Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
མ་མགོན་ཤིན་ཏུ་བཀྲ་ཤིས་པའི་ཐབས།
   
   
   
   
   
   
   
   


 
previousམ་མགོན་ཤིན་ཏུ་བཀྲ་ཤིས་པའི་ཐབས།next

མ་མགོན་ཤིན་ཏུ་བཀྲ་ཤིས་པའི་ཐབས།


CMR028_Page_0554
[མ་དཔེ་གཟིགས་ན་འདིར་གནོན།]

མ་མགོན་ཤིན་ཏུ་བཀྲ་ཤིས་པའི་ཐབས་ཞེས་བྱ་བ་བཞུགས་སོ།


CMR028_Page_0555
[མ་དཔེ་གཟིགས་ན་འདིར་གནོན།]

ན་མོ་གུ་རུ་བཛྲ་སཏཱ་ནཱ་ཐ་ཡེ། མགོན་པོའི་གདམས་པ་ཤིན་ཏུ་བཀྲ་ཤིས་ཐབས། །གྲི་གུག་བརྩེགས་རྒྱུད་ནས་གསུངས་གཟུངས་དང་གཉིས། །གཞུང་གི་བསྐང་བ་བཤགས་པ་གབ་སྤྱད་དགོས། །བཅའ་ཚོགས་འདོན་ལུགས་བསྐང་གསོ་གཞུང་དང་མཚུངས། །དགོས་ཆེད་མཁས་གྲུབ་ཨོ་རྒྱན་པ་ཡིས་གསུངས། །བོད་གངས་ཅན་གྱི་སྤྱང་པོ་ཨོ་རྒྱན་པ། །དགྲ་དམ་སེལ་མིན་པས་ཐུབ་པ་མེད། །གཉེན་བླ་མ་མིན་པས་འཁྱོངས་བ་མེད། །གསུངས་ཕྱིར་མ་མགོན་སྒྲུབ་པའི་རྣལ་འབྱོར་ལ། །ནང་གི་དམ་ཚིག་སེལ་ཞིག་མ་ཞུགས་ན། །ཕྱི་ཡི་དགྲ་གདོན་གང་གིས་


CMR028_Page_0556
[མ་དཔེ་གཟིགས་ན་འདིར་གནོན།]

གནོད་མི་ནུས། །དམ་སེལ་ཅུང་ཟད་མེད་པ་ཤིན་ཏུ་དཀའ། །རྒྱས་པར་དམ་ཚིག་ས་ཡ་འབུམ་སྡེ་གསུངས། །དེ་དག་སྲུང་རྒྱུ་གང་ཡིན་མི་ཤེས་ན། །མདོར་བསྡུས་རྩ་ལྟུང་བཅུ་བཞི་སྦོམ་པོ་བརྒྱད། །ཡན་ལག་དམ་ཚིག་ཉི་ཤུ་རྩ་བརྒྱད་རྣམས། །དམ་ཚིག་རྒྱ་མཚོའི་གཞུང་འགྲེལ་རྣམས་ནས་གསལ། །དེང་སང་བླ་མ་ཉིད་དང་མ་འཁོན་ཙམ། །སྡོམ་པ་མ་ཤོར་ཙམ་ཞིག་གཙང་མར་བརྩི། །དེ་ཡིས་ཆོག་པར་རྒྱུད་ནས་གསུངས་པ་མེད། །ཁྱད་པར་མགོན་པོའི་དམ་ཚིག་རྩ་བ་ནི། །བསྙེན་སྒྲུབ་ཐམས་ཅད་བསྟན་པའི་སྤྱི་དོན་དམིགས། །བྱ་ནག་ཁྱི་ནག་རྣམས་ལ་རྡོ་མི་


CMR028_Page_0557
[མ་དཔེ་གཟིགས་ན་འདིར་གནོན།]

འཕེན། །ཁྱད་པར་ལྷ་མོའི་དམ་ཚིག་བསྲུང་བྱ་ནི། །མེ་དང་རླུང་ལ་མི་དམོད་དགའ་བ་སྒོམ། །བུད་མེད་སྦྲུམ་མར་མི་དམོད་མེ་ཏོག་འཐོར། །ནལ་ཕྲུག་རྣམས་ལ་ཟས་སྦྱིན་དགའ་བར་བྱ། །རལ་གྲི་མི་བཅག་བོང་བུ་མི་བརྡུང་ཞིང་། །བསྙེན་སྒྲུབ་ཕྲེང་བ་མི་ལག་འགྲིམ་མི་བྱ། །ཤིང་ལོ་རླུང་ཁྱེར་མཐོང་ན་ཨེ་ཟིན་ལྟ། །དབང་མ་ཐོབ་པར་ཞལ་སྦྱོར་སྐུ་མི་བསྟན། །སྒྲུབ་རྫས་རྣམས་ཀྱང་མི་ལ་གསང་ཞིང་སྦ། །དེ་དག་དམ་ཚིག་ཅུང་ཟད་ཉམས་ན་ཡང་། །བཀའ་ཆད་འབྱུང་ཕྱིར་ལྷ་མོ་བསྟེན་པར་དཀའ། །དེ་ཕྱིར་བསྟེན་ཚུལ་དཀའ་མ་ཞེས་སུ་གྲགས། །བསྐང་བཤགས་ཤེས་ན་དེ་དག་བཅོས་སླ་བས། །དེ་ཕྱིར་བཅོས་སླ་མ་ཞེས་རྒྱུད་ལས་གསུངས། །བསྐང་གསོ་གཞུང་ནི་ཚར་བའི་རྗེས་དེ་རུ། །མདུན་དུ་མ་མགོན་པའི་འཁོར་བཅས་གསལ་བའི་མདུན། །བདག་དང་བསྲུང་བྱ་ཐམས་ཅད་ཐལ་སྦྱར་ཏེ། །མགྲིན་གཅིག་དམ་ཚིག་ཆག་ཉམས་བཤགས་པར་བསྒོམ། །ཧཱུྃ་དོན་དམ་ཆོས་ཀྱི་དབྱིངས་ལས་ཞེས་པ་ནས། །ཚངས་པར་བསྩལ་དུ་གསོལ་བར་བཤགས་པ་འདོན། །བདག་དང་མདུན་གྱི་མ་མགོན་དབུ་གཙུག་དང་། །བསྲུང་བྱ་ཀུན་གྱི་སྤྱི་བོར་པད་ཟླའི་སྟེང་། །ངོ་བོ་རྒྱལ་བ་


CMR028_Page_0558
[མ་དཔེ་གཟིགས་ན་འདིར་གནོན།]

ཡབ་སྲས་ཡིན་པ་ལ། །རྣམ་པ་རྡོར་སེམས་ཡབ་ཡུམ་ཞལ་སྦྱོར་སྐུ། །རྒྱན་དང་ཆ་ལུགས་ཡོངས་སུ་རྫོགས་པ་ཡི། །དཔྲལ་བ་མགྲིན་པ་ཐུགས་ཀར་ཟླ་བའི་སྟེང་། ཨོཾ་དཀར་ཨཱཿདམར་ཧཱུྃ་མཐིང་གསུམ་གྱི་མཐར། །ཡིག་བརྒྱ་དཀར་དམར་མཐིང་གསུམ་གཡས་སུ་འཁོར། །དེ་ལས་འོད་ཟེར་རང་མདོག་ཕྱོགས་བཅུར་འཕྲོས། །རྒྱལ་བ་སྲས་བཅས་ཀུན་གྱི་བྱིན་རླབས་བསྡུས། །ཡིག་བརྒྱ་ལ་ཐིམ་བདུད་རྩི་རང་མདོག་གིས། །སྐུ་གང་སྦྱོར་མཚམས་ཞབས་ཀྱི་མཐེ་བོང་ནས། །དཀར་སྔོ་དམར་མདངས་བདུད་རྩི་མུ་ཏིག་མདོག ། བབས་པས་མ་མགོན་ཚངས་བུག་ནས་ཞུགས་པས། །སྐུ་ལུས་གང་བས་མ་མགོན་ཐུགས་མཉེས་པས། །དམ་ཚིག་ཆག་ཉམས་མཁོན་འགྲས་ཐམས་ཅད་དག །རྡོར་སེམས་སྦྱོ་མཚམས་བདུད་རྩི་ཟེག་མའི་ཚུལ། །འཕྲོས་པས་འཁོར་རྣམས་བཀྲུས་པ་དེ་བཞིན་གྱུར། །ལྷ་ཚོགས་ཐམས་ཅད་ཐུགས་མཉེས་བཀྲག་མདངས་རྒྱས། །རང་དང་བསྲུང་བྱའི་སྤྱི་བོའི་རྡོར་སེམས་ལས། །བདུད་རྩི་བབས་པས་ལུས་ཀྱི་ནང་གང་ཞིང་། །ཕྱི་ནས་བཀྲུས་པས་དམ་ཚིག་ཉམས་ཆག་དག །བདུད་རྩི་ལུས་གང་ཤེལ་བུམ་ཞེས་གང་བཞིན། །ལུས་ཀུན་དྲི་མེད་


CMR028_Page_0559
[མ་དཔེ་གཟིགས་ན་འདིར་གནོན།]

ཤེལ་སྒོང་ལྟར་བསྒོམ་ཞིང་། །ཨོཾ་ས་མཱ་ཡ། ཨཱས་མ་ཡ། ཧཱུཾ་ས་མ་ཡ། ཨོཾ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ཨོཾ་བཛྲ་སཏཱ་ས་མ་ཡ་སོགས།། ས་ཏཱ་ཨཱཿབར། སུམ་སྦྲེལ་སྔགས་དེ་བདུན་ནམ་ཉེར་གཅིག་བརྗོད། །དམ་ཚིག་ཉམས་ཆག་བསྐང་བའི་སྔགས་བསྡེབ་ཟབ། །དེ་ནས་མགོན་པོའི་གཞུང་གི་གཟུངས་འདོན་ཏེ། །ཚེ་རབས་སྔོན་ནས་ཞེས་པ་ནས་བཟུང་སྟེ། །ཞི་བར་ཤོག་བར་བདུན་ནམ་ཉེར་གཅིག་བཟླས། །བསྐང་གསོ་གྲོལ་ཁ་ཚུན་ལ་བསྐང་ཐུང་དང་། །ཡིག་བརྒྱ་ཅན་གྱི་སྔགས་དང་གཟུངས་དེ་རྣམས། །བརྒྱ་རྩ་བརྒྱད་རེ་ངེས་པར་ཚང་བར་བྱ། །དེས་ནི་རང་གཞན་སྲུང་བ་རིམ་གྲོའི་མཆོག །ནད་པ་སོས་དང་ནད་ཡམས་ཆད་པ་དང་། །ཅི་བསམ་དོན་ཀུན་ཡིད་བཞིན་འགྲུབ་པར་གསུངས། །གལ་ཏེ་དགེ་འདུན་མང་པོ་ཡོད་ན་ནི། །དྲག་རིམ་རྣམས་ཀྱིས་བསྐང་གསོ་གཞུང་ལྟར་དང་། །མང་མ་རྣམས་དང་མང་ཉུང་གཉིས་ཕྱེ་ནས། །ཉུང་བས་གོང་ལྟར་ཡིག་བརྒྱ་ཅན་གྱི་སྔགས། །མང་མས་མགོན་པོའི་གཟུངས་དེ་སྔགས་རྒྱུན་བྱ། །མང་མས་བློ་ལ་མེད་ན་དཔེ་ཆོག་བྱ། །ཞག་གྲངས་གསུམ་ལྔ་བདུན་སོགས་དེ་བྱས་ན། །སྤྱིར་གྱི་དམ་ཚིག་ཆག་ཉམས་ཐམས་ཅད་


CMR028_Page_0560
[མ་དཔེ་གཟིགས་ན་འདིར་གནོན།]

དང་། །ལོ་ཟླ་དུས་ཀྱི་མཆོད་པ་ཆག་ཉམས་དང་། །བསྟན་དོན་མ་བསམ་མཆོད་གཏོར་མ་གཙང་དང་། །ལྷ་དང་བླ་མར་མ་དད་ལོག་ལྟ་དང་། །ཟས་ནོར་འདོད་ཕྱིར་དྲག་ལས་མངའ་བ་དང་། །བསྟན་བཤིག་སྡིག་ཆེན་སྲུང་ཁ་བཟུང་བ་དང་། །ལྷ་སྲུང་འཁྲུག་ནས་བཀའ་ཆད་མི་དགེ་བ། །ཇི་ལྟར་བྱུང་ཡང་དེ་ཡིས་ཞི་བར་གསུངས། །བདེ་རིམ་བཀྲ་ཤིས་འདོད་ཀྱང་འདི་ཉིད་ཟབ། །དེ་ཕྱིར་ཤིན་ཏུ་བཀྲ་ཤིས་ཐབས་ཞེས་གསུངས། །ཨྠྀི། །ཞོར་ལ་ཁྲུས་ཀྱི་ཆོ་ག་བྱེད་འདོད་ན། །བུམ་པ་རྫས་ལྡན་སྤྱི་ལྟར་བཤམས་བྱས་ཏེ། །མདུན་བསྐྱེད་མངོན་རྟོགས་སྒོམ་པའི་སྐབས་ཉིད་ནས། །ཕྱི་ནི་རིན་ཆེན་བུམ་པ་མཚན་ཉིད་ལྡན། །ནང་ནི་ཡངས་ཤིང་རྒྱ་ཆེར་གྱུར་པའི་ནང་། །བུམ་བསྐྱེད་དང་ནི་མདུན་བསྐྱེད་སོ་སོ་སྟེ། །མངོན་རྟོགས་གཅིག་གིས་དུས་གཅིག་སོ་སོར་བསྐྱེད། །སྤྱན་འདྲེན་མཆོད་བསྟོད་དེ་བཞིན་དུས་གཅིག་བྱ། །བསྙེན་པའི་སྐབས་སུ་གོང་ལྟར་བུམ་བསྐྱེད་ཀྱི། །སྤྱི་བོར་རྡོར་སེམས་བདུད་རྩིའི་རྒྱུན་བབས་པས། །མ་མགོན་སྐུ་གང་སྦྱོར་མཚམས་བདུད་རྩི་བབས། །བུམ་པ་བདུད་རྩིས་གང་བར་བསྒོམ་བྱ་ཞིང་། །གོང་ལྟར་ཡིག་བརྒྱའི་གཟུངས་སྔགས་ཅུང་


CMR028_Page_0561
[མ་དཔེ་གཟིགས་ན་འདིར་གནོན།]

ཟད་བཟླས། །ༀ་ཤྲཱི་མ་ཧཱ་ཀཱ་ལ་ཡཀྵ་བེ་ཏཱ་ལི་ཧཱུྃ་ཿ ནད་གདོན་སརྦ་ཤཱནྟཾ་ཀུ་རུ་ཡེ་སྭཱ་ཧཱ། ཞེས་པ་དེ་ལ་སྟོང་ཙམ་བཟླས་པའི་རྗེས། ཨོཾ་ཨེ་ཧོ་ཤུདྡྷེ་ཤུདྡྷེ། ཡཾ་ཧོ་ཤུདྡྷེ་ཤུདྡྷེ། རཾ་ཧོ་ཤུདྡྷེ་ཤུདྡྷེ། བི་ཧོ་ཤུདྡྷེ་ཤུདྡྷེ། ལཾ་ཧོ་ཤུདྡྷེ་ཤུདྡྷེ། ཨེ་ཡཾ་རཾ་བཾ་ལཾ་ཤུདྡྷེ་ཤུདྡྷེ་ཨ་ཨ་སྭཱ་ཧཱ། ཞེས་པ་དེ་ལ་བརྒྱ་རྩ་ཙམ་ཞིག་བཟླས། །ཨགྣི་ལ་སོགས་སྔགས་ཀྱིས་མཆོད་པ་དང་། །ཊཱཀྐི་བྱེ་བ་འབུམ་སོགས་སོ་སོའི་བསྟོད། །ཡེ་ཤེས་བུམ་ལྷ་མདུན་བསྐྱེད་ལ་ཐིམ་དམིགས། །བུམ་ལྷ་དམ་ཚིག་འོད་ཞུ་བདུད་རྩིར་བསམ། །རང་དང་བླ་མ་མཆེད་གྲོགས་གྲྭ་པ་སོགས་། །བུམ་ཆུ་འཐུང་ཞིང་ཡན་ལག་ལྔ་ཁྲུས་ཆེ། །ཨེ་ཧོ་ཞེས་པའི་སྔགས་བརྗོད་དྲིལ་བུ་འཁྲོལ། །སྦྱིན་བདག་ལ་སོགས་བསྲུང་བྱ་གཞན་རྣམས་ལ། །བུམ་ཆུ་ཅུང་ཟད་ངག་ཏུ་བླུད་ཙམ་བྱ། །རྟ་ཕྱུགས་ཁང་ཁྱིམ་བསྲུང་བྱར་གྱུར་རྣམས་ལ། །བུམ་ཆུས་ཅུང་ཟད་བྲན་པ་ཙམ་རེ་བཏུང་། །དམ་ཚིག་གཙང་མའི་ནད་པ་ཁག་ཆེ་ལ། །བྱབ་ཁྲུས་རྒྱས་པར་བྱ་བར་འདོད་ན་ནི། །ལྷ་དང་སྔགས་གཉིས་རྗེ་བར་མ་གཏོགས་པར། །བྱ་ཚུལ་རྣམ་འཇོམས་བྱབ་ཁྲུས་སྤྱི་དང་མཚུངས། །དམ་ཚིག་གཙང་མའི་སྐལ་ལྡན་མ་གཏོགས་པར། །དམ་ཉམས་


CMR028_Page_0562
[མ་དཔེ་གཟིགས་ན་འདིར་གནོན།]

སྡིག་ཆེན་རིགས་ལ་མི་རུང་སྟེ། །ཡབ་སྲས་ལ་སོགས་ཐུ་མོར་བསྙུང་བའི་དུས། །འདི་ལྟར་ནག་རྒྱལ་ཕག་གསུམ་བུམ་ཆུ་ཡིས། །སྐུ་ཁྲུས་གསོལ་བའི་ཕྱག་སྲོལ་ཡོད་པའི་ཚུལ། །སྐྱེས་ཆེན་གཙུག་ལག་ཕྲེང་བའི་གསུངས་ལས་བྱུང་། །དེ་ཕྱིར་སྐུ་གྲིབ་སེལ་བའི་མཆོག་ཡིན་ཕྱིར། །སུ་མ་ཡིན་ལ་བྱ་རྒྱུ་མིན་པ་སྣང་། །དེ་ལྟར་མ་མགོན་ཞི་བའི་ལས་སྦྱོར་འདི། །བདུད་མོ་ཀརྨ་དར་རྒྱས་ཀྱིས་བསྐུལ་བས། །ཕག་ལོ་རྒྱལ་ཟླའི་གནམ་སྟོང་སྔ་དྲོ་ལ། །དགེ་སློང་རཱ་ག་ཨ་སྱས་སྨྲས་པ་ལྟར། །བརྩོན་འགྲུས་རྒྱ་མཚོ་ཞེས་བྱས་བརྩོན་པས་བྲིས། །ཉེས་འགལ་མེད་ཕྱིར་བཤགས་བྱ་མ་མཆིས་ཀྱང་། །དགེ་བས་འགྲོ་ཀུན་ཆག་ཉམས་སྡིག་སྒྲིབ་དག །ཕན་དང་བདེ་བའི་དཔལ་ལ་སྤྱོད་པར་ཤོག །མངྒ་ལཾ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousམ་མགོན་ཤིན་ཏུ་བཀྲ་ཤིས་པའི་ཐབས།next