Nitartha Digital Library
Tibetan
མཁས་གྲུབ་ཀརྨ་ཆགས་མེད་ཀྱི་གསུང་འབུམ།


   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
   
ལིང་གའི་བཅའ་གཞི།


 
previousལིང་གའི་བཅའ་གཞི།no next

ལིང་གའི་བཅའ་གཞི།


CMR028_Page_0596
[མ་དཔེ་གཟིགས་ན་འདིར་གནོན།]

དེ་ནས་ལིང་གའི་བཅའ་གཞི་བྱ་སྟེ། ལིངྒའི་རྣམ་གྲངས་མང་དུ་ཡོད་པ་ལས། ཤིང་ལིང་གི་གཟུགས་མི་བྲི་བར་མིང་རུས་ཤིང་བྱང་ལ་བྲི་བའོ། །སྤྱང་ལིང་ནི་ཁག་ཆེ་བ་གཅིག་འདི་ལིངྒ་ལ་གཞན་གང་ཡོད་ཀྱི་མིང་རུས་ཀྱིས་བསྐོར་བའོ། །ཤོག་ལིང་ནི་ཤོག་བུ་ལ་ལིང་རྐྱང་བྲིས་ཏེ་ཁྲག་ཐིགས་པ་རེ་བསྐུ། ཤ་དུམ་བུ་རེ་དང་སྦྲགས་ནས་གཏོར་མར་འཛུགས། སྤྲ་ཚིལ་ལ་བཟོས་པའམ་རྫས་ལ་བཟོས་པའི་ལིང་གའི་ནང་དུ་གཞུག་རྒྱུའི་རྩ་བའི་ལིངྒའོ། །དེའི་སྙིང་གི་ཛ་ཁ་སྤྱོད་ནི་སྲིད་པ་ཕོ་མོའི་རྟེན་ཡིན། འགྲིམ་ལིང་ནི་ཤོག་ལིང་མང་དུ་བྱ་བའོ། །འདིའི་ལིང་ག་དངོས་བྲི་བའི་དུག་ཤོག་གམ་གྲོ་ག་ལྟ་བུ་ལ་གཟའ་སྐར་དྲག་ཅིང་རྩུབ་པའི་དུས་སྦྱོར་ལ། །དུག་ཆུ་རོ་སོལ་དུར་ཁྲོད་དུ་བསྒྲུབ་པའི་སྣག་ཚ་ཁྱི་བྱ་རོག་གི་ཁྲག་གྲི་ཁྲག་རྣམས་བསྲེས་ལ་མི་རུས་ཀྱི་སྙུ་གུའམ། ལུག་པའི་སྒྲོ་རྩས་བྲི་བར་བཤད། ཐམས་ཅད་མ་འཛོམ་ན་དུག་ཁྲག་གམ་དགྲ་ཕྱགས་ས་གཅིག་གི་ཐབ་ཀྱི་སྲེ་ནག་དང་སྣག་ཚ་སྨྱུ་གུ་ཇི་ལྟར་འོས་པས་བྲིས་ཀྱང་ཆོག །བྲི་དུས་དྲག་པོའི་འདུག་སྟངས་ཀྱིས་བསྡད་དེ། མགོན་པོའི་ང་རྒྱལ་དང་ལྡན་པས་ངག་བཅད། ཕྱོགས་གཤིན་རྗེའི་ཕྱོགས་སུ་ཁ་བལྟས་ལ། ཁ་རླངས་མི་འགྲོ་


CMR028_Page_0597
[མ་དཔེ་གཟིགས་ན་འདིར་གནོན།]

བའི་འབག་དང་ལག་དྲི་མི་འགྲོ་བའི་ལག་ཀོ་གྱོན། རང་གི་ཁ་རླངས་དང་དྲི་མ་མ་སོང་བ་གལ་ཆེ། དེ་ནས་ལིང་གའི་གྲངས་ཕོ་དུ་ཡོད་པ་ལ་གཅིག །མོ་དུ་ཡོད་པ་གཅིག །ཕོ་མོ་ལྟོ་སྦྱར་བ་གསུམ། འདི་གསུམ་ལས་ཁུང་བྲུབ་ཁུང་ལྷ་དབྱེ་ཁང་ས་གསུམ་དུ་བཞག་རྒྱུ་ཡིན། །ལིང་རྐྱང་གཅིག་རྟེན་གཏོར་རམ་གཏའ་གཏོར་ཞེས་པའི་མིང་གི་རྣམ་གྲངས་དེའི་གདན་བྱ། ཅིག་རྒྱུན་གཏོར་སྟེང་དུ་འཛུགས། ཐུན་གཏོར་བསྐྱལ་ཚེ་ལིང་ག་ཡར་བླངས་ལ་རྒྱུན་གཏོར་འགྲམ་དུ་བཞག །ཡང་ཐུན་གཏོར་བཤམས། ལིང་ག་ཐུན་གཏོར་མ་འཛུགས་ལིངྒ་གཅིག་ཐུན་གཏོར་བསྐྱལ་སར་བཞག་ལ་དེ་ལ་གཏོར་མ་བརྡེག །གཞན་ལིངྒ་བྲི་བོས་ཡོད་ཚེ་བྲིས་པ་རྣམས་མིང་རྐྱང་ཤིང་ལིང་རྣམས་སྤྱང་མིང་ཟན་ལིང་སོགས་གང་འོས་བཟོ། ཉུང་ན་ལས་མྱུར་རོ། །བྲི་བྱའི་ལུས་ནི་གཟུགས་ལྟོ་ཆེ་བ། སྐེ་དང་རྐང་ལག་ཕྲ་བ། ལག་པ་རྒྱབ་ལག །རྐང་པ་ལྕགས་སྒྲོག་ཏུ་བཅུག་པ། མིག་ཤི་མིག །སྐུ་གཟེངས་པ། སྔོ་ཧཾ་ཉམས་ཞན་པ་ཞིག་བྲི། སྙིང་གི་ནིའི་གཡས་གཡོན་དུ་ཁོས་བྱས་པའི་སྡིག་སྒྲིབ་སྡིག་པ་རྭ་ཆེན་གྱི་ངོ་བོ་མཚོན་བྱེད་ཛ་ཁ་སྤྲོད། མིང་འདི་ཞེས་བྱ་བགྱི་བ་མཱ་ར་ཕཊ། ཅེས་དང་། ཆེ་གེ་མོ་མེས་


CMR028_Page_0598
[མ་དཔེ་གཟིགས་ན་འདིར་གནོན།]

བསྲེགས་ཆུས་ཁྱེར་རླུང་གིས་གཏོར་ལྷག་མ་རྗེས་ཤུལ་མེད་པར་རྡུལ་དུ་རློགས་ཞེས་སོགས་བྲི། དཔུང་པ་གཡས་གཡོན་དུ་ཛཧཱུཾ། པུས་མོ་གཡས་གཡོན་དུ་བོ་ཧོཿ ལག་ལེན་འགའ་ལ། མིང་པོ་དང་སྐྱེས་པོ་དང་། ཁོ་རང་གི་མིང་སྤྱི་བོར་བྲི། དཔྲལ་བར་རུས་དང་། ཁོ་རང་གི་མིང་། མགྲིན་པའམ་ཁར་མ་དང་ཁོ་རང་གི་མིང་། སྙིང་ཁར་ཁོ་རང་གི་ལིང་ག་བཞིན། ཚིགས་རྣམས་ལ་ཿ བརླ་གཉིས་ལ་བླ་དག །རྐང་ཞབས་སུ་ཡཾ་ཧཾ། འདོམས་སུ་ཆེ་གེ་མོ་མཱ་ར་ཡ་ཕཊ། མཐའ་སྐོར་དུ། ཧེར་ནི་ཤ་ས་ན། །ཧུ་ར། ཨོ་ཨེ་རལླི་ཧོ༔ ཤྲཱི་མ་ཧཱ་ཀཱ་ལ་ཁཱ་ཧི། ཏྲག་རཀྟ་ཁཱ་ཧི། ཏྲག་རཀྵ་ཐུན་ཧཱུཾ་ཁཱ་ཧི། ཏྲག་རཀྵ་ཟད་བློ་ཁཱ་ཧི། དམ་ཅན་མགོན་པོ་མཁའ་འགྲོའི་ཚོགས་སུ་གྱུར་པ་རྣམས་ཀྱིས་དགྲ་བོ་ཆེ་གེ་མོའི་ཤ་ཁྲག་བཞེས་སུ་གསོལ་ཁཱ་ཧི། ཞེས་པ་དང་། ཏྲག་རཀྵ་ཁཾ་ཁཾ་བུ་བུ་ཤན་ཏེ་ཤག་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་བླ་འབྱེད་བྲི། དེའི་མཐའ་སྐོར་དུ་ཛ་ཁྲམ་གྱིས་བསྐོར། སྔགས་རྣམས་སྔགས་མགོ་ནང་བསྟན་ལ་གཡོན་བསྐོར་དུ་བྲི། མོ་ལིང་ལའང་རྒྱས་པར་གོང་བཞིན་དང་མ་བྱུང་ན་སྙིང་གར་ནི་ཛ་ཁ་སྤྲོད། དཔུང་པ་གཉིས་པུས་མོ་གཉིས་ཏེ་བཞི་ལ་ཛཿཧཱུྃ་བཾ་ཧོཿ


CMR028_Page_0599
[མ་དཔེ་གཟིགས་ན་འདིར་གནོན།]

སྤྱི་བོར་མིང་། དཔྲལ་བར་རུས། མགྲིན་པར་ཡང་མོའི་མིང་། བརླ་ལ་བླ་དག རྐང་ཞབས་སུ་ཡཾ་ཧཾ། འདོམས་སུ་ཆེ་གེ་མོ་མཱ་ར་ཡ་ཕཊ། ཅེས་མཐར་བསྐོར་དུ། ཧུ་ར། ཧེར་ནི་། རྦད་སྔགས། བླ་འབྱེད་རྣམས་གོང་བཞིན་བྲི། ཕོ་དེ་ལ་བུད་མེད་མེད་ན་ཁམ་ས་གང་འདོད་པའི་རོག་མོ་གཅིག་ལ་བྱ། ཕོ་ལ་མོ་དང་མོ་ལ་ཕོའི་བརླ་ཆགས་པས་ངེས་པར་གཉིས་ཁ་སྦྱོར་འདི་བྲུབ་ཁུང་དུ་གཞུག་རྒྱུའི་ལིང་ག་ལ་མེད་ཀ་མེད་ཡིན་པས་བྲུབ་ཁུང་ལས་ཁུང་ལྷ་དབྱེའི་ཁོང་དུ་ཡོད་པ་གསུམ་ཀ་ལ་ཕོ་མོ་ཆ་རེ་བྱ། ལྷ་སི་པི་ལིང་ཕོ་བ་རིས་བསྒྲུབ་བྱའི་རྐང་རྗེས་ས་བྲ་བོ་སྦྲང་མ་སྲན་མ་གྲོ་རྣམས་ཀྱི་ཕྱེ་མ་བཙན་དུག་གི་ཆུས་སྦྲུས་ལིངྒ་སོར་བཞི་པའམ་བརྒྱད་པ་བྲུབ་ཁུང་ཆེ་ཆུང་ལ་དཔག་ལ་བྱ། ཡང་ན་བྲ་བོ་གྲོ་ཕྱེ་སྲན་ཕྱེ་རྐང་རྗེས་ས་རྙེད་ན་རབ། མ་རྙེད་ཀྱང་ཕྱེ་དེ་རྣམས་ལ་བཟོ་བའམ། ཡང་ན་སྤ་ཚིལ་གཅིག་པུ་ལ་བཟོས་ཀྱང་ཆོག །སྤྲོ་ན་བསྒྲུབ་བྱའི་རྐང་པ་གཡོན་པ་ས་སོགས་ལ་མིའི་ཐོད་པའི་ལྟག་ཀོ་ར་བཏགས་པའི་ལིང་ག་སོར་བརྒྱད་པ། བསྒྲུབ་བྱ་དེའི་སྲུང་མ་རྡོ་དཀར་མེ་ཆད་པ་སྤྲ་ཚིལ་སོགས་ལིང་ག་སོར་བརྒྱད་པ་གཉིས་བཟོས་སྙིང་ཁར་ཧེ་དང་སྙིང་པོ་ལིང་ག་གོང་མའི་སྙིང་ཁར་མིང་གཞུག །ཁ་སྦྱར་བསྡོམས་


CMR028_Page_0600
[མ་དཔེ་གཟིགས་ན་འདིར་གནོན།]

གང་གི་ལིངྒ་ཕོ་མོ་ཁ་སྦྱར་བའི་རྒྱབ་ཏུ་བསྡོམས། ལྷ་དབྱེ་ཚར་བ་དང་གྲི་གུག་གིས་ཕྲལ་ལ་སྲུང་མའི་སྤྲ་མིང་པོ་དྲི་བཟང་གིས་བཀྲུས་སྤོས་ཀྱིས་བདུག་སྲུང་མ་ཁོ་ལ་རྒྱབ་ཀྱིས་ཕྱོགས་ནས་རང་གི་སྡོང་གྲོགས་བྱེད་པར་བསམ་པ་སོགས་བྱ་པ་ཆོས་མཛད་པས་བྱས་པའི་བསྒྲུབ་བསྐོར་དུ་གསལ་བ་ལྟར་རོ། །མི་སྤྲོ་ན། དེ་ནས་གོང་གི་ལིང་ག་རྣམས་ཤིང་ཁ་སྲག་ལ་བསྐྱོན་ལ་རླུང་ལ་གཡབ། མེ་ལྕེ་ལ་མ་ཚིག་པར་བཤུར། ཡི་གེ་ལ་མི་གནོད་ཙམ་གྱིས་ཆུ་བཏབ། མི་ཁྱིས་མ་འགོངས་པའི་སས་བཀྲུས་ཏེ། རིམ་པ་བཞིན། ཡཾ་ཤུདྡྷེ་སྭཱ་ཧཱ། རཾ་ཤུདྡྷེ་སྭཱ་ཧཱ། བི་ཤུདྡྷེ་སྭཱ་ཧཱ། ལཾ་ཤུདྡྷེ་སྭཱ་ཧཱ། ཞེས་སོ་སོར་སྦྱར་ཞེས་མི་ཁྲུས་བྱེད་པས་སྐྱོན་སྦྱངས། སྟོང་པའི་ངང་ལས་བསྒྲུབ་བྱ་གང་ཡིན་པའི་ཆུང་མའམ་འཛའ་མོ། གང་རུང་ཁ་སྦྱར་བ་དང་བསྒྲུབ་བྱའི་སྲུང་མ་དང་བཅས་པ་སྐད་ཅིག་གིས་གསལ་བར་གྱུར། འདིར་བདག་ཉིད་ཡི་དམ་གྱི་བསྐྱེད་རིམ། མདུན་བསྐྱེད་བཟླས་པའི་བར་སོང་བ་བྱས། ལས་འགྲིགས་གོང་རང་ཡི་དམ་དུ་གསལ་བའི་ཐུན་བསྡུ་བའམ། ཡང་ན་མགོན་པོ་གནས་འགྱུར་ནས་སྐད་ཅིག་གིས་མགོན་པོ་བདག་བསྒོམ་བྱས་ཀྱང་ཆོག་པས་


CMR028_Page_0601
[མ་དཔེ་གཟིགས་ན་འདིར་གནོན།]

བདག་བསྒོམ་བསྙེན་པའི་བར་བྱ། དེ་ནས་ལས་གཏོར་མདུན་བསྐྱེད་མགོན་པོ་གཅེར་བུ་འཁོར་བཅས་ཡང་བསྐྱེད་པ་བཤད་པས་དེ་བསྐྱེད་ཚུལ་འོག་ཏུ་གསལ། ལིང་ག་འཁྱམས་རྒྱུག་ལ་སོགས་པ་མི་སོང་པའི་གནད་བཞི་ནི། གཞན་ལས་ཁ་བསྐང་ན་དགྲ་ལ་མི་ཐེབ་མི་སྲིད་པའི་གནད་ནི། དང་པོར་ལིངྒ་དྲིལ་ལ་རང་ཐག་གི་མིག་ལ་གཡས་བསྐོར་གསུམ་བསྐོར། དེས་དགྲ་ལ་མི་ཐེབ་མི་སྲིད། གཡག་ཤི་བུག་པ་ལན་གསུམ་སྐོར་དེས་གཞན་ལ་འཁྱམས་མི་སྲིད། རང་གི་བརླ་གཡས་པ་ལ་ལན་གསུམ་བསྐོར། དེས་རང་ལ་མི་ལྡོག །མ་ཐེམ་ལ་གཡས་བསྐོར་ལན་གསུམ་བསྐོར་དེས་རང་གི་འཁོར་ལ་ལྡོག་པར་མི་སྲིད། སྔགས་ནི་སརྦ་རྦད་ཀ་ཤི་རྦད་ཀ་ཤི་ཞེས་བརྒྱ་རྩ་བརྒྱད་བཟླས་ལ་བསྐོར་རོ། །དེ་ནས་ལིངྒ་རྣམས་རེ་བ་ནག་པོའམ་ལྕགས་སྣོད་དུ་བཞག་ལ། འདིར་ལྕགས་ཁང་བསྐྱེད་ཆོག་དང་། དགྲ་བོ་གསལ་བཏབ་བྱེད་པ་ཡིན། འདིར་བྱེད་ན་ལྕགས་ཁང་བསྐྱེད། དགྲ་བོ་གསལ་བཏབ་དེ་ལ་ཉེས་པ་བསྒོ་བསྒག་སོགས་བྱེད་པར་བསམ། ཐོག་མར་ཉེས་པ་བསྒོ་ཞིང་བསྒྲག་པ་དང་། མཁྱེན་པར་གསོལ་བའི་མན་ངག་གཉིས་ལས། དང་པོ་ལ། །


CMR028_Page_0602
[མ་དཔེ་གཟིགས་ན་འདིར་གནོན།]

བསྡུ། སྤྱད། བསྒྲག ཁྲོས། ལུང་བསྟན་ཏེ་ཏིང་འཛིན་ལྔ་ལས། དང་པོ་ནི་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་ཀྱི་དུག་ལྔ་དུག་གསུམ་ཐམས་ཅད་བསྡུས་ཆེ་གེ་མོའི་རྒྱུད་ལ་ཐིམ་པར་གྱུར་སྙམ་དུ་བསྒོམ་པ། དེས་ཆེ་གེ་མོ་དུག་ལྔ་རྒྱས་ཏེ། སྤྱིར་སངས་རྒྱས་ཀྱི་བསྟན་པ་བཤིགས། ཀརྨ་ཀཾ་ཚང་གི་བསྟན་པ་ལ་གནོད་པ་བསྐྱལ། མཚམས་མེད་ལྔ་དང་མི་དགེ་བཅུ་ལ་འབད་པས་སྤྱད། །བདག་ཅག་དཔོན་སློབ་རྣམས་ལ་ཉེས་མེད་ཀྱང་གནོད་ཅིང་འཚེ། མདོར་ན་བསྒྲལ་བའི་ཞིང་བཅུ་ཚང་བར་གྱུར་སྙམ་དུ་བསྒོམ། ཨྠྀི། ༈ གླེགས་བམ་འདི་ཉིད་བཞེངས་པ་དང་། །འཆང་དང་ཀློག་པའི་དགེ་བའི་མཐུས། །བདག་ཅག་མཆེད་གཉིས་འཁོར་བཅས་དང་། །འཚོ་བ་སྦྱོར་བའི་ཡོན་བདག་རྣམས། །ཚེ་འདིར་བཀྲ་ཤིས་ཚེ་རིང་ཞིང་། །བདེ་སྐྱིད་ཕུན་སུམ་ཚོགས་པ་དང་། །ནམ་ཞིག་འདི་ནས་འཕོས་མ་ཐག །བདེ་བ་ཅན་དུ་སྐྱེ་ཕྱིར་བསྔོ། །ཞེས་པ་༧ ཨ་རཱ་གས་སོ།། །། ༧ ཁམས་སྟོད་ནང་ཆེན་འབང་སྒང་བཟོ་རིག་གནས་མདོ་གསང་སྔགས་ཆོས་འཕེལ་གླིང་དཔེ་རྙིང་ཉམས་གསོ་ཁང་གིས་བསྒྲིགས་ཏེ་པར་བསྐྲུན་ཞུས།།


previousལིང་གའི་བཅའ་གཞི།no next