས་མཆོག་ནག་པོ་ཟེར། །བདུད་རྒྱལ་ཏྲཀཱད་ཕྱོགས་སྐྱོང་བཅུ་ལ་སོགས། །བདུད་རིགས་ལྷ་སྲིན་སངས་རྒྱས་བསྟན་སྲུང་ཀུན། །ཡེ་ཤེས་པ་དེས་དམ་བཏགས་བྱིན་གྱིས་བརླབས། །ཕྲིན་ལས་བསྒྲུབ་ཕྱིར་འཇིག་རྟེན་མགོན་པོ་ཟེར། །ཆ་ལུགས་མ་ངེས་ཕལ་ཆེར་གཙོ་དང་མཚུངས། །སྔགས་དང་དམིགས་པ་ཁྱད་པར་ཆེ་བ་ཡི། །རང་ཉིད་ལེགས་ལྡན་ཐུགས་ཀར་པད་ཉིའི་སྟེང་། །ཧཱུྃ་ཡིག་མཐིང་ནག་མེ་དཔུང་འབར་བའི་མཐར། །སྔགས་གསུམ་སྦྲེལ་མ་གཡས་སུ་འཁོར་བ་ལས། །འོད་ཟེར་སྨུག་ནག་སངས་རྒྱས་ཞིང་ཀུན་ཁྱབ། །སྤྱན་རས་གཟིགས་སོགས་དུས་གསུམ་སངས་རྒྱས་དང་། །སེམས་དཔའ་བླ་མ་ཡི་དམ་མཁའ་འགྲོ་མཆོད། །ཐམས་ཅད་ཐུགས་མཉེས་ལེགས་ལྡན་སྐུར་གྱུར་ཏེ། །ཆར་བཞིན་བབས་ནས་རང་ལ་ཐིམ་བསྒོམ་ཞིང་། །དང་པོ་ཡིག་འབྲུ་བཅུ་པ་བརྒྱ་སྟོང་དང་། །སླར་ཡང་འོད་འཕྲོས་ཕྱོགས་བཅུའི་ཞིང་


CMR028_Page_0503
[མ་དཔེ་གཟིགས་ན་འདིར་གནོན།]

བཞུགས་པའི། །ཁྲོ་བོ་ཁྲོ་མོ་དཔའ་བོ་མཁའ་འགྲོ་དང་། །ལས་ཀྱི་མགོན་པོ་ཀུན་ལ་འོད་དེས་མཆོད། །ཐམས་ཅད་མགོན་པོ་ལེགས་ལྡན་སྐུར་གྱུར་ནས། །བུ་ཡུག་འཚུབ་བཞིན་བྱོན་ནས་བདག་ལ་ཐིམ། །མཐུ་སྟོབས་ནུས་པ་ཇེ་ཆེར་འབར་བསྒོམ་ཞིང་། །སྔགས་འབྲུ་བཅུ་དྲུག་པ་དེ་བརྒྱ་སྟོང་བཟླས། །སླར་ཡང་འོད་ཟེར་སྨུག་ནག་དཔག་མེད་པ། །འཇིག་རྟེན་ཁམས་ཀུན་ཁྱབ་པར་འཕྲོས་པ་ཡིས། །འཇིག་རྟེན་ཁམས་ཀྱི་ལྷ་སྲིན་ཐམས་ཅད་ཀྱི། །སྲོག་སྙིང་མཐུ་སྟོབས་ནུས་པ་འོད་དེས་བསྡུས། །རང་ལ་ཐིམ་པས་མཐུ་སྟོབས་ཐོགས་མེད་ཅིང་་། །ལྷ་སྲིན་ཀུན་གྱི་བཀའ་ཉན་གསུང་སྡོད་བསྒོམ། །སྭཱ་ཧཱ་འབྱོར་བའི་རྩ་སྔགས་བརྒྱ་སྟོང་བཟླས། །འདི་ཡི་སྲུང་འཁོར་འདི་ཡི་བསྙེན་པ་སྟེ། །ལེགས་ལྡན་སྒྲུབ་པའི་གོ་ཡང་ཆོད་པ་ཡིན། །དེ་ནས་རང་གི་ཐུགས་ཀར་ཆོས་འབྱུང་དབུས། །རང་སེམས་ཡི་དམ་གང་བསྒོམ་འདྲ་ན་ཡང་། །ཕྱག་རྡོར་སྒོམ་ན་ཤིན་ཏུ་ལེགས་པ་སྟེ། །གསར་མི་རྒྱུད་སྡེ་རྣམས་ལས་ཕྱག་རྡོར་གྱི། །དབང་ཕྱུག་ཆེན་པོ་བསྒྲལ་བའི་རྣམ་ཤེས་ནི། །འོག་ཕྱོགས་འཇིག་རྟེན་ཁམས་སུ་སངས་རྒྱས་ཤིང་། །རྣམ་ཤེས་ཆ་གཅིག་ཁོ་རང་ལུས་ལ་ཞུགས། །ཕྱག་རྡོར་


CMR028_Page_0504
[མ་དཔེ་གཟིགས་ན་འདིར་གནོན།]

གྲོགས་བྱེད་བསྟན་པ་སྲུང་བར་བཤད། །དེ་དང་རྙིང་མའི་རུ་ཊ་དོན་གཅིག་སྟེ། །ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབ་པའི་ཕྱིར། །བྱིན་རླབས་སྤྲུལ་པ་ཐུགས་རྒྱུད་གཅིག་ཏུ་གྱུར། །སྐྱེ་རྒྱུད་དབང་ཕྱུག་ཡིན་ཕྱིར་རྣོ་ལ་མྱུར། །ཙཎྜ་མ་ཧཱ་ཀཱ་ལ་ཞེས་པ་འདི། །ལས་མགོན་ལེགས་ལྡན་དེ་ཡི་སྔགས་ཡིན་ནོ། །ཐུགས་ཀར་ཕྱག་རྡོར་གསལ་བའི་ཐུགས་ཀ་རུ་། །ཧཱུཾ་མཐིང་མཐའ་ལ་ཕྱག་རྡོར་སྔགས་གཡས་བསྐོར། །ཕྱག་རྡོར་ཙཎྜ་མ་ལ་བརྒྱ་སྟོང་བསྙེན། །དེ་དོན་ཡི་དམ་ལྷ་ཡི་སྙིང་པོ་ཡང་། །མང་དུ་འདོན་པར་བྱ་ཞེས་ཡིག་རྙིང་གསལ་།དེ་ནས་རང་སེམས་ཕྱག་རྡོར་དེ་ཉིད་ཀྱིས། །གཡས་སུ་བསྲུང་བྱ་ཕོ་རིགས་ཐམས་ཅད་དང་། །དེ་བཞིན་གཡོན་དུ་བསྲུང་བྱ་མོ་རིགས་དང་། །མདུན་དང་རྒྱབ་དང་མཚམས་ནི་ཐམས་ཅད་དུ། །སྦྲ་ཁང་དཀོར་ནོར་རྟ་ཕྱུགས་ཐམས་ཅད་དེ། །ཀུན་ཀྱང་ངོ་བོ་ཁོང་རྣམས་ཡིན་པ་ལ། །རྣམ་པ་ཐམས་ཅད་ཚེ་དཔག་མེད་ཀྱི་སྐུ། །སྙིང་ཁར་ཚིགས་ལ་རང་རང་མིང་ཡིག་བསྐོར། །ཡེ་ཤེས་མགོན་པོའི་ཚོགས་ནི་སྤྲིན་ལྟར་འདུ། །བསྲུང་བྱ་རྣམས་ལ་བྱིན་གྱིས་བརླབས་མཛད་ཅིང་། །ལས་ཀྱི་ལེགས་ལྡན་ཚོགས་ནི་ཆར་ལྟར་བབས། །ཕྱི་


CMR028_Page_0505
[མ་དཔེ་གཟིགས་ན་འདིར་གནོན།]

ནང་བར་ཆད་ཐམས་ཅད་བཟློག་པར་བསྒོམ། །གོང་གི་ལེགས་ལྡན་སུམ་སྦྲེལ་སྔགས་ཀྱི་མཇུག །མ་མ་ཀ་བ་ཙི་རཀྵ་རཀྵཿ དེ་ལྟར་བསྲུང་སྔགས་དེ་ཉིད་ཡར་སྦྱར་ནས། །སྟོང་ལས་མི་ཉུང་ཅི་ནུས་འབད་དེ་བཟླས། །དེ་ནས་རྩིབས་བཅུ་ནང་གི་མགོན་པོ་སོགས། །ཀུན་གྱིས་སྲུང་སྔགས་འུར་འུར་འདོན་པར་བསྒོམ། །དེ་ནས་འཁོར་ལོ་རྩིབས་བཅུ་བསྒོམ་པ་དེ། །དཔེར་ན་སྦྱབ་ཆོལ་ཁ་སྦྱོར་ལྟ་བུ་སྟེ། །ཕྱོགས་མཚམས་རྩིབས་བརྒྱད་སྟེང་འོག་གཉིས་དང་བཅུ། །རྩིབས་ཐད་རྩིབས་ལ་མ་རེག་ཚུན་ཙམ་དུ། །སྲས་མཆོག་བཅུ་བསྒོམ་སྲུང་དུས་ཞལ་ནང་གཟིགས། །བསྡུས་པར་འཁོར་ལོ་བསྒོམ་པ་འདིས་ཆོག་སྟེ། །རྒྱས་པར་སྤྲོ་ན་འཁོར་ལོའི་ཕྱི་རོལ་དུ། །གྲི་གུག་སོ་འཐབས་གུར་དང་རྡོ་རྗེའི་གུར། །རིན་ཆེན་གུར་དང་རྒྱ་གྲམ་ཁ་གདེངས་གུར། །ཙནྡན་བེང་གི་གུར་དང་ལྔ་རིམ་རྒྱབ། །ཕྱོགས་བཅུར་ཕྱོགས་བཅུའི་མགོན་པོའི་དམག་གི་ཚོགས། །དེ་རྒྱབ་ཙནྡན་བེང་ལས་སྤྲུལ་པ་ཡི། །ལྷ་དམག་བྱེ་བ་ཕྲག་བརྒྱའི་གྲངས་ལྡན་པ། །གསེར་དངུལ་ཟངས་ལྕགས་བསེ་ཡི་ཁྲབ་རྨོག་གྱོན། །མཚོན་ཆ་སྣ་ཚོགས་ཕྱི་ལ་འཕེན་པར་བསྒོམ། །ནང་གི་འཁོར་ལོ་རྩིབས་བརྒྱད་རྩིབས་སྟེང་


CMR028_Page_0506
[མ་དཔེ་གཟིགས་ན་འདིར་གནོན།]

ན། །རང་ལ་གནོད་པ་ཆེ་བའི་དགྲ་བགེགས་རྣམས། །རང་ལ་འཚེ་བའི་ཚུལ་དུ་འདུག་པ་སྟེ། །འཁོར་ལོ་རྩིབས་བརྒྱད་རལ་གྲི་སོ་གཉིས་ཀྱི། །རྩེ་ལྟར་རྣོ་ངར་སྤུ་གྲི་ལྟ་བུ་དེ། །གཡོན་དུ་དྲག་ཏུ་འཁོར་བས་ཕུལ་ཕུལ་གཏུབ། །རང་དང་སྲས་མཆོག་བཅུ་སོགས་འཁོར་བཅས་ཀྱི། །སྐུ་ལས་བསྐལ་པའི་མེ་དཔུང་འཚུབ་ཅིང་འབར། །གཏུབས་པའི་རོ་མ་ཐམས་ཅད་རྗེས་མེད་བསྲེགས། །མེ་དཔུང་རྒྱ་ཆེན་མཆེད་ཅིང་དྲག་ཏུ་འབར། །གནོད་བྱེད་གདོན་བགེགས་ནམ་མཁའི་ཕ་མཐར་བྲོས། །སྔགས་འབྲུ་ཉེར་གཉིས་མཱ་ར་ཡ་ཅན་དེ། །བརྒྱ་སྟོང་ལ་སོགས་ཅི་འགྲུབ་བཟླས་པར་བྱ། །རང་གི་འོག་ཕྱོགས་ལྷོ་འམ་ལྷོ་ནུབ་ཕྱོགས། །ལས་ལས་གྲུབ་པའི་ལྕགས་ཁང་གྲུ་གསུམ་ནི། །རྒྱ་ཆེ་མཐིལ་ཡངས་གཏིང་ཟབ་མུན་གླིང་ནང་། །གནོད་བྱེད་དགྲ་བགེགས་མངོན་སུམ་ལྟ་བུར་གསལ། །སྤྲུལ་པའི་མགོན་པོ་རྣམས་ཀྱིས་བཀུག་ལ་བསྟིམ། །རླུང་ཡང་མི་རྒྱུ་ཁ་ལེབ་དམ་པོར་བསྒྲིག །རང་འོག་མགོན་པོའི་གདན་ལས་སྤྲོས་པ་ཡི། །གནམ་ལྕགས་རྡོ་རྗེ་རྒྱ་གྲམ་རི་ལས་བརྗིད། །དེ་ཉིད་དེ་ཡི་སྟེང་དུ་བཞག་ཙམ་གྱིས། །རིམ་དགུ་ས་ཡི་འོག་ཏུ་ཏལ་གྱིས་སོང་། །རཀྟ་ཅན་


CMR028_Page_0507
[མ་དཔེ་གཟིགས་ན་འདིར་གནོན།]

གྱི་སྔགས་དེ་མི་སྦྱར་བ། །སྟམ་བྷ་ཡ་ནན་ཟེར་བའི་སྔགས་བར་པ། །དམིགས་པ་དེ་ཉིད་བསྒོམ་ཞིང་སྔགས་དེ་བཟླས། དེ་ནས་དམར་གཏོར་ཤ་ཁྲག་བརྒྱན་པ་བཤམས། མགོན་པོའི་གཞུང་གི་བཀུག་གཞུག་བསྡུས་པར་བྱས། །སྤྲུལ་པའི་མགོན་པོ་དཔག་ཏུ་མེད་པ་འཕྲོས། །གནོད་བྱེད་རིང་དབང་མེད་པར་བཀུག་ལ་བསྟིམ། །འཁོར་ཚོགས་རྣམས་ཀྱིས་མཚོན་ཆའི་ཆར་ཕབ་བསྒྲལ། །ཁོ་ཡི་རྣམ་ཤེས་ཨ་ཡིག་དཀར་པོ་དེ། །འོག་ཕྱོགས་ཐལ་བས་ཁེབས་པའི་ཞིང་དུ་འཕང་། །རྡོ་རྗེ་འཆང་ནི་ཚོན་གང་ཙམ་དུ་གྱུར། །ཁོ་ཡི་ཚེ་དང་བསོད་ནམས་ལྷག་མ་ཀུན། །ནཾ་ཡིག་ལྗང་གུར་གྱུར་ནས་བདག་ལ་ཐིམ། །སྤྲུལ་པའི་ལས་མཁན་དཔག་ཏུ་མེད་པ་ཡིས། །ཁོ་ཡི་ཤ་ཁྲག་རུས་པ་དོན་སྙིང་རྣམས། གྲི་གུག་གིས་དཀྲུགས་གཡོན་པའི་ཐོད་པར་བཅུག །གཏོར་མ་དེ་དང་དབྱེར་མེད་ལྷ་ཀུན་མཆོད། །ཀུན་གྱིས་ཧབ་ཧབ་ཆེམ་ཆེམ་གསོལ་བར་བསྒོམ། །ཁཱ་ཧི་ཞེས་པའི་སྔགས་དེ་བརྒྱ་སྟོང་བཟླས། །བྱང་ཕྱོགས་དུར་ཁྲོད་མ་ཡི་བསྐུལ་རིང་འདོན། །དྲག་སྔགས་བཀའ་བབས་བེ་རོ་ཙ་ན་ཡིས། །ལེགས་ལྡན་མེ་ལྕེ་ཕྲེང་བའི་རྒྱུད་ཀྱི་དོན། སྔ་འགྱུར་མགོན་པོ་ཚོགས་བདག་ཞེས་གྲགས་


CMR028_Page_0508
[མ་དཔེ་གཟིགས་ན་འདིར་གནོན།]

པ། །དེ་ཡི་དགྲ་ཆོས་པོ་ཏི་ཆེན་པོ་གཅིག །ཤིན་ཏུ་རྣོ་མྱུར་དྲག་སྔགས་ཐོག་འདྲ་བ། །དེང་སངས་ཀཿཐོག་ཕྱོགས་སུ་གྲགས་ཆེ་བ། །དེ་ཡི་དོན་བསྡུས་གྲུབ་ཆེན་པཀྴི་ཡིས། །བྱང་ཕྱོགས་དུར་ཁྲོད་མ་ཡི་བསྐུལ་འདི་མཛད། །ཡེ་ཤེས་འཇིག་རྟེན་མགོན་པོ་འཁོར་བཅས་ཀྱི། །བསྐུལ་རིང་འདི་ལ་གཏོར་མ་ཆེན་པོ་འབུལ། །དུས་གསུམ་ལྷ་ཆ་དཀྲོལ་ཞིང་འདོན་བྱས་ནས། །ཕྲིན་ལས་བཞི་འགྲུབ་དགྲ་འདྲེ་ཐམས་ཅད་ཐུབ། །མཐུ་ཡང་གཞན་ནས་སྒྲུབ་ནི་མི་དགོས་ཏེ། །གཏོར་ཟོར་ཁོ་ན་འཕེན་པ་ཆོག་པར་གསུངས། །ཡེ་ཤེས་དབྱིངས་མ་སྦྱར་རུང་མ་སྦྱར་རུང་། །དེ་ནས་ལས་ཀྱི་རྡོ་རྗེས་གཏོར་མ་བཏེག །མེད་ན་ཅུང་ཞིག་ཕྱིར་ལ་སྣུད་ནས་བཞག །ནུབ་མོ་ཡིན་ན་དཔལ་འབར་བཙུགས་བྱས་ལ། །རྡོ་རྗེ་གར་གྱི་བཀའ་ཟློག་མ་དེ་གྱེར། །ཕྱོགས་བ་གཙང་དམིགས་པའི་ཕྱོགས་གཉིས་འགྲིགས་གྱུར་ན། །གཏོར་མ་རང་གིས་ཁྱེར་ཏེ་ཟོར་དུ་འཕང་། །ཡང་ན་གནོད་པའི་ཕྱོགས་སུ་འབུལ་རྒྱུ་བསྐུལ། །བདག་བསྐྱེད་མ་གཏོགས་འཁོར་དང་ཡང་འཁོར་བཅས། །དམག་དཔོན་ལེགས་ལྡན་ཉིད་ཀྱིས་བྱས་ནས་ཀྱང་། །གནོད་པའི་གདོན་བགེགས་ལོག་འདྲེན་ཐམས་ཅད་


CMR028_Page_0509
[མ་དཔེ་གཟིགས་ན་འདིར་གནོན།]

ཀུན། །རང་དབང་མེད་པར་བཙོན་དུ་ཁྱེར་ནས་ཀྱང་། །རི་རབ་རྩེ་ཡི་བྱང་ཕྱོགས་རྩུབ་འགྱུར་ཚལ། །བྲག་སྟེང་གྲུ་གསུམ་གནས་དེར་གཤེགས་པར་བསྒོམ། །དེ་ནི་བགེགས་ལ་དམིགས་པའི་ལུགས་ཡིན་ཏེ། །དམག་ཚོགས་འཁོར་བཅས་དགྲ་ཡི་ཡུལ་སོང་ནས། །ཤ་ཟ་ཁྲག་འཐུང་བྱེད་དམིགས་དགྲ་ལ་ཡིན། །དེ་ནས་བདག་བསྐྱེད་མཐའ་ནས་དབུས་སུ་ཡལ། །དབུས་ཀྱི་རང་ཉིད་ལེགས་ལྡན་གནས་གྱུར་ནས། །དྲང་སྲོང་ལོཀྟི་པ་ལ་སྐུ་མདོག་མཐིང་། །ཞལ་གཅིག་ཕྱག་བཞི་ཁྲོ་བོས་ཆས་ཀུན་རྫོགས། །དང་པོའི་ཕྱག་གཉིས་ཉི་མ་ཟླ་བ་ཕྱིར། །འོག་གཉིས་ཐོ་བ་དང་ནི་ཞགས་པ་འཛིན། །དྲན་རྫོགས་དམ་ཡེ་དབྱེར་མེད་ཐུགས་སྲོག་ཧཱུྃ། །དེ་ལྟར་བསྒོམས་ལ་ལོཀྟི་པ་ལའི་སྔགས། །བདུན་ནམ་ཉེར་གཅིག་བརྒྱ་སྟོང་སྐབས་དང་བསྟུན། །བཀའ་ལ་མི་ཉན་དམ་ལ་མི་གནས་པའི། །གདོན་བགེགས་དམ་སྲི་མགོ་གཡོག་མགོ་བསྐོར་མཁན། །ཕ་རོལ་བྱད་མ་ཆོད་གཏོང་ལྷ་དང་བཅས། །སྐུ་ཡི་འོད་ཀྱིས་རང་དབང་མེད་པར་བསྡུས། །ཕྱག་གཡོན་ཉི་མའི་མཐིལ་དུ་སྤུངས་པ་དེ། །ཕྱག་གཡས་ཟླ་བ་སྟེང་དུ་བརྡབས་པ་ཡིས། །སྒོ་ང་བྲག་ལ་བརྡབ་ལྟར་དམར་ཆ་ལེ། །ཉི་མ་མེ་


CMR028_Page_0510
[མ་དཔེ་གཟིགས་ན་འདིར་གནོན།]

འབར་གཞོབ་ཏུ་བསྲེགས་པའི་ཐལ། །ཟླ་བ་ཆུ་ཆེན་འབབས་པས་བཀྲུས་པ་དེ། །རིམ་དགུ་ས་ཡི་འོག་ཏུ་སོང་བསྒོམས་ལ། །ཐལ་མོ་དགུ་བརྡབ་དེ་ནས་དམིགས་མེད་བཞག །དེ་ལྟར་སྔ་དྲོ་ཐུན་གཅིག་ཉིན་གུང་གཅིག །དགོང་མོ་ཐུན་གཅིག་སྲོད་དང་ཐུན་བཞི་བྱ། །ཐུན་མཚམས་ཆོས་སྤྱོད་གཏོར་བསྔོས་ལ་སོགས་བྱ། །སྲུང་འཁོར་ཁོ་ན་སྒྲུབ་ན་དེས་ཆོག་གི །མགོན་པོའི་གཞུང་དང་འབྲེལ་ན་ལེགས་པའི་ཕྱིར། །དགོང་ཐུན་བདག་བསྐྱེད་སྲུང་འཁོར་སྒོམ་བཟླས་རྗེས། །མདུན་བསྐྱེད་མཚལ་སེར་གང་འདོད་གཞུང་ལྟར་བཏང་། །ཐུན་གཏོར་སྐབས་སུ་གོང་ལྟར་སྔགས་དམིགས་དང་། །བསྐུལ་པ་རྒྱས་བསྡུས་གང་འདོད་བྱས་པའི་རྗེས། །རྡོ་རྗེ་གར་བཟློག་མ་དང་ལོཀྟི་སྦྱར། །ལོཀྟི་པ་ལ་འདི་ནི་བཟློག་པ་དང་། །ཡང་བཟློག་ལྷ་སྔགས་མཆོག་ཏུ་གྱུར་པ་སྟེ། །ཕ་རོལ་བྱད་ཀ་རྦོད་གཏོང་གཏད་མནན་དང་། །རང་གི་བྱད་ཀ་ཚུར་ལ་ལོག་པ་དང་། །སྡེ་བརྒྱད་ལྷ་འདྲེའི་ངོ་ལོག་བཟློག་པའི་མཆོག །འདི་ཡང་སྤྱན་རས་གཟིགས་ཀྱི་སྤྲུལ་པ་སྟེ། །མགོན་པོ་ཉིད་དང་ཐུགས་རྒྱུད་གཅིག་པ་ཡིན། །དེ་ཕྱིར་མགོན་པོའི་བཟློག་པའི་རྣོ་སོར་བཞག །དྲང་སྲོང་དམོད་


CMR028_Page_0511
[མ་དཔེ་གཟིགས་ན་འདིར་གནོན།]

སྔགས་ཡིན་པས་ཤིན་ཏུ་རྣོ། །རྐྱེན་ཁ་ཆེའམ་མཐུ་འདྲེན་བྱེད་པ་ཡི། །ཕ་རོལ་བྱད་མ་སྟོབས་ཆེན་དང་འགྲས་ན། །མཚམས་བཅད་ཞག་པོ་གསུམ་ལྔ་བདུན་སོགས་བསྒྲུབ། །དགོན་པ་ལ་སོགས་དགེ་འདུན་མང་ཡོད་ན། །མང་པོས་བསྒྲུབས་ན་སྔགས་རྒྱུན་མ་ཆད་པར། །སྔགས་རྣམས་ཤུབ་བུར་བཟླས་ཚེ་དམིགས་པ་སྤོ། །མི་གྲངས་མང་ན་ཞག་གྲངས་ཉུང་ཡང་ཆོག །གཅིག་ག་གིས་སྒྲུབ་ན་དེ་ལུགས་ཞག་གྲངས་བསྲིང་། །དེ་དོན་སྲུང་འཁོར་འདི་ཡི་ཡིག་རྙིང་ལས། །སྲུང་ཟློག་འདྲེན་མཆོག་རྒྱ་ཆེར་བྱེད་དགོས་ན། །ཚོགས་དང་གཏོར་མ་ལ་སོགས་རྒྱ་ཆེན་བྱ། །བསྟོད་བསྐུལ་ཕྲིན་ལས་གཞུང་ལྟར་སྒྲུབ་པ་དང་། །བྱད་མའི་ཕྱོགས་སུ་ནུབ་མོ་གཏོར་ཟོར་འཕང་། །སྔགས་རྣམས་རྒྱུན་ཁྱེར་སྲུང་བའི་དོན་ཡིན་ནོ། །སྔགས་གྲངས་ངེས་མེད་རྟགས་ནི་གཙོ་ཆེ་སྟེ། །རྫོང་བརྩེགས་བཙན་པའི་མཁར་དང་བྲག་ན་འདུག །རགས་དང་རིབ་མ་བརྩིགས་དང་གོ་ཆ་གྱོན། །སེམས་ཅན་སྲུང་སྐྱོབ་བྱས་རྨིས་སྲུང་བ་འགྲུབ་། །ཆུ་བསྒྱུར་སེར་བ་བཟློག་དང་གཡུལ་ལས་རྒྱལ། །མེ་མཆེད་བལྟས་དང་ཕུར་པ་དམར་གཏོར་བཅག །དེ་དག་བཟློག་པ་འགྲུབ་པའི་རྟགས་སུ་བཤད། །སྲོག་ཆགས་


CMR028_Page_0512
[མ་དཔེ་གཟིགས་ན་འདིར་གནོན།]

བསད་དང་ཤ་ཁྲག་དོན་སྙིང་ཟོས། །དགྲ་འདྲེ་ཐུབ་པའི་རྟགས་སུ་བཤད་པ་ཡིན། །དེ་ལྟར་རྟགས་ཐོན་ཞག་གྲངས་རྫོགས་པ་དང་། །མགོན་པོ་ཚར་གཅིག་བཏང་རྗེས་ཆོ་ག་རྣམས། །མགོན་པོའི་གཞུང་དང་བཀྲ་ཤིས་ཡན་ཆད་བྱ། །གཞུང་དང་མི་འབྲེལ་སྲུང་འཁོར་ཁ་རྐྱང་གི །སྒྲུབ་པ་ཡིན་ན་རྗེས་ཆོག་མི་དགོས་སོ། །དེ་དག་སྲུང་འཁོར་སྒྲུབ་པ་བྱེད་ལུགས་ཡིན། །སྒྲུབ་པ་མི་བྱེད་རྒྱུན་ཁྱེར་ཉམས་ལེན་ནི། །གོང་དུ་བཤད་ལྟར་སྲུང་འཁོར་ཚར་གཅིག་བསྒོམ། །གཏོར་འབུལ་མི་དགོས་དམིགས་པའི་ཞལ་བསྟབ་ཆོག ། དམིགས་པ་དང་བསྟུན་སྔགས་ཚན་དྲུག་པོ་རྣམས། །རེ་རེ་ལའང་བརྒྱའམ་ཉེར་གཅིག་རེ། །རང་ལ་རྐྱེན་བགེགས་ཆེ་ཆུང་དེ་དང་བསྟུན། །གལ་ཏེ་བསྙེན་སྔགས་གསུམ་པོ་སྦྲེལ་འདོད་ན། །དམིགས་པ་གསུམ་པོ་དུས་གཅིག་བསྒོམ་བྱ་ཞིང་། །མ་མ་རཀྟ་དེ་ལ་བཏགས་པ་གཅེས། །བཟློག་བསད་སྔགས་གསུམ་སྦྲེལ་ཏེ་འདོན་ན་ཡང་། །དེ་ལ་རཀྟའི་སྔགས་དེ་མེད་པ་གཅེས། །གཞན་སྲུང་འཁོར་ལོ་འདོགས་པར་བྱེད་འདོད་ན། །འཁོར་ལོའི་ལྟེ་བར་ཧཱུྃ་ཡིག་ཁོང་སེང་ཅན། །དེ་མཐར་ཕྱག་རྡོར་ཙཎྜ་མ་ཡི་སྔགས། །མཇུག་ཏུ་འཆང་བ་པོ་ནི་ཆེ་གེ་


CMR028_Page_0513
[མ་དཔེ་གཟིགས་ན་འདིར་གནོན།]

ཡི། །ལུས་ངག་ཡིད་ལ་གནོད་པར་བྱེད་པ་ཡི། །ནད་གདོན་བྱེད་ཀ་རྒྱལ་བསེན་དམ་སྲི་དང་། །གཟའ་ཀླུ་ས་བདག་གནོད་པ་སྲུངས་ཤིག་དང་། །མ་མ་གྲྭ་བ་ཙི་རཀྵ་རཀྵ་བྲི། །དེ་རྒྱབ་རྩིབས་བཅུ་ལ་ནི་ཧཱུྃ་བཅུ་སྟེ། །དེ་རྒྱབ་མུ་ཁྱུད་ཅུང་ཞིག་ཆེ་བ་ལ། །བསྙེན་སྔགས་གསུམ་དང་བཟློག་བསད་སྔགས་ཚན་གསུམ། །སྦྲེལ་མ་སྔགས་མགོ་ཕྱིར་བསྟན་ཏེ། །སྔགས་མཇུག་ནང་དུ་གཅུད་ལ་སྔགས་ཚན་གསུམ། །དེ་རྒྱབ་མེ་རིའི་གཡས་སུ་བསྐོར་བར་བྲི། །ལྟེ་བའི་ཧཱུཾ་དང་ལྟེ་བ་སྔོན་པོ་སྟེ། །རྩིབས་བཅུ་སྔོན་པོ་རྩིབས་མཆན་དམར་པོ་སྟེ། །མུ་ཁྱུད་སེར་པོ་མེ་རི་དམར་པོ་བྱ། །འཁོར་ལོ་དེ་ཉིད་སྲུང་འཁོར་བདག་བསྐྱེད་ལྟར། །མདུན་དུ་བསྒོམས་ལ་ཡེ་ཤེས་སེམས་དཔའ་བསྟིམ། །དེ་ཡི་ཐུགས་ཀར་བསྲུང་བྱ་ཚུད་བསྒོམ་ཞིང་། །སྔགས་ཚན་དྲུག་པོ་མང་བཟླས་ཕུ་བཏབ་སྟེ། །རྟེན་འབྲེལ་སྙིང་པོ་བཟླས་ལ་མེ་ཏོག་འཐོར། །ཧཱུྃ་ཡིག་མགོ་མཇུག་མ་ལོག་ཅི་བདེར་བལྟེབ། །བྱིན་རླབས་རྟེན་ནི་གང་རྙེད་ནང་དུ་བཅུག །ཚོན་རྩི་སྐུད་པས་རྒྱ་གྲམ་དེམ་པོར་བཅིངས། །དར་རས་ནག་པོས་ན་བཟའ་གསོལ་བྱས་ལ། །ཅི་བདེར་གཡོག་བྱས་བསྲུང་བྱར་བཏགས་པ་དེར། །ཧཱུྃ་གི་ཡིག་ངོ་རང་ལ་


CMR028_Page_0514
[མ་དཔེ་གཟིགས་ན་འདིར་གནོན།]

བལྟ་བར་བྱ། །སྲུང་ཟློག་མཐར་ཐུག་ནག་པོ་ཆེན་པོ་ཡི། །སྲོག་གི་འཁོར་ལོ་ཤིན་ཏུ་ཟབ་པར་གསུངས། །དེ་ལྟར་མགོན་པོའི་སྲུང་འཁོར་མན་ངག་འདི། ། བདུད་མོ་བླ་མ་ཀརྨ་དར་རྒྱས་ཀྱིས། །བསྐུལ་ཕྱིར་སྔགས་འཆང་རཱ་ག་ཨ་སྱ་ཡིས། །གནམ་ལོ་འགལ་བྱེད་ལྕགས་མོ་ཕག་གི་ལོ། །སྟག་གི་ཟླ་བའི་བཅུ་དྲུག་ཉིན་པར་སྨྲས། །དགེ་སློང་ཀ་ལའི་མིང་ཅན་དེ་ཡིས་བྲིས། །སྦ་འོས་གསལ་བཀོད་ཉེས་པ་ལྷ་ལ་བཤགས། །དགེ་བས་བསྟན་འཛིན་སྐྱེས་བུ་དམ་པ་ཡི། །བཙན་པའི་མཁར་དང་གོ་ཆར་འགྱུར་བར་ཤོག །བརྒྱུད་པ་འདི་ནི་ལྷ་དང་བླ་མ་ལ། །རྩེ་གཅིག་དད་པའི་བརྒྱུད་འཛིན་མ་གཏོགས་པ། །གཞན་ལ་སྤེལ་ན་བཀའ་ཆད་འབྱུང་འགྱུར་ཞེས། །གྲུབ་ཆེན་པཀིས་བཀའ་སྩལ་གནང་བ་ལ་། །ཡིད་ཆེས་ཉམས་ལེན་བརྩོན་ཅིག་སྒྲུབ་ལ་བརྩོན། །མཐར་ཐུག་ནག་པོ་ཆེན་པོའི་དཀྱིལ་འཁོར་དུ། །དབང་བསྐུར་ཐོབ་ཅིང་ལས་བཞི་ཕྲིན་ལས་འགྲུབ། །ཆོས་སྐྱོང་ཡེ་ཤེས་མགོན་པོ་རྗེས་འཛིན་ཤོག །མངྒ་ལཾ།། ༈ སྲུང་བའི་འཁོར་ལོ་འདིའི་རབ་གནས་སྲུང་འཁོར་ལྟར་དབུས་སུ་བལྟེབས་ནས། དེའི་ཐུགས་ཀར་ཡི་དམ་ཧཱུྃ་གི་ནང་དུ་བསྲུང་བྱ་


CMR028_Page_0515
[མ་དཔེ་གཟིགས་ན་འདིར་གནོན།]

བསྐྱེད་། རྩིབས་བཅུ་ལ་སྲས་མཆོག་བཅུ་བསྐྱེད། སྤྱན་འདྲེན་མཆོད་བསྟོད་སོགས་མགོན་པོའི་གཞུང་ལྟར་བཏང་། ལེགས་ལྡན་སྔགས་གསུམ་དང་། སྲུང་འཁོར་སྔགས་བརྒྱ་སྟོང་ཅི་འགྲུབ་ཀྱིས་ཕུ་བྱ། ཡེ་དྷརྨས་རབ་གནས་མེ་ཏོག་འཐོར། ལྟེབ་ལུགས་ཅི་བདེ་ལ་དབུས་སུ་ཧཱུྃ་མགོ་མཇུག་མ་ལོག་པར་བྱས་ལ། ཚོན་སྐུད་སྣ་ལྔས་རྒྱ་གྲམ་དུ་དཀྲིས། དར་རས་སམ་གོས་ཆེན་ནག་པོས་བཏུམས་ལ། གཡོགས་བྱས་མགུལ་དུ་བཏགས་ཏེ། ལྟེ་བའི་ཧཱུྃ་རང་ལ་ཁ་ཚུར་བསྟན་ནས་བཏགས་ནི་སྲུང་འཁོར་དང་། ཕར་བསྟན་ན་བཟློག་པར་འགྱུར་རོ། །རྒྱས་པར་འདོད་ན་ཕྱིའི་མུ་ཁྱུད་གཅིག་བསྐོར་ལ་དབྱངས་གསལ་དང་རྟེན་འབྲེལ་སྙིང་པོ་བྲི། མེད་ཀྱང་རུང་། ནང་རྟེན་བྱིན་རླབས་རྟེན་ཇི་སྙེད་བཅུག །ཚོན་ཡིག་དབུས་ཀྱི་ཧཱུྃ་སྔོན་པོ། ལྟེ་བ་སྔོན་པོ། རྩིབས་སེར། རྩིབས་མཆན་དམར། མུ་ཁྱུད་སྤྲོ། དེ་རྒྱབ་ཡོད་ན་དཀར། མེ་རི་དམར། ཨཱ་ར་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམགོན་པོའི་སྲུང་འཁོར་གྱི་དམིགས་རིམ་ཟབ་མོའི་མན་ངག་བསྲུང་བ་རྡོ་རྗེའི་གོ་ཁྲབ་བི་ཛ་ཧ་རཾ།next